༈ མོན་གོར་འདོད་རྒུ་གླིང་གཞིས་ཆགས་སུ་བོད་མི་མང་ཚོགས་ལ་གནང་བའི་གསུང་བཤད།
༄༅།། འདིར་ཕེབས་པའི་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་ཚོ་དང་བླ་སྤྲུལ་རྣམ་པ་ཚོས་གཙོས་པའི་སྐྱབས་ཡུལ་དགེ་འདུན་གྱི་སྡེ། ས་གནས་སུ་བཞུགས་པའི་སྤྱི་འཐུས། ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ། ས་གནས་འགོ་འཛིན། བོད་གཞུང་ནང་སྲིད་ལྷན་ཁང་གི་སྐུ་ཚབ། ལས་བྱེད་རྣམ་པ། གཞན་ཡང་མི་མང་ཕོ་མོ་ཡོངས་རྫོགས་ལ། ད་རིང་འདིར་མོན་གོར་འདོད་རྒུ་གླིང་གཞིས་ཆགས་སུ་སྤྱི་འཐུས་ཚོགས་གཙོ་དངོས་སུ་སྐུ་བཅར་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་། འདིའི་ཐོག་ཁྱེད་ཚོ་ཚང་མ་མཇལ་ནས་བོད་མིའི་ཆབ་སྲིད་ཀྱི་སྐོར་གྱི་བཀའ་མོལ་མདོར་བསྡུས་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་སྐལ་བ་བཟང་པོ་བྱུང་། དེར་བརྟེན་ཐོག་མར་འདིར་བཞུགས་སེར་སྐྱ་མང་ཚོགས་ཡོངས་ལ་ངས་སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་རྒྱུན་ལས། བཙན་བྱོལ་གཞུང་གི་སྒྲིག་འཛུགས་སྤྱི་ཡོངས། དེ་བཞིན་ང་རང་སྒེར་བཅས་ཀྱི་ངོས་ནས་སྙིང་ཐག་པ་ནས་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྤྱི་འཐུས་ལྷན་ཚོགས་ཀྱིས་ལོ་ཤས་སྔོན་ནས་བོད་མི་ཕོན་ཆེ་བཞུགས་སའི་གཞིས་ཆགས་ཁག་ལ་སྤྱི་འཐུས་རྣམ་པ་ཚོ་དང་། ལྷག་པར་དུ་ཚོགས་གཙོ་འཚམས་འདྲིར་བཅར་ཏེ་མང་ཚོགས་ཀྱི་གནས་ཚུལ་ཉན་པ་སོགས་འབྲེལ་བ་ཞུ་དགོས་པ་དེ་གལ་ཆེན་པོར་མཐོང་ནས་ང་ཚོས་གང་ཐུབ་ཀྱིས་མང་ཚོགས་དང་འབྲེལ་བ་ཞུ་རྒྱུའི་འབད་རྩོལ་ཞུས་རུང་། ལས་དོན་གཅིག་མཇུག་གཉིས་མཐུད་བར་མ་ཆད་ལ་བརྟེན་ནས་ད་བར་ཚོགས་གཙོ་བཅར་མ་ཐུབ་པ་རེད། སྐབས་བཅུ་གཅིག་པའི་སྤྱི་འཐུས་ལོ་དང་པོའི་སྐབས་སུ་ས་གནས་སོ་སོའི་ཕྱོགས་བཞུགས་ཀྱི་སྤྱི་འཐུས་རྣམ་པ་ཚོ་བགོ་བཤའ་བརྒྱབས་ཏེ་འཚམས་འདྲི་ཞུ་རྒྱུ་དང་། ན་ནིང་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ལྔ་ལ་བཅའ་ཁྲིམས་དང་དེ་དང་འབྲེལ་བའི་ཆབ་སྲིད་སྦྱོར་བརྡར་ཆེད་སྤྱི་འཐུས་རྣམ་པ་གསུམ་ཕེབས་པ་བཅས་མ་གཏོགས། མུ་མཐུད་འབྲེལ་བ་ཞུ་རྒྱུའི་གོ་སྐབས་མང་པོ་བྱུང་མེད། ད་རེས་ང་འདིར་བཅར་རྒྱུ་ཕྲན་བུ་འགྱངས་ཀྱང་། ལས་དོན་མང་པོའི་གསེང་ནས་དངོས་སུ་བཅར་ཐུབ་པ་དང་ཁྱེད་ཚོ་མཇལ་བ་ནི་ང་ཚོའི་མང་ཚོགས་ཀྱི་ཆབ་སྲིད་ཀྱི་མི་ཚེའི་ནང་ལས་དོན་གལ་ཆེ་བ་དང་གནད་འགག་ཆེན་པོར་ངོས་འཛིན་ཞུས་པ་ཡིན།
ཚང་མས་མཁྱེན་གསལ་བཞིན་བོད་ཀྱི་རྒྱལ་ཁབ་དང་མི་རིགས་ཡོངས་སུ་རྫོགས་པ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་དཀའ་ངལ་ཆེན་པོ་ཞིག་གི་འོག་ནས་འགྲོ་བཞིན་པ་རེད། ཆབ་སྲིད་ཀྱི་ཆ་ནས་རྒྱལ་ཁབ་གཅིག་གིས་གཅིག་ལ་དབང་བསྒྱུར་བྱས་པ་དང་། རྒྱལ་ཁབ་རྣམས་ཁ་ཐོར་ནས་རྒྱལ་ཁབ་མང་པོར་རང་བཙན་བྱུང་བ། རྒྱལ་ཁབ་མང་པོ་རུག་རུག་གིས་རྒྱལ་ཁབ་གཅིག་ཏུ་གྱུར་པ་སོགས་འཛམ་གླིང་གི་ལོ་རྒྱུས་ནང་བྱུང་མ་མྱོང་བ་མིན་ལ། དེང་སང་ཡང་ཡོང་མུས་རེད། བོད་ལ་རྐྱེན་ངན་བྱུང་བ་འདི་བཞིན་འཛམ་གླིང་གཞན་གྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ཧ་ལམ་བྱུང་མྱོང་མེད། དེ་ནི་ང་ཚོ་མི་རིགས་དང་། ཡུལ་གྱི་གོམས་པའི་གཤིས་ལུགས། ཆོས་དང་ལེགས་བྱང་གི་ལམ་སྲོལ་དང་བཅས་པ་ཐམས་ཅད་ཆགས་འཇིག་གཉིས་ཀྱི་སོ་མཚམས་སུ་གནས་ཤིང་། ཧ་ལམ་སའི་གོང་བུ་འདིའི་ཐོག་ནས་རྩ་མེད་དུ་འགྲོ་བའི་གནས་སྐབས་སུ་སླེབས་པ་ལྟ་བུ་ཆགས་ཡོད།
ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་བལྟས་ན། ང་ཚོའི་གནས་ཚང་རྒྱ་གར་ལྟ་བུ་ཁ་ཆེའི་འོག་ཏུ་ལོ་བརྒྱ་ལྷག་ཙམ་དང་། ཨིན་ཇིའི་འོག་ཏུ་ལོ་བརྒྱ་ལྷག་ཙམ་བཅས་གང་ལྟར་ལོ་ཉིས་བརྒྱ་ལྷག་ཙམ་རང་གི་རང་དབང་ཤོར་ཏེ་ཕྱིའི་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་བསྡད་པ་རེད། ང་ཚོའི་འདས་པའི་ལོ་ཉི་ཤུ་རྩ་གྲངས་ཀྱི་ཉམས་མྱོང་ལ་གཟིགས་ནའང་ང་ཚོས་མཐོང་བཞིན་པ་ནི་པ་ཀི་སི་ཏཱན་ (Pakistan) གྱི་ཆ་ཤས་སུ་གྱུར་པའི་བངྒལཱ་དེཤ་ (Bangladesh) ལ་རང་བཙན་ཐོབ་པ་དང་། དེ་བཞིན་ཨི་རཀ་ (Iraq) འོག་ནས་ཀུ་ཝེཏ་ (Kuwait) རང་བཙན་བྱུང་རུང་། བངྒལཱ་དེཤ་ནི་པ་ཀི་སི་ཏཱན་གྱི་འོག་ཏུ་ཡོད་པ་དང་། རང་བཙན་བྱུང་བའི་གནས་སྟངས་གཉིས་ལ་ཆབ་སྲིད་ཀྱི་ཆ་ནས་རང་བཙན་ཡོད་དང་མེད་ཀྱི་ཁྱད་པར་ལས། དེ་ལས་གཞན་པའི་ཆོས་དང་། རིག་གཞུང་། མིའི་སྤྱི་ཚོགས་ཀྱི་གནས་སྟངས། སློབ་སྦྱོང་གི་གནས་སྟངས། འཕྲོད་བསྟེན་གྱི་གནས་སྟངས་སོགས་གང་ནས་བལྟས་ཀྱང་ཁྱད་པར་གང་ཡང་མེད། དེ་དག་གི་རང་བཙན་ཐོབ་ཤོར་ནི་ཆབ་སྲིད་ཀྱི་རང་བཙན་ཙམ་དང་། འཛམ་གླིང་ནང་རྒྱལ་ཁབ་ཀྱི་གྲངས་སྣོན་འཕྲི་ལས་སྤྲོས་པའི་གནད་འགག་གང་ཡང་མེད།
འོན་ཀྱང་བོད་རྒྱ་མིས་བཙན་བཟུང་བྱས་པ་ནི་དེ་དང་རྣམ་པ་ཀུན་ཏུ་མི་མཐུན་པ་རེད། དེ་ཡང་བོད་རིགས་ཉུང་ངུ་དེ་གནས་ཚུལ་མང་པོའི་འོག་ནས་རྩ་མེད་དུ་འགྲོ་བའི་འཆར་གཞི་ལྡན་པའི་རྒྱ་མིའི་སྲིད་བྱུས་ཤིག་ལ་བརྟེན། མི་རིགས་རྫོགས་རྒྱུའི་ཉེན་ཁའི་ནང་ལྷུང་ཡོད། གལ་ཏེ་མི་རིགས་མ་རྫོགས་ནའང་། དེ་ལྟ་བུའི་མི་རིགས་དེ་སྐད་དང་། ཆས་གོས། བཟའ་བཏུང་གཤིས་གོམས། བསམ་བློ་གཏོང་སྟངས། བཟང་སྤྱོད་སོགས་ཚང་མའི་ཐོག་ནས་རྒྱ་མི་རང་གི་ངོ་བོར་སྒྱུར་ཐབས་ཀྱིས་ད་ལྟ་མི་འབོར་གྱི་ཆ་ནས་བོད་པ་དེ་བོད་ཀྱི་ལུང་པའི་ནང་ཧ་ཅང་གྲངས་ཉུང་མི་རིགས་ཀྱི་གནས་སུ་གྱར་ཡོད། དེ་ལྟ་བུའི་བཅུད་ཀྱི་སེམས་ཅན་ལ་ཡོད་པའི་གནས་ཚུལ་ཛ་དྲག་དེ་ཚོ་ཙམ་དུ་མ་ཟད། སྣོད་ཀྱི་འཇིག་རྟེན་ཡང་འགྱུར་བ་གཏོང་རྒྱུ་ཙམ་མ་ཟད། དེའི་བཅུད་ཆ་ཚང་མེད་པ་བཟོས་ཏེ་ཁོར་ཡུག་གི་གནས་སྟངས་ལ་ཧ་ཅང་ཉམས་ཆག་གཏོང་བཞིན་ཡོད། དེ་ཡང་བོད་རྒྱ་མིའི་འོག་ཏུ་མ་སོང་བའི་སྐབས་ཀྱི་ཁོར་ཡུག་གི་གནས་སྟངས་དང་། ད་ལྟའི་ཁོར་ཡུག་གི་གནས་སྟངས་གཉིས་ཧ་ལམ་ངོ་མ་ཤེས་པ་ལྟ་བུར་གྱུར། ང་ཚོའི་མི་རབས་ནས་མི་རབས་བརྒྱུད་དེ་ཡོད་པའི་གདོད་མའི་ཤིང་ནགས་རྣམས་རྩ་མེད་དུ་བཏང་སྟེ་དངུལ་བསྒྱུར་གྱིས་རྒྱལ་ཁབ་ཀྱི་ཡོང་འབབ་བཟོ་བཞིན་པ་དང། གཏེར་ཁ་རྣམས་སྔོག་འདོན་བྱེད་བཞིན་པ། འཛུགས་སྐྲུན་གྱི་ལས་དོན་རྣམས་བོད་ཀྱི་ཁོར་ཡུག་ལ་ཤ་ཚ་དང་བསམ་ཚུལ་མེད་པའི་ཐོག་ནས་གང་བྱུང་བྱེད་པ། ལྷག་པར་དུ་ཉེ་ཆར་བོད་ཀྱི་ནང་ནས་ཡུ་རེ་ནི་ཡམ་ (Uranium) སོགས་རྫས་སྦྱོར་གོང་ཆེན་གྱི་རིགས་ཕོན་ཆེ་སྔོག་འདོན་བྱེད་བཞིན་པ། རྡུལ་ཕྲན་མཚོན་ཆའི་ལྟེ་གནས་མང་པོ་བཙུགས་པ་མ་ཟད། རྒྱལ་ཁབ་གཞན་གྱི་རྡུལ་མཚོན་སྙིགས་རོ་སྦ་སར་བཙོངས་པ་སོགས་བྱེད་མུས་རེད། གང་ལྟར་བཅུད་ཀྱི་སེམས་ཅན་གྱི་གནས་སྟངས་ཡོངས་སུ་རྫོགས་པ་རྩ་མེད་དུ་འགྲོ་བ་ཙམ་མ་ཟད། སྣོད་ཀྱི་འཇིག་རྟེན་ཡང་མ་འོངས་པར་བོད་ལ་རང་དབང་བྱུང་ན་བེད་སྤྱོད་གཏོང་མ་ལོ་བ་དང་བཅུད་དང་བྲལ་བའི་གནས་སྟངས་ཤིག་ཏུ་བཟོ་མུས་རེད། དེས་ན་ང་ཚོའི་རང་དབང་ཤོར་སྟངས་ནི་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ཀྱི་རང་དབང་ཤོར་སྟངས་དང་རྩ་བ་ནས་མི་འདྲ་བའི་གནས་ཚུལ་ཛ་དྲག་ཅིག་གི་འོག་ནས་འགྲོ་དགོས་པའི་གནས་སྟངས་ཡོད་དུས་བོད་ནང་གི་གཞིས་བཞུགས་བོད་མི་ཚོ་དང་། རང་དབང་གི་རྒྱལ་ཁབ་ཁག་ཏུ་འབྱོར་བའི་བོད་མི་ཚོ་ལ་ལོ་རྒྱུས་ཀྱི་ནང་དམིགས་བསལ་གྱི་ལས་འགན་ཆེན་པོ་ཞིག་འཁྲི་བ་དེ་ཇི་ལྟར་སྒྲུབ་ཐུབ་པ་དང་། ཇི་ལྟར་སྒྲུབ་དགོས་པ། གལ་ཏེ་ལས་འགན་དེ་ང་ཚོས་མ་སྒྲུབ་ན་མི་རབས་འདི་མ་རབས་དང་ཐ་ཤལ་ཅན་དུ་ལོ་རྒྱུས་ནང་ཇི་ལྟར་བགྲང་རྒྱུ་ཞིག་ཏུ་ཆགས་རྒྱུ་ཡིན་པ། དེས་ཡོང་རྒྱུ་བསྡད་པའི་མི་རབས་ཚོ་ལ་ང་ཚོས་གདོང་བསྟན་མ་ཤེས་པའི་གནས་སྟངས་ཛ་དྲག་ཅིག་ཏུ་ཡོད་པ་དེ་ཚང་མས་མཁྱེན་གྱི་ཡོད་ལ། དེ་ནི་ཡང་ཡང་དྲན་གསོ་གནང་དགོས་པ་དང་བསྐྱར་དུ་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་དབང་གིས་བོད་མི་སྐྱབས་བཅོལ་བ་རྣམས་འཛམ་བུ་གླིང་གི་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་གྲྭ་འགྲིག་པོ་དང་ཚགས་ཚུད་པོ་ཡོད། དེར་བརྟེན་ཕྱི་རྒྱལ་བ་ཚོས་ཁྱེད་རང་ཚོའི་དམིགས་ཡུལ་འཛམ་གླིང་གི་སྐྱབས་བཅོལ་བ་ནས་སྐྱབས་བཅོལ་བ་ཡག་ཤོས་བྱས་ཏེ་བསྡད་རྒྱུ་དེ་རེད་དམ་ཞེས་རྩེད་མོ་དང་སྦྲགས་ཏེ་གསུང་གི་ཡོད། ལྷག་པར་དུ་འདས་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་བཙན་བྱོལ་དུ་ཡོད་པའི་བོད་མི་མང་ཆེ་བའི་དཔལ་འབྱོར་གྱི་གནས་སྟངས་ཇི་ཙམ་བཟང་དུ་སོང་བ་དེའི་ཚོད་ཀྱིས་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་འཁྲི་བའི་ལས་འགན་བརྗེད་པ་དང་། དེའི་ཐོག་ལ་བསམ་བློའི་ནུས་ཤུགས་ཆུང་དུ་འགྲོ་བའི་གནས་སྟངས་ཤུགས་མ་ཐུབ་ཀྱིས་ཡོང་ཞིང་། ལྷག་པར་དུ་བོད་མཐོང་མ་མྱོང་བར་སྐྱབས་བཅོལ་དུ་སྐྱེས་ནས་འཚར་ལོངས་བྱུང་བ་དང་། སྒྲིག་འཛུགས་ཡོད་པའི་སློབ་གྲྭ་ཁག་ནས་སློབ་སྦྱོང་ཐོན་པའི་ན་གཞོན་མང་པོས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འཁྲི་བའི་ལས་འགན་དང་། འཇིག་རྟེན་སྤྱི་ཡོངས་ཀྱི་ཆེད་དུ་འཁྲི་བའི་ལས་འགན་ལ་བསམ་བློ་མ་བཏང་བར། ང་ཚོ་ལ་ཐོབ་ཐང་གང་དགོས་པ་དང་། དེ་ཇི་ལྟར་རྩོད་དགོས་པ་སོགས་ཀྱི་ཐོག་བསམ་བློ་མང་བ་བཏང་བ་སོགས་ལས་འགན་བརྗེད་པའི་ཉེན་ཁ་དེ་ཡང་ཡང་མཐོང་གི་འདུག ལར་ནས་ཐོབ་ཐང་རྩོད་ཆོག་ཀྱང་། ཐོབ་ཐང་དེ་ཡོང་བའི་གཞི་རྩའམ་རྒྱུ་ཆ་ནི་ལས་འགན་དང་འབྲེལ་བ་དེ་ཤེས་དགོས། སོ་སོའི་ལས་འགན་མ་ཤེས་པ་དང་། ལས་འགན་དེ་སྒྲུབ་པའི་འབད་བརྩོན་མ་བྱས་ན་ཐོབ་ཐང་རྩོད་རྒྱུ་དེ་འོས་འཚམས་མིན། དེས་ན་ང་ཚོས་མང་ཚོགས་ལ་འཁྲི་བའི་ལས་འགན་དང་། བོད་མི་སྒེར་ལ་འཁྲི་བའི་ལས་འགན་རྣམས་མང་ཚོགས་ཀྱིས་གསལ་པོ་མཁྱེན་དགོས། བོད་པའི་སྤྱི་ཚོགས་ནང་བོད་མི་སུར་བལྟས་ཀྱང་ལས་འགན་སྒྲུབ་འདོད་མེད་པ་དང་། ལྷག་བསམ་མེད་པ་ཉུང་ངུ་ཡིན། ཚང་མར་སྤྱི་ཚོགས་ཀྱི་དོན་དུ་ལས་དོན་བྱེད་དགོས་པའི་ལས་འགན་གྱི་ཚོར་སྣང་ཡོད་རུང་། ལས་འགན་དེ་ཉིན་རེ་ནས་ཉིན་རེར་ཇི་ལྟར་སྒྲུབ་དགོས་པ་དང་། དེ་སྒྲུབ་པའི་ཐབས་ལམ་ཇི་ལྟར་བཙལ་དགོས་པ། ཇི་ལྟར་རང་གིས་ལས་འགན་སྒྲུབ་པ་ལ་རྗེས་ལུས་མི་ཐེབས་པ་དགོས་པ་དེའི་གནད་འགག་མང་ཚོགས་ནང་སློབ་སྦྱོང་ཡོད་མིན་ལ་མ་ལྟོས་པར་མང་ཆེ་བར་གསལ་པོ་མེད། དེས་ན་ཐོག་མར་ང་ཚོའི་མདུན་དུ་ཡོད་པའི་ཛ་དྲག་ཆེ་ཤོས་ཀྱི་ལས་འགན་གྱི་རིམ་པ་རྣམས་དགོངས་པ་བཞེས་དགོས་པ་དང་། སློབ་སྦྱོང་གནང་དགོས་པ་གལ་ཆེ། མདོར་ན། ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་གལ་ཆེ་ཤོས་ནི་བོད་མི་རེ་རེས་འདོར་དུ་མི་རུང་བའི་ཁུར་འཁྲིའི་ལས་འགན་དང་། དེ་ཇི་ལྟར་སྒྲུབ་དགོས་པ་དེའི་ཐོག་དགོངས་པ་བཞེས་དགོས་ཞུ་རྒྱུ་ཡིན།
དེ་ཇི་ལྟར་ཡོད་དམ་ཞེ་ན། རྒྱལ་ཁབ་ཀྱི་འཛིན་སྐྱོང་གི་ལས་དོན་ཆ་ཚང་འཆར་གཞི་བསྒྲིག་རྒྱུ་དང་། སྲིད་བྱུས་ཐག་གཅོད་བྱེད་རྒྱུ། ཐག་གཅོད་བྱས་པའི་སྲིད་བྱུས་རྣམས་ལག་བསྟར་བྱེད་རྒྱུའི་མངའ་དབང་ཡོངས་སུ་རྫོགས་པ་མང་ཚོགས་སྤྱི་ཡོངས་དང་། གང་ཟག་བྱེ་བྲག་པ་རེ་རེའི་ཕྱག་ཏུ་ཡོད། དེ་ལྟ་བུའི་ཆ་སྙོམས་ཀྱི་ལས་འགན་མང་ཚོགས་ལ་འཁྲི་བ་ཡིན། དེ་ཅིའི་ཕྱིར་འཁྲི་བ་ཡིན་ཞེ་ན། ང་ཚོའི་ཆབ་སྲིད་ཀྱི་ངོ་བོ་མང་གཙོའི་རིང་ལུགས་སུ་ཕེབས་པར་བརྟེན། མང་ཚོགས་གཙོ་བ་དེ་གང་གི་ཐོག་ཏུ་གཙོ་བ་ཡིན་ཞེ་ན། དེ་ནི་རྒྱལ་ཁབ་ཀྱི་འཛིན་སྐྱོང་དང་ཆབ་སྲིད་གཏན་འབེབས་ཐོག་ཡིན། ང་ཚོས་མང་གཙོའི་རིང་ལུགས་ཅིའི་ཕྱིར་བདམས་པ་ཡིན་ཞེ་ན། རྒྱ་མིས་ང་ཚོར་བཙན་དབང་གིས་ང་ཚོ་སྐྱབས་བཅོལ་དུ་ཡོང་དགོས་པའི་གནས་སྟངས་སུ་གྱུར་པར་བརྟེན་ནས་ཡིན་ནམ། གལ་ཏེ་རྒྱ་མིས་བོད་དུ་བཙན་འཛུལ་བྱས་མེད་ན་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་འགྱུར་བ་མེད་པར་དེ་སྔ་བཞིན་བསྡད་ཡོད་དམ། མང་པོ་ཞིག་གི་དགོངས་ཚུལ་ལ། ང་ཚོས་མང་གཙོའི་རིང་ལུགས་བདམ་རྒྱུ་ནི་བོད་རང་དབང་བསྐྱར་གསོའི་ལས་དོན་བྱེད་དགོས་པར་བརྟེན། དེའི་མེད་དུ་མི་རུང་བའི་ཡན་ལག་ཏུ་བདམས་པ་ལྟ་བུ་ཡོད། དེ་ནི་རྩ་བ་ནས་མིན།
སྤྱིར་རྒྱལ་ཁབ་དང་མི་རིགས་གང་གི་ནང་དུའང་རྒྱལ་པོའི་རིང་ལུགས་ནས་མང་གཙོའི་རིང་ལུགས་སུ་བསྒྱུར་བའི་བྱུང་རིམ་དང་འཕེལ་རིམ་ལ་བལྟས་ན། རྒྱལ་པོའི་དབང་སྒྱུར་གྱི་རིང་ལུགས་ལ་མང་ཚོགས་བློ་ཁ་མ་ཁེངས་ནས་མང་ཚོགས་ངོས་ནས་མང་གཙོའི་རིང་ལུགས་སུ་འགྲོ་དགོས་པའི་འབོད་སྐུལ་དང་ལས་འགུལ་བྱས་ཏེ་བྱུང་བ་ཡིན། ཁ་ཤས་ལ་ལས་འགུལ་སྟབས་བདེ་པོས་ལམ་ལྷོང་བྱུང་བ་དང་། ཁ་ཤས་ལ་མི་བསད་ཁྲག་སྦྱོར་མང་པོའི་ཐོག་ནས་སྤྱི་ཚོགས་ཀྱི་དམག་ལ་སོགས་པས་འཐབ་འཛིངས་བྱས་ཏེ་བྱུང་། འོན་ཀྱང་ང་ཚོའི་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལམ་སྲོལ་རྙིང་པ་ནས་མང་གཙོའི་ལམ་སྲོལ་དུ་སོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནི་གོ་ལྡོག་པ་ཡིན། མང་ཚོགས་ཀྱིས་མང་གཙོའི་ལམ་སྲོལ་གལ་ཆེ་བ་དང་། ལམ་སྲོལ་དེའི་ཐོག་ནས་ཆབ་སྲིད་ཀྱི་འཛིན་སྐྱོང་བྱེད་དགོས་པའི་རྭ་འཕྲོད་གསལ་པོ་ད་དུང་ཡང་བྱུང་མེད། ད་ལྟའང་སོ་སོའི་ཆབ་སྲིད་དང་རྒྱལ་ཁབ་ཀྱི་འགན་འཁྱེར་མ་དགོས་པ་གཙོ་འདོན་བྱས་ཏེ། ལས་ཀྱི་སྣེ་ལ་ཡོད་པ་ཁ་ཤས་དང་། མང་ཆེ་བས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་སྔར་བཞིན་འགྲོ་རྒྱུ་མ་གཏོགས། རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་འགན་དབང་དེ་རྒྱལ་ཁབ་ཀྱི་མང་ཚོགས་ཀྱིས་འཁྱེར་ན་ལེགས་པ་དང་། ངེས་པར་དུ་འཁྱེར་དགོས་པའི་བསམ་བློའི་འཕེལ་རྒྱས་ད་ལྟའང་མང་ཚོགས་ནང་ཚད་ལོངས་པ་མེད།
ང་ཚོ་མང་གཙོའི་རིང་ལུགས་སུ་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་ཇི་ལྟར་བྱུང་བ་རེད་ཅེ་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟག་ཏུ་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོའི་རིང་ལུགས་སུ་མ་ཕྱིན་ན་རྩ་བ་ནས་མི་འགྲིགས་ཞེས་སློབ་སྟོན་གནང་ནས་བྱུང་། གང་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་རིང་ལུགས་ཀྱི་ཆེད་དུ་མཐའ་གཅིག་ཏུ་ཨུ་ཚུགས་ཀྱིས་གོམ་པ་སྤོར་འཇུག་མཁན་ནི་༧གོང་ས་མཆོག་ཁོ་ན་ཡིན། ༧གོང་ས་མཆོག་གིས་དེ་ལྟར་གནང་དགོས་པ་ནི་གང་གི་དབང་གིས་བྱུང་ཞེ་ན། སྤྱིར་སྤྱི་ཚོགས་ཀྱི་གནས་སྟངས་ཀྱི་ཆ་ནས་ལམ་སྲོལ་དེ་ལྟ་བུ་ནང་མ་ཕྱིན་ཐབས་མེད་ཀྱི་གནས་ཚུལ་གཟིགས་ནས་བཀའ་གནང་བ་ཞིག་ཡིན། རྒྱ་མིས་བོད་ལ་དབང་སྒྱུར་བྱས་པ་དེ་ལ་བརྟེན་ནས་བོད་མང་གཙོའི་རིང་ལུགས་ནང་འགྲོ་བའི་དགོངས་པ་འཁོར་མེད། དེ་ནི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལ་རོབ་ཙམ་གཟིགས་ན་མཁྱེན་ཐུབ།
