སྤྱི་འཐུས་འོས་བསྡུའི་སྒྲིག་དོན་ཐོག་གསུང་བཤད།

Rinpoche 10

༄༅། །འོས་བསྡུ་ལས་ཁང་གི་འགན་འཛིན་མཆོག་དང༌། དེ་རིང་ཆིབས་སྒྱུར་གནང་བའི་ཚོགས་འདུ་བ་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུ། གཞུང་ཞབས་འབྲིང་རིམ་མ་འོངས་པར་ས་གནས་ཁག་ཏུ་འོས་བསྡུའི་སྒྲིག་གཞིའི་སྐོར་སློབ་སྟོན་གསལ་བཤད་དུ་ཆིབས་སྒྱུར་གནང་རྒྱུའི་དམིགས་སྒོ་བྱས་ནས་གཟབ་སྦྱོང་གནང་མཁན་ཚོར།ངས་འོས་བསྡུའི་སྒྲིག་གཞིའི་སྐོར་ལ་གསལ་བཤད་ཅིག་བྱས་ན་ཡག་པོ་འདུག་ཅེས་ཁ་སང་བཀའ་བློན་ཁྲི་པ་དིལླཱིར་ཆིབས་སྒྱུར་གནང་སྐབས་འོས་བསྡུའི་འགན་འཛིན་མཆོག་གིས་ཕྱག་བྲིས་གནང་འདུག འདི་ཞུས་ཐུབ་ན་གལ་ཆེན་པོ་འདུག་ཀྱང༌། དེའི་བར་ལ་སྒྲིག་གཞིའི་སྐོར་བསྐྱར་དུ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་བྱུང༌། ད་རེས་དྷ་སར་ཉིན་གཉིས་གསུམ་ཞིག་བཅར་རྒྱུའི་གོ་སྐབས་འདིར་མདོར་བསྡུས་ཤིག་ཞུ་ཐུབ་ན་བསམས་ནས་ཁ་སང་ཚེས་གྲངས་སྙན་གསན་ཞུ་དུས་ད་རེས་འགྲིག་གི་འདུག་ཅེས་བཀའ་ཕེབས་འདུག བྱས་ཙང་ད་རིང་ངས་འདིའི་ཐོག་ལ་མདོར་བསྡུས་ཤིག་ཞུ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། སྤྱིར་བཏང་འདིའི་སྐོར་བཀའ་མོལ་ཞུ་རྒྱུ་ལས་སླ་པོ་མ་རེད། གང་ཡིན་བྱས་ན་འོས་བསྡུའི་སྒྲིག་གཞི་འདི་རྙོག་འཛིངས་ཆེ་བའི་སྒྲིག་གཞི་ཞིག་དང༌། དེ་རིང་པོའང་རེད། འདི་ཆ་ཚང་ཞུ་དགོས་བྱུང་ན་ཉིན་གཅིག་ལ་ཚར་གྱི་མ་རེད། སྒྲིག་གཞི་གཞན་དང་མང་པོ་མཉམ་དུ་ཕན་ཚུན་འབྲེལ་བ་ཡོད་པ་བཅས་རྙོག་འཛིངས་ཆེ་བ་ཡིན་ཙང༌། ད་རེས་ངས་སྤྱིར་བཏང་གི་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་རྗེས་ལྷན་རྒྱས་ཚོས་བར་ལམ་གཟབ་སྦྱོང་གནང་བ་དང་དེ་རྗེས་ཟུར་དུ་སྦྱོང་བདར་གནང་བའི་སྐབས་སུ་ཐུགས་དྭོགས་མ་ཆོད་པ་དང༌། བཀའ་འདྲི་བཀའ་བརྩད་གནང་དགོས་རིགས་གནང་བ་ཡིན་ན་ཕྲན་བུའི་དོན་སྨིན་སོན་པ་མི་ཡོང་ངམ་བསམས་སོང༌། སྤྱིར་བཏང་བོད་པའི་སྤྱི་ཚོགས་ཀྱི་ནང་མང་གཙོའི་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་ལག་ལེན་བསྟར་རྒྱུར་སྐུ་ངལ་མང་པོ་འཕྲད་ཀྱི་ཡོད་རེད། སྐུ་ངལ་འཕྲད་པ་འདི་ཐུགས་ཁག་མེད་པ་རེད་བསམ་གྱི་འདུག ང་ཚོ་ཕྱི་ལོ་བརྒྱ་ཕྲག་བདུན་པའི་སྐབས་ཀྱི་ཆབ་སྲིད་ཀྱི་བསམ་ཚུལ་དང་གོམས་གཤིས་ཡོད་པའི་སྤྱི་ཚོགས་ཤིག་ཕྱི་ལོ་བརྒྱ་ཕྲག་ཉི་ཤུའི་ནང་ལ་མཆོང་ཐེངས་གཅིག་གིས་མཆོངས་ཏེ་ཡོང་བ་ཡིན་ཙང༌། དེའི་བར་གྱི་ལོ་ཆིག་སྟོང་ལྷག་ཙམ་གྱི་འཕེལ་རིམ་གྱི་དུས་ཚོད་དེ་མ་བྱུང་བ་ཡིན་སྟབས། ང་ཚོའི་འདི་མདུན་མཆོང་ཆེན་པོ་ཞིག་རེད། དེ་འདྲ་ཡིན་ཙང་དཀའ་ངལ་ཡོང་གི་ཡོད་པ་ང་རང་གི་ཉམས་མྱོང་གི་ཐོག་ནས་ར་འཕྲོད་ཀྱི་འདུག སྔོན་མ་ངས་དེ་གསལ་པོ་ཤེས་ཀྱི་མེད། བོད་པའི་སྤྱི་ཚོགས་ནང་དེ་འདྲའི་དཀའ་ངལ་ཡོང་སྲིད་པ་དང༌། ཡོང་གི་ཡོད་པ་ལས་དོན་གྱི་ཉམས་མྱོང་ལ་མ་ཞུགས་པ་ཡིན་ཙང་ཤེས་མ་སོང༌། འདས་པའི་ལོ་བདུན་བརྒྱད་རིང་དྷ་རམ་ས་ལའི་བཙན་བྱོལ་གཞུང་གི་དཀྱིལ་འཁོར་དུ་དངོས་སུ་ཞུགས་ཏེ་ལས་དོན་ལག་བསྟར་བྱེད་སྐབས་བོད་པའི་སྤྱི་ཚོགས་སྤྱི་དང༌། ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་མིའི་བསམ་བློའི་འཕེལ་ཚད་ཀྱིས་མ་ལྡེང་བའི་དབང་གིས་གནས་ཚུལ་མང་པོ་ཞིག་ལ་སྐུ་ངལ་ཡོང་གི་ཡོད་པ་དང༌། ལྷག་པར་མང་གཙོའི་རིང་ལུགས་ཀྱི་འགྲོ་སྟངས་འདི་དག་དངོས་སུ་ལག་ལེན་བསྟར་བའི་སྐབས་སུ་མིའི་གོམས་གཤིས་སམ་ལེགས་བྱང་དང༌། ལག་ལེན་བསྟར་རྒྱུའི་ལམ་སྲོལ་དེ་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་པའི་དཀའ་ངལ་ཡོང་གི་ཡོད་པ་གཞི་ནས་ཉམས་མྱོང་བྱུང༌། ྋསྐྱབས་མགོན་རིན་པོ་ཆེས་དུས་དང་རྣམ་པ་ཀུན་ཏུ་དགོངས་པ་བཞེས་རྒྱུའི་ཐུགས་ཀྱི་བཞེད་དགོངས་གཙོ་བོ་གཉིས་ཡོད་པ་ང་ཚོས་ཐོག་མ་ནས་ངོས་འཛིན་ཞུས་ཀྱི་ཡོད། བཞེད་དགོངས་གཉིས་པོ་དེ་ྋརྒྱལ་བ་སྐུ་ཕྲེང་ན་རིམ་གྱི་ནང་ནས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདིའི་ཐུན་མོང་མ་ཡིན་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ཞིག་དང་མཛད་རྗེས་ཤིག་ཡིན་པར་ངོས་འཛིན་གྱི་ཡོད། དེ་གཉིས་དེ་ག་རེ་རེད་ཅེ་ན། བོད་པའི་ཆབ་སྲིད་ཀྱི་རང་བཞིན་འདི་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ལ་བསྒྱུར་བ་གནང་རྒྱུ་དེ་ཐུགས་ཀྱི་བཞེད་དགོངས་ལྟེ་བ་གཅིག་རེད། དེ་བཞིན་བོད་རང་དབང་བསྐྱར་གསོ་བྱ་རྒྱུས་མཚོན་པའི་བོད་མིའི་ཆབ་སྲིད་ཀྱི་ད་ལྟ་དང་མ་འོངས་པའི་ལས་འགུལ་ཡོངས་སུ་རྫོགས་པ་འཚེ་མེད་ཞི་བའི་ལམ་ལ་འཁྲིད་ཐུབ་ཐབས་དགོངས་པ་བཞེས་ཀྱི་ཡོད་རེད། དེ་ནི་བཞེད་དགོངས་གཉིས་པ་དེ་རེད། ཡིན་ནའང་ྋསྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེས་པ་ནང་བཞིན་བོད་མི་མང་ཚོགས་ཀྱིས་གོམ་པ་ཏག་ཏག་རྒྱག་ཐུབ་ཀྱི་ཡོད་པ་རེད་དམ་གསུངས་པ་ཡིན་ན། དེའི་ཐོག་ལ་སྐུ་ངལ་འཕྲད་ཀྱི་ཡོད་པ་ད་ཕན་ང་ཚོར་ཉམས་མྱོང་འབྱུང་བཞིན་པ་དེ་རེད། སྔོན་མ་ང་རང་གི་བསམ་པར་བོད་མི་བརྒྱ་ཆ་ ༩༩ སྐྱེས་ཙམ་ཉིད་ནས་ཆོས་ལུགས་ཀྱི་ཆ་ནས་ནང་པ་ཡིན་ཟེར་གྱི་ཡོད་རེད། ནང་པའི་ཆོས་ཀྱི་བག་ཆགས་གཏིང་ཟབ་ཡོད་པའི་མི་རིགས་ཤིག་རེད། ནང་པ་མ་ཡིན་པའི་ཆོས་ལུགས་རེ་ཟུང་ཡོད་པ་དེ་ཚོ་ཡང་ནང་པ་དང་མཐུན་པའི་འཚེ་བ་མེད་པའི་ཆོས་ལུགས་ཤ་སྟག་མ་གཏོགས་ང་ཚོ་བོད་ཀྱི་ནང་ལ་འཚེ་བ་ཆོས་སུ་སྨྲ་བའི་ཆོས་ལུགས་ཡོད་མ་རེད། བྱས་ཙང་བོད་མི་ཡོངས་རྫོགས་རང་བཞིན་གྱིས་འཚེ་བ་མེད་པའི་ལམ་ལ་མྱོང་གོམས་དང་ལེགས་བྱང་ཡོད་པ་ཞིག་རེད། ྋརྒྱལ་བ་རིན་པོ་ཆེས་འཚེ་བ་མེད་པའི་ལམ་དེ་ལམ་སྟོན་གནང་གི་ཡོད་རེད། བྱས་ཙང་དཀའ་ངལ་ཡོང་གི་མ་རེད་བསམ་གྱི་ཡོད། ཡིན་ནའང་དངོས་སུ་ལག་ལེན་བསྟར་སྐབས་ང་ཚོས་ནམ་རྒྱུན་གཟིགས་གསལ་ལྟར། བོད་མི་མང་ཆེ་བས་ཞལ་ནས་འཚེ་བ་མེད་པའི་ལམ་ལ་མོས་མཐུན་གནང་གི་ཡོད་རེད། དེ་རིང་སང་ཉིན་འཚེ་བ་མེད་པའི་ལམ་ལ་མོས་མཐུན་མ་གནང་བར་འཚེ་བའི་ལམ་ལ་མ་བརྟེན་ན་ཡོང་རྒྱུ་ཡོད་མ་རེད་ཅེས་དངོས་སུ་གསུང་མཁན་ཡང་བར་ལམ་ནས་རེ་གཉིས་ཐོན་ཡོང་གི་ཡོད་རེད། ཐོན་པ་དེ་སྡུག་པ་གང་ཡང་མ་རེད། མང་གཙོའི་རིང་ལུགས་ཀྱི་ནང་ལ་སྨྲ་བརྗོད་ཀྱི་རང་དབང་ཚང་མར་ཡོད་པ་ཡིན་ཙང་སེམས་ལ་བསམ་པ་དེ་བཤད་ཆོག་གི་རེད་ལ་བཤད་ནུས་པའང་དགོས་ཀྱི་རེད། ཞལ་ནས་དེ་འདྲ་མ་གསུང་མཁན་དེ་ཚོ་ཡང་བརྟག་དཔྱད་ཞིབ་ཏུ་བྱས་པ་ཡིན་ན་བསམ་བློའི་ནང་ལ་འཚེ་བ་མེད་པའི་ལམ་ལ་འགྱུར་བ་མེད་པའི་ཡིད་ཆེས་བརྟན་པོ་ཡོད་མཁན་དཀོན་པོ་རེད། ཚང་མས་འཚེ་མེད་ལམ་ལ་བརྟེན་གྱི་ཡོད་ཟེར་བ་དེ་ཕྱོགས་གཅིག་ནས་ྋརྒྱལ་བ་རིན་པོ་ཆེར་དད་པ་དང་གུས་ཞབས་ཡོད་པའི་ཆ་ནས་ྋསྐྱབས་མགོན་རིན་པོ་ཆཻའི་བཀའ་དང་མ་འགལ་བའི་ཆེད་དུ་དེ་ཡག་པོ་འདུག་ཅེས་ལབ་པ་མ་གཏོགས་རང་གི་བསམ་བློའི་གཏིང་ནས་འདི་མ་གཏོགས་ལམ་གཞན་མེད་བསམ་པའི་ཡིད་ཆེས་དང༌། བློ་གཏད་འཕེར་བའི་བསམ་ཚུལ་ལྷན་སྐྱེས་ཤིག་མེད་པ་ཡིན་ཙང༌། དངོས་སུ་ལས་དོན་ལག་ལེན་བསྟར་བའི་སྐབས་ལ་འདྲ་མིན་སྣ་ཚོགས་ཐོན་ཡོང་བ་དང༌། གདིང་གཞི་ཡིད་ཆེས་མེད་པའི་གནས་ཚུལ་གཅིག་ལ་ཕྱི་བལྟས་མཛེས་མཚོན་ཙམ་གྱི་ཆེད་དུ་ལག་ལེན་བསྟར་བའི་སྐབས་ལ་གྲ་མ་འགྲིག་པ་དང༌། ནུས་པ་མི་ཐོན་པ་ཡོང་བ་འདི་གཤིས་ཀ་རེད། བྱས་ཙང་ང་ཚོའི་ཁ་ནས་ཡིད་ཆེས་བྱེད་ས་དེ་དང༌། སེམས་ཀྱི་ནང་ནས་བསམ་བློ་ལྷན་སྐྱེས་ཡོད་པ་གཉིས་པོ་དེ་ཆ་མ་མཚུངས་པའི་དབང་གིས་བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་ཡོངས་རྫོགས་དེ་འཚེ་བ་མེད་པའི་ལམ་རྣམ་པར་དག་པ་ཞིག་ཏུ་འགྲོ་ཐུབ་པ་ཁག་པོ་ཡོང་གི་ཡོད་པ་དེ་ད་ལྟ་གཟིགས་བཞིན་པ་རེད། དེ་བཞིན་མང་གཙོའི་རིང་ལུགས་འདི་ཡང་ྋརྒྱལ་བ་རིན་པོ་ཆེས་མར་ཤུགས་གནོན་བསྐྱོན་ཏེ་འབུད་རྒྱག་བཏང་བཞག་པའི་བཟོ་འདྲ་ཞིག་མ་གཏོགས་བོད་མི་མང་ཚོགས་མི་རེ་ངོ་རེའི་བསམ་བློའི་ནང་དེའི་ཐོག་ལ་གོ་རྟོགས་དང་ཡིད་ཆེས་ཡོད་པའི་དབང་གིས་དེ་ལ་དགའ་སྣང་གི་ཐོག་ནས་འབད་བརྩོན་མ་བྱས་པ་ཡིན་དུས། ཞལ་ནས་མང་གཙོ་ཡག་པོ་འདུག་ཅེས་གསུངས་པ་ཡིན་ནའང་དངོས་སུ་ཉིན་རེ་ཉིན་རེའི་ཆབ་སྲིད་ཀྱི་ལས་དོན་ལག་ལེན་བསྟར་བའི་སྐབས་ལ་མང་གཙོའི་ལེགས་བྱང་བཟང་པོ་ཞིག་གི་ཐོག་ནས་ཁ་ཞེ་མེད་པ་མང་གཙོའི་ལམ་སྲོལ་ཐོག་འགྲོ་མ་ཐུབ་པའི་དཀའ་ངལ་ཡོང་དང་ཡོང་བཞིན་པ་རེད། ཕྱི་ལོ་ ༡༩༩༠ ལོར་ྋསྐྱབས་མགོན་རིན་པོ་ཆེས་བཙན་བྱོལ་གྱི་ཆབ་སྲིད་གནས་སྟངས་ལ་འགྱུར་བ་ཆེན་པོ་བཏང་གནང་མཛད་པའི་སྐབས་དེ་དུས་ང་རང་སེམས་ཤུགས་ཆེན་པོ་ཡོད། དེ་སྔོན་གྱི་ཆབ་སྲིད་ཀྱི་རྙོག་འཛིངས་བྱུང་བ་ཕལ་ཆེ་བ་གང་ཟག་བྱེ་བྲག་པ་སོ་སོའི་བསམ་ཚུལ་དང་བསྟུན་ནས་ལས་དོན་མང་པོ་ཞིག་ཐག་གཅོད་བྱས་པ་མ་གཏོགས་ཐག་གཅོད་བྱེད་ཕྱོགས་ཀྱི་གཞི་རྩ་ཁྲིམས་དང་སྒྲིག་གཞི་གསལ་པོ་མེད་པ་ཡིན་ཙང་དེའི་དབང་གིས་ནོར་འཁྲུལ་འགྲོ་གི་ཡོད་རེད། ཁྲིམས་དང་སྒྲིག་གཞི་ཞིབ་ཚགས་པོ་བྱུང་བ་ཡིན་ན་འཛིན་སྐྱོང་གི་ཐོག་ལ་ཡིན་ནའང་རེད། ཆབ་སྲིད་ཀྱི་ཐོག་ལ་ཡིན་ནའང་རེད། དཔལ་འབྱོར་འདུ་འགོད་ཀྱི་ཐོག་ལ་ཡིན་ནའང་རེད། རྩིས་ཀྱི་ཐོག་ལ་ཡིན་ནའང་རེད། མང་གཙོའི་འཕེལ་རིམ་གྱི་ལས་དོན་གཞན་འོས་བསྡུ་ལ་སོགས་པ་དེ་ཆོའི་ཐོག་ལ་ཡིན་ནའང་རེད། དེ་དག་ཚང་མ་སྒྲིག་གཞི་མིག་ཁ་ཕྱེ་བ་འདྲ་པོ་ཞིག་ཡོད་ན་ཁྲིམས་ཀྱིས་དབང་བསྒྱུར་གྱི་ཐོག་ནས་འགྲོ་གི་རེད། གང་ཟག་གིས་དབང་བསྒྱུར་གྱི་དུས་རབས་རྫོགས་འགྲོ་གི་རེད། དེ་འདྲ་ཡིན་ཙང་དཀའ་ངལ་གཏན་ནས་ཡོང་གི་མ་རེད་བསམ་པ་སྐབས་དེ་དུས་དྲན་མྱོང༌། དྲན་པ་ནང་བཞིན་བཤད་ཀྱང་མྱོང༌།

[album id=1 template=compact] w=640 h=358]

