བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་སྐོར་ལས་བརྩམས་པའི་གསུང་བཤད།

༄༅། །ཁྱེད་རང་ཚོའི་ནང་མང་ཤོས་ཁ་སང་འདི་ནས་དགེ་རྒན་འོས་སྦྱོང་ཐོན་པ་ཤ་སྟག་རེད་འདུག བྱས་དུས་ཡང་བསྐྱར་བསྐྱར་སྦྱོང་བྱེད་མི་དགོས་པའི་བཟོ་འདྲ་ཞིག་ཡོད་རེད། ཡིན་ནའང་བསྐྱར་སྦྱོང་བྱེད་རྒྱུ་དེ་ཁྲལ་གྱི་བཟོ་འདྲ་བྱས་ནས་བཏང་བཞག་ཡོད་ཀྱི་རེད། ང་ཚོ་སྐད་ཆ་བཤད་མཁན་ཚོས་ཀྱང་ཁྲལ་གྱི་བཟོ་འདྲ་བྱས་ཏེ་གྲ་སྒྲིག་གང་ཡང་མེད་པའི་ཐོག་ནས་ཡོང་བསྡད་ཡོད་པ་རེད།

ད་ལྟ་ང་ཚོས་སྐད་ཆ་བཤད་རྒྱུའི་སློབ་ཚན་དེ་བོད་སྐད་ཀྱི་ནང་དུ་འགྱུར་བ་འགྲོ་སྟངས་ཀྱི་ལམ་སྲོལ་ཞེས་པ་འདི་རེད། དེའི་ཐོག་ལ་ཁྱེད་རང་ཚོས་མ་མཁྱེན་པའི་གསར་པ་ཞུ་རྒྱུ་གང་ཡང་མི་འདུག མ་གཞི་ནས་ངས་སློབ་སྦྱོང་བྱ་ཡུལ་གཞི་རྩ་འདྲ་པོ་དེ་སྐད་ཡིག་མ་རེད། སྤྱིར་བཏང་སྐད་ཡིག་གང་འདྲ་ཞིག་ཡིན་ཡང་འཕེལ་རྒྱས་ཕྱིན་པའི་རིམ་པ་ཞིག་ཡོད་པ་འདི་སྐད་ཡིག་ཚང་མའི་སྤྱི་ཁྱབ་གཤིས་ཀ་ཞིག་རེད། སྐད་ཡིག་གང་འདྲ་ཞིག་ཡིན་ཡང་འགྱུར་བ་མ་ཕྱིན་པར་ཐོག་མའི་རྣམ་པ་དེ་ག་རང་བསྡད་ཡོད་པ་ནི་རྩ་བ་ནས་ཡོད་པ་མ་རེད། ཐོག་མར་སྐད་ཡིག་དེ་བྱུང་བ་དང༌། བྱུང་བའི་རྗེས་ལ་ལེགས་བཅོས་བཏང༌། དེའི་རྗེས་ལ་ཡར་རྒྱས་ཕྱིན། ཡར་རྒྱས་དེ་ཡང་འགྱུར་བ་སྣ་ཚོགས་ཤིག་གི་ཐོག་ནས་འགྲོ་བ་འདི་སྐད་ཡིག་སྤྱིའི་ལམ་སྲོལ་ཞིག་ཆགས་ཡོད་རེད།