སྤྱིར་མང་གཙོའི་རིང་ལུགས་ཀྱི་ངོ་བོ་ནི་ནུབ་ཕྱོགས་པས་སྲོད་གཏོད་པ་མ་གཏོགས། ཤར་ཕྱོགས་པའི་ནང་མང་གཙོའི་ལམ་སྲོལ་མེད་པར་དགོངས་མཁན་ཧ་ཅང་མང་པོ་རེད། ཕྱི་ལོ་སྔོན་གྱི་བརྒྱ་ཕྲག་ལྔ་པ་དང་དྲུག་པའི་ནང་དབུས་ཤར་གླིང་དང་ནུབ་གླིང་ནང་བྱུང་བའི་མཁས་པ་པེ་ལེ་ཊོ་ (Plato) དང་ཨ་རིས་ཊོ་ཊལ་ (Aristotle) སོགས་ཀྱིས་མང་གཙོའི་རིང་ལུགས་ཀྱི་འགྲོ་སྟངས་ཤིག་དགོངས་པ་འཁོར་བ་དེ་ནས་རིམ་བཞིན་ནུབ་ཕྱོགས་སུ་བརྒྱ་ཕྲག་བཅུ་གཅིག་ཙམ་ནས་མགོ་བཙུགས་ཏེ་ཕེ་རེན་ཅ་གསར་བརྗེ་ (French Revolution) སོགས་ནས་བྱུང་བའི་མང་གཙོའི་འཕེལ་རིམ་གཅིག་རེད། དེ་བཞིན་ཤར་ཕྱོགས་སུ་མང་གཙོའི་ལམ་སྲོལ་ནི་ཕྱི་ལོ་སྔོན་གྱི་བརྒྱ་ཕྲག་དྲུག་པ་དང་བདུན་པར་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་ན། ཡངས་པ་ཅན་པ་ཚོགས་ཀྱིས་གཙོ།། ཞེས་སོགས་ཡངས་པ་ཅན་དང་། ཤཱཀྱ་ལི་ཙ་བི་སོགས་རྒྱལ་ཕྲན་མང་པོར་མང་གཙོའི་རིང་ལུགས་སམ་ཚོགས་ཀྱི་རིང་ལུགས་ཡོད་མུས་ལས། ནུབ་ཕྱོགས་ཀྱི་ལམ་སྲོལ་ནས་དཔེ་བལྟས་པ་མིན། མང་གཙོའི་ལམ་སྲོལ་གཙོ་བོ་དར་ཚུལ་ནི་ཤར་ནུབ་གཉིས་ལས་ཤར་ཕྱོགས་ལ་དར་སྔ་བ་ཡིན། ཡིན་ནའང་ད་ལྟ་སྲིད་དོན་གྱི་སློབ་ཚན་ཞིག་གི་ངོ་བོར་ངོས་འཛིན་གྱིས་སློབ་སྦྱོང་བྱེད་རྒྱུ་ནི་ནུབ་ཕྱོགས་པའི་བསམ་ཚུལ་ནས་བྱུང་བ་ཡིན་རུང་། ལྟ་བའི་རྣམ་གཞག་ནི་ང་ཚོ་ལ་མེད་པ་མིན། བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་བྱུང་བའི་སྐབས་མང་པོའི་ནང་དུའང་འདི་དག་ང་ཚོའི་ཆབ་སྲིད་ཀྱི་ལམ་སྲོལ་ནང་མ་ཚུད་པ་མེད། བརྒྱ་ཕྲག་བཅུ་གསུམ་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་ཆབ་སྲིད་བཙུགས་པ་ནས་བཟུང་སྟེ་བོད་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་ལ་བལྟས་ན། དུས་རབས་དེ་དང་དེའི་ཆབ་སྲིད་ཀྱི་གནས་སྟངས་གཞན་པ་ཚོ་ལས་ལེགས་པ་དང་། མང་གཙོའི་གནད་དོན་ཚང་ཆེ་བ་བྱུང་ཡོད། ལྷག་པར་དུ་རྒྱལ་བ་ལྔ་པས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་བཙུགས་པ་དང་། དེའི་རྗེས་སུ་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་ལམ་སྲོལ་ལ་༧རྒྱལ་མཆོག་བདུན་པས་ལེགས་བཅོས་གནང་བ་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཀྱང་མང་གཙོའི་བསམ་ཚུལ་ཕྲན་བུ་ཡོད་པའི་གནས་སྟངས་རེད། འདིར་རྒྱས་བཤད་ཞུ་རྒྱུའི་གོ་སྐབས་མེད་ཀྱང་། སྐབས་དེ་དུས་ཀྱི་རྒྱལ་པོའི་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་གྱི་རིང་ལུགས་གང་དུའང་མེད་པའི་གནས་ཚུལ་མང་པོ་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་ནང་ཡོད། དེ་ཡང་མདོ་ཙམ་ངོ་སྤྲོད་ཞུ་ན།
དང་པོ་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཞེས་པའི་བསམ་ཚུལ་དེ་རེད། དེ་ནི་བཀས་བཀོད་རྒྱུད་འཛིན་གྱི་རིང་ལུགས་ནང་ནམ་ཡང་ཡོང་མི་སྲིད་པའི་ཚོགས་འདུ་ཞིག་རེད། གདན་ས་གསུམ་གྱི་མཁན་པོ་དང་། གཞུང་ཞབས་སེར་སྐྱའི་འཐུས་མི། ལྷ་སའི་གྲོང་སྡེ་ཁག་དང་དགོན་སྡེ་ཁག་གཡས་གཡོན་གྱི་མི་འཐུས་སོགས་ལས་གྲུབ་པར་བརྟེན། ཚོགས་འདུའི་གྲུབ་ཆ་ཕུན་སུམ་ཚོགས་པ་མེད་རུང་། ཚོགས་འདུའི་རིང་ལུགས་ཤིག་ཏན་ཏན་དེ་དུས་ནས་ཡོད། དེ་ནི་ཆབ་སྲིད་ཀྱི་ལས་དོན་ཐག་གཅོད་བྱེད་མཁན་གྱི་དབང་ཚད་ཆེ་ཤོས་ཡོད་པ་དང་། ༧གོང་ས་མཆོག་ཀྱང་བོད་ལྗོངས་ཚོགས་འདུའི་འཆར་གཞི་ལ་བྲིས་བསུབ་སོགས་མི་གནང་བར་ཤོག་འཛར་སྦྱར་བའི་ལམ་སྲོལ་ཡོད་པ། ༧གོང་ས་མཆོག་གིས་ཀྱང་ཚོགས་འདུ་ལ་ཞུ་ཚིག་ཕུལ་བ་སོགས་ཀྱི་རིམ་པ་རྣམས་ལ་བལྟས་ན། གྲོས་ཚོགས་ཀྱི་བསམ་ཚུལ་གཏིང་ཟབ་ཡོད་པའི་རྟགས་མཚན་སྐབས་དེ་དུས་ནས་ཡོད།
གཉིས་པ་ནི་ཁྲིམས་ཀྱི་ལམ་སྲོལ་དེ་རེད། རང་དབང་ལྡན་པའི་ཁྲིམས་ཁང་ཟུར་དུ་མེད་ནའང་། འཛིན་སྐྱོང་དང་ཁྲིམས་ཁང་མཉམ་དུ་བྱས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྲིམས་ཀྱི་ལམ་སྲོལ་ཞིག་དང་། དེའི་ཐོག་ཏུ་ཁྲིམས་ཁང་འོག་མའི་ཐག་གཅོད་ཉན་འདོད་མ་བྱུང་ན་ཁྲིམས་ཁང་གོང་མ་རིམ་བརྒྱུད་ཀྱིས་གོང་ཞུས་བྱེད་པའི་ལྟ་གྲུབ་ཡོད་པ་ནི་མང་གཙོའི་བསམ་ཚུལ་གྱི་གཞི་རྩ་བརྟན་པོ་ཡོད་པའི་རྟགས་མཚན་རེད། གལ་ཏེ་མང་གཙོའི་བསམ་ཚུལ་གྱི་གཞི་རྩ་བརྟན་པོ་མེད་ན་དེ་ལྟ་བུའི་ལམ་སྲོལ་ཡོང་ཁག་པོ་རེད། དེས་ན་སྐབས་དེར་གཡས་གཡོན་གྱི་རྒྱལ་ཁབ་གཞན་གང་ལའང་མེད་པའི་ལམ་སྲོལ་བཟང་པོ་ཞིག་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་ནང་ཡོད་ཀྱང་། བར་ལམ་དེ་ལ་དུས་ཐོག་འགྱུར་བ་མ་ཕྱིན་པའི་དབང་གིས་བརྒྱུད་པ་དེད་ནས་འགྲོ་རྒྱུའི་རིང་ལུགས་རྙིང་པ་ཞིག་ཆགས་པར་བརྟེན། དེས་ང་ཚོ་ལ་མ་འདེང་བ་དང་ཕན་ཐོགས་མེད་པར་གྱུར། དེ་ལྟ་བུའི་མ་འདེང་བ་དང་ཕན་ཐོགས་མེད་པ་དེ་༧སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པའི་དགོངས་པར་འཁོར་བ་དེ་གང་ཉིད་ཀྱི་ཞལ་གདམས་དང་བཀའ་སློབ་སོགས་ལ་བལྟས་ན་ང་ཚོའི་ལམ་སྲོལ་ལ་འགྱུར་བ་ཤུགས་ཆེ་གཏོང་དགོས་པ་དང་། ལྷག་པར་དུ་ས་བདག་གྲལ་རིམ་དང་བུན་བདག་གྲལ་རིམ་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ལ་འགྱུར་བ་ཆེན་པོ་གཏོང་དགོས་པ་མཐོང་ཐུབ། འོན་ཀྱང་སྐབས་དེའི་ཆབ་སྲིད་ཀྱི་ཁོར་ཡུག་གི་གནས་སྟངས་ལ་བརྟེན་ནས་ཕྱག་ལེན་ཐེབས་པ་མ་བྱུང་།
༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པས་ཆབ་སྲིད་ཀྱི་མཛད་འགན་མ་བཞེས་གོང་དུ་དགུང་ལོ་བཅུ་གཅིག་ཙམ་ནས་སྤྱན་སྲས་གླིང་གི་ཁང་གཉེར་རྩེ་མགྲོན་སོགས་དང་བཀའ་བསྡུར་གནང་བའི་བྱུང་རིམ་ལ་བལྟས་ན་མ་འོངས་པའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཇི་ལྟར་དགོངས་པ་བཞེས་ཡོད་དམ་ཞེ་ན། རྩ་ཁྲིམས་ལྡན་པའི་མང་གཙོའི་རིང་ལུགས་ཤིག་ཏུ་འགྲོ་དགོས་པ་དེ་ཡིན། མ་འོངས་བོད་ཀྱི་རྩ་ཁྲིམས་ཇི་ལྟར་བཟོ་དགོས་མིན་ཐོག་དེ་དུས་ནས་དགོངས་པ་བཞེས་བཞིན་པ་ལས། ང་ཚོ་བོད་ཤོར་ནས་ཐབས་མེད་པའི་དབང་གིས་མང་གཙོའི་རིང་ལུགས་སུ་སོང་མེད། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ཀྱི་ཆབ་སྲིད་འགན་དབང་བཞེས་སྐབས་བོད་ཕྱེད་རྒྱ་འོག་ཏུ་ཤོར་ཟིན། འོན་ཀྱང་ཆབ་སྲིད་ཀྱི་མཛད་ཁུར་བཞེས་མ་ཐག་གྲོ་མོར་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། དེ་ནས་རྒྱ་ནག་དང་བཀའ་བསྡུར་གནང་རྒྱུ། རྒྱལ་སྤྱིའི་ནང་བོད་ཀྱི་ལས་འགུལ་སྤེལ་རྒྱུ་སོགས་ཧ་ཅང་ཛ་དྲག་ཡོད་པའི་སྐབས་སུའང་ཆབ་སྲིད་ཀྱི་ལམ་སྲོལ་འགྱུར་བ་གཏོང་ཆེད་མི་ལྔ་བཅུ་དྲུག་ཅུ་ལས་གྲུབ་པའི་ལེགས་བཅོས་ཚོགས་འདུ་དང་ལེགས་བཅོས་ལས་ཁུངས་གསར་བཙུགས་གནང་ཞིང་། སྐབས་དེར་ཆབ་སྲིད་ཀྱི་བཏང་འཛིན་ཡོངས་སུ་རྫོགས་པ་སྡེ་དཔོན་མི་དྲག་ཁག་གི་གྲུབ་ཆ་ལས་གྲུབ་པའི་མི་ཁ་ཤས་ཀྱི་ལག་པར་ཡོད་སྟབས། ཉིན་ཤས་ནང་འགྱུར་བ་གཏོང་རྒྱུ་དེ་ཧ་ཅང་ཁག་པོ་རེད། ཕྱོགས་གཞན་ནས་རྒྱ་མིའི་ཕྱོགས་ནས་གནོན་ཤུགས་ཧ་ཅང་ཆེ་བའི་སྒང་རེད། དེ་གཉིས་ཀྱི་དབང་གིས་ལམ་སེང་ཕྱག་ལེན་དུ་འཁེལ་བ་བྱུང་མེད་རུང་། ལོ་ཁ་ཤས་ཀྱི་དུས་ཚོད་ཐུང་ཐུང་ནང་དུའང་ལེགས་བཅོས་ལས་ཁུངས་ཀྱི་བརྒྱུད་ནས་འཆར་གཞི་ཕུལ་བའི་ཉེར་ལེན་ལ་བརྟེན་ནས་བུན་ཐོག་བུན་བཞག་དང་སྐྱེད་ཐོག་སྐྱེད་བཞག་གི་ལམ་སྲོལ་ངན་པ་རྣམས་མེད་པ་བཟོས་ཏེ་བུ་ལོན་ཐོག་ལེགས་བཅོས་གནང་བ་དང་། ས་བདག་དང་མི་བདག་གི་འགྲོ་སྟངས་ཐོག་ལེགས་བཅོས་གནང་བ། ཁྲལ་དང་འུ་ལག་ཐོག་ཆག་ཡང་དང་ལེགས་བཅོས་སོགས་ཀྱི་ལས་དོན་མང་པོ་ཕྱག་ལེན་དུ་བསྟར་ཐུབ་པ་བྱུང་། དེ་བཞིན་རྫོང་གཞིས་ཁག་གཞུང་འཛིན་གནང་རྒྱུ། རིམ་བཞིན་བོད་ཀྱི་གཞུང་ཞབས་རྣམས་ལ་ཕོགས་ཐོབ་གནང་རྒྱུ་དང་། ཕ་གཞིས་རྣམས་གཞུང་གིས་ཕྱིར་བསྡུ་གནང་རྒྱུའི་ལས་དོན་རྣམས་འཆར་གཞི་འགོད་མུས་ཡིན་རུང་། ལེགས་བཅོས་ལས་ཁུངས་ཀྱི་འཆར་གཞི་རྣམས་ལམ་ལྷོང་བྱུང་བའི་དབང་གིས་རྒྱ་མིའི་བཅིངས་བཀྲོལ་གྱི་འཆར་གཞི་ལམ་ལྷོང་དུ་མི་འགྲོ་བ་མཐོང་ནས། རྒྱ་མིའི་ངོས་ནས་ཐེ་བྱུས་དང་དགག་བྱ་ཤུགས་ཆེ་བྱུང་བར་བརྟེན། མང་པོ་ཕྱག་ལེན་དུ་བསྟར་ཐུབ་པ་བྱུང་མེད། མདོར་ན་ཛ་དྲག་གི་གོ་སྐབས་དེའི་ནང་དུའང་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་གཏོང་ཆེད་སྐུ་ངལ་མང་པོས་ཕྱག་ལས་གནང་སྟེ་ཕུགས་ཀྱི་དམིགས་ཡུལ་ནི་མང་གཙོའི་ལམ་སྲོལ་དུ་འགྲོ་རྒྱུ་ཉག་གཅིག་ཡིན།