མི་རེ་རེའི་བྱེད་ཕྱོགས་ལ་ཞུ་དག་བཏང་སྟེ། འདི་ཡག་པོ་འདུག འདི་ཡག་པོ་མི་འདུག་ཅེས་བཏང་འཛིན་བྱས་པས་མཐའ་འདོམས་རྒྱུ་ཡོད་མ་རེད། ས་སྟེང་འདི་དག་ཀོས་གཡོག་ཏུ།། དེ་སྙེད་ཀོ་བས་ག་ལ་ལང༌།། ཞེས་གསུངས་པའི་དཔེ་དང་མཚུངས་པ་རེད། རྩ་བའི་གཞི་བཞག་སའི་གཞི་རིམ་གྱི་བཅའ་ཁྲིམས་ཤིག་དང༌། བཅའ་ཁྲིམས་དེའི་འོག་ནས་ལས་དོན་ཆེ་ཕྲ་ཡོངས་རྫོགས་བྱེད་ཕྱོགས་ཀྱི་ལམ་སྟོན་སྒྲིག་གཞིའི་ཁྲིམས་ཡིག་ལྡེང་ངེས་ཤེས་པ་དང་གསལ་པོ་བྱུང་བ་ཡིན་ན་ནོར་འཁྲུལ་འགྲོ་རྒྱུའི་མཚམས་ཆད་འགྲོ་གི་རེད། མ་དྲང་བ་ཡོང་བའི་མཚམས་ཀྱང་ཆད་འགྲོ་གི་རེད། དྲང་དང་མི་དྲང་ཞིབ་འཇུག་བྱེད་དགོས་བྱུང་ནའང་སྒྲིག་གཞི་གཞི་རྩར་བཟུང་ནས། འདི་དྲང་པོ་བྱུང་མི་འདུག སྒྲིག་མཐུན་བྱུང་མི་འདུག ཁྲིམས་མཐུན་བྱུང་མི་འདུག་ཅེས་ལམ་སེང་མཛུབ་མོ་བཙུག་ས་ཡོང་གི་རེད། ལས་ཀ་བྱེད་མཁན་ལའང་དཀའ་ངལ་ཡོང་གི་མ་རེད། སོ་སོའི་བསམ་ཚོད་ཀྱིས་ཐག་གཅོད་བྱེད་མི་དགོས་པར་བྱེད་བདེ་པོ། ལས་ཀ་མ་འོས་པ་ཞིག་བྱེད་རྒྱུར་མི་གཞན་གྱིས་བསྐུལ་མ་འདྲ་བྱེད་ཀྱི་ཡོད་ནའང་འདི་བྱེད་ཆོག་གི་མ་རེད། སྒྲིག་གཞི་དང་འགལ་གྱི་འདུག འདི་ངས་བྱེད་ཐུབ་ཀྱི་མ་རེད་ཅེས་ལབ་ཆོག་ཆོག་ཡོད་པ་དང༌། རང་གི་ངོས་ནས་ཤེས་ལ་མ་ཤེས་བྱེད་མི་དགོས་པར་ལམ་སེང་སྒྲིག་གཞི་བསྔོགས་ཏེ་ཐག་གཅོད་ག་འདྲ་བྱེད་དགོས་ཀྱི་འདུག ལས་དོན་ག་འདྲ་བརྩམ་དགོས་ཀྱི་འདུག་ཚང་མ་བལྟ་ས་ཡོད་པ་ཡག་པོ་ཡོང་གི་རེད་བསམ་པ་དྲན་གྱི་ཡོད། དེ་ལ་བརྟེན་ནས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་བཀོད་གཞིར་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་ནས་ང་ཚོའི་གཞི་རིམ་གྱི་ཁྲིམས་ཤིག་བྱུང་བ་རེད། གཞི་རིམ་གྱི་ཁྲིམས་དེའི་འོག་ནས་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ལོ་ལྔའི་རིང་ལ་ཁྲིམས་ཡིག་དང་སྒྲིག་གཞི་ཆེ་ཆུང་བསྡོམས་ཉི་ཤུ་རྩ་གྲངས་ཤིག་གཏན་ལ་ཕབ་པ་རེད། ཧ་ལམ་བཙན་བྱོལ་གཞུང་གི་ཕྱི་ནང་བར་གསུམ་གྱི་ཕྱག་ལས་གལ་ཆེ་རིགས་ཚང་མར་སྒྲིག་གཞིར་གཟིགས་ས་ཡོད་པ། བཀའ་ཤག་གི་ཕྱག་ལས་མཛད་ཕྱོགས་ནས་བཟུང་ཐ་ན་ལས་ཤག་བགོ་འགྲེམས་བྱེད་ཕྱོགས་དང༌། གཟེངས་རྟགས་སྤྲོད་ཕྱོགས་ཡན་ཆད་ཚང་མར་སྒྲིག་གཞི་བཟོས་ཡོད་དུས། ང་ཚོའི་སྒྲིག་འཛུགས་ཀྱི་ཕྱག་ལས་སྲ་ཐག་ཐག་གཙང་མ་ཞིག་ཡོང་གི་རེད་བསམ་པ་རེད་དེ། དངོས་སུ་ཕྱག་ལེན་བསྟར་སྐབས་དེ་ཡོང་ཐུབ་ཀྱི་མི་འདུག གང་ཟག་སོ་སོའི་བསམ་བློའི་ནང་ལ་སྒྲིག་གཞི་དང་བསྟུན་དགོས་བསམ་པའི་འདུན་པ་ལྷན་སྐྱེས་ཤིག་མེད་པ་ཡིན་ཙང༌། དེ་མ་བསྟུན་རང་བསྟུན་རེད་བསམ་པའི་ཁྲལ་གྱི་བཟོ་འདྲའི་སྣང་བ་ཞིག་ཤར་ནས། མིའི་གཤིས་ཀ་ཁོ་རང་སྒྲིག་གཞི་ལ་བསྟུན་ནས་འགྲོ་བའི་ལྷན་སྐྱེས་ཀྱི་གཤེས་ཀ་མེད་དུས་ག་རེ་བྱས་ནའང་མར་བཀོལ་བཞག་པའི་བཟོ་འདྲ་ཞིག་གིས་རྒྱན་དུ་མ་སོང་བར་ཁུར་དུ་སོང་བ་རེད། ཁུར་དུ་མ་སོང་བ་རྒྱན་དུ་སོང་བ་ཡིན་ན་དགའ་སྣང་ཡོང་གི་རེད་མོད། རྒྱན་དུ་མ་སོང་བ་བྱས་ཁུར་དུ་སོང་བ་ཡིན་ཙང་དགའ་སྣང་བརླགས་ཏེ་སུན་སྣང་སྐྱེས་ནས། ཅ་མ་ཟིང༌། ཡང་འདི་སྒྲིག་གཞི་དང་འགལ་གྱི་ཡོད་དམ་མེད་ཤེས་ནི་ཤེས་ཀྱི་མི་འདུག སྒྲིག་གཞི་མང་དྲགས་པས་རྙེད་ཀྱིའང་མི་འདུག ག་པར་བཙལ་དགོས་ཡིན་ན་བསམ་པ་དང༌། ད་ཡང་གཅིག་འགལ་འདུག་ཟེར་གྱི་འདུག་ཅེས་སུན་སྣང་བྱས་ནས། སྒྲིག་གཞི་འདི་ཚོས་ལས་ཀ་བྱེད་མཁན་གྱི་རྐང་ལག་བསྡམས་བཞག་པའི་བཟོ་འདྲ་ཞིག་འདུག་ཅེས་སྐབས་རེ་དངོས་སུ་གསུང་མཁན་ཡང་བྱུང་བ་རེད། ང་ཚོའི་བསམ་པར་སྒྲིག་གཞི་ཟེར་བ་དེ་ལས་ཀ་བྱེད་མཁན་ཚོས་ལས་དོན་མགྱོགས་པོ་སྒྲུབ་ཐུབ་པའི་ཐབས་གནམ་གྲུ་དང་མེ་ཤུགས་འཕུར་མདེལ་གྱི་བཟོ་འདྲ་མཐུན་རྐྱེན་ཞིག་ཡིན་བསམ་གྱི་ཡོད་རེད་དེ། དེ་མཐུན་རྐྱེན་ལ་མ་ཕྱིན་པར་འགལ་རྐྱེན་རྐང་ལག་བསྡམས་བཞག་པའི་བཟོ་འདྲ་ཞིག་ཆགས་དུས་གཞི་རིམ་གྱི་དཀའ་ངལ་ཞིག་རེད། དེ་འདྲའི་གོམས་གཤིས་དེ་སྤྱི་ཚོགས་ཀྱི་ནང་འགྱུར་བ་མ་ཕྱིན་པར་བསྡད་པ་ཡིན་ན། ཡོང་མཚམས་ཤིག་ནས་ཁྲིམས་དང་སྒྲིག་གཞི་ཚང་མ་འབྲེལ་མེད་དོན་གཞན་ཕན་ཐོགས་མེད་པ་ཆགས་འགྲོ་བའི་ཉེན་ཁ་མཐོང་གི་འདུག བྱས་ཙང་དཀའ་ངལ་འདི་གཉིས་ང་ཚོའི་བོད་པའི་སྤྱི་ཚོགས་ཀྱི་དངོས་ཡོད་ཀྱི་དཀའ་ངལ་རེད། དངོས་ཡོད་ཀྱི་དཀའ་ངལ་དེ་ཟླ་བ་གཅིག་གཉིས་དང་ལོ་གཅིག་ལོ་གཉིས་ནང་སེལ་ཐུབ་པའི་དཀའ་ངལ་ཞིག་མ་རེད། དེ་ནི་མི་རྣམས་ལོ་ན་ཆུང་ངུ་ནས་བསམ་བློའི་གོམས་གཤིས་ཀྱི་ནང་རང་བཞིན་གྱིས་འཇགས་པ་ཞིག་མ་བྱུང་ན་མི་ཡོང༌། ད་ལྟ་ནང་བཞིན་འདོད་པ་མེད་པའི་གོམས་གཤིས་དེ་མིའི་བསམ་བློའི་ནང་ལྗིད་པོར་བསྡད་པ་ཡིན་ན། ལམ་སེང་བྱ་ཐབས་མེད་ཅིང༌། དེ་འདྲའི་དབང་གིས་མང་གཙོའི་འཕེལ་རིམ་ཡང་དག་པ་ཡོང་རྒྱུ་དང༌། ཁྲིམས་ཀྱི་དབང་སྒྱུར་ཡང་དག་པ་ཞིག་ཡོང་རྒྱུར་དཀའ་ངལ་ཆེན་པོ་ཞིག་ཆགས་ཀྱི་འདུག་སྙམ་དྲན་གྱི་འདུག ཡིན་ནའང་དཀའ་ངལ་འདུག་ཅེས་ང་ཚོས་གཡོལ་ཐབས་མེད་ལ། ཕྱིར་འཐེན་རྒྱག་ཐབས་ཀྱང་ཡོད་མ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བཙན་བྱོལ་སྲིད་གཞུང་དེ་མང་གཙོའི་རིང་ལུགས་ནང་འགྲོ་རྒྱུ་སྔ་མོ་ནས་ཐག་གཅོད་གཙང་མ་བྱས་ཟིན་པ་ཞིག་རེད། ད་ལྟ་འདི་ཚོད་བལྟའི་གནས་སྐབས་ལ་བསྡད་ཡོད་མ་རེད། ཕྱིར་ལོག་བརྒྱབ་ས་ཡོད་མ་རེད། དཀའ་ངལ་ཡོད་ནའང་དེ་ལ་གདོང་ལེན་བྱས་ནས་གོམ་པ་མདུན་ལ་སྤོ་ཐུབ་ན་སྤོ་དགོས་པ་དང༌། སྤོས་མ་ཐུབ་ནའང་ད་ལྟ་ཡོད་ས་དེ་ནས་རྒྱབ་གཤིག་མ་ཤོར་བ་ཞིག་བྱེད་རྒྱུ་དེ་བཙན་བྱོལ་གཞུང་དང་བཙན་བྱོལ་ཡུལ་མི་གཉིས་ཀར་ཁུར་དུ་འཁྲི་བའི་རླབས་ཆེན་གྱི་ལས་འགན་ཞིག་ཡིན་ཙང༌། ངེས་པར་དུ་ང་ཚོས་འདིའི་ཐོག་ཐུགས་ཀྱི་ཚོར་སྣང་ཡོད་པ་ཞིག་གནང་དགོས་ཀྱི་འདུག་བསམ་དྲན་གྱི་འདུག ཁྲིམས་ཡིག་དང་སྒྲིག་གཞི་ཟེར་བ་དེ་གང་ཟག་བྱེ་བྲག་པ་ཁ་ཤས་ཀྱི་དོན་དུ་བཟོས་པ་མ་ཡིན་པར་རྒྱལ་ཁབ་དང་མི་རིགས་སྤྱི་ཡོངས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་བདེ་དོན་ཆེད་དུ་ཡིན་པར་ངོས་འཛིན་གནང་ཐུབ་པ་ཞིག་དང༌། ཁྲིམས་དང་སྒྲིག་གཞི་ནི་ལས་དོན་ལས་སླ་པོ་ཡོང་ཐབས་དང༌། ཚགས་ཚུད་པོ་ཡོང་ཐབས། དྲང་པོ་དྲང་བཞག་ཡོང་ཐབས་བཅས་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་མཁྱེན་པའི་ཐོག་ནས་ལག་ལེན་བསྟར་རྒྱུར་སེམས་ཀྱི་གཏིང་ནས་བཅོས་མ་མ་ཡིན་པའི་འདུན་པ་ལྷན་སྐྱེས་ཤིག་བསྐྲུན་མ་ཐུབ་ན། ཇི་སྲིད་ཀྱི་བར་རྡོག་ཁྲེས་ནང་བཞིན་ཁྲལ་དང་ཁུར་གྱི་སྣང་བ་ཤར་བསྡད་པ་དེ་སྲིད་ཀྱི་བར་དུ་ང་ཚོའི་མང་གཙོའི་འཕེལ་རིམ་དང་ཁྲིམས་ཀྱི་དབང་སྒྱུར་བཟང་པོ་ཞིག་ཡོང་མི་ཐུབ། བྱས་ཙང་བོད་མི་ཡོངས་རྫོགས་ཀྱི་བསམ་བློའི་ནང་ཁྲིམས་ཀྱི་ལམ་སྲོལ་དེ་ག་ཚོད་གལ་ཆེན་པོ་ཡིན་པ་དང༌། དེ་ལ་སྤྱི་ཚོགས་ཀྱི་བདེ་དོན་དང༌། ཆབ་སྲིད་ཀྱི་རང་དབང༌། ཁྲིམས་ཀྱི་དྲང་བདེན་ཚང་མ་རག་ལས་ཡོད་པའི་གནས་ཚུལ་འདི་ངོ་སྤྲོད་གསལ་པོ་བྱེད་དགོས་ཀྱི་འདུག ཁྲིམས་ཀྱི་ལམ་སྲོལ་ནང་བསྡད་རྒྱུའི་གོམས་གཤིས་བཟང་པོ་ཡོད་པའི་མི་གཡོ་ཅན་ཞིག་དང༌། ཁྲིམས་ཀྱི་ལམ་སྲོལ་ནང་བསྡད་རྒྱུའི་གོམས་གཤིས་མེད་པའི་མི་དྲང་བདེན་ཞིག་མཉམ་དུ་ལས་ཀ་བྱེད་པ་ཡིན་ན་ཕྱིའི་མཐོང་ཚུལ་ལ་མི་གཡོ་ཅན་དེའི་ལས་ཀ་དེ་མི་དྲང་པོ་དེའི་ལས་ཀ་ལས་བཟང་བ་ལྟ་བུ་མངོན་སྲིད། གང་ཡིན་ཟེར་ན་མི་གཡོ་ཅན་དེས་མ་འོས་མ་དྲང་བ་ཞིག་བྱས་པ་ཡིན་ནའང་ཁྲིམས་ཀྱི་ལམ་སྲོལ་ནང་བསྡད་རྒྱུའི་གོམས་གཤིས་ཡོད་པའི་དབང་གིས་མ་འོས་མ་དྲང་བ་དེ་ཁྲིམས་ཐོག་ནས་རྩད་གཅོད་བྱེད་དཀའ་བ་དང༌། དངོས་གསལ་དོད་པོ་མེད་པ་ཞིག་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་རེད། དེ་ནི་ཁྲིམས་དང་སྒྲིག་གཞིའི་གནས་བབ་ལ་སྲུང་རྩི་བྱ་རྒྱུའི་བསམ་བློའི་ལེགས་བྱང་ཡོད་པ་དེའི་དབང་གིས་རེད།

གཞན་ཡང་ཁྲིམས་དང་སྒྲིག་གཞི་སློབ་སྦྱོང་བྱེད་པའི་སྐབས་དང༌། འགྲེལ་བཤད་རྒྱག་པའི་སྐབས་གང་ལའང་ཁྲིམས་དང་སྒྲིག་གཞིའི་སྐོར་གྱི་གཞི་རིམ་གྱི་གོ་རྟོགས་དང༌། རིགས་ལམ་ཆགས་པ་ཞིག་དགོས། དེ་མེད་ན་ཁྲིམས་སྒྲིག་གི་གོ་རྟོགས་དང་འགྲེལ་བཤད་བྱེད་ཁག་པོ་རེད། གཞུང་ཆེན་མོར་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན་ཐོག་མར་ཚད་མ་རིག་པའི་རྣམ་བཞག་གི་རིགས་ལམ་ཞིག་ཆགས་མེད་ན་གཞུང་ཆེན་འགྲེལ་བཤད་རྒྱག་ཁག་པོ་རེད། དེ་བཞིན་ཁྲིམས་ཀྱི་ལམ་སྲོལ་ལ་སྤྱིར་བཏང་ཤེས་བྱའི་ཚད་ལོངས་པ་ཞིག་མེད་པར་སྒྲིག་གཞི་བྱེ་བྲག་པ་ཞིག་ལ་ཉིན་མང་པོ་སློབ་སྦྱོང་བྱས་ཏེ་ཆ་ཚང་བློ་ལ་བཟུང་བ་ཡིན་ནའང་སྒྲིག་གཞི་དེ་དངོས་སུ་ལག་ལེན་ལ་བཀལ་སྐབས་སྤྱི་ཡོངས་ཀྱི་རིགས་འགྲོས་མ་ཤེས་པའི་དབང་གིས་ག་དུས་ཡིན་ནའང་དཀའ་ངལ་འཕྲད་རྒྱུ་དང༌། ནོར་འཁྲུལ་ཡོང་རྒྱུའི་ཉེན་ཁ་ཡོད་པ་ཞིག་རེད། ཁྲིམས་སྒྲིག་སྤྱི་ཡོངས་ཀྱི་ཁོག་འབུབ་ཅིག་བསམ་བློའི་ནང་གསལ་པོར་མ་ཤེས་པའི་དབང་གིས་ཁྲིམས་སྒྲིག་ཁག་གི་དོན་ཚན་གོང་འོག་རྣམས་ཡང་ན་འབྲེལ་མེད་དོན་གཞན་ཡིན་པའི་བཟོ་འདྲ་པོ། ཡང་ན་ནང་འགལ་ཡོད་པའི་བཟོ་འདྲ་བའི་མཐོང་སྣང་བྱུང་སྟེ་དཀའ་ངལ་འཕྲད་ཀྱི་ཡོད་རེད།

སྤྱིར་བཏང་ཁྲིམས་དང་སྒྲིག་གཞིའི་གཞི་རིམ་གྱི་འགྲོ་སྟངས་འཇིག་རྟེན་ཡོངས་རྫོགས་ལ་གཅིག་གྱུར་འདྲ་པོ་ཞིག་ཡོད། ལྷག་པར་དུ་མང་གཙོའི་རིང་ལུགས་འཛིན་མཁན་གྱི་སྤྱི་ཚོགས་དང་རྒྱལ་ཁབ་ཡོངས་རྫོགས་ཀྱི་ནང་གཞི་རིམ་ཁྲིམས་ཀྱི་འགྲོ་སྟངས་ཕལ་ཆེར་གཅིག་གྱུར་རེད། རང་བཞིན་གྱི་དྲང་བདེན་དང་རང་བཞིན་གྱི་དྲང་བདེན་མ་ཡིན་པའི་དབྱེ་བ་ཕྱེ་སྟངས་འཇིག་རྟེན་སྤྱི་ལ་ཁྱབ་པ་ཞིག་མ་བྱུང་བ་ཡིན་ན།

རང་བཞིན་གྱི་ཁྲིམས་ཐག་གཅོད་སྟངས་དེ་ཡོང་ཤེས་ཀྱི་མ་རེད། རང་བཞིན་གྱི་ཁྲིམས་ཐག་གཅོད་སྟངས་གཞི་རིམ་གྱི་གནས་ཚུལ་གང་འདྲ་ཡིན་པ་དེ་ངེས་པར་དུ་མཁྱེན་དགོས། དེ་མ་མཁྱེན་ན་སྒྲིག་གཞིའམ་ཁྲིམས་ཡིག་བྱེ་བྲག་པ་ཞིག་ལ་དམིགས་སུ་བཀར་ནས་སློབ་སྦྱོང་གནང་བ་ཡིན་ནའང་གོ་བ་ཡག་པོ་ཞིག་ཆགས་ཐུབ་ཐབས་ཡོད་མ་རེད། དཔེར་ན་རྒྱུ་མཚན་རིག་པ་ལ་སློབ་སྦྱོང་བྱེད་མཁན་ཚོས་གང་དུ་དུ་བ་ཡོད་པ་དེ་ན་མེ་ཡོད་དགོས་ཀྱི་རེད་ཟེར་བ་དང༌། གང་བྱས་པ་ཡིན་པ་དེ་མི་རྟག་པ་ཡིན་དགོས་ཀྱི་རེད་ཟེར་བ་དེ་ཚོ་སྤྱི་ལ་ཁྱབ་པའི་འགྲོ་སྟངས་རེད། དེ་ཡག་པོ་མ་ཤེས་པར་མེ་ཡོད་ན་དུ་བ་ཡོད་དགོས་ཀྱི་རེད། མི་རྟག་པ་ཡིན་ན་བྱས་པ་ཡིན་དགོས་ཀྱི་རེད་ཅེས་མར་མགོ་མཇུག་ལྡོག་ནས་ལབ་པ་ཡིན་ན་དེ་ལ་ཁྱབ་ལོག་བསྒྲགས་པ་ཟེར་གྱི་རེད། རྒྱུ་མཚན་རིག་པའི་རྣམ་བཞག་གི་གཞི་རྩའི་རིགས་ལམ་མ་ཆགས་པ་ཡིན་ན་གཞུང་ལུགས་བྱེ་བྲག་པ་ཞིག་ལ་སློབ་སྦྱོང་བྱས་ཀྱང་ཚད་ལྡན་ཞིག་ཤེས་མི་ཐུབ་པ་ནང་བཞིན། ཁྲིམས་དང་སྒྲིག་གཞིའི་སྐོར་ལ་སློབ་སྦྱོང་བྱེད་མཁན་ཚོས་ཀྱང་སྔོན་འགྲོའི་མཐུན་རྐྱེན་སྤྱིར་བཏང་ཁྲིམས་དང་སྒྲིག་གཞིའི་གཞི་རིམ་གྱི་འགྲོ་སྟངས་ཤེས་དགོས་པ་དང༌། འགྲོ་སྟངས་དེའི་ཐོག་ནས་སྤྱི་ཡོངས་ལ་ཁྱབ་པ་སློང་དུས་སློང་སྟངས་ཤེས་པ་ཞིག་དགོས། དེ་མེད་ན་ནོར་འཁྲུལ་ཡོང་ངེས། དཔེར་ན་དེང་དུས་འགའ་ཤས་ཀྱིས་གནད་དོན་མང་པོ་ཞིག་གི་ཐོག་དེ་སྒྲིག་གཞིའི་ནང་གསལ་ཁ་ཐོན་གྱི་མི་འདུག་གསུང་གི་ཡོད་རེད། སྒྲིག་གཞིའི་ནང་འཇིག་རྟེན་ཡོངས་རྫོགས་ཀྱི་གནས་ཚུལ་གསལ་ཐུབ་ཀྱི་མ་རེད། སྒྲིག་གཞི་ཟེར་བ་དེ་ཡོངས་ཁྱབ་ཀྱི་གནས་སྟངས་ཤིག་གི་ཐོག་ནས་བཀོད་པ་མ་གཏོགས། བསལ་བའི་དབྱེ་བ་མཐའ་དག་པ་འགོད་ཐབས་མེད། ད་ལྟ་ངས་གོང་དུ་ཞུས་པ་ལྟར་གང་བྱས་པ་ཡིན་ན་མི་རྟག་པ་ཡིན་དགོས་ཀྱི་རེད་ཅེས་བཀོད་པ་མ་གཏོགས། ཀ་བ་བྱས་པ་ཡིན་ན་ཀ་བ་མི་རྟག་པ་ཡིན་དགོས་ཀྱི་རེད། བུམ་པ་བྱས་པ་ཡིན་ན་བུམ་པ་མི་རྟག་པ་ཡིན་དགོས་ཀྱི་རེད་སོགས་གཞི་བྱེ་བྲག་པ་རེ་རེ་ལ་སྦྱར་ནས། སྒྲིག་གཞིའི་ནང་བྲིས་དགོས་ཀྱི་མ་རེད་ལ། བྲིས་ཐུབ་ཀྱིའང་མ་རེད། སྤྱིར་བཏང་བྱས་པ་ཡིན་ན་མི་རྟག་པ་ཡིན་དགོས་ཀྱི་རེད་ཅེས་སྒྲིག་གཞིའི་ནང་ལ་འདུག་སྟེ། ཀ་བ་བྱས་པ་ཡིན་ན་ཀ་བ་མི་རྟག་པ་ཡིན་དགོས་ཀྱི་རེད་ཅེས་གསལ་མི་འདུག་པས་ཀ་བའི་སྐོར་ལ་སྒྲིག་གཞིའི་ནང་གསལ་ཁ་མི་འདུག་ཅེས་དྭོགས་གཅོད་བྱས་པ་ཡིན་ན་བྱབ་ཆུང་རེད། སྒྲིག་གཞི་བཀའ་འགྱུར་བསྟན་འགྱུར་ནང་བཞིན་པོད་བརྒྱ་ཕྲག་མང་པོ་ཞིག་བྲིས་པ་ཡིན་ནའང་འཇིག་རྟེན་དུ་ཡོད་ཚད་ཀྱི་ཤེས་བྱའི་མཐའ་ཁྱབ་པ་ཞིག་ཡོང་ཐུབ་ཐབས་ཡོད་མ་རེད། སྤྱི་ལ་ཁྱབ་པའི་རིགས་འགྲོས་དེ་བྱེ་བྲག་ལ་སྦྱར་སྟངས་ཤེས་པའི་རིགས་ལམ་དང་རང་བཞིན་གྱི་དྲང་བདེན་དང་དྲང་བདེན་མིན་པའི་རྣམ་དབྱེ་འབྱེད་པའི་ཤེས་རབ་ཅིག་མེད་ཐབས་མེད་པ་ཞིག་རེད།

ཡང་ང་ཚོར་དཀའ་ངལ་གཞན་པ་ཞིག་ག་རེ་ཡོང་གི་ཡོད་རེད་ཅེ་ན། སྒྲིག་གཞི་ཁ་ཤས་ད་ལྟ་ང་ཚོའི་དངོས་ཡོད་ཀྱི་དགོས་མཁོ་དང་མ་འཚམས་པ་དང༌། ཡང་ན་ལས་སླ་པོ་མེད་པ་དེ་འདྲ་ཡོང་སྲིད་པ་རེད། དེ་འདྲའི་གནས་ཚུལ་བྱུང་བའི་སྐབས་ལ་ཇི་ཙམ་དགོས་མཁོ་དང་མ་འཚམས་པ་དང་དཀའ་ལས་ཁག་པོ་ཡོད་པ་ཡིན་ནའང༌། སྒྲིག་གཞི་དེ་འགྱུར་བ་མ་ཕྱིན་པའི་བར་ལ་སྒྲིག་གཞི་གཞིར་བཟུང་ལག་ལེན་བསྟར་རྒྱུ་མ་གཏོགས་དམིགས་བསལ་ཕུད་རྒྱུ་གང་ཡང་མེད། སྟབས་བདེ་པོ་མི་འདུག དངོས་ཡོད་དགོས་མཁོ་དང་མཐུན་གྱི་མི་འདུག དཀའ་ངལ་འཕྲད་ཀྱི་འདུག་སོགས་བཤད་ནས་དམིགས་བསལ་ཕུད་རྒྱུའི་བསམ་ཚུལ་དེ་བོད་པའི་སྤྱི་ཚོགས་ནང་མང་པོ་ཡོང་བཞིན་པ་རེད། དེ་ཡག་པོ་མ་རེད། གོང་གསལ་གྱི་གནས་ཚུལ་ཁག་བྱུང་སྐབས་རྒྱུ་མཚན་ཚད་ལྡན་ཡོད་ན་ཁྲིམས་དང་སྒྲིག་གཞི་ལ་འགྱུར་བ་གཏང་ཆོག་གི་རེད། ཁྲིམས་སྒྲིག་བསྐྱར་བཅོས་བྱེད་རྒྱུའི་ཆ་རྐྱེན་ཁྲིམས་དང་སྒྲིག་གཞི་ཡོངས་μོགས་ནང་དོན་ཚན་ཟུར་འགོད་བྱས་ཡོད་རེད། ཁ་ཤས་འཛིན་སྐྱོང་གིས་འགྱུར་བ་གཏང་ཆོག་པ། ཁ་ཤས་སྤྱི་འཐུས་རྒྱུན་ལས་ཀྱིས་འགྱུར་བ་གཏང་ཆོག་པ། ཁ་ཤས་སྤྱི་འཐུས་ལྷན་ཚོགས་ཀྱིས་འགྱུར་བ་གཏང་ཆོག་པ། ཁ་ཤས་འགྱུར་བ་གཏོང་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྲོལ་ཞུ་དགོས་པ། ཁ་ཤས་བཀའ་ཁྲོལ་ཞུ་མི་དགོས་པ་སོགས་སྒྲིག་གཞིའི་གནད་འགག་ཆེ་ཆུང་ལ་དཔགས་པའི་བསྐྱར་བཅོས་ཀྱི་ཆ་རྐྱེན་བཟོས་ཡོད་རེད། བྱས་ཙང་ལས་སླ་པོ་མེད་པ་དང༌། དགོས་མཁོ་དང་མི་འཚམས་པ། ལས་དོན་སྒྲུབ་མ་ཐུབ་པ་སོགས་ཀྱི་གནས་ཚུལ་བྱུང་སྐབས་ངེས་པར་དུ་ཆ་རྐྱེན་དེའི་འོག་ནས་སྒྲིག་གཞི་འགྱུར་བ་བཏང་སྟེ་དེའི་རྗེས་ལ་གཞི་ནས་ལས་དོན་དེ་ལག་ལེན་བསྟར་བ་ཡིན་ན་ཚུལ་མཐུན་རེད། སྒྲིག་གཞི་འགྱུར་བ་མ་བཏང་བའི་སྔོན་ལ་རྩིས་མེད་བྱས་ཏེ་དགོས་མཁོ་དང་འཚམས་པ་དང༌། ལས་སླ་བ། ཡང་ན་ལས་དོན་གལ་ཆེ་ཡིན་པ་སོགས་རྒྱུ་མཚན་དུ་བྱས་ཏེ་དམིགས་བསལ་ཕུད་པ་ཡིན་ན་དེ་སྒྲིག་འགལ་རེད། ཁྲིམས་ཀྱི་ལམ་སྲོལ་དང་མཐུན་གྱི་མ་རེད་ལ་བཟང་སྤྱོད་དང་ཡང་མཐུན་གྱི་མ་རེད། གལ་སྲིད་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་པ་ཡིན་ན་དེ་འདྲའི་ལས་དོན་དེ་རྩིས་མེད་ལ་འགྲོ་རྒྱུ་རེད། ཁྲིམས་འགལ་གྱི་ཉེས་ཆད་ཡོང་གི་རེད། དེ་དང་ཆབས་ཅིག་ཡང་ང་ཚོའི་གཞི་རིམ་གྱི་ལྟ་གྲུབ་མཁྱེན་དགོས་པ་ཞིག་ལ་སྒྲིག་གཞི་གསར་བཟོ་དང་བསྐྱར་བཅོས་ག་འདྲ་ཞིག་ཡིན་ནའང་གང་ཟག་བྱེ་བྲག་པ་ཞིག་གི་དགོས་མཁོ་དང་དཀའ་ངལ་ལ་དམིགས་ནས་བྱས་ན་འགྲིགས་ཀྱི་མ་རེད། དེ་འདྲ་བྱས་པ་ཡིན་ན་ཁྲིམས་མཐུན་ཆགས་ཀྱི་མ་རེད་ལ་བཟང་སྤྱོད་དང་མཐུན་པའང་ཆགས་ཀྱི་མ་རེད། ཡང་སྒྲིག་གཞི་བྱེ་བྲག་པ་འགའ་ཤས་ཀྱི་ནང་སྒྲིག་གཞི་ལ་འགྱུར་བ་མ་བཏང་ཡང་སྒྲིག་གཞི་དེར་བཏང་འཛིན་བྱེད་མཁན་གྱི་དབང་ལྡན་གང་ཟག་སོ་སོའི་རྣམ་འབྱེད་དབང་ཚད་ཀྱི་ཐོག་ནས་དུས་སྐབས་དམིགས་བསལ་བ་འགའ་རེ་ལ་སྒྲིག་གཞི་བར་མཚམས་བཞག་པ་དང༌། རྩིས་མེད་གཏང་ཆོག་པའི་ཆ་རྐྱེན་སྒྲིག་གཞི་རང་ཉིད་དུ་གསལ་བའང་ཡོང་སྲིད་པ་རེད། དཔེར་ན་གྲོས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལྟ་བུ་དེ་རེད། སྒྲིག་གཞི་དེ་ནི་ཚོགས་འདུའི་ལས་རིམ་སྒྲུབ་བཞིན་པའི་སྐབས་ལ་ལག་ལེན་བསྟར་རྒྱུའི་སྒྲིག་གཞི་ཡིན་ཙང་སྒྲིག་གཞིའི་དོན་ཚན་ཁ་ཤས་སྐབས་བབས་ཀྱི་དགོས་མཁོ་དང་མི་འཚམས་པ་ཆགས་དུས་གྲོས་ཚོགས་ཀྱི་ལས་རིམ་བར་འཚམས་བཞག་ནས་སྔོན་ལ་སྒྲིག་གཞི་བསྐྱར་བཅོས་བྱེད་མི་དགོས་པར་ཚོགས་འདུ་མུ་མཐུད་ཚོགས་ཐུབ་རྒྱུའི་ཆེད་དུ་དམིགས་བསལ་དེ་འདྲ་གཏང་རྒྱུའི་ཆ་རྐྱེན་དེ་བཟོས་པ་རེད། ཆ་རྐྱེན་དེའི་འོག་ནས་སྒྲིག་གཞིའི་དོན་ཚན་བྱེ་བྲག་པ་བཅའ་ཁྲིམས་དང་ཁྲིམས་ཡིག་གཞན་གྱི་ནང་མི་གསལ་ཞིང༌། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཁོ་ནའི་ནང་གསལ་བ་ཞིག་ཡིན་ན་ཚོགས་ཐེངས་གཅིག་གི་རིང་དོན་ཚན་དེ་མི་དགོས་པ་བྱས་པའམ་ཡང་ན་རྩིས་མེད་བཏང་བ་ཡིན་ཞེས་ཚོགས་གཙོས་གསལ་བསྒྲགས་བྱེད་རྒྱུའི་ཆ་རྐྱེན་ཡོད་རེད།

དེ་མ་ཡིན་པའི་འཛིན་སྐྱོང་གི་སྒྲིག་གཞི་ག་འདྲ་ཞིག་ཡིན་ནའང་བསྐྱར་བཅོས་ཀྱི་ཐབས་ལམ་སྒྲིག་གཞི་ཁོ་རང་གི་ནང་ལ་གང་གསལ་བ་དེའི་བརྒྱུད་ནས་འགྲོ་དགོས་པ་དང༌། ཚུལ་མཐུན་འགྱུར་བ་མ་ཕྱིན་གྱི་བར་དུ་སྒྲིག་གཞི་དེ་དང་མ་འགལ་བ་གནང་རྒྱུ་གལ་ཆེན་པོ་རེད་ཅེས་ངས་སྤྱིར་བཏང་སྒྲིག་གཞི་དང་ཁྲིམས་ཀྱི་ཕྱག་རྒྱ་ཇི་ཙམ་གལ་ཆེན་པོ་ཡིན་པའི་རྒྱབ་ལྗོངས་ཀྱི་གནས་སྟངས་དེ་མདོར་ཙམ་ཞུས་འདོད་བྱུང༌།

ད་ལྟ་སྐབས་སུ་བབས་པ་བོད་མི་མང་སྤྱི་འཐུས་འོས་བསྡུའི་སྒྲིག་གཞི་འདི་ཁྱེད་ཚོས་དམིགས་བསལ་མང་ཚོགས་ལ་གསལ་བཤད་གནང་རྒྱུ་ཡིན་ཙང༌། འདིའི་སྐོར་སྤྱིར་བཏང་གལ་ཆེ་ཤོས་ཀྱི་དོན་གནད་གཅིག་ཞུ་དགོས་པ་དེ་གང་ལགས་ཤེ་ན། མང་གཙོའི་རིང་ལུགས་ཚད་ལྡན་ཡོང་དང་མི་ཡོང་རག་ལུས་ས་གཙོ་བོ་ཞིག་ནི་སྤྱི་འཐུས་འོས་བསྡུ་བྱེད་སྟངས་ཀྱི་ལམ་སྲོལ་འདི་ཡིན། ཚང་མས་མཁྱེན་གསལ་ལྟར་དེང་སང་རྒྱལ་ཁབ་དང་མི་རིགས་ཚོའི་ནང་མང་གཙོའི་རིང་ལུགས་འདྲ་མིན་སྣ་ཚོགས་ཤིག་ཡོད་བཞིན་པ་དེ་ཚོ་སྤྱིར་བཏང་ལྟ་གྲུབ་ཀྱི་ཆ་ནས་དབྱེ་བ་ཕྱེ་སྐབས་ཐད་ཀའི་མང་གཙོ་དང་སྐུ་ཚབ་བམ་འཐུས་མིའི་མང་གཙོ་ཟེར་བའི་སྡེ་ཚན་གཉིས་ལ་ཕྱེ་བ་རེད། གནའ་སྔ་མོ་ཡིན་ན་གྲོང་ཁྱེར་རྒྱལ་ཁབ་ཅེས་པ་གྲོང་ཁྱེར་རེ་ལ་རྒྱལ་ཁབ་རེ་ཡོད་པའི་སྐབས་ཐད་ཀའི་མང་གཙོ་དེ་རྒྱལ་ཁབ་མང་པོའི་ནང་ཡོང་ཐུབ་ཀྱི་ཡོད་རེད། ཡུལ་མི་ལྔ་སྟོང་དྲུག་སྟོང་ཙམ་ཡོད་པའི་གྲོང་ཁྱེར་རྒྱལ་ཁབ་ཅིག་ཆགས་ཡོད་ན་རྒྱལ་ཁབ་སོ་སོའི་ཁྲིམས་སྲོལ་གཞིར་བཟུང་ཡུལ་མི་ལོ་གྲངས་བཅོ་བརྒྱད་དམ་ཉི་ཤུ་ཡན་ཆད་ལོན་པ་ཚང་མ་ས་གནས་གཅིག་ཏུ་འཛོམས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་རྣམས་ཐག་གཅོད་བྱེད་ཀྱི་ཡོད་རེད། དེ་འདྲ་ལ་ཐད་ཀའི་མང་གཙོ་ཟེར་ཞིང༌། དེང་སང་ཐད་ཀའི་མང་གཙོའི་མཚན་གཞིར་བཞག་རུང་བའི་རྒྱལ་ཁབ་གཅིག་ཀྱང་མེད་པ་འདྲ། སུ་ཛ་ལེན་ཌིའི་མངའ་སྡེ་ཆུང་ཆུང་ཞིག་ད་ལྟའང་ཐད་ཀའི་མང་གཙོའི་ལམ་སྲོལ་གྱི་ཐོག་ལ་བསྡད་འདུག ཁོ་ཚོ་སྐྱེས་པ་མ་གཏོགས་བུད་མེད་ལ་ཆབ་སྲིད་ཀྱི་ལས་དོན་ནང་ཆ་ཤས་བླང་རྒྱུ་དང་འོས་ཤོག་བསྡུ་བའི་ཐོབ་ཐང་མི་འདུག ལོ་རེ་བཞིན་ཁོང་ཚོའི་ཡུལ་མི་སྐྱེས་པ་དེ་ཚོ་གྲོང་ཁྱེར་གྱི་བཞི་མདོ་དེར་འཛོམས་ནས་ལོ་གཅིག་གི་ལས་དོན་འཆར་གཞི་རྣམས་གྲོས་བསྡུར་ཐག་གཅོད་བྱེད་ཀྱི་འདུག དེ་ནི་ཐད་ཀའི་མང་གཙོའི་མཚན་གཞི་གཟུང་རྒྱུ་མེད་པ་མིན་ཙམ་ཞིག་བསྡད་ཡོད་པ་མ་གཏོགས། དེ་མིན་འཛམ་གླིང་ཡོངས་སུ་སྐུ་ཚབ་ཀྱི་མང་གཙོའི་ལམ་སྲོལ་ཤ་སྟག་རེད། སྐུ་ཚབ་ཀྱི་མང་གཙོའི་ལམ་སྲོལ་ཡོང་དགོས་དོན་ནི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ནའང་ས་ཁྱོན་དང་མི་འབོར་ཆེ་ཞིང༌། མི་འབོར་ཁ་ཐོར་དུ་གནས་པ་ཡིན་ཙང༌། རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་རྣམས་འོས་འདེམས་བྱས་པའི་སྐུ་ཚབ་འཐུས་མིའི་བརྒྱུད་ནས་ཐག་གཅོད་བྱེད་ན་མ་གཏོགས་ཡུལ་མི་ཡོངས་μོགས་འཛོམས་ནས་གྲོས་བསྡུར་བྱེད་མི་ཐུབ་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན་དུས། ས་ཁུལ་ལམ་མི་གྲངས་རྒྱས་བཅད་བྱས་པའི་སྡེ་ཚན་སོ་སོའི་སྐུ་ཚབ་རེ་ལོ་གྲངས་ངེས་ཅན་ཞིག་གི་ཆེད་འོས་འདེམས་བྱས་ཏེ་སྐུ་ཚབ་ཚོགས་པའམ་གྲོས་ཚོགས་ཟེར་བའི་ནང་གཏོང་གི་ཡོད་རེད། ཁོ་ཚོས་རང་ཉིད་ལ་འོས་ཤོག་བླུག་མཁན་གྱི་མི་གྲངས་སྟོང་དང༌། ཁྲི། འབུམ་ག་ཚོད་ཡོད་པ་དེ་དག་གི་སྐུ་ཚབ་མཚོན་ཐུབ་པ་བྱས་ནས་གྲོས་ཚོགས་ཀྱི་ནང་ལ་བགྲོ་གླེང་དང་ཐག་གཅོད་བྱེད་པ་ཡིན་ཙང༌། སྐུ་ཚབ་ཀྱི་མང་གཙོ་ཟེར་བ་རེད། ད་ལྟ་ང་ཚོ་བཙན་བྱོལ་བོད་མིའི་མང་གཙོ་དེའང་སྐུ་ཚབ་ཀྱི་མང་གཙོ་རེད། སྐུ་ཚབ་ཀྱི་མང་གཙོ་ཡང་དག་པ་ཡོང་བ་ལ་སྐུ་ཚབ་འདེམས་སྒྲུག་བྱེད་སྟངས་ཚད་ལྡན་ཞིག་དགོས་ཀྱི་རེད། འདེམས་སྒྲུག་གི་ལམ་སྲོལ་ཚད་ལྡན་མེད་པ་ཡིན་ན་མགོ་བདེ་དྲན་འཕྲུལ་གྱི་བརྒྱུད་ནས་མི་འགའ་ཤས་མི་མང་གི་འདོད་པ་མེད་ནའང་མི་མང་གི་སྐུ་ཚབ་ཏུ་འོས་ཐོན་སྲིད་པའི་ལམ་ཞིག་བསྡད་པ་ཡིན་ན་སྐུ་ཚབ་འདེམས་སྒྲུག་བྱེད་སྟངས་ནོར་སྲིད་པ་རེད། མི་མང་གི་བསམ་ཚུལ་དང་མཐུན་པར་འདེམས་སྒྲུག་བྱེད་མི་ཐུབ་པའི་ཉེན་ཁ་ཡོང་གི་ཡོད་རེད། མི་མང་གི་བསམ་ཚུལ་དང་མཐུན་པའི་སྐུ་ཚབ་འདེམས་སྒྲུག་བྱེད་མ་ཐུབ་པ་ཡིན་ན་མི་མང་གི་མང་མོས་མེད་པའི་སྐུ་ཚབ་ཅིག་གྲོས་ཚོགས་སུ་སླེབས་ནས་ལས་དོན་ཐག་གཅོད་བྱེད་པ་ཡིན་ན་མང་གཙོའི་གཞི་རིམ་གྱི་དགོས་པ་དང་དམིགས་ཡུལ་བརླག་གི་རེད། མང་གཙོའི་དགོས་དམིགས་གཙོ་བོ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཡོངས་རྫོགས་རྒྱལ་ཁབ་དེའི་མི་མང་གི་བསམ་ཚུལ་ལྟར་མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱེད་རྒྱུ་དེ་རེད། དེ་འདྲའི་ཐག་གཅོད་བྱེད་མཁན་གྱི་གྲོས་ཚོགས་ནང་མི་མང་གི་བསམ་ཚུལ་མཚོན་མི་ཐུབ་པའི་སྐུ་ཚབ་ཅིག་འོས་བསྡུ་བྱེད་སྟངས་ལམ་སྲོལ་བཟང་པོ་དང་སྒྲིག་གཞི་དམ་པོ་མེད་པའི་དབང་གིས་སླེབས་པ་ཡིན་ན་མང་གཙོའི་རིང་ལུགས་ཀྱི་གཞི་རྩ་བརླགས་པ་རེད། བྱས་ཙང་འོས་བསྡུ་བྱེད་སྟངས་ཀྱི་སྒྲིག་གཞིའི་སྒྲོམ་དེ་བཙན་ཐག་ཆོད་འོས་གཞི་བྱེ་བྲག་པ་སོ་སོས་དཔལ་འབྱོར་གྱི་ཐོག་ནས་ཡིན་ནའང་རེད། ཁ་ཤུགས་ཀྱི་ཐོག་ནས་ཡིན་ནའང་རེད། ཚུལ་མཐུན་མིན་པའི་མགོ་འདྲེན་དང་རྒྱབ་སྐྱོར་གཞན་དག་གི་ཐོག་ནས་ཡིན་ནའང་རེད། བདེན་པ་མིན་པའི་དྲིལ་བསྒྲགས་ཀྱི་གནས་ཚུལ་ཐོག་ནས་ཡིན་ནའང་རེད། གང་ལྟར་ཤུགས་གནོན་བཏོན་ཏེ་འོས་ཤོག་ཐོབ་ཐབས་ཀྱི་མགོ་བདེ་དྲན་འཕྲུལ་འགྲོ་ས་རྩ་བ་ནས་མེད་པ་ཞིག་དགོས་ཀྱི་རེད། འོས་བསྡུའི་སྒྲིག་གཞི་དམ་པོ་དང་བཙན་པོ་བཟོ་རྒྱུ་དེ་མང་གཙོའི་རིང་ལུགས་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་བཟང་ཤོས་ཤིག་རེད། དེ་འདྲ་ཡིན་ཙང་འོས་བསྡུའི་སྒྲིག་གཞི་ཞིབ་ཚགས་པོ་དང་ལས་སླ་པོ་ནོར་འཁྲུལ་འགྲོ་ས་མེད་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་དེ་འདྲ་རེད། འོས་བསྡུའི་སྐབས་འཐུས་ཤོར་ཕྱིན་པ་ཡིན་ན་གྲོས་ཚོགས་ཀྱི་ཡུན་ཚད་ལོ་གསུམ་དང༌། བཞི། ལྔ༌། དྲུག་ག་ཚོད་བསྡད་ཀྱི་ཡོད་པ་དེའི་རིང་ལ་བཟོ་བཅོས་གཏོང་ཐབས་མེད་པའི་ནོར་འཁྲུལ་ཞིག་ཕྱིན་པ་རེད། དེ་ནས་ནོར་འཁྲུལ་སོང་ན་མི་མང་གི་རྒྱབ་སྐྱོར་མེད་ཅིང༌། བསམ་ཚུལ་མཚོན་མི་ཐུབ་པའི་སྐུ་ཚབ་རྫུན་མ་ཞིག་གྲོས་ཚོགས་སུ་སླེབས་རྒྱུའི་ཉེན་ཁ་ཡོད་རེད། ལྷག་པར་དུ་ང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་སྤྱི་འཐུས་འོས་བསྡུའི་ལས་རིམ་གྱི་ཐོག་མི་རིགས་གཞན་དང་མི་འདྲ་བའི་དམིགས་བསལ་གྱིས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་རེད། ངས་དངོས་གསལ་དོད་པོ་བྱས་ནས་གྲངས་ཀ་རྒྱག་ཐུབ་པའི་དཀའ་ངལ་བཞི་མཐོང་གི་འདུག དེའི་ནང་ནས་དཀའ་ངལ་ཆེ་ཤོས་དང་དང་པོ་ནི་མང་ཚོགས་ལ་སྲིད་དོན་གྱི་གོ་རྟོགས་དང་ལྟ་བའི་གནས་ཚད་ཧ་ཅང་དམའ་པོ་ཡིན་པ་དེ་རེད། མི་མང་ཕལ་ཆེར་སྲིད་དོན་ལ་དོ་སྣང་ཆུང་ཞིང་ཆབ་སྲིད་ཀྱི་ལྟ་བ་དང་ལང་ཕྱོགས་དེ་སྲིད་དོན་རིག་པའི་གཞུང་ལུགས་དང་མཐུན་པ་ཞིག་ང་ཚོའི་སྤྱི་ཚོགས་ནང་ད་ལྟ་བསྐྲུན་ཐུབ་ཡོད་མ་རེད། མང་གཙོ་ཟེར་ལབ་བསྡད་པ་ཙམ་མ་གཏོགས་མང་གཙོའི་ལྟ་གྲུབ་ཀྱི་རྣམ་བཞག་གང་ཡིན་པའང་ཡུལ་མི་མང་ཆེ་བས་ཕལ་ཆེར་མཁྱེན་གྱི་ཡོད་མ་རེད།