དེ་ནས་ཕྱི་ལོ་ ༡༩༥༩ ནང་༧གོང་ས་མཆོག་གི་ཕེབས་རྗེས་སུ་བསྙེགས་ཏེ་བོད་མི་འབུམ་ལ་ཉེ་བ་རྒྱ་གར་དུ་འབྱོར་བ་དེ་དག་གི་འཕྲོད་བསྟེན་དང་། འཚོ་བའི་འདུན་ལམ། གཞིས་ཆགས་སུ་གཏོང་རྒྱུ། བོད་མི་ན་གཞོན་རྣམས་ལ་སློབ་སྦྱོང་གི་གོ་སྐབས་སྤྲད་རྒྱུ་སོགས་དང་། དེ་བཞིན་འཛམ་གླིང་རྒྱལ་ཚོགས་ཀྱིས་མཚོན་པའི་འཛམ་གླིང་གི་གདན་སྟེགས་ཡོད་ཚད་ལ་བོད་དོན་སྐོར་ཞུ་འབུལ་ལས་དོན་གནང་རྒྱུ་སོགས་ཧ་ཅང་ཛ་དྲག་ཆེན་པོ་ཡོད་རུང་། རྒྱ་གར་དུ་༧ཞབས་སོར་འཁོད་མ་ཐག་ནས་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོའི་ལམ་ལུགས་སུ་བསྒྱུར་རྒྱུར་འབད་བརྩོན་གནང་སྟེ། མ་སཱུ་རཱིར་ཕེབས་ཏེ་ཟླ་བ་གཉིས་མ་འཁོར་གོང་ནས་བཀའ་ཤག་དང་ཡིག་ཚང་སོགས་ལས་ཁུངས་ཀྱི་གནས་སྟངས་ཆ་ཚང་ལ་འགྱུར་བ་གནང་སྟེ། ལས་ཁུངས་ཆེ་ཁག་ལྔ་དང་ཆུང་ཁག་རྣམས་གོ་སྒྲིག་གནང་བ་སོགས་དང་། ཕྱི་ལོ་ ༡༩༦༠ ཟླ་ ༡ ནང་༧གོང་ས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་སྐབས་བོད་མི་སྐྱབས་བཅོལ་བ་མང་པོ་དེར་འཛོམས་ནས་ཡོད་པར་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་ཤིག་དྷ་སར་བཙུག་དགོས་པ་དང་། དེ་མེད་ཚེ་བོད་ཀྱི་ཆབ་སྲིད་ཀྱི་འགྱུར་བ་དེ་ཡག་པོ་གཏོང་མི་ཐུབ་ཅེས་བཀའ་ནན་ཕེབས་ཡོད། སྐབས་དེར་ང་རང་རྡོ་རྗེ་གདན་དུ་དངོས་སུ་ཡོད། མི་མང་པོས་ཉིན་མང་རིང་མུ་མཐུད་ཚོགས་འདུ་ཚུགས་ཤིང་། སྐབས་དེར་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུགས་པ་ལ་དངོས་ཤུགས་བརྒྱུད་གསུམ་ནས་དགག་བྱ་བྱེད་མཁན་མང་པོ་བྱུང་། དགག་བྱ་བྱེད་མཁན་དེ་ཚོའང་ལྷག་བསམ་མ་དག་པས་དགག་བྱ་བྱས་པ་ཕལ་ཆེར་མིན། ཆབ་སྲིད་ཀྱི་ལམ་སྲོལ་ལ་འགྱུར་བ་ཆེན་པོ་བཏང་ན་༧གོང་ས་མཆོག་གིས་དབུ་ཁྲིད་གནང་རྒྱུ་ལ་ལྷོད་ཡངས་ཡོང་རྒྱུ་དང་། ༧གོང་ས་མཆོག་གི་སྐུ་དབང་ལ་ཁྱད་པར་འགྲོ་རྒྱུ་སོགས་ཀྱི་དྭོགས་པ་དང་། ལྷག་པར་དུ་སྐབས་དེར་དཔལ་འབྱོར་གྱི་མཐུན་རྐྱེན་ཡག་པོ་མེད། སྤྱི་འཐུས་ལྷན་ཚོགས་བཙུག་ན་ཕོགས་ཇི་ལྟར་ཡོང་ཞེས་པའི་དྲི་བའང་སྐབས་དེར་བྱུང་བ་ད་ལྟའང་གསལ་པོ་དྲན་གྱི་འདུག འོན་ཀྱང་༧གོང་ས་མཆོག་གིས་མཐའ་གཅིག་ཏུ་ཨུ་ནན་གནང་བར་བརྟེན། ༡༩༦༠ ཕྱི་ཟླ་ ༩ ཚེས་ ༢ ཉིན་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དྷ་སར་ཚུགས་ཐུབ་པ་བྱུང་། ཉིན་མོ་དེ་ནས་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་རྙིང་པ་དེ་ལ་གཞི་རིམ་གྱི་འགྱུར་བ་ཕྱིན་ནས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འཐུས་མི་ལྷན་ཚོགས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་འཛིན་སྐྱོང་བྱེད་པའི་གོ་སྐབས་གསར་པ་ཞིག་བྱུང་། སྐབས་དེར་༧གོང་ས་མཆོག་གིས་འདེམས་བསྐོས་བྱས་པའི་སྤྱི་འཐུས་ལྷན་ཚོགས་དེས་མགོ་ཁྲིད་དེ་མགྱོགས་པོར་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཡོངས་རྫོགས་མང་གཙོ་མཚན་ཉིད་ཚང་བ་དང་མང་གཙོ་ཆ་ཚང་བའི་ནང་འགྲོ་ཐུབ་པའི་ཐུགས་རེ་རླབས་ཆེན་གནང་བ་མ་ཟད། ༡༩༦༡ ཕྱི་ཟླ་ ༣ ནང་༧གོང་ས་མཆོག་གིས་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་གསལ་བསྒྲགས་དང་། ༡༩༦༣ ནང་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་ཟིན་བྲིས་རྒྱས་པ་གསལ་བསྒྲགས་སོགས་༧གོང་ས་མཆོག་གི་ངོས་ནས་གནང་དགོས་པ་རྣམས་ཧ་ཅང་མགྱོགས་པོ་གནང་རུང་། བོད་པའི་སྤྱི་ཚོགས་ཀྱིས་༧གོང་ས་མཆོག་གི་དགོངས་བཞེད་ཀྱི་རྗེས་ཟིན་པ་ཞུས་ཐུབ་མེད། ཕྱི་ལོ་ ༡༩༦༣ ནང་གསལ་བསྒྲགས་གནང་བའི་མ་འོངས་བོད་ཀྱི་རྩ་ཁྲིམས་རིན་པོ་ཆེའི་ཟིན་བྲིས་དེ་དག་ཀྱང་མ་འོངས་པ་ལ་བེད་སྤྱོད་གཏང་རྒྱུ་མ་གཏོགས། སྐྱབས་བཅོལ་རིང་ཕྱག་ལེན་བསྟར་མི་ཐུབ་པ་དང་བསྟར་མི་དགོས་པར་གཞི་བཞག་གིས་ཟུར་འཇོག་གནང་བ་རེད། དེ་ནས་སྤྱི་འཐུས་སྐབས་རིམ་པ་དང་། ལོ་འཁོར་ལས་བསྡོམས་ཀྱི་ཚོགས་ཆེན་རིམ་པའི་ནང་༧གོང་ས་མཆོག་གི་བཀའ་སློབ་སྔ་རྗེས་སུ་ཆབ་སྲིད་ཀྱི་གནས་སྟངས་ལ་གཞི་རིམ་གྱི་འགྱུར་བ་གཏོང་དགོས་པ་གསལ་ཡོད་ལ། མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་སྔོན་བརྗོད་ནང་བོད་ཀྱི་གནའ་བོའི་ཆབ་སྲིད་ཀྱི་ལམ་སྲོལ་སྐབས་དེ་དུས་ཡག་པོ་ཡོད་ཀྱང་། ད་ལྟ་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་སྒྲུབ་པ་ལ་མ་འདེང་བ་དང་དུས་ཚོད་ཡོལ་བ་ཆགས་ཚུལ་གསལ་པོ་བཀའ་གནང་ཡོད། འོན་ཀྱང་མང་ཚོགས་ཀྱི་ངོས་ནས་དུས་ཐོག་གོམ་སྤོས་མ་ཐུབ་པ་དང་། ལྷག་པར་དུ་དྷ་སར་ཡོད་པའི་སྤྱི་འཐུས་ལྷན་ཚོགས་དེ་གང་འཚམས་ནས་འཆར་ཅན་གྱི་ལུགས་སྲོལ་དུ་ཆགས་ནས་བཀའ་སློབ་འབུལ་མཁན་དང་རྙོག་ཁྲ་བཤད་ས་ལྟ་བུ་མ་གཏོགས། གྲོས་ཚོགས་ཀྱི་རྣམ་པ་བསྟན་ནས་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་ཡོངས་རྫོགས་ལ་དབང་བསྒྱུར་ཐུབ་པ་དང་། ཆབ་སྲིད་ཀྱི་མངའ་དབང་དེ་མང་ཚོགས་ཀྱི་ཕྱག་ཏུ་བསྒྱུར་བའི་གནས་སྟངས་མ་བྱུང་བ་དེ་སྐབས་བཅུ་པའི་བར་ལུས་པ་རྣམས་ཁྱེད་ཚོས་མཁྱེན་གསལ་རེད། སྐབས་དགུ་པ་དང་སྐབས་བཅུ་པའི་སྤྱི་འཐུས་ལྷན་ཚོགས་སྐབས་ཀྱི་ལོ་འཁོར་ལས་བསྡོམས་མང་པོའི་ནང་༧གོང་ས་མཆོག་གིས་ད་དུང་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞི་རིམ་གྱི་འགྱུར་བ་ཆེན་པོ་གཏོང་དགོས་པའི་བཀའ་སློབ་སྔ་རྗེས་ཕེབས་པའི་ལན་དུ་ང་ཚོས་འགྱུར་བ་གཏོང་མི་དགོས་པར་ད་ལྟ་བཞིན་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་རྐྱང་ཞུས་པ་རེད། དེ་ནས་བར་ལམ་གྱི་གནས་ཚུལ་རིང་ཐུང་སྣ་ཚོགས་བྱུང་།
ཕྱི་ལོ་ ༡༩༩༠ ནང་༧གོང་ས་མཆོག་གིས་གློ་བུར་དུ་ཛ་དྲག་ཐག་གཅོད་ཆེན་པོ་ཞིག་གནང་སྟེ། སྐབས་བཅུ་པའི་སྤྱི་འཐུས་ལྷན་ཚོགས་ཕྱིར་བསྡུ་དང་། བཀའ་ཤག་ཕྱིར་བསྡུ། ཆབ་སྲིད་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་གི་ཐོག་ནས་བར་བརྒལ་གྱི་བཀའ་ཤག་འོས་འདེམས་བྱེད་རྒྱུ། བཙན་བྱོལ་དུ་གནས་རིང་འབྲུ་དོན་ཇི་བཞིན་ལག་ལེན་དུ་བསྟར་ཐུབ་པའི་བཅའ་ཁྲིམས་དང་། མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་ཟིན་བྲིས་ཟུར་དུ་བཟོ་རྒྱུའི་ཆེད་དུ་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གསར་འཛུགས་གནང་རྒྱུ་སོགས་རལ་གྲི་གནམ་གཡུག་ལྟ་བུ་གནང་སྟེ་ཉིན་གཅིག་ལ་ཆབ་སྲིད་ཀྱི་ལམ་སྲོལ་ལ་འགྱུར་བ་ཆེན་པོ་གནང་བ་ལ་བརྟེན་ནས་ད་ལྟ་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་འདིའི་ཟིན་བྲིས་གཏན་འབེབས་བྱུང་།
དེ་ཡང་བཅའ་ཁྲིམས་ཟིན་བྲིས་ཀྱི་སྐབས་སུ་དམིགས་བསལ་ཆབ་སྲིད་ཆོགས་ཆེན་གྱི་ལམ་སྟོན་གྲོས་ཆོད་ཁག་གཞི་རྩ་གཙོ་བོ་དང་། དེའི་ཐོག་༧གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་གནང་བའི་བཀའ་སློབ་ལམ་སྟོན་ཁག། སྲིད་དོན་ཚན་རིག་ནས་བཤད་པའི་མང་གཙོའི་ཡན་ལག་ཚང་དགོས་ཁག་བཅས་གསུམ་པོའི་ཐོག་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དང་བྱམས་བརྩེའི་སྙིང་པོ་ཅན་གྱི་ལྟ་བ་ལ་བརྟེན་པ། དེའི་ཐོག་ཆོས་ལུགས་ཁག་ནས་བསྟན་པའི་བཟང་སྤྱོད་དང་ཡ་རབས་སྤྱོད་བཟང་གིས་ཟུར་བརྒྱན་པའི་བཅའ་ཁྲིམས་ཤིག་ཟིན་བྲིས་གནང་ཡོད། ༧གོང་ས་མཆོག་གིས་ཟིན་བྲིས་ཀྱི་སྐབས་སུའང་ཧ་ཅང་ཐུགས་ཞིབ་ཚ་པོས་ཉིན་ནས་ཉིན་བསྟུད་དེ་ཟིན་བྲིས་ཚོགས་ཆུང་དང་ལྷན་དུ་ཚིག་རེ་རེ་བཞིན་བགྲོ་གླེང་གནང་བ་བཅས་བྱུང་། དེ་རྗེས་རྒྱ་བསྐྱེད་བྱས་པའི་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འོས་འདེམས་གནང་སྟེ་དམ་བཅའ་ཕུལ་ཟིན་མ་ཐག་༧གོང་ས་མཆོག་གིས་བཀོད་སྒྲིག་གནང་བའི་བཅའ་ཁྲིམས་ཟིན་བྲིས་དེ་གསོལ་རས་གནང་སྟེ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ལས་འགན་ཁྱེར་ནས་བཅའ་ཁྲིམས་འདི་གཏན་འབེབས་བྱེད་དགོས་ཞེས་བཀའ་གནང་བ་ལ་བརྟེན་ནས་གཏན་འབེབས་ཞུས་ཐུབ་པ་བྱུང།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཞུས་ཏེ་དེའི་ཐོག་༧གོང་ས་མཆོག་གི་བཀའ་ཁྲོལ་ཆོག་མཆན་ཐོབ་པ་དེ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་དེ་ལེའུ་གསར་པའི་ནང་འགྲོ་མགོ་ཚུགས་ཤིང་། དེ་ཉིན་འགྱུར་བ་ཆེན་པོ་ཞིག་གང་བྱུང་ཞེ་ན། ཆབ་སྲིད་ཀྱི་མངའ་དབང་ངམ་རྒྱལ་ཁབ་ཀྱི་མངའ་དབང་གང་དུ་གནས་མིན་ལས་རིང་ལུགས་ཐག་ཆོད་དགོས་པར་བརྟེན། དེ་ཉིན་ཆབ་སྲིད་ཀྱི་མངའ་དབང་དེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ལག་པར་འདྲ་མཉམ་བྱུང་བས་ཆབ་སྲིད་མངའ་དབང་གི་གནས་ཡུལ་ལ་འགྱུར་བ་སོང་བ་རེད། གང་ལྟར་བཀའ་ཤག་དང་ཆབ་སྲིད་ཀྱི་བྱེད་པོ་རེ་ཟུང་གི་ཕྱག་ཏུ་ཡོད་པའི་ཆབ་སྲིད་ཀྱི་མངའ་དབང་དེ་ཁྲིམས་ཐོག་ནས་འཕོ་འགྱུར་གྱིས་མང་ཚོགས་ཀྱི་ཕྱག་ཏུ་རྩིས་སྤྲོད་གནང་བ་དེ་ནས་བཟུང་མང་གཙོའི་རིང་ལུགས་སུ་གོམ་སྤོས་བྱུང་། དེ་ལས་གཞི་རིམ་གྱི་འགྱུར་བ་གང་བྱུང་ཞེ་ན། ཁྲིམས་ཀྱི་ལམ་སྲོལ་གཙོ་བ་ལས་གང་ཟག་གི་ལམ་སྲོལ་མི་གཙོ་བ་དེ་ཡིན། གང་ལྟར་གནད་དོན་ཇི་ཞིག་ཐག་གཅོད་ནའང་ཁྲིམས་ཀྱི་ལམ་སྲོལ་ནས་བྱེད་དགོས་པར་གྱུར། དེ་ནི་དྲང་བདེན་གྱི་གཞི་རྩ་ལ་བརྟེན་པའི་ལམ་སྲོལ་ཞིག་གིས་ཐག་གཅོད་པ་ལས་གང་ཟག་བྱེ་བྲག་པའི་བསམ་ཚུལ་ཐོག་ནས་ཐག་མི་གཅོད་པ་ཡིན། མདོར་ན་གང་ཟག་གིས་དབང་བསྒྱུར་བྱས་པའི་ལམ་སྲོལ་ནས་ཁྲིམས་ཀྱིས་དབང་བསྒྱུར་བྱས་པའི་ལམ་སྲོལ་ནང་སོང་བ་ཡིན། གཞི་རིམ་གྱི་མཚན་ཉིད་གཞན་མང་གཙོའི་ལམ་སྲོལ་ནང་ཚང་དགོས་པ་ནི། ཁྲིམས་བཟོའི་དབང་ཆ་དང་། འཛིན་སྐྱོང་གི་དབང་ཆ། ཁྲིམས་གཅོད་དབང་ཆ་གསུམ་པོ་བཅས་རྒྱལ་ཁབ་ཀྱི་མངའ་དབང་ཆེ་ཤོས་གསུམ་གང་ཟག་གཅིག་དང་སྒྲིག་འཛུགས་གཅིག་གི་ལག་པར་མིན་པར། དེ་གསུམ་བགོ་བཤའ་བྱས་ནས་དབང་ཚད་ཀྱི་སྡེ་ཚན་མི་འདྲ་བ་གསུམ་དང་། དེ་ཡང་ཕན་ཚུན་གཅིག་འོག་གཅིག་ལ་མ་ཚུད་པ་མ་ཟད། གཅིག་གིས་གཅིག་ལ་བཏང་འཛིན་བྱེད་ཐུབ་པའི་ལྗིད་མཉམ་བཏང་འཛིན་ཅན་དེ་ཡིན། དེས་ན་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁྲིམས་བཟོའི་དབང་ཚད་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛིན་སྐྱོང་གི་དབང་ཚད་ཡོངས་རྫོགས་བཀའ་ཤག ཁྲིམས་གཅོད་ཀྱི་དབང་ཚད་ཡོངས་རྫོགས་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་སྡེ་ཚན་སོ་སོར་ཡོད། དེ་བཞིན་འཛིན་སྐྱོང་གི་ལས་དོན་རྣམས་གྲོས་ཚོགས་ལ་འགན་འཁྱེར་དགོས་པ་དང་། གྲོས་ཚོགས་ལ་ལན་འདེབས་བྱེད་དགོས་པ། གྲོས་ཚོགས་ལ་རྩིས་རྒྱག་བྱེད་དགོས། འཛིན་སྐྱོང་གི་དབང་ཚད་དེ་གྲོས་ཚོགས་ཀྱིས་ཡིད་ཆེས་ཇི་ཙམ་ཡོད་པ་དེ་ཙམ་གནས་པ་ལས། གྲོས་ཚོགས་ཀྱི་ཡིད་ཆེས་བརླགས་པའི་ཉིན་མོར་འཛིན་སྐྱོང་གི་དབང་ཚད་གཞག་དགོས།
ད་ལྟ་ཁྲིམས་ཀྱི་ནང་ནས་མཐོ་ཤོས་དང་ཚང་མས་ཚད་འཛིན་བརྩི་སྲུང་ཞུ་དགོས་པ་ནི་བཅའ་ཁྲིམས་དེ་ཡིན། བཀའ་ཤག་དང་། ཁྲིམས་ཞིབ་པ། སྤྱི་འཐུས་རྣམས་ཀྱིས་བཅའ་ཁྲིམས་ལ་ཚད་བཙུགས་ཏེ་ལས་ཁུར་དམ་བཅའ་འཇོག་པ་ཡིན། དེས་ན་བཅའ་ཁྲིམས་དང་འགལ་བའི་ཁྲིམས་དང་ལམ་སྲོལ་བཟོས་ན་དེ་དག་རྩིས་མེད་དུ་འགྲོ་བ་ཡིན། བཅའ་ཁྲིམས་ཀྱི་ཆ་རྐྱེན་མགོ་ནས་མཇུག་བར་ཡག་པོ་གཟིགས་ན། དེང་རབས་ཀྱི་མང་གཙོའི་ལམ་སྲོལ་ལ་དགོས་པའི་མཚན་ཉིད་ཆ་ཚང་བ་དང་ཡོངས་སུ་རྫོགས་པ་གསལ་ཡོད། དེར་བརྟེན་མང་ཚོགས་སྤྱི་དང་། ལྷག་པར་དུ་སློབ་སྦྱོང་ཡོད་པའི་མང་ཚོགས་གཞོན་སྐྱེས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཨུ་ཚུགས་བྱས་ཏེ་ངེས་པར་དུ་བཅའ་ཁྲིམས་ལ་སློབ་སྦྱོང་གནང་དགོས་ཞེས་ཞུ་རྒྱུ་ཡིན། གལ་ཏེ་བཅའ་ཁྲིམས་ནང་ང་ཚོའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མ་འཚམས་པ་ཡོད་ན་བསྐྱར་བཅོས་བྱེད་པའི་ལམ་དང་ཐོབ་ཐང་ཡོད། འོན་ཀྱང་བསྐྱར་བཅོས་མ་ཕྱིན་པའི་བར་དུ་བཅའ་ཁྲིམས་དང་འགལ་བའི་ལས་དོན་རྣམས་བོད་པའི་སྤྱི་ཚོགས་དང་མ་མཐུན་པ་དང་། བོད་རྒྱལ་ཁབ་ཀྱི་གཞི་རིམ་གྱི་གནས་ཚུལ་དང་འགལ་བ་ཡིན།
རྒྱལ་ཁབ་དང་སྲིད་གཞུང་གཉིས་ཐ་དད་ཡིན་པ་མཁྱེན་དགོས། སྲིད་གཞུང་གིས་མ་འགྲིགས་ན་དེ་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཆོག་ཀྱང་། རྒྱལ་ཁབ་ལ་རྩིས་མེད་དང་ངོ་རྒོལ་བྱེད་མི་རུང་། གལ་ཏེ་རྒྱལ་ཁབ་ལ་ངོ་རྒོལ་བྱེད་ན་རྒྱལ་ཞེན་མེད་པར་བརྟེན་ཡུལ་མི་ནས་འབུད་རྒྱུ་རེད། འོན་ཀྱང་རྒྱལ་ཁབ་ལ་རྒྱལ་ཞེན་ཡོད་པའི་ཐོག་ནས་ལས་དོན་བྱེད་མཁན་གྱི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ལས་དོན་བྱེད་སྟངས་མ་འགྲིགས་པ་བྱུང་ན། གང་ཟག་བྱེ་བྲག་པའི་གནས་སྟངས་ལ་མ་བལྟས་པར་ཁྲིམས་ཀྱི་ལམ་སྲོལ་ཐོག་ནས་ཡོ་བསྲང་སྐྱོན་འདོན་གྱི་འགན་དེ་ཆ་ཚང་མང་ཚོགས་ཀྱི་ཕྱག་ཏུ་ཡོད་པར་བརྟེན། མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་དགོངས་དོན་རྣམས་ངེས་པར་དུ་གསལ་པོ་མཁྱེན་དགོས། གལ་ཏེ་བོད་ཀྱི་ཡུལ་མི་ཚད་ལྡན་ཞིག་བྱེད་དགོས་ན་བཅའ་ཁྲིམས་ཀློག་དགོས་པ་དང་། བཀླགས་ནས་མ་མཁྱེན་ན་གཞན་ལ་དྲིས་པ་སོགས་གནང་དགོས། བཅའ་ཁྲིམས་འདིའི་འོག་ནས་སྒྲིག་གཞི་མང་པོ་བཟོས་ཡོད་པ་དེ་དག་ལས་ཀྱི་སྣེ་ལ་གཏོགས་པ་རྣམས་ཀྱིས་སློབ་སྦྱོང་གནང་དགོས་པ་དང་། དེའི་དགོངས་དོན་ཇི་བཞིན་སོ་སོའི་མི་ཚེའི་ནང་བཀལ་ནས་ལས་ཀ་བྱེད་དགོས་པ་ནི་ང་ཚོས་བོད་པའི་སྤྱི་ཚོགས་ལ་ཁུར་དུ་འཁྲི་བའི་ལས་འགན་ཡིན།
དེའི་ནང་ནས་ཟུར་དུ་བཀར་ནས་ཞུ་དགོས་པ་ནི། བཅའ་ཁྲིམས་ཀྱི་འོག་ཏུ་ཆབ་སྲིད་ཀྱི་འཛིན་སྐྱོང་བྱེད་སྐབས་སྒྲིག་འཛུགས་མཐོ་ཤོས་དང་མཐའ་མའི་ཐག་གཅོད་བྱེད་མཁན་གྱི་དབང་ཆ་མཐོ་ཤོས་གནས་ས་ནི་མང་ཚོགས་དེ་ཡིན། འོན་ཀྱང་མང་ཚོགས་རྒྱལ་ཁབ་མང་པོའི་ནང་ཁ་ཐོར་དགུ་ཐོར་དུ་གནས་ཏེ་ཆབ་སྲིད་ཀྱི་ལས་དོན་ཡོངས་སུ་རྫོགས་པ་ལ་རུག་རུག་འཛོམས་ཏེ་གྲོས་བསྡུར་དང་མང་མོས་བལྟ་རྒྱུ་སོགས་མི་ཡོང་བར་བརྟེན། བརྒྱུད་རིམ་གྱི་ཐོག་ནས་དབང་བསྒྱུར་རམ་སྐུ་ཚབ་ཀྱི་བརྒྱུད་ནས་ཐག་གཅོད་བྱེད་པའི་ཆེད་དུ་སྤྱི་འཐུས་ལྷན་ཚོགས་དེ་བྱུང་། དེ་ཡང་མང་ཚོགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་འོས་འདེམས་བྱས་ཤིང་། སྤྱི་འཐུས་དེ་དག་གིས་བོད་པའི་སྤྱི་མི་བྱས་ཏེ་མང་ཚོགས་ཀྱི་བསམ་ཚུལ་དང་མངོན་འདོད་ལ་ཚོར་བ་ཡོད་པའི་ཐོག་ནས་ལས་ཀ་བྱེད་མིན་བལྟ་རྒྱུ་དང་། དེ་བཞིན་གང་ཟག་ཁ་ཤས་ཀྱིས་ནུས་ཤུགས་དང་ཕྱོགས་རིས་ལ་བརྟེན་ནས་ལས་ཀ་མ་དྲང་བ་བྱེད་མིན་རྒྱུན་དུ་བྱ་ར་བྱེད་མཁན་བཅས་ནི་མང་ཚོགས་ཡིན། དེས་ན་ད་ལྟའི་སྒྲིག་འཛུགས་འདིའི་ནང་སྤྱི་འཐུས་ལྷན་ཚོགས་ལས་གལ་ཆེ་བ་དང་། སྤྱི་འཐུས་ལྷན་ཚོགས་ལས་དབང་ཆ་དང་ཐོབ་ཐང་ཆེ་བ་གཞན་མེད། དེ་ལྟ་བུའི་སྒྲིག་འཛུགས་དེ་ལ་བཏང་འཛིན་བྱེད་མཁན་མི་མང་མ་གཏོགས་མེད། གལ་ཏེ་མི་མང་གིས་དེ་ལ་བཏང་འཛིན་མ་གནང་ན་ནོར་འཁྲུལ་ཆེན་པོ་འགྲོ་ཉེན་ཡོད་པར་བརྟེན། དུས་རྒྱུན་དུ་མང་ཚོགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་སྟངས་འགྲིགས་མིན་ལ་བཏང་འཛིན་གནང་དགོས་པ་ནི་མི་མང་གི་ཆབ་སྲིད་ལ་འགན་འཁྱེར་སྟངས་རེད། སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་གང་གནང་མི་མང་གིས་མཁྱེན་ཐུབ་ཆེད་ཚོགས་འདུའི་ནང་གང་བཤད་ཐམས་ཅད་ཆ་ཚང་ཡིག་ཐོག་ཏུ་བཀོད་དེ་གང་ཐུབ་ཀྱིས་ས་གནས་ཁག་ལ་བཀྲམ་པ་ལས། དེ་ནི་བཏང་བཏང་བྱུག་བྱུག་གི་དཔའ་གཏམ་བཤད་པའི་དོན་དུ་མིན། མང་ཚོགས་ཀྱིས་དེ་དག་ཆ་ཚང་གཟིགས་ནས་མ་འགྲིགས་པ་ལ་བཏང་འཛིན་དང་ལམ་སྟོན་གནང་དགོས། ལྷག་པར་དུ་སྤྱི་འཐུས་ཀྱི་མི་དེ་ཇི་འདྲ་ཞིག་དགོས་ཤེ་ན། དང་པོར་ཆབ་སྲིད་ཀྱི་གནས་ཚུལ་རྟོགས་པ་དང་། གཉིས་པར་རྒྱལ་ཁབ་དང་རང་གི་སྡེ་ཚན་དབར་དབྱེ་བ་ཕྱེ་དགོས་པའམ་འདེམས་ཁ་བྱེད་དགོས་བྱུང་ན་རང་གི་སྡེ་ཚན་གྱི་ཁེ་ཕན་བློས་གཏོང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསམ་ཐུབ་པ་དང་། རང་གི་ཆོས་ལུགས་ཀྱི་ཁེ་ཕན་བློས་གཏོང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་བསམ་ཐུབ་པ། རང་གི་ལུང་ཚན་གྱི་ཁེ་ཕན་བློས་གཏོང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་པ། དེ་བཞིན་རང་གི་བསམ་ཚུལ་དང་༧གོང་ས་མཆོག་གི་བཀའ་སློབ་དབར་མི་མཐུན་པ་བྱུང་བ་དང་། རང་གི་སྡེ་ཚན་བྱེ་བྲག་པ་ཞིག་གི་བསམ་ཚུལ་འཁྱེར་ཕྱོགས་དང་༧གོང་ས་མཆོག་གི་བཀའ་གཉིས་མི་འདྲ་བ་བཅས་བྱུང་ཚེ་༧གོང་ས་མཆོག་གི་བཀའ་ལ་གཙོ་བོར་བརྩིས་ཏེ་སོ་སོའི་སྡེ་ཚན་ནམ་ཤོག་ཁག་བྱེ་བྲག་པའི་བསམ་ཚུལ་ཆུང་ཙག་རྣམས་བློས་གཏོང་ཐུབ་མཁན་གྱིི་མི་མ་བྱུང་བར་མི་གང་བྱུང་བདམས་ཏེ་སྤྱི་འཐུས་སུ་སླེབས་ན་ཉེན་ཁ་ཆེན་པོ་ཆགས་རྒྱུ་རེད། དེ་ནི་ཡ་ཡུས་ཆེན་པོ་འགྲོ་ཐུབ་པའི་གནས་སྟངས་ཤིག་རེད།
དེང་རབས་ཀྱི་འོས་བསྡུའི་ལམ་སྲོལ་ཐོག་ནས་སྤྱི་འཐུས་འོས་འདེབས་བྱེད་སྐབས་མང་ཚོགས་ཐོག་ནས་བཏང་འཛིན་ཡག་པོ་མ་གནང་ན་འཇིག་རྟེན་ཡོངས་གྲགས་སུ་བཤད་པའི་དབང་ཤུགས་དང་དཔལ་འབྱོར་གྱི་ནུས་ཤུགས་ (Muscle Power and Money Power) གང་རུང་གི་ཐོག་ནས་སྤྱི་འཐུས་འོས་འདེམས་ནང་ཐེ་བྱུས་འབྱུང་ཉེན་ཡོད། མང་ཚོགས་དེ་གཉིད་སད་པ་དང་སྤྱང་གྲུང་དོད་པོ་མེད་ན་གང་འཚམས་ནས་ཤོག་ཁག་གཅིག་གི་ནང་ནས་མི་ ༤༣ ཆ་ཚང་ཐོབ་པའི་ཐབས་ཤེས་བྱེད་ནའང་བྱེད་ཐུབ་པའི་གནས་སྟངས་ཆགས་སྲིད། ད་ལྟའི་ང་ཚོའི་བོད་པའི་སྤྱི་ཚོགས་ནང་གི་ཕྱག་ལས་གནས་སྟངས་ལ་བལྟས་ན། དྲིལ་བསྒྲགས་དང་འགྲོ་གྲོན་སོགས་བཏང་སྟེ་ཐབས་ཤེས་བྱེད་ན་དེ་ལྟར་བཟོ་མི་ཐུབ་ཅེས་བརྗོད་ཐུབ་དཀའ། དེ་ཡང་མང་ཆེ་བས་སྤྱི་འཐུས་ཀྱི་འོས་བསྡུ་ལ་ཕེབས་ཀྱི་མེད། འོས་ཤོག་བླུག་མཁན་མང་ཆེ་བས་གཞན་ལ་རོགས་བཅོལ་བའམ་གཞན་ལ་དྲིས་ནས་བླུག་གི་ཡོད། མང་ཚོགས་ཀྱི་མངའ་དབང་དེ་མང་ཚོགས་ཀྱི་ཕྱག་ཏུ་ཡོད་སྟབས། སོ་སོའི་རྣམ་དཔྱོད་ཀྱི་ནུས་པ་དེ་གཞན་གྱི་དབང་བྱུས་འོག་མ་སོང་བར་རང་གིས་བེད་སྤྱོད་གཏོང་བའི་ཐོག་ནས་སྤྱི་འཐུས་འོས་འདེམས་མ་གནང་ན་ནོར་འཁྲུལ་ཆེན་པོ་འགྲོ་བའི་གཞི་རྩ་ཡོད། དེས་ན་ཁྱེད་ཚོས་མང་གཙོའི་ཆབ་སྲིད་ཀྱི་རིང་ལུགས་འདིའི་ནང་ཇི་ཙམ་འགན་ཆེན་པོ་འཁྲིི་བ་དང་། འགན་དེ་དག་ག་དུས་སྒྲུབ་དགོས་མིན་སོགས་མཁྱེན་དགོས།
སྤྱི་འཐུས་ལྷན་ཚོགས་ཀྱི་ཡུན་ཚད་ལོ་ལྔ་ཡིན་རུང་། དེའི་ནང་ལས་དོན་བྱེད་སྟངས་མ་འགྲིགས་པ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་སྒོ་བརྒྱབ་པའམ་སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་ཆོག་པའི་དབང་ཆ་མང་ཚོགས་ལ་ཡོད་པ་དེ་བཅའ་ཁྲིམས་ནང་གསལ་འཁོད་ཡོད། ལོ་ལྔ་རེ་རྗེས་ཀྱི་འོས་འདེམས་ནང་དུའང་མང་ཚོགས་ཀྱིས་ཧ་ཅང་སྟབས་གཟབ་པོ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་དེ་ལྟར་མ་བྱུང་ཚེ། ང་ཚོའི་མང་གཙོའི་ལམ་སྲོལ་ལག་ལེན་དུ་བསྟར་ནས་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ཆེད་དུ་ལས་དོན་ཡག་པོ་སྒྲུབ་ཐུབ་གྲབས་ཡོད་དམ། དེ་ལ་མཐུད་ཤོར་གཏོང་གྲབས་ཡོད་ཆ་མི་འཚལ་བ་རེད། དེ་ནི་ཉེན་ཁ་ཆེ་བའི་རྒྱན་རྩེད་ལྟ་བུ་རེད། གཅིག་བྱས་ན་ཁེ་ཕན་ཆེན་པོ་འཐོབ་རྒྱུ་དང་། གཅིག་བྱས་ན་ཕམ་ཁ་ཆེན་པོ་ཡོང་རྒྱུ་རེད། གནས་ཚུལ་དེ་ཡོང་དགོས་པའི་གཞི་རིམ་གྱི་རྒྱུ་རྐྱེན་གང་དུ་ཐུག་ཅེ་ན། མང་ཚོགས་ཀྱི་ཤེས་ཡོན་གྱི་གནས་ཚད་ཇི་ཙམ་དགོས་པ་དེ་ཙམ་མ་འདེང་བའི་ཉེར་ལེན་ལ་བརྟེན་ནས་བྱུང་།
ངས་བསྐྱར་ལྡབ་ཡང་ལྡབ་ཀྱིས་ཞུ་རྒྱུ་ལ། མང་ཚོགས་ཀྱིས་རང་གི་འགན་ངོ་ཤེས་དགོས་པ་དང་། ངོ་ཤེས་པའི་ཐོག་ནས་ཡག་པོ་སྒྲུབ་ཐུབ་པ་དགོས་པ་དེ་གལ་ཆེན་པོ་རེད། མདོར་ན་ད་ལྟའི་བཅའ་ཁྲིམས་འོག་གི་མང་གཙོའི་ལམ་སྲོལ་འདིའི་ནང་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་ཡོངས་སུ་རྫོགས་པ་དེ་བོད་ཀྱི་ཡུལ་མི་ལ་ཡོད་པ་དང་། བོད་ཀྱི་ཡུལ་མིས་ཆབ་སྲིད་ཀྱི་མངའ་དབང་དེ་སྤྱི་འཐུས་ལྷན་ཚོགས་སུ་འོས་འདེམས་བྱས་པའི་མི་དེ་ཚོས་དབང་བསྒྱུར་དང་ལག་ལེན་དུ་བསྟར་རུང་། དེའི་ཐོག་བཏང་འཛིན་ངེས་པར་དུ་མང་ཚོགས་ཀྱིས་གནང་དགོས་པའི་ངོས་འཛིན་དང་ཚོར་བ་ཡོད་པའི་ཐོག་ནས་གནང་རོགས་ཞེས་ཞུ་རྒྱུ་ཡིན།
འདས་པའི་ལོ་སུམ་ཅུ་སོ་གྲངས་རིང་ནས་བོད་རང་དབང་བསྐྱར་གསོའི་འཐབ་རྩོད་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༤༩ ལོར་རྒྱ་མིས་བོད་དུ་བཙན་འཛུལ་བྱེད་མགོ་ཚུགས་ཤིང་། ༡༩༥༠།༡༩༥༡ གཡས་གཡོན་དུ་བོད་རྒྱ་ཁྱབ་རྒྱ་མིའི་བཙན་གནོན་འོག་ཏུ་སོང་། ༡༩༥༡ ཕྱི་ཟླ་ ༥ ནང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་གྲོས་ཆོད་བཙན་དབང་འོག་བཞག་པ་དེ་ཟླ་བ་ལྔ་དྲུག་ཙམ་རྗེས་བོད་ལྗོངས་ཚོགས་འདུ་ཆེན་པོས་ངོས་ལེན་གནང་དགོས་བྱུང་ཞིང་། ཉིན་མོ་དེ་ནས་བོད་ཀྱི་ཆབ་སྲིད་ཀྱི་རང་དབང་དེ་རྒྱ་ལག་ཏུ་ཤོར་བ་རེད། དེ་ནས་ལོ་ལྔ་དྲུག་ཙམ་གྱི་རིང་ནང་གི་རང་སྐྱོང་བེད་སྤྱོད་བཏང་ནས་གྲོས་ཆོད་དོན་ཚན་བཅུ་བདུན་ནང་ཡོད་པའི་འབྲུ་དོན་རྣམས་ལག་ལེན་བསྟར་ནས་བསྡད་ཐུབ་པའི་འབད་བརྩོན་གནང་རུང་། ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྲོས་ཆོད་དོན་ཚན་བཅུ་བདུན་ནང་བསྡད་མི་ཐུབ་པ་དང་། བོད་རང་དབང་བསྐྱར་གསོ་བྱེད་དགོས་པའི་ཐག་གཅོད་བྱས་ཏེ་རང་དབང་བསྐྱར་གསོའི་ལས་འགུལ་མགོ་བརྩམས་པ་རེད། དེའི་ཉེར་ལེན་ལ་བརྟེན་ནས་༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། རྒྱ་གར་གྱི་ཏེཛ་པུར་ (Tezpur) ལ་ཐོག་མའི་རྒྱལ་སྤྱིའི་གསར་འགོད་པར་གསལ་བསྒྲགས་གནང་སྟེ། གྲོས་མཐུན་དོན་ཚན་བཅུ་བདུན་ལ་རྒྱ་མིས་བརྩི་འཇོག་མ་བྱས་པར་བརྟེན་ང་ཚོས་ཀྱང་བརྩི་འཇོག་མི་བྱེད་པའི་རྒྱབ་སྐྱོར་གནང་བ་ནས་བཟུང་རང་དབང་བསྐྱར་གསོའི་ལས་འགུལ་མུ་མཐུད་དེ་ད་བར་གནས་ཡོད། དེ་ནས་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་སམ་ལངས་ཕྱོགས་ནི་བོད་རང་དབང་བསྐྱར་གསོའི་ཐོག་ཕེབས་མུས་རེད། ཕྱི་ལོ་ ༡༩༧༩ ལོར་ཏིང་ཤའོ་ཕིང་གིས་རང་བཙན་མ་གཏོགས་པའི་སྐད་ཆ་གཞན་རྣམས་གོ་བསྡུར་བྱེད་ཆོག་ཅེས་ཞུས་པ་ལ་བརྟེན་ནས་བོད་རྒྱ་གཉིས་ཀྱི་བར་དུ་ཐད་ཀར་གྱི་འབྲེལ་ལམ་བྱུང་སྟེ་བོད་ཀྱི་དཀའ་རྙོག་ལ་འགྲིགས་ཆགས་ཡོང་བའི་ཆེད་དུ་༧གོང་ས་མཆོག་གི་ཧ་ཅང་གུ་ཡངས་གནང་སྟེ་བཀའ་མོལ་གནང་ཐབས་གནང་ཡང་། འདས་པའི་ལོ་བཅུ་བཞིའི་རིང་༧གོང་ས་མཆོག་དང་གང་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱི་ནང་གསང་གསུམ་དང་དངོས་ཤུགས་བརྒྱུད་གསུམ་ནས་ང་ཚོའི་ངོས་ནས་ཇི་ཙམ་གནང་དགོས་ཆ་ཚང་གནང་རུང་། མཐའ་མ་རྒྱ་མིས་དོན་ཕན་ཡོད་པའི་ཡ་ལན་མ་བྱུང་བར་བརྟེན། འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུའི་གསུམ་བཅུའི་དུས་དྲན་གྱི་༧གོང་ས་མཆོག་གི་གསུང་བཤད་ནང་བོད་རྒྱ་བར་སྐད་ཆ་བཤད་པའི་ལམ་དེ་ཆ་ཚང་ལ་གྲུབ་འབྲས་མེད་པར་ངོས་ལེན་གནང་དགོས་བྱུང་། རྒྱལ་སྤྱིའི་མང་ཚོགས་ཀྱི་བསམ་ཚུལ་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང་ངོས་ནས་རྒྱ་ནག་གི་ཐོག་ཐབས་ལམ་སྣ་ཚོགས་ཀྱིས་གནོན་ཤུགས་དང་གོ་བསྐོན་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་བར་ཐབས་ལམ་བཙལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་ཡོད། དེ་ལྟ་བུའི་རྒྱལ་སྤྱིར་འབོད་སྐུལ་ཐོག་ད་ལྟ་ཕན་ལ་རྒྱལ་ཁབ་མང་པོའི་ངོས་ནས་ལན་ཞུས་དང་ཞུ་བཞིན་པ་ཡིན་རུང་། དེ་ཚོའི་ཐོག་ནས་རྒྱ་ནག་ལ་ཇི་ཙམ་ཤུགས་ནུས་ཐེབས་མིན་ད་ལྟ་ཞུ་ཚོད་དཀའ། ལྷག་པར་དུ་ཉེ་ཆར་རྒྱ་མིས་རྒྱལ་སྤྱིའི་ནང་མ་འོངས་པ་ལ་ཧ་ཅང་མཁྲེགས་བཟུང་གི་ལམ་བསྟེན་པའི་རྣམ་པ་ཐོན་པ་ལ་བལྟས་ན། ༧གོང་ས་མཆོག་གིས་ཐུགས་རེས་འབོད་བསྐུལ་གནང་བའི་ཉེར་ལེན་ལ་བརྟེན་ནས་བསྐྱར་དུ་རྒྱ་ནག་མཉམ་དུ་འགྲིགས་ཆགས་ཡོང་བའི་རེ་བ་ཧ་ཅང་ཆུང་ཆུང་མཐོང་གི་འདུག