འོས་འཕེན་པ་མི་རེ་ངོ་རེས་རང་རང་གི་དགའ་མོས་ཡོད་པའི་ལྟ་བ་དང་ལང་ཕྱོགས་འདི་འདྲ་ཞིག་ཡིན། དེ་འདྲའི་ལྟ་བ་དང་ལང་ཕྱོགས་མཚོན་ཐུབ་པའི་སྐུ་ཚབ་ཅིག་བདམ་དགོས་བསམ་པའི་ཆབ་སྲིད་ཀྱི་བསམ་ཚུལ་ཤུགས་ཆེན་པོ་མེད་པ་དེའི་དབང་གིས་མི་མང་ཚོས་འོས་བསྡུའི་ལས་དོན་དེ་དེ་ཙམ་གྱི་གལ་ཆེན་པོ་མི་བརྩི་བ་དང༌། འགྲན་བསྡུར་དང་གདམ་ཁ་ཡག་པོ་མི་ཡོང་བ་དེ་རྒྱུ་མཚན་དེ་ལ་ཐུག་པ་རེད།

དཀའ་ངལ་གཉིས་པ་མང་ཚོགས་ནང་ཆབ་སྲིད་ཀྱི་བསམ་བློ་ཤུགས་ཆེ་རུ་མི་འགྲོ་བ་དང༌། མི་མང་གི་བསམ་ཚུལ་སྐྲུན་པའི་ཐབས་ལམ་རྙེད་དཀའ་བ་དེ་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་མཚན་ཉིད་ལྡན་པའི་སྲིད་དོན་གྱི་ཚོགས་པ་མང་པོ་མེད་པ་དེས་ལན་པ་རེད། བཙན་བྱོལ་སྤྱི་ཚོགས་སུ་ཡོད་པའི་ཚོགས་པ་ཕལ་ཆེ་བ་ནི་བདེ་དོན་སྐྱིད་སྡུག་གི་བཟོ་འདྲ་པོ་དང༌། ཆོས་དང་རིག་གཞུང་གི་ཚོགས་པ་འདྲ་པོ་མ་གཏོགས། སྲིད་དོན་གྱི་ཚོགས་པ་མཚན་ཉིད་ཚང་བ་ཞིག་བཙུགས་ཐུབ་ཡོད་མ་རེད། སྲིད་དོན་ཚོགས་པའི་བྱུང་རིམ་ནི་ཐོག་མ་ཆབ་སྲིད་ཀྱི་ལྟ་གྲུབ་སྨྲ་བའི་མི་གཅིག་གམ་ཁ་ཤས་ཀྱིས་སྲིད་དོན་གྱི་ལྟ་བ་ཞིག་གཏན་ལ་ཕབ་ནས་གཞུང་ལུགས་བརྩམས་ཤིང༌། ལྟ་བ་དེ་ཤུགས་ཆེན་པོས་འཛིན་སྐྱོང་དང་ཁྱབ་སྤེལ་བྱེད་མཁན་གྱི་བསམ་བློ་མཐུན་པའི་མི་གང་མཚམས་ཤིག་བྱུང་བ་ན་ལྟ་གྲུབ་དེ་ལག་བསྟར་དང་ཁྱབ་སྤེལ་གྱི་སླད་དུ་ཚོགས་པ་བཙུགས་ནས་ལྟ་གྲུབ་དེ་ལ་བསམ་ཚུལ་མཐུན་པ་ཚང་མ་འཛུལ་ཞུགས་བྱས་ཏེ་སྲིད་དོན་གྱི་ཚོགས་པ་ཆགས་ཀྱི་ཡོད་རེད། མདོ་དོན་དང་པོ་ཆབ་སྲིད་ཀྱི་ལྟ་གྲུབ་དེ་བྱུང༌། དེའི་རྗེས་སུ་ལྟ་གྲུབ་དེ་ལག་ལེན་བསྟར་བའི་ཆེད་དུ་མི་མང་གི་ཚོགས་པ་བཙུགས་པ་དེ་ལ་སྲིད་དོན་གྱི་ཚོགས་པ་ཟེར་གྱི་ཡོད་རེད། ང་ཚོའི་སྤྱི་ཚོགས་ནང་སྲིད་དོན་གྱི་ཚོགས་པ་ཞིག་ཡོད་དབང་དུ་བཏང་ནའང་སྔོན་ལ་ཚོགས་པ་བཙུགས། ཚོགས་པ་དེའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་མི་འགྲོ་རྣམས་འོས་འདེམས་བྱས་པའི་རྗེས་སུ་ད་ང་ཚོའི་ལྟ་གྲུབ་ག་འདྲ་ཞིག་གཟུང་གི་ཡིན་ཞེས་གཞི་ནས་བསམ་བློ་གཏོང་གི་ཡོད་རེད། ལྟ་གྲུབ་གཅིག་གི་ཆེད་དུ་ཚོགས་པ་བཙུགས་པ་མ་ཡིན་པར་ཚོགས་པ་ཞིག་གི་ཆེད་དུ་ལྟ་གྲུབ་བཟོས་པ་འདྲ་པོ་ཞིག་ཆགས་དུས་དབྱིན་སྐད་ཀྱི་གཏམ་དཔེར་རྟའི་སྔོན་ལ་འཁོར་ལོ་བཞག་ཟེར་བ་དེ་དང་མཚུངས་པ་ཞིག་བྱུང་བ་རེད།

སྟབས་ཉེས་པ་ཞིག་ལ་ང་ཚོའི་གནས་ཚང་རྒྱ་གར་གྱི་ནང་ལའང་དམིགས་བསལ་རེ་གཉིས་ཕུད་པའི་ད་ཡོད་སྲིད་དོན་གྱི་ཚོགས་པ་མང་ཆེ་བ་གོང་ཞུས་ལྟར་ཆབ་སྲིད་ཀྱི་དབང་ཆ་ལ་དགའ་བའི་མི་ཁ་ཤས་རུག་རུག་བྱས། དེའི་རྗེས་རིགས་རུས་དང༌། ལུང་ཚན། ཆོས་ལུགས། སྐད་ཡིག ཡང་ན་གང་ཟག་བྱེ་བྲག་པ་ཕན་ཚུན་གྱི་འབྲེལ་བ་ལ་སོགས་པས་རིས་སུ་བཅད་ནས་མི་མང་སྐུལ་སློང་གིས་ཚོགས་པ་བཟོས་པ་དེ་ཚོ་འཐོར་ན་འཐོར་ཆོག་ཆོག་དང༌། བསྒྲིལ་ན་བསྒྲིལ་ཆོག་ཆོག ཚང་མ་ཆབ་སྲིད་ཀྱི་ཁེ་ཕན་དང༌། འོས་ཤོག་ཐོབ་ཐབས། གཞུང་འཛིན་དབང་ཆ་ཡོང་ཐབས་སོགས་ཁོ་ནའི་ཆེད་དུ་ཕར་འཐོར་ཚུར་བསྡོམས་བྱེད་པ་མ་གཏོགས། ལྟ་བ་དང་གྲུབ་མཐའ་གང་ཡང་མེད་པའི་ཚོགས་པ་མང་པོ་མཐོང་བཞིན་པ་དེ་ཚོ་སྲིད་དོན་གྱི་ཚོགས་པ་མཚན་ཉིད་ཚང་བ་ཞིག་རྩ་བ་ནས་མ་རེད། དེ་འདྲ་ཡིན་ཙང་ང་ཚོའི་འཁྲིས་ལ་མིག་དཔེ་བལྟ་སའང་མེད་པ་རེད། སྲིད་དོན་གྱི་ཚོགས་པ་དང༌། སྲིད་དོན་གྱི་ལྟ་གྲུབ་མེད་པའི་དབང་གིས་ང་ཚོའི་སྤྱི་ཚོགས་ནང་མང་ཚོགས་ཀྱི་བསམ་ཚུལ་དབྱིན་སྐད་ལ་ Public Opinion ཟེར་བ་དེའང་ཧ་ཅང་སྐྱོ་པོ་རེད། མང་ཚོགས་ཀྱི་ནང་བསམ་ཚུལ་སྤེལ་ཐུབ་མཁན་གྱི་འགོ་ཁྲིད་དེ་ཚོས་སྔོན་ལ་ལྟ་གྲུབ་དང་བསམ་ཚུལ་མང་ཚོགས་ཀྱི་ནང་ཁྱབ་སྤེལ་བྱས་ཏེ་བསམ་ཚུལ་དེ་ལ་ངོས་ལེན་བྱེད་མཁན་མང་པོ་བྱུང་སྐབས། བསམ་ཚུལ་དེ་མཚོན་པའི་འཐུས་མི་འོས་འདེམས་བྱེད་རྒྱུ་བཅས་མང་ཚོགས་ལ་བསམ་ཚུལ་སྤེལ་རྒྱུ་དང༌། གྲོས་ཚོགས་ཀྱི་ནང་མང་ཚོགས་ཀྱི་བསམ་ཚུལ་མཚོན་ཐུབ་པ་བྱ་རྒྱུ་བཅས་ལས་དོན་དེ་གཉིས་ཀ་ནི་སྲིད་དོན་གྱི་ལྟ་གྲུབ་ཡོད་པའི་འགོ་ཁྲིད་ཚོས་བྱེད་དགོས་རྒྱུའི་ལས་འགན་ཞིག་རེད། དཔེར་ན་དེང་སྐབས་གུ་ཡངས་རིང་ལུགས་དང༌། སྤྱི་ཚོགས་རིང་ལུགས། མ་རྩའི་རིང་ལུགས་ལ་སོགས་པའི་ལྟ་གྲུབ་འཛིན་མཁན་དེ་ཚོས་རང་རང་གི་ལྟ་གྲུབ་མང་ཚོགས་སུ་ཁྱབ་སྤེལ་བྱེད་རྒྱུའི་ཆེད་བརྒྱུད་ལམ་དང་དྲིལ་བསྒྲགས་ཀྱི་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་ལས་འགུལ་ཤུགས་ཆེན་མུ་མཐུད་དེ་རྩོམ་གྱི་ཡོད་རེད། འཇར་མན་ལྟ་བུར་ཆ་བཞག་ན་སྲིད་དོན་གྱི་ཚོགས་པ་རེ་རེ་ལ་ལྟ་གྲུབ་ཁྱབ་སྤེལ་བྱེད་མཁན་གྱི་རང་དབང་ཅན་གྱི་སྡེ་ཚན་རེ་རེ་ཡོད་པ་དང༌། དེ་ཚོ་ཚང་མར་ལྟ་གྲུབ་ཁྱབ་སྤེལ་གྱི་ལས་འགུལ་ཆེད་དུ་གཞུང་གིས་དགོས་དངུལ་སྤྲད་ཀྱི་ཡོད་རེད། ང་ཚོ་ལ་དེ་འདྲ་མེད་པ་ཡིན་ཙང་མང་ཚོགས་ཀྱི་ཆབ་སྲིད་ཀྱི་བསམ་ཚུལ་གྱི་གནས་ཚད་དམའ་བ་དང༌། ཆབ་སྲིད་ཀྱི་བསམ་ཚུལ་སྤེལ་མཁན་མཚན་ཉིད་ལྡན་པའི་སྲིད་དོན་ཚོགས་པ་གཅིག་ལས་མང་བ་མེད་པ་བཅས་ཀྱི་དཀའ་ངལ་གཉིས་པོ་དེ་སྤྱི་འཐུས་འོས་བསྡུའི་སྐབས་འཕྲད་རྒྱུའི་དཀའ་ངལ་ཆེ་ཤོས་གྲས་ཡིན་པ་མ་ཟད། བོད་མིའི་ནང་མང་གཙོའི་འཕེལ་རིམ་གྱི་འགོག་རྐྱེན་གཙོ་བོ་གཉིས་ཡིན་པ་ངས་མཐོང་གི་འདུག སྲིད་དོན་གྱི་ཚོགས་པ་ཡོད་ཙམ་གྱིས་མི་ཆོག་པར། སྲིད་དོན་གྱི་ཚོགས་པ་གཅིག་ལས་མང་བ་དགོས་རྒྱུ་དེ་མང་གཙོའི་རིང་ལུགས་ལ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་རེད། ཚོགས་པ་གཅིག་ལས་མང་བ་མེད་ན་གདམ་ག་དང་བརྗེ་ལེན་བྱ་ཡུལ་མེད་པ་ཆགས་ཀྱི་རེད། ཚོགས་པ་གཅིག་གི་དབང་སྒྱུར་ནི་གུང་བྲན་གཅིག་སྡུད་རིང་ལུགས་པ་ལའང་ཡོད་རེད།

དཀའ་ངལ་གསུམ་པ་དེ་འཛིན་སྐྱོང་དང་འབྲེལ་བའི་དཀའ་ངལ་ཞིག་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཆབ་སྲིད་ཀྱི་ཚོགས་པ་གཅིག་ལས་མང་བ་མེད་པའི་ཐོག་མི་མང་རྣམས་ཁ་ཐོར་དུ་གནས་པ་ཡིན་ཙང་འོས་འདེམས་སྐབས་འོས་འཕེན་པ་སོ་སོས་རང་དབང་གི་ཐོག་ནས་ལེགས་ཉེས་ཀྱི་གདམ་ག་གཏོང་རྒྱུ་ཕར་བཞག གདམ་བྱའི་འོས་གཞི་དེ་ཚོའི་ངོ་ཡང་ཡག་པོ་ཤེས་ཀྱི་ཡོད་མ་རེད། མཐོང་མྱོང་གོ་མྱོང་མེད་པའི་འོས་གཞི་དེ་ཚོ་ལས་གདམ་ཁ་ཚད་ལྡན་ཞིག་ག་འདྲ་བྱེད་ཐུབ། མུན་ནག་མདའ་འཕེན་ཟེར་བ་དེ་རང་རེད། རྒྱན་རྒྱག་པའི་བཟོ་འདྲ་ཞིག་རེད། གདམ་བྱའི་འོས་གཞི་སོ་སོའི་གནས་ཚུལ་ངོ་སྤྲོད་དྲིལ་བསྒྲགས་དེ་འོས་གཞི་རང་ངོས་ནས་བྱེད་ཐུབ་ཀྱི་མེད་ལ་བྱེད་སྲོལ་ཡང་ཆགས་མི་འདུག གཞུང་འབྲེལ་གྱི་ཐོག་ནས་དྲིལ་བསྒྲགས་ཚད་ལྡན་ཞིག་བྱེད་དགོས་ངེས་ཡིན་ཡང་དེ་ཡང་ཚགས་སུ་ཚུད་པོ་དང་ཆ་རྐྱེན་འཛོམས་པོ་ཡོད་མ་རེད། དེ་ལ་བརྟེན་ནས་གདམ་བྱ་འདེམས་བྱེད་གཉིས་བར་གྱི་གོ་རྟོགས་ཀྱི་གནས་ཚད་དམའ་བའི་དབང་གིས་གདམ་ག་ཚད་ལྡན་མི་ཡོང་བ་དེ་ང་ཚོའི་དཀའ་ངལ་གསུམ་པ་དེ་རེད།

དེའི་ཐོག་ད་དུང་དཀའ་ངལ་བཞི་པ་ཞིག་ཡོད་པ་དེ་གང་རེད་ཟེར་ན། སྲིད་དོན་གྱི་ཚོགས་པ་མ་ཡིན་པའི་ལུང་ཚན་གྱི་སྐྱིད་སྡུག བདེ་དོན་ཚོགས་པ་འདྲ་པོ་མང་པོ་ཞིག་གིས་འོས་བསྡུའི་ལས་དོན་ནང་བྱུས་གཏོགས་ཤུགས་ཆེ་བྱེད་ཀྱི་ཡོད་རེད། སྤྱིར་བཏང་མང་གཙོའི་རིང་ལུགས་ནང་ཁོང་ཚོར་འོས་བསྡུའི་ལས་དོན་ལ་བྱུས་གཏོགས་བྱ་རྒྱུའི་ཁེ་དབང་ཞིག་ལྟ་ཡོད་ཆོག་གི་རེད་དེ། ཚོགས་སྐྱིད་དེ་ཚོར་ཆབ་སྲིད་དང༌། སྤྱི་ཚོགས། དཔལ་འབྱོར་སོགས་ཀྱི་ལྟ་བའི་རྒྱབ་རྟེན་མེད་པའི་དབང་གིས་གདམ་ག་བྱེད་ཕྱོགས་ཀྱི་གཞི་རྩ་བཟང་པོ་ཞིག་མང་ཚོགས་ལ་བསྟན་ཐུབ་ཀྱི་ཡོད་མ་རེད། གདམ་བྱ་འདི་དང་འདི་ཞེས་བྱ་བ་འདི་མི་ཡག་པོ་ཡོད་རེད། འཇོན་པོ་ཡོད་རེད། ང་ཚོས་ངོ་ཤེས་ཀྱི་ཡོད་ཟེར་བ་ཙམ་མ་གཏོགས། གང་ཟག་དེའི་ལྟ་གྲུབ་གང་ཡིན་དང༌། མང་ཚོགས་ཀྱི་བསམ་ཚུལ་ག་འདྲ་ཞིག་མཚོན་པ། འོས་ཐོན་བྱུང་བ་ཡིན་ན་བཙན་བྱོལ་བོད་མིའི་ཆབ་སྲིད་ཐོག་ལང་ཕྱོགས་ག་འདྲ་ཞིག་གཟུང་གི་ཡོད་མིན་སྐོར་ངོ་སྤྲོད་གང་ཡང་བྱེད་ཐུབ་ཀྱི་ཡོད་མ་རེད། སྤྱིར་བཏང་དཀའ་ངལ་ཙག་ཙིག་མང་པོ་ཡོང་གི་ཡོད་རེད་དེ། ལྟ་གྲུབ་ཀྱི་ཆ་ནས་གོང་དུ་ཞུས་པའི་དཀའ་ངལ་བཞི་པོ་དེ་སྤྱི་ཡོངས་ལ་ཁྱབ་པའི་དཀའ་ངལ་ཆེ་གྲས་ཁག་རེད། དཀའ་ངལ་དེ་ཚོ་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གིས་གདོང་ལེན་བྱེད་དགོས་པ་དང༌། དེ་ཡང་འོས་བསྡུའི་སྒྲིག་གཞི་དང་ལམ་སྲོལ་ཚད་ལྡན་བཟོས་ཏེ་དེ་ཐོག་ནས་གོང་དུ་ཞུས་པའི་དཀའ་ངལ་བཞི་པོ་དེ་སེལ་ཐུབ་རྒྱུ་དམིགས་ཡུལ་ལ་བཟུང་ནས་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་འདུག

བཙན་བྱོལ་བོད་གཞུང་གི་འོས་བསྡུ་ལས་ཁང་དེ་རང་དབང་ཅན་གྱི་རྒྱལ་ཁབ་གཞན་གྱི་འོས་བསྡུ་ལས་ཁང་ལས་འགན་མང་བ་དང་ལྕི་བ་ཡོད། རྒྱལ་ཁབ་གཞན་པའི་འོས་བསྡུ་ལས་ཁང་ལ་འོས་ཤོག་བསྡུ་ལེན་དང་གྲངས་བཤེར་ཚད་ལྡན་ཁྲིམས་མཐུན་ཡོང་མིན་གྱི་ལྟ་རྟོག་བྱེད་རྒྱུ་ཙམ་མ་གཏོགས་འོས་གཞིའི་གནས་ཚུལ་མང་ཚོགས་ལ་གསལ་བསྒྲགས་བྱ་རྒྱུ། མི་མང་གིས་གདམ་ཁ་བྱེད་སྟངས་ཚད་ལྡན་ཡོང་ཐབས་སོགས་ལ་འགན་འཁུར་མི་དགོས། ང་ཚོའི་སྤྱི་ཚོགས་ཀྱི་ད་ལྟའི་གནས་བབས་འདིའི་ནང་སྲིད་དོན་གྱི་ཚོགས་པ་མང་པོ་མེད་པའི་གུན་གསབ་དེའང་འོས་བསྡུ་ལས་ཁང་གིས་གནང་དགོས་པ་དང༌། མི་མང་ནང་ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་གུན་གསབ། དྲིལ་བསྒྲགས་བརྒྱུད་ལམ་གྱིས་མ་འདང་བའི་གུན་གསབ་བཅས་འོས་བསྡུ་ལས་ཁང་ནས་གནང་དགོས་པ་མ་ཟད། སྲིད་དོན་གྱི་ཚོགས་པ་མིན་པའི་སྡེ་ཚན་ཁག་གི་བྱུས་གཏོགས་ལ་བརྟེན་ནས་གནོད་སྐྱོན་མི་ཡོང་བའི་ཐབས་ཤེས་ཀྱང་འོས་བསྡུ་ལས་ཁང་གིས་གནང་དགོས་པ་ཡིན་ཙང༌། གོང་དུ་ཞུས་པའི་དཀའ་ངལ་བཞི་པོ་དེ་སེལ་ཐུབ་ཐབས་དམིགས་ཡུལ་ལ་བཞག་ནས་ད་ཡོད་ཀྱི་སྒྲིག་གཞི་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་ནའང་རེད། གསལ་པོ་བཟོ་དགོས་ཀྱི་ཡོད་ནའང་རེད། རྒྱས་སུ་གཏོང་དགོས་ཀྱི་ཡོད་ནའང་རེད། ག་རེ་གནང་དགོས་ཀྱི་ཡོད་ནའང་ད་ལྟ་དུས་ཚོད་ཡོད་དུས་གནང་དགོས་པ་ཞིག་རེད། སྐབས་བཅུ་གཉིས་པའི་སྤྱི་འཐུས་ཀྱི་ཡུན་ཚད་དེ་ལོ་གཉིས་མ་ཟིན་ཙམ་μོགས་རྒྱུར་བསྡད་ཡོད་རེད། སྐབས་བཅུ་གསུམ་པའི་འོས་བསྡུ་མ་བྱས་པའི་སྔོན་ལ་འོས་བསྡུའི་སྒྲིག་གཞིའི་ནང་མ་འདང་བ་དང༌། དགོས་མཁོ་དང་མ་འཚམས་པ། ལག་ལེན་ལ་མི་འཁེལ་བ། གསལ་ཁ་མ་དོད་པ། ཆ་མ་ཚང་བ་གང་ཡོད་པ་དེ་ཚོ་ད་ལྟ་ནས་ཞིབ་འཇུག་དང༌། བཀའ་བསྡུར་གནང་སྟེ་བསྐྱར་བཅོས་གསར་བཟོ་གང་དགོས་གནང་རྒྱུ་དང༌། མི་མང་ལ་སློབ་སྦྱོང༌། མི་མང་གི་བསམ་ཚུལ་བསྡུ་རུབ་བཅས་གནང་ཐུབ་པ་ཡིན་ན་ང་ཚོའི་མང་གཙོའི་འཕེལ་རིམ་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཞབས་འདེགས་ཆེན་པོ་ཞིག་འགྲུབ་ཀྱི་རེད་བསམ་གྱི་འདུག བྱས་ཙང་ད་ལྟ་ཁྱེད་ཚོས་གནང་བཞིན་པའི་ཕྱག་ལས་དེ་ཧ་ཅང་གི་རྩ་འགངས་དང་གནད་འགག་ཆེན་པོ་རེད་ཅེས་ངས་ནན་ཏན་བྱས་ནས་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་ཀྱི་ཡུལ་མི་ཁྲིམས་མཐུན་ལོ་ཚད་ལོན་པ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་ལས་རིམ་ནང་འོས་གཞིར་ཞུགས་པ་དང༌། འོས་ཤོག་བླུག་པའི་ཐོབ་ཐང་གཉིས་ཀ་གཞི་རིམ་གྱི་ཐོབ་ཐང་གི་གྲས་བཞག་ཡོད་རེད། དེ་ནི་ང་ཚོའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད། མང་གཙོའི་རྒྱལ་ཁབ་མང་པོ་ཞིག་གི་རྩ་ཁྲིམས་ཀྱི་ནང་འོས་གཞིར་ཞུགས་པ་དང༌། འོས་ཤོག་བླུག་པའི་ཐོབ་ཐང་དེ་ཚོ་གཞི་རིམ་གྱི་ཐོབ་ཐང་གྲས་བཞག་ཡོད་མ་རེད། སྤྱིར་བཏང་དེང་སང་མིའི་ཐོབ་ཐང་ཁག་གཞི་རིམ་གྱི་ཐོབ་ཐང་དང༌། སྤྱི་ཚོགས་ཀྱི་ཐོབ་ཐང༌། སྲིད་དོན་གྱི་ཐོབ་ཐང༌། དཔལ་འབྱོར་གྱི་ཐོབ་ཐང༌། ཕྲུ་གུའི་ཐོབ་ཐང༌། བུད་མེད་ཀྱི་ཐོབ་ཐང་ལ་སོགས་པ་ཁག་མང་པོར་བགོ་བཤའ་བརྒྱབས་ནས་བཤད་ཀྱི་ཡོད་རེད། ཐོབ་ཐང་དེ་ཚོ་གལ་ཆེ་ཆུང་དང་བརྟན་མི་བརྟན་གྱི་རྣམ་བཞག་མང་པོ་བྱས་པ་རེད། གཞི་རིམ་གྱི་ཐོབ་ཐང་ཟེར་བ་དེ་ཡུལ་མི་ཡོངས་རྫོགས་ལ་ངེས་པར་དུ་ཐོབ་ངེས་པ་དང་ཁྲིམས་ལུགས་ཀྱི་འོག་འཕྲོག་པ་མ་ཡིན་ན་མ་གཏོགས་ཐོབ་ཐང་དེ་བརྡལ་བཤིག་བྱུང་ཚེ་ཁྲིམས་ཐོག་ནས་སྲུང་སྐྱོབ་བྱེད་ཐུབ་པ་ཞིག་ལ་ཟེར་གྱི་རེད། རྒྱལ་ཁབ་གཞན་མང་ཆེ་བས་འོས་བསྡུའི་ཐོབ་ཐང་དེ་སྲིད་དོན་ནམ་ཡུལ་མིའི་ཐོབ་ཐང་གི་གྲས་སུ་བཞག་པ་མ་གཏོགས། གཞི་རིམ་གྱི་ཐོབ་ཐང་ནང་བཞག་པ་དཀོན་པོ་རེད། ང་ཚོས་འདི་གཞི་རིམ་གྱི་ཐོབ་ཐང་ནང་བཞག་ཡོད་པ་རེད། དེ་མི་མང་གིས་ངེས་པར་མཁྱེན་དགོས། དེ་ལ་གནོད་སྐྱོན་བྱུང་བ་ཡིན་ན་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་བྱེད་ཐུབ། དཔེར་ན། བཅའ་ཁྲིམས་ནང་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་ཟེར་བ་དེ་སྤྱིར་བཏང་གལ་ཆེན་པོ་རེད། ཡིན་ནའང་དེའི་ནང་གསལ་བའི་སྤྱི་ཚོགས་བདེ་དོན་གྱི་ལས་དོན་མང་པོ་ཞིག་གཞུང་གིས་སྒྲུབ་ན་སྒྲུབ་པ་རེད་མ་གཏོགས་མ་སྒྲུབ་ན་ཁྲིམས་ཐོག་ནས་གཞུང་ལ་དེ་སྒྲུབ་དགོས་པའི་བཀའ་གཏང་ས་ཡོད་མ་རེད། དེ་དང་ཕྱོགས་མཚུངས་སྲིད་དོན་གྱི་ཐོབ་ཐང༌། སྤྱི་ཚོགས་ཀྱི་ཐོབ་ཐང༌། དཔལ་འབྱོར་གྱི་ཐོབ་ཐང་སོགས་ལ་འགྱུར་བ་གཏོང་དུས་འཆར་ཅན་ཁྲིམས་བཟོའི་ལམ་ནས་གཏོང་སྲོལ་ཡོད་པ་རེད། གཞི་རིམ་གྱི་ཐོབ་ཐང་དེ་རྩ་ཁྲིམས་རང་གི་ནང་གསལ་བའི་ཆ་རྐྱེན་ཞིག་གི་འོག་མ་གཏོགས་ལས་སླ་པོ་འགྱུར་བ་གཏོང་ས་མེད་པ་ཞིག་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཞི་རིམ་གྱི་ཐོབ་ཐང་མང་པོ་གསལ་ཡོད་མ་རེད། གང་ཡིན་ཟེར་ན། བཙན་བྱོལ་དུ་གནས་རིང་ང་ཚོས་ཁྲིམས་ཐོག་ནས་སྲུང་སྐྱོབ་བྱེད་མི་ཐུབ་པ་དེ་རིགས་སྤྱིར་བཏང་གཞི་རིམ་གྱི་ཐོབ་ཐང་ཡིན་དགོས་པ་ཞིག་ཡིན་ནའང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཞི་རིམ་ཐོབ་ཐང་གྲས་ཚུད་ཡོད་མ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཞི་རིམ་གྱི་ཐོབ་ཐང་འདི་སྡེ་ཚན་ཁ་ཤས་སུ་ཕྱེ་བའི་དང་པོ་བཅའ་ཁྲིམས་དོན་ཚན་དགུ་པའི་ནང་གསལ། ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཞེས་པ་དེ་གཞི་རིམ་གྱི་ཐོབ་ཐང་དང་པོ་དེ་རེད། དོན་ཚན་བཅུ་པའི་ནང་ཆོས་དད་རང་མོས་ཞེས་པ་གཞི་རིམ་གྱི་ཐོབ་ཐང་གཉིས་པ་རེད། དོན་ཚན་བཅུ་གཅིག་པའི་ནང་འོས་བསྡུ་བྱེད་པའམ་འོས་གཞིར་ཞུགས་པ་ཞེས་པ་གཞི་རིམ་གྱི་ཐོབ་ཐང་གསུམ་པ་རེད། དོན་ཚན་འདི་གསུམ་ཧ་ཅང་གལ་ཆེན་པོར་བརྩིས་ནས་ཟུར་དུ་གསལ་ཁ་གཏོད་པ་རེད། དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་ནི་དང་པོ་བོད་མིའི་སྤྱི་ཚོགས་ཀྱི་གཤིས་རྒྱུད་དང༌། ལེགས་བྱང་གི་ནང་ཕྲན་བུའི་དབྱེ་བ་ཕྱེ་རྒྱུའི་གོམས་གཤིས་ཤིག་ཡོད་པ་རེད། ཁོང་བླ་མ་རྩ་ཆེན་དང༌། ཁོང་དཔོན་ཆེན་རེད། ཕྲན་བུ་དམིགས་བསལ་གཏོང་དགོས་ཀྱི་རེད། ཁོ་མི་དམངས་དཀྱུས་མ་རེད། དོ་དམ་པོ་བྱེད་དགོས་རེད་ཟེར་བའི་གཤིས་སྤྱོད་ཅིག་ཡོད་པ་ཡིན་ཙང༌། གཞི་རིམ་གྱི་ཐོབ་ཐང་དང་པོའི་ནང་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཟེར་བ་དེ་རྩལ་དུ་བཏོན་ནས་དབུ་ྋརྒྱལ་བ་རིན་པོ་ཆེ་མན་ཆད་ནས་མཇུག་མདང་སྐྱེས་ཀྱི་བྱིས་པ་ཡན་ཆད་བོད་ཀྱི་ཡུལ་མི་ཡིན་ཕྱིན་ཁྲིམས་ལ་ཐུག་ན་ཚང་མ་འདྲ་མཉམ་མ་གཏོགས། ཁྱད་པར་ཕྱེ་རྒྱུ་མེད་པ་དེ་གསལ་པོ་བཟོས་པ་རེད། དེའི་རྗེས་ཆོས་དད་རང་དབང་ཞེས་པ་དེ་བཀོད་པ་རེད། དེའང་ཧ་ཅང་གིས་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཆོས་ལུགས་ཀྱི་དབང་འཛིན་གྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་ནང་གནས་ཚུལ་སྡུག་པོ་མང་པོ་བྱུང་ཡོད་རེད། ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་རྗེས་འབྲངས་ཤིག་ཆབ་སྲིད་དབང་འཛིན་པ་ཆགས་པ་ཡིན་ན། དེའི་བརྒྱུད་འཛིན་རྣམས་ཕུན་སུམ་ཚོགས་པ་དང༌། ཆོས་བརྒྱུད་གཞན་ལ་དཀའ་ངལ་ཡོང་བ་དེ་འདྲ་ཡོང་སྲིད་པས་ཆོས་དད་རང་དབང་གི་ཐོབ་ཐང་དེ་གཞི་རིམ་གྱི་ཐོབ་ཐང་གྲས་སུ་བཞག་པ་རེད། ཆོས་དད་རང་དབང་ཞེས་པའི་ཚིག་དེས་ཆོས་དད་མེད་པར་བྱས་ནའང་རང་དབང་ཡོད་པ་དེ་མཚོན་གྱི་ཡོད་རེད། དེའི་རྗེས་འོས་བསྡུ་བྱེད་པ་དང་འོས་གཞིར་ཞུགས་པའི་ཐོབ་ཐང་དེ་གལ་ཆེར་བརྩིས་ནས་གཞི་རིམ་གྱི་ཐོབ་ཐང་སྡེ་ཚན་གསུམ་པའི་ནང་བཀོད་པ་རེད། སྡེ་ཚན་བཞི་པ་ཐོབ་ཐང་གཞན་ཁག་ཅེས་པའི་ནང་ནང་གསེས་བཅུ་ཡོད་རེད། ལུས་སྲོག་གི་ཐོབ་ཐང༌། མཁར་དབང་གི་ཐོབ་ཐང་ལ་སོགས་པ་དེ་ཚོ་གོང་དུ་གསལ་བའི་ཐོབ་ཐང་གསུམ་ལས་གལ་ཆུང་བར་བརྩིས་ནས་སྡེ་ཚན་བཞི་པའི་ནང་གསེས་སུ་བཞག་ཡོད། དེ་ཚོ་མང་ཚོགས་ཀྱིས་ངེས་པར་མཁྱེན་དགོས་པ་ཞིག་དང༌། ཐོབ་ཐང་དང་ལས་འགན་རྩ་ཆེ་ཞིག་ཏུ་བརྩིས་ནས་ངེས་པར་དུ་བེད་སྤྱོད་གཏོང་དགོས་པ་ཞིག་དང༌། བསྒྲུབ་དགོས་པ་ཞིག་རེད།

དེ་བཞིན་ང་ཚོའི་བཅའ་ཁྲིམས་ནང་འོས་བསྡུ་ལས་ཁང་འདི་རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ནང་ནས་སྡེ་ཚན་གཅིག་ལ་བརྩིས་ཏེ་བཅའ་ཁྲིམས་ཀྱི་ཆ་རྐྱེན་གནད་ཆེན་བཟོས་ཡོད་རེད། རྒྱལ་ཁབ་མང་པོའི་ནང་འོས་བསྡུ་ལས་ཁང་གཏན་འཇགས་མེད་པ། འོས་བསྡུ་སོ་སོའི་སྐབས་འོས་བསྡུ་ལས་ཁང་བཙུགས་ཏེ་འོས་བསྡུ་ཟིན་སྐབས་ལས་ཁུངས་མཁུ་བསྡུ་བྱེད་པ་དེ་འདྲ་ཡོད་རེད། རྒྱ་གར་ལ་འོས་བསྡུ་ལས་ཁང་གཏན་འཇགས་ཡོད་ཀྱང་འོས་བསྡུ་ལས་ཁང་གི་དབང་ཚད་ཁྱབ་ཁོངས་དེ་ང་ཚོའི་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་ལས་ཉུང་བ་རེད། མངའ་སྡེ་དང་དབུས་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་བྱེད་པ་ཙམ་མ་གཏོགས་དེ་མིན་འོས་བསྡུའི་ལས་དོན་མང་པོ་ཞིག་འོས་བསྡུ་ལས་ཁང་གི་དབང་ཚད་ཀྱི་ཁྱབ་ཁོངས་སུ་ཡོད་མ་རེད། ང་ཚོའི་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་འདིའི་ཁྱབ་ཁོངས་ནང་བོད་པའི་སྤྱི་ཚོགས་ནང་ཧ་ལམ་འོས་བསྡུ་བྱེད་རྒྱུ་མེད་ན་མ་གཏོགས། ཡོད་ཚད་ཚུད་ཡོད་རེད། གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུ་དེའང་འོས་བསྡུ་ལས་ཁང་གི་བཏང་འཛིན་འོག་བྱེད་ཀྱི་ཡོད་རེད། དེ་འདྲའི་ལམ་སྲོལ་ཕལ་ཆེར་མང་གཙོའི་རྒྱལ་ཁབ་གཞན་དག་ལ་ཡོད་པ་ངས་ཤེས་ཀྱི་མེད། ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུ་རྒྱལ་ཁབ་ཁ་ཤས་ནང་གྲོས་ཚོགས་སུ་གྲོས་འཆར་བཏོན་ནས་བྱེད་པ། ཁ་ཤས་ཚོགས་དྲུང་གི་ལྟ་རྟོག་འོག་བྱེད་པ་སོགས་གང་ལྟར་གྲོས་ཚོགས་ཀྱི་ལས་རིམ་གྱི་ཆ་ཤས་ཤིག་ལ་བརྩིས་ནས་བྱེད་ཀྱི་རེད། ང་ཚོའི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་རྒྱུ་དེའང་གྲོས་ཚོགས་ཀྱི་ཕྱི་ལ་བཞག་སྟེ་འོས་བསྡུ་ལས་ཁང་གི་བཏང་འཛིན་འོག་བྱེད་ཀྱི་ཡོད་རེད། དེ་བཞིན་བཀའ་བློན་འོས་བསྡུ་བྱེད་སྐབས་ཀྱང་འོས་ཤོག་བླུག་མཁན་ཚང་མ་སྤྱི་འཐུས་རེད། བྱས་ཙང་རྒྱལ་ཁབ་གཞན་དག་ལས་དཔེ་བླངས་པ་ཡིན་ན་ཚོགས་གཙོའམ་ཚོགས་དྲུང་གི་བཏང་འཛིན་འོག་བྱེད་ན་འཐུས་པ་ཞིག་རེད་དེ། དེའང་བྱེད་ཀྱི་ཡོད་མ་རེད། ཆེ་ས་ནས་བལྟས་ན་མང་མོས་ཐག་གཅོད་འོས་བསྡུ་ཞིག་བྱེད་དགོས་བྱུང་བ་ཡིན་ནའང་འོས་བསྡུ་ལས་ཁང་གིས་བྱེད་དགོས་རེད། རྒྱལ་ཁབ་མང་པོའི་ནང་དེ་འདྲའི་འོས་བསྡུ་འཛིན་སྐྱོང་གིས་བྱེད་ཀྱི་ཡོད་རེད། ཡིན་ནའང་ང་ཚོའི་འདས་པའི་ཉམས་མྱོང་གི་གནས་ཚུལ་མང་པོ་ཞིག་ནས་བསླབ་བྱ་བླངས་ཏེ། མ་འོངས་པ་ན་ལམ་སྲོལ་བཟང་པོ་ཞིག་ཡོང་བའི་ཆེད་དུ་འོས་བསྡུ་ལས་ཁང་གི་དབང་ཚད་ཀྱི་ཁྱབ་ཁོངས་དེ་ཧ་ཅང་རྒྱ་ཆེན་པོ་བཟོས་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཐུགས་ཞིབ་གནང་ན་དོན་ཚན་ ༡༩ པ་དང༌། ༣༣ པ། ༥༦ པ་བཅས་ཀྱི་ནང་གསལ་འོས་བསྡུ་གཞི་རྒྱ་ཆེ་ཤོས་མང་མོས་ཐག་གཅོད་འོས་བསྡུ་བྱེད་རྒྱུ་དང༌། དོན་ཚན་ ༢༡ པའི་ནང་གསལ་བཀའ་བློན་འོས་བསྡུ། དོན་ཚན་ ༢༣ པའི་ནང་གསལ་བཀའ་བློན་ཁྲི་པའི་འོས་བསྡུ། དོན་ཚན་ ༣༧ པའི་ནང་གསལ་སྤྱི་འཐུས་འོས་བསྡུ། དོན་ཚན་ ༤༥ པའི་ནང་གསལ་ཚོགས་གཙོ་ཚོགས་གཞོན་འོས་བསྡུ། དོན་ཚན་ ༦༠ པའི་ནང་གསལ་ས་གནས་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་གི་འོས་བསྡུ། དོན་ཚན་ ༧༣ པའི་ནང་གསལ་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་འོས་བསྡུ། དོན་ཚན་ ༧༨ པའི་ནང་གསལ་ས་གནས་འཐུས་མིའི་ཚོགས་འདུའི་འོས་བསྡུ། དོན་ཚན་ ༨༠ པའི་ནང་གསལ་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུ་བཅས་ཆ་ཚང་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་སུ་ཡོད་པ་རེད། དེ་བཞིན་བཅའ་ཁྲིམས་ལེའུ་བརྒྱད་པའི་དོན་ཚན་ ༩༦ ནས་ ༩༩ བར་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་ཆ་རྐྱེན་དོན་ཚན་ཁག་ཟུར་དུ་བཀོད་ཡོད་པ་རེད། དེ་ལྟར་ཁྲིམས་དང་སྒྲིག་གཞི་མང་པོའི་འོག་ནས་བཙན་བྱོལ་བོད་གཞུང་གི་འོས་བསྡུ་ལས་ཁང་གི་དབང་ཚད་ཀྱི་ཁྱབ་ཁོངས་འདི་ཧ་ཅང་རྒྱ་ཆེན་པོ་ཡིན་པ་དང༌། ལས་འགན་གྱི་རྣམ་གྲངས་མང་པོ་ཡོད་པ་དེ་འོས་བསྡུའི་སྒྲིག་གཞི་སློབ་སྦྱོང་གནང་མཁན་ཚོས་ངེས་པར་དུ་མཁྱེན་དགོས། དེ་ཚོ་ནི་རྒྱབ་ལྗོངས་ཤིག་རེད།

དེ་ནས་ཁ་སང་སྒྲིག་གཞིའི་ནང་གི་དོན་གནད་ཁ་ཤས་དྭོགས་མ་ཆོད་པ་ཡོད་པ་དེའི་ཐོག་གསལ་བཤད་བྱུང་ན་ཞེས་འོས་བསྡུ་འགན་འཛིན་མཆོག་ནས་བཀའ་གནང་བ་ལྟར། ང་རང་གི་མཐོང་སྣང་ལའང་གནས་ཚུལ་གསལ་པོ་མེད་པ་རེ་གཉིས་འདུག་པ་དེ་ཚོའི་ནང་ནས་དོན་ཚན་ཁ་ཤས་ཟུར་འདོན་བྱས་ནས་ཞུ་རྒྱུ་ཡིན།