འོན་ཀྱང་ང་ཚོས་འོས་འཚམས་ཀྱི་དུས་ཚོད་ཅིག་གི་བར་དུ་འབད་བརྩོན་མ་བྱས་ཐབས་མེད་རེད། གལ་སྲིད་དེའི་ཐོག་ནས་འབད་བརྩོན་ལམ་དུ་མ་ཕྱིན་ན་བསྐྱར་དུ་བོད་མི་མང་ཚོགས་ལ་ཐབས་ལམ་གསར་པ་ཇི་བསྟེན་སྐོར་བཀའ་འདྲི་གནང་རྒྱུའི་༧གོང་ས་མཆོག་གིས་གསལ་བསྒྲགས་གནང་ཡོད། ལོ་ཤས་ནང་གྲུབ་འབྲས་མ་ཐོན་པར་མཐའ་མ་༧གོང་ས་མཆོག་གིས་མང་ཚོགས་ལ་བཀའ་འདྲི་གནང་རྒྱུའི་དུས་ཚོད་སླེབས་ན། དེ་ཉིན་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་གསོལ་འདེབས་གང་ཞུ་མིན་དང་། ཐབས་ལམ་ཇི་ལྟ་བུ་ཞིག་བསྟེན་མིན། ལྟ་བའམ་ལངས་ཕྱོགས་ཇི་ལྟ་བུ་ཞིག་འཁྱེར་དགོས་མིན། གོམ་པ་ཇི་ལྟར་སྤོ་དགོས་མིན་སོགས་ད་ལྟ་ནས་དགོངས་པ་བཞེས་དགོས་པ་དང་། བང་བསྒྲིག་དགོས་པ་ལས། ཞག་འགྱངས་ཟླ་ཕུད་བྱས་ཏེ་གནས་ཚུལ་དེ་བྱུང་བའི་ཉིན་མ་གཏོགས། སྔོན་ཚུད་ནས་གྲྭ་སྒྲིག་དང་བསམ་བློ་མ་བཏང་ན་ཧ་ཅང་རྗེས་ལུས་དང་མཐུད་ཤོར་འགྲོ་ཉེན་ཡོད།
བོད་པའི་སྤྱི་ཚོགས་ནང་བོད་རང་དབང་བསྐྱར་གསོ་བྱེད་དགོས་ཀྱི་འདུག་ཅེས་ཚང་མས་གསུང་གི་ཡོད་ཀྱང་། དེ་ལྟ་བུའི་རང་དབང་བསྐྱར་གསོའི་ཆེད་དུ་མང་ཚོགས་ཀྱི་ངོས་ནས་བློས་བཏང་ཇི་ཙམ་བྱེད་དགོས་པ་དང་། ལས་དོན་གང་བརྩམ་དགོས་མིན་ཐོག་སུ་ལའང་གསལ་པོ་མེད། གཞན་ལྟ་ཞོག རང་དབང་བསྐྱར་གསོ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་ཇི་ལྟར་ཡོང་མིན་སུས་ཀྱང་ཚོད་ཐིག་གི་མེད། ད་ལྟའི་གནས་སྐབས་ནས་ཉིན་གཅིག་ནང་རང་དབང་ཆ་ཚང་ཡོད་པའི་གནས་སྐབས་ཤིག་ལ་འགྱུར་བ་འགྲོ་རྒྱུ་ཆགས་ཀྱི་རེད་དམ། གནས་ཚུལ་རིམ་པ་མང་པོ་རིམ་བཞིན་དྲག་ཏུ་ཕྱིན་ནས་མཐའ་མ་རང་བཙན་གཙང་མར་འགྱུར་མིན་ཐོག་ཚང་མས་དགོངས་པ་བཞེས་ཀྱི་མེད་ལ། བགྲོ་གླེང་ཡང་གནང་གི་མེད། གནས་ཚང་རྒྱ་གར་ལ་ཆ་བཞག་ན། རང་བཙན་བྱུང་བའི་ལོ་རྒྱུས་ཀྱི་རིམ་པ་དེ་གོམ་པ་མང་པོ་རིམ་བཞིན་བརྒྱབས་ནས་ད་ལྟའི་རང་བཙན་གྱི་གནས་སྐབས་སུ་སླེབས་པ་མ་གཏོགས། ཉིན་གཅིག་ལ་མཆོང་འཐེན་གཅིག་ལ་སྐས་ཐེམ་གཅིག་འཛེགས་ནས་སླེབས་མེད། གལ་ཏེ་ང་ཚོ་རིམ་པ་མང་པོ་འཛེགས་ནས་འགྲོ་དགོས་པའི་གནས་སྟངས་ཤིགས་ཆགས་ན། མང་ཚོགས་ཀྱིས་དེའི་ཐོག་ལ་དགོངས་ཚུལ་ཇི་ལྟ་བུ་ཡོད་དམ། བང་ཇི་ལྟར་བསྒྲིག་གམ། ཡང་གློ་བུར་ཞིག་ཏུ་མཆོང་རྒྱག་གི་གོ་སྐབས་བྱུང་ན་དེའི་ཆེད་དུ་བང་གང་བསྒྲིགས་ཡོད་དམ། དེ་ནི་བོད་པའི་སྤྱི་ཚོགས་ནང་ཧ་ཅང་གསལ་པོ་མེད་པའི་གནས་ཚུལ་རེད་འདུག ང་ཚོ་ཕལ་མོ་ཆེའི་དགོངས་པར་ཡིག་ཆ་ཁ་ཤས་བཀྲམ་རྒྱུ་དང་། ལོ་ལྟར་གསུམ་བཅུའི་དུས་དྲན་ལ་སྐད་འབོད་ཙམ་གྱི་ནང་རང་དབང་བསྐྱར་གསོའི་ལས་འགུལ་ཡོངས་སུ་རྫོགས་པ་དང་དེ་ཙམ་གྱིས་འཐུས་པར་བསམ་ན་ནོར་བ་རེད། དེ་མིན་རྒྱལ་ཁབ་གཞན་གྱི་རོགས་རམ་ལ་བརྟེན་ནས་རང་བཙན་དེ་རྒྱ་མི་ནས་བླངས་ཏེ་བོད་པར་སྤྲད་ཀྱི་རེད་སྙམ་ན་དེ་ལྟ་བུ་ནི་རྩ་བ་ནས་ཡོང་རེ་མེད། ང་ཚོའི་རང་དབང་བསྐྱར་གསོའི་ལས་དོན་ནི་བོད་མི་རང་གིས་བྱེད་དགོས་པ་མ་གཏོགས། རྒྱལ་ཁབ་གཞན་གྱིས་བྱེད་ཐབས་མེད། བོད་མི་རང་གིས་བྱེད་པའི་སྐབས་སུའང་རྒྱལ་ཁབ་གཞན་དག་གིས་ཁ་ཕན་ཚིག་ཕན་དང་། རྒྱལ་སྤྱིའི་བསམ་ཚུལ་ཐོག་ནས་རྒྱབ་སྐྱོར་ཡོང་རྒྱུ་རེད། ང་ཚོས་བློས་བཏང་དང་ངལ་བ་མ་བྱས་པར་གཞན་ལ་རོགས་བཅོལ་བ་ཁོ་ན་ལ་བཞག་ན་ཡོང་རྒྱུ་གང་ཡང་མེད། ང་ཚོས་ལས་འགུལ་བྱེད་རྒྱུ་དེའང་བོད་ནང་མ་གཏོགས། རྒྱལ་ཁབ་གཞན་ནང་སྐད་འབོད་དང་ལས་འགུལ་བརྩམས་པས་བསམ་ཚུལ་སྤེལ་རྒྱུ་དྲིལ་བསྒྲགས་བྱེད་རྒྱུ་ཙམ་གྱི་ཁྱད་མ་གཏོགས། དེ་ལས་སྤྲོས་ཏེ་དངོས་དོན་ཐོག་ཕན་གནོད་འདྲེས་པའི་གནས་སྟངས་ཡོང་ཁག་པོ་རེད། དེར་བརྟེན་ང་ཚོའི་མ་འོངས་པའི་ཆབ་སྲིད་ཀྱི་ལས་འགུལ་རྩོམ་ཕྱོགས་ཐོག་ལའང་བསམ་བློའི་ནང་བང་འགྲིགས་པོ་དང་གསལ་པོ་དགོས་འདུག ངས་འདིར་བང་རིམ་དང་འགྲོ་སྟངས་འདི་ལྟར་ཡོད་ཅེས་ཞུ་རྒྱུ་མི་འདུག་ཀྱང་། དེའི་ཐོག་ངེས་པར་དུ་དགོངས་པ་བཞེས་དགོས་ཞེས་ཡང་ཡང་ཞུ་རྒྱུ་ཡིན། དེ་ཡང་དགོངས་པ་བཞེས་པའི་གཞི་རྩར་གནད་དོན་གསུམ་ངེས་པར་དུ་མཁྱེན་དགོས། དང་པོ། བོད་རང་དབང་བསྐྱར་གསོ་བྱེད་དགོས་པའི་དམིགས་ཡུལ། གཉིས་པ། དམིགས་ཡུལ་དེ་ཐབས་ལམ་ཇི་ལྟ་བུའི་སྒོ་ནས་སྒྲུབ་པ། གསུམ་པ། ཐབས་ལམ་དེའི་བརྒྱུད་ནས་བོད་རང་དབང་བསྐྱར་གསོ་བྱུང་ན་རང་དབང་ཅན་གྱི་བོད་དེ་ཇི་ལྟར་བཟོ་དགོས་པ་དང་དེའི་འཆར་གཞི། གལ་ཏེ་དེ་གསུམ་མ་མཁྱེན་ན་རང་དབང་བསྐྱར་གསོའི་ལས་དོན་ཐོག་ཞུགས་ཐུབ་ཐབས་མེད། འགྲོ་མི་འདོད་དང་། ལམ་ནོར་བ། ལམ་ལ་ཐེ་ཚོམ་ཟ་བ་ཞེས་གསུངས་པ་བཞིན་ང་ཚོས་ཅིའི་ཕྱིར་རང་དབང་སྒྲུབ་པ་དང་། རང་དབང་སྒྲུབ་པའི་ཐབས་ལམ་ཇི་ལྟ་བུ་ལག་ལེན་བསྟར་བ། ཐབས་ལམ་དེའི་ཐོག་ནས་རང་དབང་བསྒྲུབས་པའི་རྗེས་སུ་རྒྱལ་ཁབ་ཇི་ལྟར་བཟོ་རྒྱུ་ཡིན་པ་བཅས་གསུམ་པོ་དེ་ཐུགས་ལ་གསལ་པོ་ཡོད་པའི་ཐོག་ནས་འཆར་གཞི་བསྒྲིག་དགོས། གལ་ཏེ་དེ་གསུམ་གསལ་པོ་མེད་ན་ང་ཚོས་བང་དང་འཆར་གཞི་སྒྲིག་ཐུབ་ཐབས་མེད། གོང་དུ་ཞུས་པ་བཞིན་བོད་རང་དབང་སྒྲུབ་དགོས་པ་ནི་ཆབ་སྲིད་ཀྱི་ཆ་ནས་རྒྱལ་ཁབ་རང་བཙན་པ་གཞན་ཞིག་དགོས་པའི་ཆེད་དུ་རང་དབང་སྒྲུབ་པ་མིན་ལ། བོད་ཀྱི་རང་དབང་ནི་བོད་པ་རྐྱང་པའི་ཁེ་ཕན་སྒྲུབ་པའི་དོན་དུའང་མིན། དེ་ནི་འགྲོ་བ་མི་རིགས་སྤྱིའི་མཐར་ཐུག་གི་ཞི་བདེ་དང་ཁེ་ཕན་ལ་འབྲེལ་བ་ཡོད་པར་བརྟེན། ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ནང་དོན་རིག་པ་སྲུང་སྐྱོབ་བྱ་རྒྱུ་ནི་འགྲོ་བ་མི་རིགས་སྤྱིའི་དོན་དུ་འཁྲི་བའི་ང་ཚོའི་ལས་འགན་ཡིན། དེའི་ཆེད་དུ་ང་ཚོ་ལ་ཆབ་སྲིད་ཀྱི་རང་དབང་མ་བྱུང་ན་སྣོད་དང་བཅུད་གཉིས་ཀའི་ཆ་ནས་སྒྲུབ་ཐབས་མེད་པར་བརྟེན། ཆབ་སྲིད་ཀྱི་རང་དབང་དེ་དགོས་པ་ཡིན། དེས་ན་ང་ཚོའི་ཆབ་སྲིད་ཀྱི་རང་དབང་ནི་མཐའ་མའི་དམིགས་ཡུལ་མིན་ཞིང་། དེ་ནི་ཐབས་ལམ་མམ་ཡན་ལག་ཅིག་ཡིན། ང་ཚོ་ཚང་མ་ཐེག་ཆེན་པ་ཡིན་ཞེས་བརྗོད་ཀྱི་ཡོད། གལ་ཏེ་རང་དོན་དུ་སངས་རྒྱས་ཐོབ་འདོད་བྱེད་ན་ཐེག་ཆེན་སེམས་བསྐྱེད་དུ་མི་འགྱུར་བ་དེ་ཤེས་གསལ་རེད། ཐེེག་ཆེན་སེམས་བསྐྱེད་ནི་གཞན་དོན་དམིགས་ཡུལ་དུ་བཞག་ནས་དེའི་ཡན་ལག་ཏུ་སངས་རྒྱས་ཐོབ་དགོས་སྙམ་པ་དེ་ཡིན། གལ་ཏེ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་གཞན་དོན་འབད་མེད་ལྷུན་གྲུབ་བྱེད་མི་ཐུབ། དེས་ན་ང་ཚོའི་རྒྱལ་ཁབ་ཀྱི་རང་དབང་ཡོང་དགོས་པ་ནི་དམིགས་ཡུལ་མིན་ཞིང་། རང་དབང་ཅན་གྱི་རྒྱལ་ཁབ་དེ་ནས་བོད་མི་ཚོས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་བསྒྲུབ་རྒྱུ་དེ་དམིགས་ཡུལ་ཡིན། གཞན་དོན་དེ་སྒྲུབ་པའི་ཡན་ལག་གམ་ཆ་རྐྱེན་དུ་ཆབ་སྲིད་ཀྱི་རང་དབང་དགོས་པ་ནི་ཐབས་ལམ་ཡིན། དེར་བརྟེན་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་སྡུག་དང་འབྲེལ་བའི་བོད་ཀྱི་ཆབ་སྲིད་ཀྱི་རང་དབང་སྒྲུབ་དགོས་པ་ནི་ང་ཚོའི་དམིགས་ཡུལ་ཡིན་པ་གསལ་པོ་མཁྱེན་དགོས། དེ་ལྟ་བུའི་དམིགས་ཡུལ་སྒྲུབ་པ་ལ་རྒྱལ་ཁབ་དང་མི་རིགས་ཀྱིས་ཐག་གཅོད་དང་། དབུ་ཁྲིད་ཀྱིས་ལམ་སྟོན་གང་གནང་ཡོད་དམ་ཞེ་ན། དེ་ནི་འཚེ་མེད་ཞི་བའི་ལམ་ཉག་གཅིག་ལ་བརྟེན་པ་མ་གཏོགས། འཚེ་བའི་ལམ་ལ་ནམ་ཡང་མི་བསྟེན་པ་དེ་ཡིན། དེ་ཡང་བཅའ་ཁྲིམས་སུ་འཁོད་པའི་རྒྱལ་ཁབ་ཀྱི་ཐག་གཅོད་ཅིག་རེད། ཐག་གཅོད་དེ་ལ་ཚང་མས་དམ་བཅའ་བཞག་ཡོད། དེས་ན་ཐབས་ལམ་ནི་འཚེ་མེད་ཞི་བའི་ལམ་ལས་གཞན་མེད་པ་དེ་ངེས་པར་དུ་མཁྱེན་དགོས། དེ་ལྟ་བུའི་ཐབས་ལམ་ཐོག་ནས་བོད་རང་དབང་བསྐྱར་གསོ་བྱུང་ན། དེ་ནི་ཧོང་ཀོང་དང་སིང་ག་པུར་ལྟ་བུ་བཟོ་རྒྱུའི་དོན་དུ་མིན། དེ་ནི་ནང་དོན་རིག་པའི་ལྟེ་གནས་ལྟ་བུ་དང་། འཛམ་གླིང་ཡོངས་སུ་འཚེ་བ་དང་འཇིགས་རྔམས་ཅན་གྱི་དཔལ་འབྱོར་གྱི་གནས་སྟངས་དེའི་ཐོག་ནས་སྐྱབས་མ་ཐོབ་པ་རྣམས་ལ་ངལ་གསོ་བའི་བསྟི་གནས་ལྟ་བུ། གང་ལྟར་རྒྱལ་སྤྱིས་ངོས་འཛིན་བྱས་པའི་ཞི་བའི་བསྟི་གནས་ཀྱི་ཡུལ་ལྗོངས་ཤིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་གཟུང་དགོས། ཞི་བའི་བསྟི་གནས་ཤེ་ན་དམག་རྐྱང་པ་ལས་ཐར་བ་ལ་མི་ཟེར། དེ་ནི་དམག་དང་། དཔལ་འབྱོར། ཆབ་སྲིད་སོགས་གནས་སྟངས་མང་པོའི་ཐོག་ནས་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་ནི་ང་ཚོའི་མ་འོངས་པའི་འཆར་གཞི་ཆེ་ཤོས་དེ་རེད། དེ་ལྟ་བུའི་ཞི་བའི་བསྟི་གནས་དེ་ཁོར་ཡུག་གི་ཆ་ནས་བལྟས་ན་འཛམ་གླིང་གི་རང་བྱུང་ཁམས་ཀྱི་ཁོར་ཡུག་གི་སྲུང་སྐྱོབ་ཀྱི་རྭ་བ་ལྟ་བུ་ཞིག་ཆགས་རྒྱུ། དེ་ལྟ་བུ་ཡོང་བ་ལ་དཔལ་འབྱོར་གྱི་གནས་སྟངས་དེ་མ་རྩའི་རིང་ལུགས་སམ་ཁྲོམ་རྭའི་རིང་ལུགས་དང་། དམར་པོའི་རིང་ལུགས་སམ་སྤྱི་ཚོགས་རིང་ལུགས་ཀྱི་མཐའ་གཉིས་སུ་མ་ལྷུང་བར་གང་ཟག་གིས་དཔལ་འབྱོར་ལ་དབང་བསྒྱུར་བ་མ་གཏོགས། དཔལ་འབྱོར་གྱིས་གང་ཟག་ལ་དབང་བསྒྱུར་མི་བྱེད་པའམ་གང་ཟག་གི་རང་དབང་དཔལ་འབྱོར་གྱིས་མི་འཕྲོག་པའི་དབུ་མའི་ལམ་གྱི་དཔལ་འབྱོར་གྱི་ལམ་སྲོལ་ལ་བརྟེན་ནས་འགྲོ་དགོས་པའི་དམིགས་ཡུལ་དེ་མཐའ་མའི་བོད་གསར་པའི་འཛུགས་སྐྲུན་གྱི་གནས་སྟངས་དེ་རེད། དེ་དག་ཐུགས་ལ་ངེས་པའི་ཐོག་ནསབོད་གསར་པའི་འཛུགས་སྐྲུན་དང་བོད་རང་དབང་བསྐྱར་གསོའི་ལས་དོན་གྱི་རིམ་པའི་ནང་ཇི་ལྟར་ཕེབས་མིན་གྱི་རིམ་པ་དེ་ངེས་པར་དུ་ཐུགས་ལ་ངེས་པ་དང་བང་བསྒྲིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
མོན་གོར་གཞིས་ཆགས་ནི་བོད་མིའི་གཞན་ཆགས་གཞན་དང་མི་འདྲ་བར་མང་ཚོགས་སེར་སྐྱ་ཡོངས་སུ་རྫོགས་པ་ཐུགས་དམ་ཚིག་མཐུན་པོ་དང་། བོད་གཞུང་གི་སྒྲིག་འཛུགས་འོག་ཏག་ཏག་ཕེབས་མཁན། ལབ་གླེང་དང་རྙོག་ཁྲ་སོགས་མེད་པའི་གནས་སྟངས་ཡག་པོ་འདུག་པས་ཁྱེད་རྣམ་པ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལེགས་སོ་བསྔགས་བརྗོད་ཡོད། མ་འོངས་པར་ཡང་དེ་ལྟར་མུ་མཐུད་གནང་དགོས། བཅའ་ཁྲིམས་ནང་བོད་མིའི་གནས་སྡོད་གཞིས་ཆགས་ཁག་རྣམས་སོ་ནམ་གྱི་ལས་རིགས་ཀྱང་དེང་རབས་ཅན་བསྒྱུར་ཐུབ་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཀྱི་སྲིད་བྱུས་ཤིག་གི་ནང་ཁོར་ཡུག་སྲུང་སྐྱོབ་དེ་ཧ་ཅང་གལ་ཆེ་བར་བརྩི་བར་བརྟེན། འདིར་ལས་རིམ་གང་བྱས་ཀྱང་ཁོར་ཡུག་གི་གནས་སྟངས་ཉམས་ཆག་མི་འགྲོ་བར་རྒྱུན་གནས་ཐུབ་པའི་ཡར་རྒྱས་དེ་དག་གོང་མཐོར་གཏོང་དགོས། ཁ་སང་ལྟ་སྐོར་དུ་ཕྱིན་པའི་སྐབས་སུའང་གནས་ཚུལ་མང་པོ་ང་ཚོའི་དམིགས་ཡུལ་དང་མཐུན་པར་ཕྱག་ལས་གནང་བཞིན་པ་དང་། མ་འོངས་པར་གནང་འཆར་ཡོད་པ་ཤེས་ཚོར་བྱུང་།
ད་ལྟའི་རྒྱ་ནག་གིས་གསལ་བསྒྲགས་བྱས་པའི་སྲིད་བྱུས་ནང་བོད་མིའི་ནང་དཀྲོག་གཏམ་དང་མ་འཆམ་པ་བཟོ་རྒྱུའི་ཐབས་ལམ་མང་པོ་བསྟེན་པ་དེ་དག་ལ་དྭོགས་གཟོན་གནང་སྟེ་གང་བྱུང་གི་དཀྲོག་གཏམ་རྗེས་སུ་མ་ཕེབས་པར་གནས་ཚུལ་ཞིབ་ཚགས་པོས་བརྟག་དཔྱད་གནང་དགོས། ལྷག་པར་དུ་སྤྱི་ཚོགས་ཀྱི་ལས་དོན་དང་། ཆབ་སྲིད་ཀྱི་ལས་དོན་གང་ཡིན་ནའང་བྱ་ས་ལྟེ་བ་ནི་༧གོང་ས་མཆོག་དང་བཙན་བྱོལ་གཞུང་གནས་སའི་རྒྱ་གར་ནང་སྤེལ་དགོས་པ་དང་། རྒྱ་གར་ནང་ལས་འགུལ་ཤུགས་ཆེ་མ་ཕྱིན་ན་ཆབ་སྲིད་ཀྱི་ལས་དོན་མང་པོ་འགག་པ་ཡིན། དེར་བརྟེན་རྒྱ་གར་གྱི་མང་ཚོགས་རྣམས་ང་ཚོའི་མཉམ་དུ་གདུང་སེམས་མཉམ་བསྐྱེད་ཡོང་ཐུབ་པ་བཟོ་དགོས། ས་གནས་གང་དུའང་བོད་པའི་སྤྱི་ཚོགས་དང་རྒྱ་གར་གྱི་སྤྱི་ཚོགས་དབར་ལ་འགལ་ཟླ་མེད་པར་དམ་ཚིག་མཐུན་པོ་ཡོང་ཐབས་གནང་དགོས། ཉེ་ཆར་དིལླཱིར་བཀའ་མོལ་བྱུང་དོན་ལ། རྒྱ་གར་ནང་བོད་མི་འབུམ་གཅིག་ཙམ་ཡོད་པ་དང་། བོད་མི་རེས་ཉིན་གཅིག་ལ་རྒྱ་གར་གཉིས་རེ་གྲོགས་པོ་བཟོ་ཐུབ་ན་ཉིན་རེར་རྒྱ་གར་བ་འབུམ་གཉིས་འཐོན་ཐུབ། གང་ལྟར་སོ་སོས་རྒྱ་གར་ནང་ལས་འགུལ་སྤེལ་ནས་རྒྱ་གར་མང་ཚོགས་མང་པོ་ང་ཚོའི་མཉམ་དུ་འཁྲིད་མ་ཐུབ་ནའང་། ཁོང་ཚོ་དང་མི་མཐུན་པ་མི་ཡོང་བའི་ཐབས་ལམ་ངེས་པར་དུ་གནང་དགོས་པ་ནི་གལ་ཆེན་པོ་འདུག
ད་རེས་ཁྱེད་ཚོ་ཉི་མ་ཚ་པོའི་ནང་རྒྱུན་རིང་བཞུགས་དགོས་བྱུང་བས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། སྤྱིར་བཤད་དགོས་པའི་གནས་ཚུལ་མང་པོ་ཡོད་ཀྱང་། ཉིན་གཅིག་ནང་ཚང་མ་བཤད་ཐུབ་ཐབས་མེད། དངོས་གནས་བྱས་ན་མང་ཚོགས་ཀྱིས་བཀའ་འདྲི་གནང་རྒྱུ་དང་། མང་ཚོགས་ཀྱི་བསམ་ཚུལ་ཉན་པའི་གོ་སྐབས་འབུལ་དགོས་ཀྱང་། མང་ཚོགས་འདུ་འཛོམས་ཆེ་བར་བརྟེན་དྲི་བ་དྲིས་ལན་སོགས་ལ་དུས་ཚོད་བཏང་ན་ཏག་ཏག་ལག་ལེན་དུ་འཁེལ་བ་ཡོང་བཟོ་མི་འདུག དེར་བརྟེན་དོ་དགོང་མང་ཚོགས་ཉུང་ཤས་དང་ལྷན་དུ་བཞུགས་མོལ་ཚོགས་འདུའི་འཆར་གཞི་ཡོད། མང་ཚོགས་ནང་ནས་བཀའ་འདྲི་གནང་རྒྱུ་ཡོད་པ་དང་། དྭོགས་པ་མ་ཆོད་པ། མང་ཚོགས་ཀྱི་བསམ་ཚུལ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་དགོས་པ་སོགས་ཡོད་ན་ཕེབས་རོགས་གནང་། དོ་དགོང་དུས་ཚོད་ཡག་པོ་བཏང་སྟེ་མི་མང་གི་དགོངས་ཚུལ་རྣམས་གསལ་པོ་ཤེས་ཐུབ་པ་དང་། ལྷག་པར་དུ་མི་མང་གིས་དྭོགས་མ་ཆོད་པའི་བཀའ་འདྲི་གནང་དགོས་རིགས་ཆ་ཚང་ལ་བགྲོ་གླེང་བྱུང་ན་ཡག་པོ་འདུག
མཐའ་བསྡོམས་སུ་ང་ཚོ་ཚང་མས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་འགྲུབ་པའི་བསྔོ་བ་སྨོན་ལམ་རྒྱུན་ལྡན་གནང་གི་ཡོད་ལ། མ་འོངས་པར་ཡང་མུ་མཐུད་དེ་གནང་རོགས་གནང་ཞུ་རྒྱུ་ཡིན། གང་ལྟར་ང་ཚོར་ཛ་དྲག་ཆེ་བ་ནི་བོད་ཀྱི་ནང་གནས་ཚུལ་ཆ་ཚང་རྩ་མེད་དུ་མ་ཕྱིན་གོང་དུ་བོད་རང་དབང་བསྐྱར་གསོ་ཡོང་དགོས་པ་དང་། ༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པོ་ཆེན་པོ་འདིས་ཉུང་མཐར་ལོ་བཅོ་ལྔ་ཙམ་རང་དབང་ལྡན་པའི་བོད་ཀྱི་ནང་དབུ་ཁྲིད་གནང་ཐུབ་པ་མ་བྱུང་ན་ཧ་ཅང་ཡ་ཡུས་ཆེན་པོ་འགྲོ་རྒྱུ་རེད། དེས་ན་ཚང་མས་དེའི་ཐོག་དགོངས་པ་རྒྱ་ཆེར་བཞེས་དགོས། ལར་ནས་༧གོང་ས་མཆོག་གིས་བོད་རང་དབང་བྱུང་ན་བོད་ཀྱི་ཆབ་སྲིད་ཀྱི་མཛད་འགན་མི་བཞེས་པའི་བཀའ་ཐེངས་མང་གནང་ཟིན་རུང་། སྐབས་དེར་མང་ཚོགས་ཀྱིས་དེ་ལྟར་བཀའ་མ་གནང་རོགས་ཞེས་ཞུ་རྐྱང་ཞུས་པ་རེད། དེ་ལས་མང་ཚོགས་ཀྱི་ལས་དོན་བྱེད་སྟངས་ཀྱི་ཐོག་ནས་དབུ་ཁྲིད་གནང་རྒྱུའི་ཐུགས་འདོད་ཡོང་བའི་ཁོར་ཡུག་གམ་གནས་སྟངས་ཤིག་བསྐྲུན་ཐུབ་པ་གནང་དགོས། ང་ཚོས་དེ་ལྟ་བུའི་ཁོར་ཡུག་མ་བསྐྲུན་པར་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་པ་རྐྱང་པས་ཕན་ཐོགས་མེད། དེས་ན་རྟག་ཏུ་༧གོང་ས་མཆོག་གིས་བཀའ་གནང་བ་རྣམས་ཚུལ་བཞིན་དུ་བསྒྲུབ་ན་ཞུ་བ་འབུལ་མི་དགོས་པར་རང་བཞིན་ལྷུན་གྲུབ་ཡོང་རྒྱུ་རེད། ཐུགས་རྗེ་ཆེ།
(འདི་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ ༡༩༩༤ ཕྱི་ཟླ་ ༣ ཚེས་ ༢༨ ཉིན་མོན་གོར་འདོད་རྒུ་གླིང་གཞིས་ཆགས་སུ་བོད་མི་སེར་སྐྱ་མི་མང་ཡོངས་ལ་གནང་བའི་གསུང་བཤད་ཡིན།)