༡ འོས་གཞིའི་ནང་ཞུགས་མཁན་གྱི་འོས་ཆོས་ཀྱི་ནང་ལ་བོད་ཀྱི་ཡུལ་མི་ཡིན་པ་ཞེས་པ་དེ་ཐོག་མར་བཀོད་ཡོད་རེད། ཚིག་བེད་སྤྱོད་གཏོང་སྟངས་ཀྱི་ཆ་ནས་བཅའ་ཁྲིམས་ཀྱི་ནང་ བྱཡུལ་མི་བྱ ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ཡོད་རེད། དབྱིན་སྐད་ལ་ Citizen ཟེར་བ་དེ་རེད། ཚིག་དེ་ནི་ང་ཚོ་མང་གཙོ་ཆགས་ནས་གསར་དུ་བེད་སྤྱོད་བཏང་བ་ཞིག་རེད། དེ་སྔོན་ཡིན་ན་ བྱའབངས་བྱ དང༌། ཡང་ན་ཞེ་ས་བྱས་ཏེ་ བྱཆབ་འབངས་བྱ ཞེས་ལབ་ཀྱི་ཡོད་པ་རེད། སྐབས་རེ་༼མི་སེར་༽ཡང་ཟེར་བ་རེད། འབངས་ཞེས་པ་དེ་རྒྱལ་པོ་ཡོད་པའི་རྒྱལ་ཁབ་ཏུ་རྒྱལ་པོས་ཟླས་དྲངས་པའི་མང་ཚོགས་ལ་ བྱའབངས་བྱ སམ་ བྱཆབ་འབངས་བྱ ཞེས་བརྗོད་ཀྱི་ཡོད་པ་རེད། མང་གཙོ་ཡིན་རུང་གོང་མའམ་རྒྱལ་པོ་ཡོད་པའི་ཡུལ་ལུང་དེ་ཚོའི་ནང་ བྱཆབ་འབངས་བྱ ཞེས་པ་ཚིག་བེད་སྤྱོད་གཏོང་སྲོལ་འདུག དེ་ནི་དབྱིན་སྐད་དུ་ Subject ཟེར་བ་དེ་རེད། དབྱིན་ཡུལ་མང་གཙོ་ཡིན་རུང་གོང་མ་ཡོད་པས་དབྱིན་ཇིའི་མི་རིགས་ལ་ བྱཆབ་འབངས་བྱ ཞེས་བརྗོད་པ་དང༌། ཨ་རི་ལྟ་བུ་གོང་མ་དང་རྒྱལ་པོ་མེད་པར་མང་ཚོགས་ནས་འོས་འདེམས་བྱས་པའི་སྲིད་འཛིན་རྒྱལ་ཁབ་དང་སྲིད་གཞུང་གི་གཙོ་འཛིན་ཡིན་པའི་ཡུལ་མིའི་རྒྱལ་ཁབ་ Republic ཡིན་པའི་ཆ་ནས་ཁོ་ཚོས་ བྱཡུལ་མི་བྱ ཞེས་པའི་ཚིག་དེ་བེད་སྤྱོད་བཏང་བ་རེད། རྒྱ་གར་ཡང་ཡུལ་མི་རྒྱལ་ཁབ་ཡིན་པས་ བྱཡུལ་མི་བྱ ཞེས་པའི་ཚིག་དེ་སྤྱི་ཡོངས་ལ་བེད་སྤྱོད་གཏོང་གི་ཡོད་ནའང་འབྲས་ལྗོངས་སུ་ད་ལྟའང་འབྲས་ལྗོངས་ཆབ་འབངས་ (Sikkim Subject) ཞེས་ བྱཆབ་འབངས་བྱ ཀྱི་ཚིག་དེ་འགྱུར་བ་མ་བཏང་བར་བསྡད་འདུག འབྲས་ལྗོངས་ནི་ཉེ་དུས་བར་ཆོས་རྒྱལ་ཡོད་པའི་དབང་གིས་ཚིག་དེ་བེད་སྤྱོད་བཏང་བ་རེད། བོད་སྐད་དུ་ བྱམི་སེར་བྱ ཞེས་པའི་ཚིག་དེ་གང་ནས་བྱུང་བ་ངས་ཤེས་ཀྱི་མེད། ཚིག་མཛོད་འགའ་ཤས་ནང་དྭོགས་གཅོད་ཀྱང་བྱས་འདུག་ཅིང༌། སྐབས་འགར་དབྱིན་སྐད་དུ་ Yellow man ཞེས་ཀྱང་བསྒྱུར་འདུག ཚིག་འབྲུའི་ངོ་གདོང་གི་དོན་གང་ཡིན་རུང༌། དོན་དུ་ བྱའབངས་བྱ ལ་གོ་དགོས་པ་རེད། བོད་མིའི་ཁ་སྐད་དུ་ བྱསྡེ་འབངས་མི་སེར་བྱ ཞེས་བརྗོད་སྲོལ་འདུག བཙན་བྱོལ་བོད་གཞུང་ད་ལྟ་ཡུལ་མིའི་རྒྱལ་ཁབ་མཚན་ཉིད་པ་ཞིག་ལ་འགྱུར་མེད་ཀྱང༌། བཅའ་ཁྲིམས་ཀྱི་ནང་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་དེ་ཡུལ་མིའི་རྒྱལ་ཁབ་ཀྱི་ངོ་བོར་འགྲོ་རྒྱུ་ཡིན་པ་དང༌། བཙན་བྱོལ་བོད་མིའི་གནས་སྟངས་ཀྱང་དེ་དང་མཐུན་པ་ཞིག་བྱ་རྒྱུ་ཡིན་ཞེས་གསལ་བ་ལྟར། བཅའ་ཁྲིམས་ནང་ བྱཆབ་འབངས་བྱ སམ་ བྱམི་སེར་བྱ ཞེས་པའི་ཚིག་དེ་བེད་སྤྱོད་མ་བཏང་བར་ བྱཡུལ་མི་བྱ ཞེས་པའི་ཚིག་བེད་སྤྱོད་བཏང་བ་རེད།

བོད་ཀྱི་ཡུལ་མིའི་མཚན་ཉིད་ག་འདྲ་ཞིག་ཡིན་པ་དེ་བཅའ་ཁྲིམས་དོན་ཚན་ ༨ པའི་ནང་གསལ་འགོད་བྱས་ཡོད། དང་པོ་བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང༌། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན་ཞེས་གསལ་ཡོད། བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་ཟེར་བ་ནི་ཆོལ་ཁ་གསུམ་གང་རུང་དུ་གཏོགས་པའི་བོད་ཀྱི་ས་ཆའི་ནང་ལ་སྐྱེས་པའི་བོད་པ་དེ་ཚོ་དང༌། ཡང་རྒྱལ་ཁབ་གཞན་རྒྱ་གར་དང་ཨ་རི་སོགས་སུ་སྐྱེས་པ་ཡིན་ནའང་ཕ་མ་གཉིས་ཀ་བོད་པ་ཡིན་པའི་ཕྲུ་གུ་དེ་རང་བཞིན་སྐྱེས་ཐོབ་ཀྱི་དབང་གིས་བོད་ཀྱི་ཡུལ་མི་ཆགས་ཀྱི་རེད། དེ་ཐག་བཅད་ནས་གསལ་ཁ་བཏོན་ཡོད། དེ་མཇུག་ཏུ་བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་རྒྱུའི་ཐོབ་ཐང་ཡོད་ཅེས་གསལ་བ་ནི་ཕ་བོད་པ་དང་མ་རྒྱ་གར་བ། སྐྱེ་ས་རྒྱ་གར་དུ་སྐྱེས་པ། ཡང་ན་མ་བོད་པ་དང་ཕ་ཨ་རི། སྐྱེ་ས་ཨ་རིར་སྐྱེས་པ་ལྟ་བུ་ཡིན་ན་ཕྲུ་གུ་དེ་རང་ལོ་བཅོ་བརྒྱད་མ་སོན་བར་རྒྱལ་ཁབ་གང་གི་ཡུལ་མི་ཡིན་གཏན་འཁེལ་མེད་ནའང༌། ལོ་ ༡༨ ལོན་རྗེས་ན་གཞོན་དེས་ང་བོད་ཀྱི་ཡུལ་མི་བྱེད་ཀྱི་ཡིན་ཞེས་བདམས་པ་ཡིན་ན་ཁོ་བོད་ཀྱི་ཡུལ་མི་ཆགས་འགྲོ་བ་རེད། དེ་ལ་ཁྲིམས་ཐོག་ནས་ཡུལ་མིའི་རང་བཞིན་ལེན་པའི་ལས་རིམ་བྱེད་དགོས་ཀྱི་མ་རེད། ཕ་མ་གང་རུང་ཞིག་བོད་པ་ཡིན་པའི་རྒྱུ་མཚན་གྱིས་ཕྲུ་གུ་དེ་ལོ་ན་ ༡༨ སོན་མཚམས་རང་འདོད་ཀྱིས་བོད་ཀྱི་ཡུལ་མི་བྱ་རྒྱུར་བདམས་པ་ཡིན་ན་བཅའ་ཁྲིམས་ཀྱི་ཆ་རྐྱེན་འདིའི་འོག་ནས་བོད་ཀྱི་ཡུལ་མི་ཆགས་ཐུབ་ཀྱི་རེད། དེའི་རྗེས་སུ་དོན་ཚན་གཞན་ཞིག་གསལ་ཁ་གཏོད་ཡོད་པ་ནི་བོད་ཀྱི་ཡུལ་མི་ཡིན་པ་ཞིག་བཙན་བྱོལ་དུ་འབྱོར་ནས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་ ༡༣ ནང་གསལ་གྱི་ཡུལ་མིའི་ལས་འགན་སྒྲུབ་པ་ཡིན་ན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས་ཞེས་པ་དེ་རེད། རྒྱལ་ཁབ་འགའ་རེའི་ནང་རྒྱལ་ཁབ་གཉིས་ཀྱི་ཡུལ་མི་བྱེད་མི་ཆོག་པ་རྒྱལ་ཁབ་གཞན་གྱི་ཡུལ་མི་བྱེད་པ་ཡིན་ན། རང་གི་རྒྱལ་ཁབ་ཀྱི་ཡུལ་མིའི་རང་བཞིན་རང་ཤུགས་ཀྱིས་བྲལ་འགྲོ་བའི་ཁྲིམས་སྲོལ་ཡོད་པའང་ཡོད་རེད། བོད་ལ་དེ་སྔ་ཆབ་འབངས་དང་ཡུལ་མིའི་འགྲོ་སྟངས་ཀྱི་ཁྲིམས་སྲོལ་མེད་ཅིང༌། ད་ཆ་རྒྱལ་ཁབ་གཉིས་ཀྱི་ཡུལ་མི་བྱེད་མི་ཆོག་པའི་ཁྲིམས་སྲོལ་ཞིག་བཟོས་པ་ཡིན་ན་བཙན་བྱོལ་བོད་མི་ཉུང་ཉུང་དེ་ད་དུང་ཉུང་དུ་འགྲོ་ཉེན་ཡོད་པ་ཡིན་ཙང༌། བོད་མི་བཙན་བྱོལ་བ་ཞིག་གིས་རྒྱལ་ཁབ་གཞན་གྱི་ཡུལ་མིའི་རང་བཞིན་ལེན་པ་ཡིན་ནའང་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས་པའི་ཆ་རྐྱེན་ཞིག་བཅའ་ཁྲིམས་ནང་བཀོད་ཡོད། དེ་ནི་བཅའ་ཁྲིམས་དོན་ཚན་ ༡༣ ནང་གསལ་བའི་ཡུལ་མིའི་ལས་འགན་དེ་དག་བསྒྲུབ་རྒྱུ་དེ་རེད། ལས་འགན་དེ་དག་བསྒྲུབས་པ་ཡིན་ན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས་ཀྱང༌། ལས་འགན་དེ་ཚོ་མ་བསྒྲུབས་པ་ཡིན་ན་བོད་ཀྱི་ཡུལ་མི་མ་ཡིན་པ་རང་བཞིན་གྱིས་ཆགས་འགྲོ་བ་བསྟན་གྱི་ཡོད་རེད། རྒྱལ་ཁབ་གཞན་གྱི་ཡུལ་མིའི་ཐོབ་ཐང་མ་ལེན་པའི་བོད་མི་ཞིག་ཡིན་ན་དོན་ཚན་ ༡༣ པའི་ནང་གི་བོད་ཀྱི་ཡུལ་མིའི་ལས་འགན་མ་བསྒྲུབས་པ་ཡིན་ནའང་ཁོ་བོད་ཀྱི་ཡུལ་མི་མ་ཡིན་པ་ཆགས་རྒྱུ་མེད་ཅིང༌། ཡུལ་མིའི་ཐོབ་ཐང་འཕྲོག་རྒྱུ་མེད། དེ་ནི་སྐྱེས་ཐོབ་ཀྱིས་བོད་ཀྱི་ཡུལ་མི་ཡིན་པས་རྒྱལ་ཁབ་གཞན་གྱི་ཡུལ་མི་བྱས་པའམ་ཤི་བ་ཡིན་ན་མ་གཏོགས་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་རྒྱུ་མེད། དོན་ཚན་ ༡༣ པའི་ནང་གསལ་གྱི་ཡུལ་མིའི་ལས་འགན་མ་བསྒྲུབ་པ་ཡིན་ན་དེ་ལ་ཉེས་པ་གཏང་རྒྱུ་དང༌། ཐོབ་ཐང་གཞན་བཀག་པ་སོགས་བྱེད་རྒྱུ་ཡོད་རེད་དེ། ཡུལ་མིའི་རང་བཞིན་འཕྲོགས་ནས་བོད་མི་ནས་བུད་པ་དང༌། བོད་པ་མ་ཡིན་པ་ཆགས་པ་རེད་ཅེས་ལབ་ས་ཡོད་མ་རེད། ང་ཚོའི་སྤྱི་ཚོགས་ནང་སྐད་ཆ་ཤོད་སྟངས་ཤིག་ལ་མི་ཆེ་གེ་མོ་ཞིག་བོད་མི་ནས་ཕུད་པ་ཡིན། བོད་མིའི་གྲས་སུ་བརྩི་རྒྱུ་མིན་ཟེར་བ་དེ་འདྲ་ལབ་སྲོལ་ཞིག་འདུག་ཀྱང༌། དེ་ནི་ཁྲིམས་མཐུན་གྱི་སྐད་ཆ་ཞིག་མ་རེད། རྒྱལ་ཁབ་གཞན་གྱི་ཡུལ་མི་བྱས་པ་ཡིན་ན་དོན་ཚན་ ༡༣ པའི་ནང་གསལ་གྱི་ཡུལ་མིའི་ལས་འགན་རྣམས་མ་བསྒྲུབས་པའི་ཉིན་མོ་དེ་ནས་བོད་ཀྱི་ཡུལ་མིའི་རང་བཞིན་ཉམས་འགྲོ་བ་རེད། ཡང་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ནས་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མི་བྱེད་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་སྒྲིག་གཞི་ལྟར་ཞུགས་ཆོག་ཟེར་བའི་ཆ་རྐྱེན་ཞིག་གསལ་ཡོད། དེ་ནི་སྐྱེས་ཐོབ་ཀྱི་བོད་ཀྱི་ཡུལ་མི་མ་ཡིན་པ་ཞིག་བོད་ཀྱི་ཡུལ་མི་བྱེད་རྒྱུའི་ཐབས་ལམ་གཅིག་རང་བཅའ་ཁྲིམས་སུ་གསལ་བ་དེ་རེད། དེ་མ་གཏོགས་ཐབས་ལམ་གཞན་མི་གསལ་བའི་རྒྱུ་མཚན་ནི། བཙན་བྱོལ་གྱི་གནས་སྐབས་འདིར་ང་ཚོར་དགོས་མཁོ་མེད་པ་རེད། དཔེར་ན་ཕྱི་རྒྱལ་གྱི་ཕྲུ་གུ་གཅིག་ཆུང་དུས་བོད་པའི་ཕ་མས་ས་གནས་དེའི་ཁྲིམས་ལུགས་ལྟར་པང་དུ་བླངས་པ་ཡིན་ན། བོད་ཕྲུག་དང་གཅིག་པ་རང་བཞིན་གྱིས་བོད་ཀྱི་ཡུལ་མིར་ཆགས་འགྲོ་བ་རེད། དེ་མིན་རྒྱལ་ཁབ་གཞན་གྱི་ཡུལ་མིས་རྒྱལ་ཁབ་གཞན་དག་གི་ཡུལ་མིའི་ཐོབ་ཐང་ལེན་པ་ལ་སྤྱི་སྲོལ་གྱི་ཐོག་ནས་ཡུལ་མིའི་ཐོབ་ཐང་བླང་སའི་རྒྱལ་ཁབ་དེའི་ས་ཁུལ་དུ་ཁྲིམས་གསལ་རྒྱས་བཅད་ཀྱི་དུས་ཡུན་རིང་མུ་མཐུད་གནས་སྡོད་བྱས་པ་ཞིག་དགོས་ཀྱི་ཡོད་རེད། བྱས་ཙང་དེ་འདྲའི་ཆ་རྐྱེན་ད་ལྟ་བཙན་བྱོལ་གྱི་གནས་སྐབས་སུ་བརྩི་ས་མེད་པས་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མིར་བཅུག་རྒྱུའི་ཆ་རྐྱེན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ཡོད་མ་རེད། ལུགས་མཐུན་གཉེན་སྒྲིག་གི་ལམ་ནས་བོད་ཀྱི་ཡུལ་མིར་ཞུགས་རྒྱུའི་ཁྲིམས་ཡིག་སྤྱི་འཐུས་ལྷན་ཁང་གིས་གཏན་ལ་ཕབ་རྒྱུའི་ཆ་རྐྱེན་ཡོད་ནའང༌། སྐབས་བཅུ་གཅིག་པའི་སྤྱི་འཐུས་ལོ་ལྔའི་རིང་ཁྲིམས་གཞི་དེ་བཟོས་ཡོད་མ་རེད། ད་ལྟའང་ཁྲིམས་གཞི་དེ་བཟོ་རྒྱུར་བསྡད་ཡོད་རེད། བྱས་ཙང་ད་ལྟའི་གནས་སྐབས་ལ་བོད་ཀྱི་ཡུལ་མི་མ་ཡིན་པ་ཞིག་བོད་ཀྱི་ཡུལ་མིར་ཞུགས་པ་གཅིག་ཀྱང་བྱུང་ཡོད་མ་རེད།

བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་ཁྲལ་གྱི་ཁྲིམས་ཡིག་གཞིར་བཟུང་དཔྱ་ཁྲལ་འབུལ་དེབ་བོད་ཀྱི་ཡུལ་མི་རྐྱང་པ་ལ་མ་གཏོགས་གཞན་དག་ལ་སྤྲད་ཆོག་གི་མ་རེད། ས་གནས་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁ་ཤས་ཀྱིས་ཁྲིམས་ཡིག་ཡག་པོ་དབུ་མ་ཚོས་པར་བོད་ཀྱི་ཡུལ་མི་མ་ཡིན་པ་གང་མཚམས་ཤིག་ལ་དཔྱ་ཁྲལ་འབུལ་དེབ་སྤྲད་པ་དང༌། དཔྱ་ཁྲལ་ཡང་ཆད་མེད་ཕུལ་ཏེ་བྱུང་འཛིན་སྦྱར་མའི་ལག་དེབ་ཡོད་པ་དེ་འདྲ་ཡོད་ཚོད་འདུག དེ་ཚོས་འོས་བསྡུའི་སྐབས་དཔྱ་ཁྲལ་ལག་དེབ་ཡོད་པའི་རྒྱུ་མཚན་གྱིས་བོད་ཀྱི་ཡུལ་མི་ཡིན་ཚུལ་བཤད་པ་ཡིན་ན་དེ་ཚད་ལྡན་མ་རེད། ཐོག་མར་དཔྱ་ཁྲལ་འབུལ་དེབ་སྤྲད་པ་དེ་ནོར་འཁྲུལ་དང་ཁྲིམས་འགལ་རེད། དཔྱ་ཁྲལ་འབུལ་དེབ་ཡོད་པ་ཙམ་གྱིས་བོད་ཀྱི་ཡུལ་མིར་འགྱུར་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ནང་གསལ་ཡོད་མ་རེད། ཡང་བཙན་བྱོལ་བོད་མི་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱས་མཐུ་མེད་བྱུང་རིགས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་པའི་ནང་གསལ་གྱི་ཡུལ་མིའི་ལས་འགན་བསྒྲུབས་པ་ཡིན་ན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས་ཞེས་པའི་བཅའ་ཁྲིམས་ཀྱི་ཆ་རྐྱེན་འདིའི་ཐོག་ཁྲིམས་དོན་གྱི་དྲི་བ་ཞིག་ཡོང་སྲིད་པ་རེད། དེ་ནི་ཁེ་ན་ཌ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་འགའ་ཤས་སུ་ཁྲིམས་ཐོག་ནས་རྒྱལ་ཁབ་མང་པོའི་ཡུལ་མིའི་རང་བཞིན་མི་གཅིག་གིས་ཉར་ཆོག་པའི་ཆ་རྐྱེན་ཡོད་པ་རྣམས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གོང་གསལ་ཆ་རྐྱེན་དེ་དང་འགལ་བ་མེད་ནའང༌། རྒྱ་གར་ལྟ་བུའི་རྒྱལ་ཁབ་མང་པོའི་ནང་ཁྲིམས་ལུགས་ཀྱི་ཐོག་ནས་གང་ཟག་གཅིག་གིས་ཡུལ་མིའི་རང་བཞིན་གཅིག་མ་གཏོགས་ཉར་མི་ཆོག་པའི་རིགས་ལ་གོང་གི་ཆ་རྐྱེན་འདི་ཁྲིམས་མཐུན་རེད་ཀྱི་ཡོད་དང་མེད། དཔེར་ན་བཙན་བྱོལ་བོད་མི་ཞིག་རྒྱ་གར་གྱི་ཡུལ་མི་བྱས་པ་ཡིན་ནའང་བཅའ་ཁྲིམས་དོན་ཚན་ ༡༣ པའི་ནང་གསལ་གྱི་ཡུལ་མིའི་ལས་འགན་བསྒྲུབས་པ་ཡིན་ན། བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས་པ་ང་རང་ཚོའི་ངོས་ནས་ཆ་འཇོག་བྱས་རུང༌། རྒྱ་གར་གྱི་ཁྲིམས་ལུགས་གཞིར་བཟུང་རྒྱ་གར་གྱི་ཡུལ་མིའི་རང་བཞིན་ལེན་པ་ལ་རང་གི་ཡུལ་མིའི་རང་བཞིན་སྔ་མ་དེ་ཁྲིམས་ཐོག་ནས་འདོར་དགོས་པ་དང༌། རྒྱ་གར་གྱི་ཡུལ་མིར་གྱུར་ཟིན་རྗེས་རྒྱལ་ཁབ་གཞན་གྱི་ཡུལ་མི་རང་བཞིན་ཉིས་བརྩེགས་ (Dual citizenship) ཉར་མི་ཆོག་པ་ཡིན་པས་གོང་གི་བཅའ་ཁྲིམས་ཀྱི་ཆ་རྐྱེན་དེ་ཁྲིམས་འགལ་མ་རེད་དམ་ཞེས་དྲིས་པ་ཡིན་ན། དེ་ལ་ཁྲིམས་ཐོག་ཏུ་འཕེར་བའི་ལན་རྒྱག་རྒྱུ་ཁག་པོ་རེད། འཕྲལ་སེལ་བཙན་བྱོལ་བོད་མིའི་གནས་བབས་དང་དགོས་མཁོ་ལ་བསྟུན་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཡུལ་མིའི་རང་བཞིན་མང་པོ་ཉར་ཆོག་པའི་ཆ་རྐྱེན་བཀོད་ཡོད་པའི་དབང་གིས་བོད་མི་ཞིག་རྒྱ་གར་གྱི་ཡུལ་མི་བྱས་པ་ཡིན་ན་རྒྱ་གར་གྱི་ཁྲིམས་ཐོག་ནས་ཁོ་བོད་ཀྱི་ཡུལ་མི་མ་ཡིན་པ་ཆགས་པ་ཡིན་ནའང༌། བཙན་བྱོལ་བོད་མིའི་ཁྲིམས་ཐོག་ནས་བོད་ཀྱི་ཡུལ་མི་མ་ཡིན་པ་མ་ཆགས་པ་ཡིན་ཙང་བཙན་བྱོལ་བོད་མིའི་ངོས་ནས་ཁོ་བོད་ཀྱི་ཡུལ་མི་ཡིན་པར་བརྩི་དགོས་ཀྱི་རེད་ཅེས་ལབ་ཀྱི་ཡོད་རེད། དེ་ནི་བཙན་བྱོལ་བོད་མིའི་ལས་དོན་ཐོག་འཕྲལ་སེལ་འགྲིགས་ཙམ་ཞིག་རེད་མ་གཏོགས། རྒྱ་གར་གྱི་ཁྲིམས་ཁང་ལ་ཐུག་པ་ཡིན་ན། འགྲེལ་བཤད་འདི་ཁུངས་འཁྱོལ་ཐབས་དཀའ་པོ་རེད།

ཡང་སྤྱི་འཐུས་ཀྱི་འོས་ཆོས་ནང་ཁྲིམས་ཁང་ནས་ནག་ཉེས་ཕོག་པ་མ་ཡིན་པ་ཞེས་པ་དེ་ནག་ཉེས་ཕོག་པའི་མཚམས་ག་འདྲ་ཞིག་ལ་གཟུང་དགོས་ཀྱི་ཡོད་དམ་ཞེས་བཀའ་འདྲི་གནང་མཁན་ཡོང་གི་འདུག ནག་ཉེས་ཞེས་པ་དེ་བཟང་སྤྱོད་དང་འགལ་བ་དབྱིན་སྐད་ལ་ Moral turpitude ཟེར་བ་དེའམ། ཡང་ན་ཁྲིམས་འགལ་གྱི་ནག་ཉེས་དབྱིན་སྐད་ལ་ Criminal ཟེར་བ་དེའི་ཐོག་ནས་ཉེས་ཆད་ཕོག་པ་ཞིག་ལ་ནག་ཉེས་ཕོག་པ་ཞེས་ལབ་ཀྱི་ཡོད་རེད། རྒྱ་གར་ལྟ་བུ་ཆ་མཚོན་ན་རྒྱ་གར་གྱི་ནག་ཉེས་ཀྱི་ཁྲིམས་གཞི་ (Indian Penal Code) ཟེར་བ་དེའི་ནང་གི་དོན་ཚན་གང་ཡང་རུང་བ་གཅིག་གི་ཉེས་འཛུགས་བྱས་ཏེ་ཁྲིམས་ཁང་དུ་ཁྲིམས་རྩོད་བྱས་མཇུག་ནག་ཉེས་ཡོད་པ་ར་འཕྲོད་བྱུང་སྟེ་ཉེས་ཆད་ཕོག་པ་ཡིན་ན། ནག་ཉེས་ཕོག་པ་ཟེར་གྱི་རེད། སྤྱིར་ནས་ཁྲིམས་ཁང་དུ་རྩོད་གླེང་བྱས་པའི་ཁ་མཆུ་ལ་རིགས་མི་འདྲ་བ་སྤྱི་ཚོགས་ཀྱི་ཁ་མཆུ་ (Civil Case) ཟེར་བ་དང༌། ནག་ཉེས་ཀྱི་ཁ་མཆུ་(Criminal Case) ཟེར་བ་གཉིས་ཡོད་རེད། སྤྱི་ཚོགས་ཀྱི་ཁ་མཆུ་ཞིག་ཕམ་ནས་ཉེས་ཆད་ཕོག་པ་ཡིན་ནའང༌། དེ་ནག་ཉེས་ཕོག་པའི་གྲས་ལ་མི་བརྩི། ནག་ཉེས་ཀྱི་ཁ་མཆུ་ཞིག་ཕམ་ནས་ཉེས་ཆད་ཕོག་པ་ཡིན་ན་ནག་ཉེས་ཕོག་པ་ལ་བརྩི་བ་རེད། སྤྱི་ཚོགས་ཀྱི་ཁ་མཆུ་དཔེར་ན་ས་ཞིང་མཁར་དབང་བདག་ཐོབ་ཀྱི་ཁ་མཆུ་དང༌། འོས་བསྡུ་བྱེད་སྟངས་འགྲིགས་མིན་བྱུང་ནས་ཁྲིམས་ཁང་ལ་ཕྱིན་པའི་ཁ་མཆུ། སྲི་ཞུ་ལས་བྱེད་པ་བསྐོ་བཞག་དང༌། གནས་སྤར། གནས་དབྱུང་བྱེད་སྟངས་སོགས་དང་འབྲེལ་བའི་ཁ་མཆུ་དེ་ཚོ་སྤྱི་ཚོགས་ཀྱི་ཁ་མཆུའམ་ཡུལ་མིའི་ཁ་མཆུ་ཟེར་བ་མ་གཏོགས། ནག་ཉེས་ཀྱི་ཁ་མཆུ་ཞེས་ལབ་ཀྱི་མ་རེད། ནག་ཉེས་ཀྱི་ཁ་མཆུ་ནི་མི་བསད་རྟ་འགྱེལ་ རྐུན་ཇག་སོགས་ཀྱི་ཁ་མཆུ་ལ་ནག་ཉེས་ཀྱི་ཁ་མཆུ་ཟེར་གྱི་རེད། གནད་དོན་འགའ་ཤས་ཀྱི་ཐོག་ཁ་མཆུ་བཙུག་མཁན་གྱི་རང་འདོད་ཀྱི་ཐོག་ནས་ནག་ཉེས་ཀྱི་ཁ་མཆུ་དང༌། སྤྱི་ཚོགས་ཀྱི་ཁ་མཆུ་གང་བཙུགས་ཀྱང་རུང་བའི་རིགས་ཀྱང་ཡོད། དཔེར་ན་གསར་ཤོག་ཅིག་ནང་གང་ཟག་བྱེ་བྲག་པ་གཅིག་གི་སྐོར་བདེན་པ་མིན་པའི་གནས་ཚུལ་མིང་བྱད་ངན་པ་ཡོང་གཞི་ཞིག་ཐོན་ཡོད་ན། གླེང་གཞི་གང་ཟག་དེས་གསར་ཤོག་རྩོམ་སྒྲིག་པ་ལ་མིང་བྱད་བཟོ་བའི་(Defamation) ཁ་མཆུ་བཙུག་རྒྱུ་དང༌། ཡང་ནག་ཉེས་ཅན་གྱི་མིང་བྱད་བཟོས་པའི་(Criminal Defamation) ཁ་མཆུ་བཙུག་རྒྱུ་ཡོད་རེད། མིང་བྱད་བཟོས་པའི་སྤྱི་ཚོགས་ཀྱི་ཁ་མཆུའི་ཐོག་ནས་གསར་འགོད་པ་ཕམ་སྟེ་ཉེས་ཆད་ཕོག་པ་དེ་ནག་ཉེས་ཕོག་པར་མི་བརྩི་ཞིང༌། ནག་ཉེས་ཅན་གྱི་མིང་བྱད་བཟོས་པའི་ཁ་མཆུ་ཕམ་ནས་གསར་འགོད་པར་ཉེས་ཆད་ཕོག་པ་ཡིན་ན་ནག་ཉེས་ཕོག་པར་བརྩི་བ་རེད། ཡང་དེ་དང་ཅུང་ཟད་མི་འདྲ་བའི་དཔེ་མཚོན་གཞན་ཞིག་ཞུས་པ་ཡིན་ན། ལས་བྱེད་པ་ཞིག་ལ་རྐུན་ཁག་ཕོག་པའི་དབང་གིས་ལས་བྱེད་ནས་གནས་དབྱུང་ཙམ་བཏང་བ་ཡིན་ན་རྐུན་ཁག་ཕོག་པའི་ཉེས་པ་བཀོད་ནས་ལས་བྱེད་ནས་གནས་དབྱུང་བཏང་བ་མ་གཏོགས། རྐུ་མ་བརྐུས་པའི་ཉེས་པ་ར་འཕྲོད་ནས་གནས་དབྱུང་བཏང་བ་མིན་པས་ནག་ཉེས་ཕོག་པར་མི་བརྩི་ཡང༌། རྐུན་ཁག་ཕོག་པའི་ནག་ཉེས་ཐོག་ལས་བྱེད་ནས་གནས་དབྱུང་བཏང་བ་དང་ཆབས་ཅིག་རྐུན་མ་བརྐུས་པའི་ནག་ཉེས་བཙུགས་ཏེ་སྐོར་རྒྱག་པའི་བརྒྱུད་ཁྲིམས་ཁང་དུ་བསྐྱལ་ནས་རྐུ་མ་རྐུ་བ་ར་འཕྲོད་བྱུང་སྟེ། ཉེས་ཆད་ཕོག་པ་ཡིན་ན་ནག་ཉེས་ཕོག་པའི་གྲངས་སུ་བརྩི་བ་རེད། དེ་འདྲའི་ནག་ཉེས་ཀྱི་ཐོག་ཉེས་པ་ཆེ་ཆུང་ག་འདྲ་ཞིག་ཕོག་པ་ཡིན་རུང་ཐ་ན་ཆུ་ཚོད་ཕྱེད་ཀ་ཙམ་བཙོན་ཁང་དུ་བཅུག་པ་ཡིན་ནའང་ནག་ཉེས་ཕོག་པར་བརྩི་བ་རེད། ཡང་ཁྲིམས་ཁང་འོག་མ་ནས་ནག་ཉེས་ཕོག་པ་ཞིག་ཁྲིམས་ཁང་གོང་མ་ལ་གོང་ཞུས་བྱས་ཏེ། ནག་ཉེས་མེད་པ་ཐག་གཅོད་བྱས་པ་ཞིག་ཡིན་ན་ནག་ཉེས་ཕོག་པར་མི་བརྩི་ཞིང༌། ཁྲིམས་ཁང་འོག་མ་ནས་ནག་ཉེས་ཕོག་པ་ཞིག་ཁྲིམས་ཁང་གོང་མར་གོང་ཞུས་བྱས་ཏེ། གོང་ཞུས་ཀྱི་ཁ་མཆུ་ཚུད་ཡོད་ནའང་ནག་ཉེས་མེད་པའི་ཁྲིམས་ཐག་མ་ཆོད་པའི་བར་དེར་ནག་ཉེས་ཕོག་པ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་རེད། ང་ཚོའི་སྤྱི་ཚོགས་ནང་དེ་འདྲའི་གནས་ཚུལ་མང་པོ་ཡོང་གི་མེད་ཀྱང་རྒྱ་གར་ནང་ཁྲིམས་ཁང་འོག་མ་ནས་ནག་ཉེས་ཕོག་ཟིན་པ་ཁྲིམས་ཁང་གོང་མར་གོང་ཞུས་བྱས་ཏེ་ལོ་མང་པོའི་བར་ཁ་མཆུ་ཐག་མ་ཆོད་པར་བསྡད་མཁན་དེ་འདྲ་ཡོད་རེད། དེ་ཚོ་ནི་ཁྲིམས་ཁང་གོང་མར་གོང་ཞུས་བྱས་པའི་ཁ་མཆུ་ཚུད་པ་ཙམ་རྒྱུ་མཚན་དུ་བྱས་ནས་ནག་ཉེས་མ་ཕོག་པར་ཆ་འཇོག་བྱེད་ཆོག་གི་མ་རེད།

ཡང་འོས་ཆོས་ནང་གཞུང་གི་ཁེ་ཡོད་ལས་འཛིན་མ་ཡིན་པ་ཟེར་བ་ཞིག་ཡོད་རེད། དེའི་སྐོར་དྭོགས་འདྲི་བྱེད་མཁན་འདུག དེ་ནི་སྒྲིག་གཞི་ཁོ་རང་གི་ནང་ལ་མཆན་ཞིག་བརྒྱབས་ཡོད་རེད། མཆན་དེ་འགྱུར་བ་མ་ཕྱིན་གྱི་བར་དེ་རང་ངོས་འཛིན་བྱེད་རྒྱུ་རེད། མཆན་དེ་སྒྲིག་གཞི་རྙིང་པའི་ནང་ཡོད་པ་མུ་མཐུད་གནས་པ་ཞིག་རེད། དེ་འགྲིགས་ཀྱི་མི་འདུག་གསུང་མཁན་མང་པོ་བྱུང་བ་རེད་དེ། སྤྱི་འཐུས་ལྷན་ཚོགས་ནང་མང་མོས་མ་ཐོབ་པ་ཡིན་ཙང༌། རང་འཇགས་གནས་པ་རེད། མཆན་དེའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐད་བསྐོ་མཛད་པའམ། གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་བསྐོ་བཞག་བྱས་པའི་གཞུང་གི་སྲི་ཞུ་བ་ངོ་མ་མ་ཡིན་པ་ཞེས་འཁོད་ཡོད་རེད། བརྗོད་ཚིག་འདི་ལ་བརྟེན་ནས་ྋགོང་ས་ཆེན་པོས་ཐད་བསྐོ་གནང་ཚད་ཁེ་ཡོད་ལས་འཛིན་དུ་ཚུད་པ་དང༌། ཡང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་བསྐོ་བཞག་མ་བྱས་པའི་ལས་ཁུངས་སོ་སོའི་ནང་ཡོད་པའི་འཕྲལ་སེལ་དང་ཉིན་གླའི་ལས་བྱེད་ལྟ་བུ་གཞུང་གི་ཁེ་ཡོད་ལས་འཛིན་མིན་པར་ངོས་འཛིན་གནང་ཆོག་པ་དང༌། དེ་བཞིན་མི་མང་གིས་འོས་བསྡུ་བྱས་པའི་ས་གནས་འགོ་འཛིན་ལྟ་བུ་གཞུང་གི་ཁེ་ཡོད་ལས་འཛིན་མ་ཡིན་པར་འོས་བསྡུ་ལས་ཁང་གིས་ངོས་འཛིན་གནང་བ་ཡིན་ནའང་གནང་ས་ཡོད་པ་ཞིག་རེད། དེ་ནི་གཞུང་གི་ཁེ་ཡོད་ལས་འཛིན་སྤྱི་འཐུས་འོས་གཞི་མི་འོས་པར་བཞག་དགོས་པའི་ཁྲིམས་གཞིའི་དགོས་དམིགས་དང་མི་མཐུན་པ་མ་ཟད། རྒྱལ་སྤྱིའི་ལམ་སྲོལ་དང་ཡང་མི་མཐུན་སྟབས། སྒྲིག་གཞི་ལ་བསྐྱར་བཅོས་ཤིག་དགོས་གལ་ཆེ་བར་མཐོང་ཡང༌། བསྐྱར་བཅོས་མ་སོང་བར་ད་ལྟའི་གནས་བབས་འདི་རང་ལ་ངོས་འཛིན་མ་བྱེད་ཐབས་མེད་རེད། འདིའི་སྐོར་དྲི་བ་གཞན་དག་ཅིག་ཡོང་གི་ཡོད་པ་ནི་སྐབས་བཅུ་གཉིས་པའི་སྤྱི་འཐུས་ནང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐད་བསྐོ་གནང་བ་མ་ཡིན་ཞིང༌། གཞུང་ཞབས་འདེམས་ལྷན་ནས་བསྐོ་བཞག་བྱས་པ་ཡང་མ་ཡིན་པའི་ལས་བྱེད་སྤྱི་འཐུས་གཅིག་ལྕོགས་བྱེད་མཁན་རེ་ཟུང་སྤྱི་འཐུས་ནས་དགོངས་པ་ཞུས་དགོས་པ་དང༌། ཡང་ན་ལས་བྱེད་ནས་དགོངས་པ་ཞུ་དགོས་པའི་གནས་ཚུལ་བྱུང་བ་རེད། གནས་ཚུལ་དེ་གཞུང་གི་ཁེ་ཡོད་ལས་འཛིན་མ་ཡིན་པ་ཞེས་པའི་འོས་ཆོས་དེ་མ་ཚང་བའི་དབང་གིས་བྱུང་བ་མིན་ནམ་བསམ་མཁན་མང་པོ་ཡོད་རེད། དེ་ནི་དབུ་མ་ཚོས་པ་རེད། སྤྱི་འཐུས་འོས་གཞི་ལ་འོས་ཆོས་ཚང་དང་མ་ཚང་གི་ཞིབ་འཇུག་བཏང་འཛིན་གནང་བའི་དབང་ཚད་དེ་འོས་བསྡུ་ལས་ཁང་ལ་ཡོད་པ་དང༌། འོས་བསྡུ་ལས་ཁང་ནས་འོས་ཆོས་ཚང་བར་ངོས་འཛིན་བྱས་པ་ཞིག་འོས་ཆོས་མ་ཚང་བའི་དོྭགས་གནས་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་ཐག་གཅོད་བྱེད་དགོས་པ་མ་གཏོགས་སྤྱི་འཐུས་ལྷན་ཁང་དང༌། ཚོགས་གཙོས་དེ་ལ་བཏང་འཛིན་བྱེད་ས་ཡོད་མ་རེད། འོས་བསྡུ་ལས་ཁང་གིས་འོས་ཆོས་ཚང་བར་ངོས་འཛིན་གྱིས་འོས་གཞིར་བཏོན་ཏེ་འོས་ཐོན་བྱུང་བར་གསལ་བསྒྲགས་ཟིན་པ་དེ་དག་ཁྲིམས་མཐུན་ཡིན་ཤག་གིས་འོས་ཐོན་སྤྱི་འཐུས་ཡིན་པར་ངོས་ལེན་གྱིས་དམ་འབུལ་བྱེད་བཅུག་རྐྱང་མ་གཏོགས། ཚོགས་གཙོས་དེ་ལ་དོྭགས་སློང་བྱ་རྒྱུའི་ལས་འགན་དང་དབང་ཚད་གཉིས་ཀ་ཡོད་མ་རེད། གལ་སྲིད་འོས་ཆོས་ཚང་དང་མི་ཚང་གི་གླེང་སློང་བྱ་དབང་ཡོད་པའི་དབང་དུ་བཏང་ནའང་སྤྱི་འཐུས་དམ་འབུལ་མ་བྱས་གོང་གླེང་སློང་བྱེད་དགོས་པ་ཞིག་ལས་དམ་འབུལ་ཟིན་ནས་འོས་ཆོས་ཚང་མིན་བལྟ་རྒྱུ་དེ་རྒྱུ་མཚན་ལྡན་པ་ཞིག་ཡོང་ཐབས་ཡོད་མ་རེད། སྐབས་བཅུ་གཉིས་པའི་སྤྱི་འཐུས་རེ་ཟུང་ལ་བྱུང་བའི་གནས་ཚུལ་དེ་ནི་གྲོས་ཚོགས་ནང་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཞིག་བཏོན་པའི་ནང་གཞུང་ལ་འགན་འཁྱེར་དགོས་པའི་ལས་བྱེད་ཀྱི་རིགས་ལས་བྱེད་དམ་སྤྱི་འཐུས་གང་རུང་ནས་དགོངས་པ་ཞུ་ན་མ་གཏོགས་གཉིས་ཀ་བྱེད་ན་མི་འགྲིགས་པའི་བརྗོད་ཚིག་ཅིག་འཁོད་ཡོད་རེད། གྲོས་འཆར་དེ་སྤྱི་མོས་ཀྱི་ཐོག་ནས་གྲོས་ཆོད་འཇོག་པ་ཡིན་ཙང༌། གྲོས་ཆོད་དེའི་འབྲུ་དོན་ལག་བསྟར་དགོས་པའི་སྙན་ཞུ་ཚོགས་གཙོ་སྦྲེལ་པོའི་སར་འབྱོར་བ་རེད། གྲོས་ཚོགས་སུ་སྤྱི་མོས་ཀྱིས་བཞག་པའི་གྲོས་ཆོད་ཅིག་ལག་བསྟར་དགོས་པའི་སྙན་ཞུ་བྱུང་སྐབས་གྲོས་ཚོགས་ནང་བྱུང་བའི་ལས་རིམ་ཞིག་ཡིན་སྟབས། དེའི་ཐོག་ཐག་གཅོད་བྱེད་རྒྱུ་ཚོགས་གཙོའི་ལས་འགན་རེད། ཚོགས་གཙོས་ཞིབ་འཇུག་བྱས་པའི་མཐའ་དོན་དུ་རང་སྐྱོང་སྡེ་ཚན་ཁག་གི་ལས་བྱེད་རྣམས་གཞུང་ལ་འགན་འཁྱེར་དགོས་པའི་ལས་བྱེད་མིན་པར་ཐག་གཅོད་བྱས་པ་རེད། རང་སྐྱོང་སྡེ་ཚན་ཟེར་བ་དབྱིན་སྐད་ཀྱི་ Autonomous Body ཟེར་བ་རྒྱ་གར་གྱི་ཁྲིམས་གཞིའི་འོག་དེབ་སྐྱེལ་བྱེད་པའམ། ཡང་ན་བཙན་བྱོལ་གཞུང་གི་བཅའ་སྒྲིག་གང་རུང་གི་ནང་རང་སྐྱོང་སྡེ་ཚན་དུ་ངོས་འཛིན་བྱས་པའི་རིགས་ལ་ཟེར་གྱི་རེད། དེ་འདྲའི་སྡེ་ཚན་ཁག་གི་ལས་བྱེད་དེ་ཚོ་སྡེ་ཚན་སོ་སོའི་འཛིན་སྐྱོང་ངམ་འགན་འཛིན་ལྷན་ཚོགས་ལ་འགན་འཁྱེར་བ་མ་གཏོགས། བཙན་བྱོལ་གཞུང་ལ་ཐད་ཀར་འགན་འཁྱེར་གྱི་ཡོད་མ་རེད། མི་མང་གིས་འོས་བསྡུ་བྱས་པའི་ས་གནས་འགོ་འཛིན་དང༌། རང་གཞུང་ལས་ཁུངས་ཁག་གིས་ཐད་ཀར་གླ་ཉར་བྱས་པའི་ལས་བྱེད་རྣམས་བཀའ་ཤག་གི་འཛིན་སྐྱོང་བཏང་འཛིན་འོག་བསྡད་དགོས་པ་དང༌། བཀའ་འཁུར་དགོས་པ་དེ་རིགས་གཞུང་ལ་འགན་འཁྱེར་དགོས་པའི་ལས་བྱེད་དུ་ངོས་འཛིན་གྱིས་གཅིག་ནས་དགོངས་པ་ཞུ་དགོས་པའི་ཐག་གཅོད་བྱས་པ་རེད། དེ་འདྲའི་ཐག་གཅོད་དེ་སྤྱི་འཐུས་ཀྱི་འོས་ཆོས་ཚང་དང་མི་ཚང་གི་དྲི་བ་དང་འབྲེལ་བ་གཏན་ནས་ཡོད་མ་རེད། གལ་སྲིད་འདི་སྤྱི་འཐུས་ཀྱི་འོས་ཆོས་མ་ཚང་བར་ངོས་འཛིན་བྱས་པ་ཡིན་ན་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་པའམ་ཡང་ན་སྤྱི་འཐུས་ནས་ཕུད་པ་ཡིན་ཟེར་ཐག་གཅོད་བྱས་པ་མ་གཏོགས། གང་རུང་གཅིག་ནས་དགོངས་པ་ཞུས་ཟེར་ཐག་གཅོད་བྱེད་ཤེས་ཀྱི་མ་རེད། ལས་བྱེད་ནས་དགོངས་པ་ཞུས་ན་སྤྱི་འཐུས་རང་འཇགས་བྱེད་ཆོག་པའི་ཐག་གཅོད་དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། དེ་འདྲའི་སྤྱི་འཐུས་བྱེ་བྲག་པ་དེ་སྤྱི་འཐུས་ཀྱི་འོས་ཆོས་ཚང་དང་མི་ཚང་ལ་དོྭགས་པ་མེད་པ་མཚོན་གྱི་ཡོད་རེད། ཡིན་ནའང་གང་རུང་གཅིག་ནས་དགོངས་པ་ཞུ་དགོས་པའི་ཐག་གཅོད་དེ་ནི་སྤྱི་འཐུས་ནང་སྤྱི་མོས་ཀྱིས་བཞག་པའི་གྲོས་ཆོད་དེ་འགྱུར་བ་མ་ཕྱིན་པར་གནས་ཡོད་པ་ཡིན་ཙང༌། གྲོས་ཆོད་ཀྱི་འབྲུ་དོན་དང་མི་འགལ་བ་ཡོང་ཆེད་སྤྱི་འཐུས་དང་གཞུང་ལ་འགན་འཁྱེར་དགོས་པའི་ལས་བྱེད་གང་རུང་གཅིག་ནས་དགོངས་པ་ཞུ་དགོས་པའི་བཀོད་ཁྱབ་བྱས་པ་རེད། བཀོད་ཁྱབ་གཞིར་བཟུང་གཅིག་གིས་སྤྱི་འཐུས་ནས་དགོངས་པ་ཞུས།

གཅིག་གིས་འཕྲལ་སེལ་ལས་བྱེད་ནས་དགོངས་པ་ཞུས་པ་རེད། དངོས་བྱུང་གི་གནས་ཚུལ་འདིའི་ཐོག་མི་མང་པོ་ཞིག་གིས་འགྲེལ་བཤད་ལོག་པ་བརྒྱབས་ནས་ཁོང་ཚོ་གཞུང་གི་ཁེ་ཡོད་ལས་འཛིན་ཡིན་པར་ངོས་ལེན་བྱས་ཏེ་དགོངས་པ་ཞུ་རུ་བཅུག་པ་རེད་ཟེར་བ་དེ་བདེན་པ་མ་རེད།

ཡང་གནས་ཚུལ་གཞན་པ་ཞིག་ལ་སྒྲིག་གཞིའི་ནང་གསལ་མིན་ལ་མ་ལྟོས་པར་གང་ཟག་སུ་འདྲ་ཞིག་ཡིན་ཡང་རང་ཉིད་འོས་གཞིའི་ནང་ཚུད་ཡོད་པ་ཡིན་ན་ས་གནས་འོས་བསྡུ་ཚོགས་ཆུང་དང་དབུས་འོས་བསྡུ་ལྷན་ཚོགས་སོགས་འོས་བསྡུ་ལས་ཁང་གི་ལས་དོན་མུ་མཐུད་དེ་བྱེད་ན་མི་འགྲིགས་པ་རེད། སྒྲིག་གཞིའི་ནང་ཁ་མ་གསལ་བ་ཡིན་ནའང་སྤྱིར་བཏང་ཡོངས་ཁྱབ་ཀྱི་འགྲོ་སྟངས་རེད། རང་ཉིད་གདམ་བྱའི་ནང་ཚུད་པའི་མི་ཞིག་གིས་འོས་འདེམས་ལས་རིམ་གྱི་བཏང་འཛིན་བྱེད་པ་ཡིན་ན་མཐོང་ཚུལ་དང་དངོས་ཡོད་གནས་ཚུལ་གཉིས་ཀའི་ཐོག་ནས་འདྲ་ཆགས་པོ་ཡོང་གི་མ་རེད། ང་ཚོའི་ཉམས་མྱོང་དངོས་བྱུང་ཞིག་ལ་སྐུ་གཤེགས་འོས་བསྡུ་འགན་འཛིན་དམ་པ་དེ་བཞུགས་པའི་སྐབས་ཁ་སྐོང་བཀའ་བློན་འོས་བསྡུ་ཞིག་བྱས་པ་རེད། དེ་སྐབས་འོས་བསྡུའི་འགན་འཛིན་ཁོ་རང་བཀའ་བློན་འོས་གཞིའི་ནང་ཚུད་ཡོད་ཙང༌། ཁོང་གིས་འོས་བསྡུ་ལས་རིམ་གྱི་དབུ་བཞུགས་གནང་བ་ཡིན་ན་སྒྲིག་གཞིའི་ནང་གསལ་མིན་ལ་མ་ལྟོས་པར་སྤྱིར་བཏང་ལྟ་གྲུབ་ཀྱི་ཆ་ནས་མི་འགྲིགས་པ་ཡིན་པ་སྤྱི་འཐུས་ཚང་མས་དགོངས་ཀྱི་ཡོད་རེད། ཡིན་ནའང་ཁོང་དངོས་སུ་འོས་ཤོག་བསྡུ་ཁར་ཕེབས་ཏེ་ངའི་ལས་འགན་འོས་བསྡུ་བྱེད་རྒྱུ་དེ་ཡིན། ང་འོས་གཞིའི་ནང་བཅུག་རོགས་ཞུ་རྒྱུའང་མ་བྱུང་ལ། འོས་གཞིའི་ནང་ཡོད་པའང་ད་ལྟའི་བར་ཧ་གོ་མ་སོང༌། ངས་ལས་འགན་འོས་བསྡུ་བྱེད་རྒྱུ་ཡིན་པས་ད་ལྟ་འོས་བསྡུའི་ལས་རིམ་འགོ་འཛུགས་བྱེད་ཀྱི་ཡིན་ཞེས་ཨུ་ཚུགས་བསྐྱོན་གནང་སོང༌། དེ་འདྲ་བཀའ་གནང་ན་འགྲིགས་ཀྱི་མི་འདུག་ཟེར་བགྲོ་གླེང་ཕྲན་བུ་ཞུས་རྗེས་གང་མཚམས་ནས་སྤྱི་འཐུས་ཁ་ཤས་གནས་ཚུལ་དེ་འདྲའི་འོག་འོས་བསྡུའི་ལས་དོན་ཐོག་ཆ་ཤས་བླང་གི་མིན་ཟེར་ནས་ཕྱི་ལ་ཐོན་ཕྱིན་པ་རེད། དེ་འོས་བསྡུ་འགན་འཛིན་ལ་རྩིས་མེད་བྱས་ནས་ཐོན་ཕྱིན་པ་མ་རེད་དེ། རང་བཞིན་ཁྲིམས་ལུགས་ཀྱི་ཆ་ནས་མི་འོས་པ་ཞིག་ཡིན་ཙང༌། དེ་ལ་དགག་བྱ་ཞུས་པ་རེད། སྒྲིག་གཞིའི་ནང་ལ་མ་གསལ་བ་ཙམ་གྱིས་སྒྲིག་གཞི་དང་མི་འགལ་བ་ཆ་འཇོག་བྱེད་ན་འགྲིགས་ཀྱི་མ་རེད། མ་འོངས་པར་ང་ཚོས་ངེས་པར་ཐུགས་ལ་འཇགས་དགོས་པ་ཞིག་ལ་རང་ཉིད་འོས་གཞིའི་ནང་ལ་ཚུད་པ་ཡིན་ན་ཁོ་རང་གི་ངོས་ནས་འོས་བསྡུའི་ལས་དོན་དང་འབྲེལ་ཡོད་ཀྱི་ལས་ཁུར་ག་འདྲ་ཞིག་ཡིན་ནའང་དེ་ནས་དགོངས་པ་ཞུ་དགོས་ཀྱི་རེད། གལ་སྲིད་རང་ངོས་ནས་དགོངས་པ་མ་ཞུས་པ་ཡིན་ན་སྤྱི་ཁྱབ་འོས་བསྡུ་འགན་འཛིན་གྱི་ཐོག་ནས་དགོངས་ཞུ་དགོས་པའི་ལམ་སྟོན་གནང་དགོས་པ་ཞིག་རེད། གལ་སྲིད་དེ་འདྲ་མ་གནང་བ་ཡིན་ན། ཁྲིམས་མཐུན་ཆགས་ཀྱི་མ་རེད།

ཡང་ཚང་མས་ངེས་པར་དུ་མཁྱེན་དགོས་པའི་དོན་གནད་གཞན་ཞིག་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཅའ་ཁྲིམས་དེའི་འོག་ལ་བཟོས་པའི་ཁྲིམས་དང་སྒྲིག་གཞི་ཚང་མ་བཙན་བྱོལ་བོད་མིའི་དམིགས་བསལ་གྱི་གནས་སྟངས་དང༌། ང་ཚོའི་སྐབས་བབས་ཀྱི་དགོས་མཁོ་ལ་བསྟུན་ནས་བཟོས་པ་ཤ་སྟག་རེད། དེ་འདྲ་ཡིན་ཙང་རྒྱལ་ཁབ་གཞན་པའི་ཁྲིམས་དང་སྒྲིག་གཞི་དཔེ་ལ་བཞག ཡང་ན་ལུང་དྲངས་ནས་ང་ཚོའི་སྒྲིག་གཞི་རྣམས་དེ་དང་མཐུན་པ་བྱེད་དགོས་ཀྱི་ཞྭ་དཔེ་ལྷམ་བཀབ་བྱེད་རྒྱུ་ཡོད་མ་རེད། ང་ཚོའི་གནས་སྟངས་ཁྱད་པར་བ་ཞིག་གི་ཐོག་ནས་ཁྲིམས་སྒྲིག་དེ་ཚོ་བཟོས་ཡོད་རེད། དེ་ཚོ་བསྐྱར་བཅོས་བྱེད་པའི་སྐབས་སུའང་དོན་གནད་དེ་བློ་ལ་བཞག་ནས་བྱེད་དགོས་པ་ཞིག་རེད། རྒྱལ་ཁབ་གཞན་གྱི་འགྲོ་སྟངས་དང་མཐུན་དང་མི་མཐུན་པའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོའི་ཁྲིམས་སྒྲིག་འདི་འགྲིགས་དང་མི་འགྲིགས་ཐག་གཅོད་གནང་ཐུབ་ཐབས་ཡོད་མ་རེད། ངས་ཉེ་ཆར་བོད་སྐད་རླུང་འཕྲིན་ཞིག་ནས་གོ་ཐོས་བྱུང་བར་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་སྒྲིག་གཞི་མང་ཆེ་བ་རྒྱ་གར་གྱི་ཁྲིམས་དང་སྒྲིག་གཞི་ནས་དཔེ་བླངས་པ་རེད་འདུག་ཅེས་བཤད་སོང༌། དེ་བདེན་པ་མ་རེད། རྒྱ་གར་ནས་དཔེ་བླངས་ཡོད་མ་རེད། དཔེ་བླངས་ཡོད་ན་རྒྱ་གར་གྱི་ཁྲིམས་སྒྲིག་དང་འདྲ་པོ་ཡོད་དགོས་པ་ཞིག་རེད་དེ། ང་ཚོའི་སྒྲིག་གཞི་རྣམས་རྒྱ་གར་གྱི་སྒྲིག་གཞི་དང་འདྲ་པོ་རྩ་བ་ནས་ཡོད་མ་རེད། སྤྱིར་བཏང་ཁྲིམས་ཀྱི་གཞི་རིམ་གྱི་ལྟ་གྲུབ་ཀྱི་རྣམ་བཞག་སྤྱི་དང༌། ལྷག་པར་མང་གཙོའི་རིང་ལུགས་འཛིན་མཁན་ཚོའི་ཁྲིམས་ལུགས་ཀྱི་གཞི་རིམ་གྱི་ལྟ་གྲུབ་གཅིག་གྱུར་ཡིན་སྟབས་གནས་ཚུལ་མང་པོ་ཞིག་འདྲ་པོ་ཡོང་སྲིད་པ་དང༌། ཡོང་དགོས་པ་ཞིག་ཀྱང་རེད། དེ་ནི་དགེ་མཚན་མ་གཏོགས་སྐྱོན་མ་རེད། གཞི་རིམ་གྱི་ལྟ་གྲུབ་དེ་ཚོ་དང་མ་འགལ་བའི་ཐོག་ནས་ང་རང་ཚོའི་སྐབས་བབས་ཀྱི་དགོས་མཁོ་དང་ཡུལ་དུས་ཀྱི་དབང་གིས་ལག་ལེན་འཁེལ་ཐུབ་པ་ཞིག་ཡོང་བའི་ཆེད་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་བཏོན་ཡོད་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལྟ་བུར་མཚོན་ན་མང་གཙོའི་རྒྱལ་ཁབ་གཞན་སུ་དང་ཡང་མི་འདྲ་བའི་སྒྲོམ་གཞི་ལོགས་ཁ་ཞིག་བཟོས་ཡོད་རེད། དེང་དུས་མང་གཙོའི་རྒྱལ་ཁབ་ཕལ་ཆེ་བས་སྲིད་འཛིན་གྱི་ལམ་ལུགས་སམ་གྲོས་ཚོགས་ཀྱི་ལམ་ལུགས་གང་ཡང་རུང་བ་ཞིག་གཞི་ལ་བཞག་ནས་འགྲོ་དགོས་ཀྱི་ཡོད་པའི་བསམ་བློ་ཤུགས་ཆེ་ཡོད་པ་ལྟར། དེ་གཉིས་གང་རུང་ཞིག་གི་འོག་འགྲོ་ཤག་ཤག་བྱེད་ཀྱི་ཡོད་རེད། ང་ཚོའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ནི་སྲིད་འཛིན་དང་གྲོས་ཚོགས་ཀྱི་ལམ་ལུགས་གཉིས་ཀ་མ་ཡིན་པའི་ལམ་ལུགས་གསུམ་པ་སྲིད་དོན་གྱི་ཚོགས་པ་མང་པོ་མེད་ནའང་བསྐྱང་ཐུབ་པའི་མང་གཙོའི་འགྲོ་སྟངས་གསར་པ་ཞིག་རེད། ཡིན་ནའང་གཞི་རིམ་གྱི་དགོས་མཁོ་འཛིན་སྐྱོང་དང༌། ཁྲིམས་བཟོ། ཁྲིམས་ལུགས་དབང་འཛིན་གསུམ་པོ་དེ་སྡེ་ཚན་མ་འདྲེས་པ་དང༌། གཅིག་འོག་གཅིག་ཏུ་མ་འདུས་པ། ལྗིད་མཉམ་བཏང་འཛིན་གྱི་ཡན་ལག་ཡོངས་སུ་ཚང་བ་ཞིག་བཟོས་ཡོད་པ་འདི་ང་ཚོས་གསར་དུ་གཏོད་པའི་ལམ་སྲོལ་ཞིག་རེད། འདིའི་སྐོར་སྐབས་བཅུ་གཅིག་པའི་གྲོས་ཚོགས་སུ་ཐོག་མར་ཕུལ་བའི་བཅའ་ཁྲིམས་ཟིན་བྲིས་ཀྱི་སྔོན་གླེང་ངོ་སྤྲོད་ནང་ཟིན་བྲིས་ཚོགས་ཆུང་གིས་འགྲེལ་བཤད་གསལ་པོ་བརྒྱབས་ཡོད། དེ་འདྲ་ཡིན་ཙང་ང་ཚོའི་བཅའ་ཁྲིམས་འདི་རྒྱལ་ཁབ་སུའི་རྩ་ཁྲིམས་སམ་གཞི་རིམ་གྱི་ཁྲིམས་ཡིག་ནས་དཔེ་བླངས་ཡོད་མ་རེད་ལ། ལྷག་པར་དུ་འོས་བསྡུའི་སྒྲིག་གཞི་འདི་ང་རང་ཚོ་བཙན་བྱོལ་དུ་འབྱོར་ནས་སྤྱི་འཐུས་སྐབས་དང་པོ་ནས་སྐབས་བཅུ་གཉིས་བར་འོས་བསྡུ་བྱས་ཏེ་བོད་མིའི་སྤྱི་ཚོགས་ཀྱི་ནང་ཉམས་མྱོང་ཇི་བྱུང་གཞི་ལ་བཞག་ནས་བཟོས་པ་ཞིག་རེད་མ་གཏོགས་སྒྲིག་གཞི་གཞན་དག་ནས་དཔེ་བཤུས་བྱས་པ་ཞིག་མ་རེད། དེ་ང་ཚོས་ངེས་པར་དུ་མཁྱེན་དགོས།

ཡང་དོན་གནད་གཞན་ཞིག་ལ། སྒྲིག་གཞི་དང༌། ཁྲིམས་ཡིག བཅའ་ཁྲིམས་ག་རེ་ཡིན་ནའང༌། དེའི་ནང་མ་འགྲིགས་པ་དང་མ་འཚམས་པ་ཞིག་ཡོད་ན་འགྲིགས་ཀྱི་མི་འདུག་ཅེས་མཛུབ་སྟོན་གནང་རྒྱུའི་ཐོབ་ཐང་བོད་ཀྱི་ཡུལ་མི་ཡོངས་རྫོགས་ལ་ཡོད་རེད། ཡིན་ནའང་མ་འགྲིགས་པ་དེ་མ་འགྲིགས་པའི་རྒྱུ་མཚན་དངོས་ཡོད་ཀྱི་གནས་ཚུལ་དང་མི་འཚམས་པའམ། རང་བཞིན་གྱི་ཁྲིམས་དང་མི་མཐུན་པ་སོགས་གང་ཡིན་གསལ་བཤད་གནང་བ་དང་ཆབས་ཅིག་འགྲིགས་པའི་ཚིག་བརྗོད་བསྐྱར་བཅོས་བྱེད་འཆར་འདི་འདྲ་ཡིན་ཞེས་གསུངས་པ་ཡིན་ན་ཚང་མར་དགོངས་བཞེས་གནང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད། འགྲིགས་པ་ག་འདྲ་ཞིག་དགོས་པའི་བསྐྱར་བཅོས་ཀྱི་འཆར་གཞི་གང་ཡང་མེད་པར་འགྲིགས་ཀྱི་མི་འདུག་ཙམ་གསུངས་པ་ཡིན་ན་གསུངས་པ་ཙམ་རེད་མ་གཏོགས། ཕན་ཐོགས་གང་ཡང་ཡོད་མ་རེད། གང་ལྟར་ད་ལྟའི་གནས་སྐབས་འདིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་བོད་རྒྱལ་ཁབ་ཀྱི་གཞི་རིམ་གྱི་ཁྲིམས་ཡིག་རེད། བྱས་ཙང་བོད་ཀྱི་ཡུལ་མི་ཡིན་ཕྱིན་ཆད་བཅའ་ཁྲིམས་ལ་ཡིད་ཆེས་བློས་འགེལ་བྱེད་དགོས་པ་དང༌། བཅའ་ཁྲིམས་ཀྱི་དགོངས་དོན་དང་མ་འགལ་བ་བྱེད་དགོས་པ་དེ་བོད་མིའི་གཞི་རིམ་གྱི་དགོས་མཁོ་དེ་རེད། བཅའ་ཁྲིམས་ལ་ཡིད་ཆེས་བློས་འགེལ་མེད་པར་བཅའ་ཁྲིམས་ལ་བརྩི་རྒྱུ་མིན་ཞེས་ལབ་པ་ཡིན་ན་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་མེད་པ་དང༌། རྒྱབ་གཏོད་བྱས་པ་རེད། བཅའ་ཁྲིམས་ཀྱི་ནང་དོན་ཚན་འགའ་ཤས་མི་འགྲིགས་པ་ཡོད་ན་དེ་བསྐྱར་བཅོས་བྱེད་རྒྱུའི་ཁྲིམས་སྲོལ་གྱི་ཐོག་ནས་བསྐྱར་བཅོས་བྱེད་ཆོག་པ་དང༌། བྱེད་དགོས་པ་ཞིག་རེད། དེ་བཞིན་བཅའ་ཁྲིམས་ཆ་ཚང་འགྱུར་བ་གཏོང་དགོས་བྱུང་ནའང་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་བཙུགས་ཏེ་ཁྲིམས་མཐུན་གྱི་ཐོག་ནས་བཅའ་ཁྲིམས་གསར་པ་བཟོ་ཆོག་གི་རེད། དེ་འདྲ་མ་བྱུང་གི་བར་ལ་ང་ཚོའི་ཆ་གཞག་ས་བཅའ་ཁྲིམས་འདི་རེད། སྤྱི་འཐུས་དམ་བཅའ་འབུལ་བའི་སྐབས་དང༌། ཚོགས་གཙོ་ཚོགས་གཞོན། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། བཀའ་བློན་སོགས་ཚང་མས་དམ་བཅའ་འབུལ་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་ལས་ཀ་བྱེད་ཀྱི་ཡིན་ཞེས་དམ་བཅའ་ཕུལ་གྱི་ཡོད་རེད། དབྱིན་ཡུལ་ལྟ་བུའི་རྒྱལ་ཁབ་འགའ་ཤས་སུ་དམ་བཅའ་འབུལ་སྐབས་རྒྱལ་པོའམ་རྒྱལ་མོ་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་ཟེར་སྲོལ་ཡོད་རེད། ཡིན་ནའང་དེ་ལ་དཔེ་བླངས་ནས་ང་ཚོའི་དམ་བཅའ་འབུལ་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་ཟེར་བ་ལྟ་བུའི་བརྗོད་ཚིག་མ་བཀོད་པར། བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་ཞེས་བརྗོད་ཚིག་བཀོད་པ་དེ་གཟི་བརྗིད་ལྡན་པའི་མང་གཙོའི་འཕེལ་རིམ་རླབས་ཆེན་ཞིག་ཡིན་བསམ་གྱི་ཡོད། དེ་འདྲ་ཡིན་ཙང་བཅའ་ཁྲིམས་དེ་སོ་སོའི་བློ་དང་མཐུན་རུང་མ་མཐུན་རུང༌། རང་རེའི་དགོས་མཁོ་དང་འཚམས་པ་ཞིག་ཡོད་རུང་མེད་རུང༌། ཇི་སྲིད་འདི་ལ་འགྱུར་བ་ཞིག་མ་ཕྱིན་པ་དེ་སྲིད་ཀྱི་བར་དུ་དེའི་འབྲུ་དོན་བཞིན་སྒྲུབ་དགོས་པ་དང༌། དེ་ལ་ཡིད་ཆེས་བློས་འགེལ་བྱེད་དགོས་པ། དེ་དང་འགལ་ན་གཞི་རིམ་གྱི་ཁྲིམས་དང་བོད་ཀྱི་ཆབ་སྲིད་ཀྱི་ལྟ་གྲུབ་དང་འགལ་བ་ཡིན་པ་དེ་མང་ཚོགས་ལ་ར་སྤྲོད་ཡག་པོ་ཞིག་གནང་དགོས་ཀྱི་འདུག་བསམ་གྱི་ཡོད། ཡུལ་དུས་ལམ་སྲོལ་དང་འབྲེལ་བའི་སྤྱིར་བཏང་མཁྱེན་དགོས་པའི་དོན་གནད་རགས་རིམ་ཙམ་ད་ལྟ་ངས་གང་དྲན་པ་རྣམས་ཞུས་ཟིན་པ་ཡིན། ཐུགས་རྗེ་ཆེ།།

༡༩༩༨ ཕྱི་ཟླ་ ༡༡ ཚེས་ ༣ ཉིན་བོད་མི་འདུས་སྡོད་ས་གནས་ཁག་ལ་སློབ་སྟོན་གསལ་བཤད་དུ་བསྐྱོད་འཆར་མི་འགྲོའི་གཞུང་ཞབས་ཁག་ལ་སྤྱི་འཐུས་འོས་བསྡུའི་སྒྲིག་དོན་ལ་གསལ་བཤད་བཀའ་སློབ་གནང་བ་ཞིག་ཡིན་འདུག