ནུབ་ཕྱོགས་པ་ཚོས་སྐད་དང་ཡི་གེ་རྩོམ་རིག་བཅས་སྡེ་ཚན་སོ་སོར་ཕྱེ་ནས་ལྟ་གི་ཡོད་རེད། ང་ཚོ་བོད་པས་དེ་འདྲའི་སྡེ་ཚན་ཟུར་དུ་ཕྱེ་ཡོད་མ་རེད། སྒྲ་རིག་པའི་ནང་དུ་གཙོ་ཆེ་བ་དེ་ལུང་སྟོན་པའི་རྣམ་གཞག་སླེབས་ཀྱི་ཡོད་རེད། ཚིག་རྒྱན་གྱི་བསྟན་བཅོས་དེ་ཡང་སྒྲ་རིག་པའི་ནང་དུ་བསྡུས་ཡོད་རེད། ཤར་ཕྱོགས་པའི་ལྟ་སྟངས་ལ་སྐད་ཡིག་གི་རིག་གནས་གང་འདྲ་ཞིག་ཡིན་ཡང༌། དེ་རིག་གནས་ལྔ་ཡི་ནང་ནས་སྒྲ་རིག་པའི་ཁོངས་སུ་བསྡུས་ཡོད་རེད། རིག་གནས་ཆུང་བ་ལྔ་ཕྱེ་བའི་སྐབས་སུ་སྙན་ངག་དང་མངོན་བརྗོད་སྡེབ་སྦྱོར་སོགས་ལོགས་སུ་ཕྱེ་ཡོད་པ་རེད་དེ། དེ་དག་ནི་ཚིག་རྒྱན་གྱི་བསྟན་བཅོས་ཀྱི་ཡན་ལག་ཅིག་རེད། སྤྱིར་བཏང་སྒྲ་རིག་པ་ཟེར་དུས་ལུང་སྟོན་པའི་རྣམ་གཞག་ལ་ཟེར་གྱི་ཡོད་རེད། བྱས་ཙང་བོད་སྐད་ཀྱི་ནང་ལ་ལུང་སྟོན་པའི་རྣམ་གཞག་དང་བརྡ་སྤྲོད་པའི་རྣམ་གཞག་གཉིས་གོ་དོན་གཅིག་པ་ཆགས་བསྡད་ཀྱི་ཡོད་རེད། ནུབ་ཕྱོགས་པའི་བསམ་བློའི་ནང་ལ་སྐད་ཡིག་གི་རིག་གནས་དང་རྩོམ་རིག་གི་རིག་གནས་གཉིས་པོ་དེ་ལོགས་ཀར་ཕྱེ་ནས། སྐད་ཡིག་སློབ་མཁན་གྱི་དགེ་རྒན་གྱིས་རྩོམ་རིག་སློབ་མི་ཤེས་པ་དང༌། རྩོམ་རིག་སློབ་མཁན་དགེ་རྒན་གྱིས་སྐད་ཡིག་སློབ་མི་ཤེས་པ་འདྲ་པོ་ཞིག་མཐོང་གི་ཡོད་པ་རེད། སྐད་ཡིག་སློབ་མཁན་དེ་ཚོས་ལུང་སྟོན་པ་དང༌། བརྡ་སྤྲོད། དེ་ནས་ཚིག་གི་སྒྲིག་འཛུགས་གཙོ་བོར་སློབ་ཀྱི་ཡོད་པ་རེད་མ་གཏོགས། ཚིག་དེ་སྙན་ངག་གི་རྒྱན་གྱི་བརྒྱན་པའི་འགྲོ་སྟངས་གང་འདྲ་ཡིན་སློབ་ཀྱི་ཡོད་པ་མ་རེད། དེ་ནས་རྒྱན་གྱི་རྣམ་གཞག་སློབ་དུས་ཚིགས་བཅད་དང༌། ཚིག་ལྷུག སྤེལ་མ་རྣམས་ལ་སྒྲ་ཡི་རྒྱན་དང་དོན་གྱི་རྒྱན་ལ་སོགས་པ་ཇི་ལྟར་སྦྱོར་ཚུལ་དེ་ཚོ་སློབ་ཀྱི་ཡོད་པ་རེད། ང་ཚོ་བོད་པས་དེ་གཉིས་གཅིག་པ་འདྲ་པོ་ཞིག་ཏུ་ལྟ་གི་ཡོད་པ་རེད། དེ་གཉིས་ལོགས་ཀ་ཡོད་མ་རེད་ཅེས་ཟེར་གྱི་ཡོད་མ་རེད་དེ། རིག་གནས་ཀྱི་དབྱེ་བ་ཕྱེ་བའི་སྐབས་ལ་སྐད་ཡིག་གི་རིག་གནས་དང་རྩོམ་རིག་གི་རིག་གནས་གཉིས་པོ་དེ་སྒྲ་རིག་པའི་ནང་དུ་གཅིག་པ་འདྲ་པོ་བྱས་ནས་བཞག་ཡོད་པ་རེད།

བོད་པའི་སྐད་ཡིག་དེ་འཛམ་གླིང་སྐད་ཡིག་གི་ནང་ནས་རྣམ་པ་གསར་པའི་གྲས་ཤིག་རེད། སྐད་ཡིག་རྙིང་པའི་གྲས་ལ་སླེབས་ཀྱི་ཡོད་པ་མ་རེད། བོད་པའི་སྐད་དེ་རྙིང་པ་རེད་མོད། སྐད་ཡིག་དང་མཉམ་དུ་འགྲོ་བའི་སྐད་དེ་དུས་རབས་བདུན་པའི་ནང་བྱུང་བ་ཡིན་དུས། དེ་ལ་ལོ་ངོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱ་ཙམ་གྱི་སྐད་ཡིག་གི་འཕེལ་རིམ་ཞིག་མ་གཏོགས་ཡོད་མ་རེད།

སྤྱིར་བཏང་གི་སྐད་ཡིག་ཡར་རྒྱས་འགྲོ་སྟངས་དེ་གང་འདྲ་ཞིག་ཡོད་རེད་ཅེ་ན། རྒྱ་གར་ནང་དུ་སྐད་རིགས་བཞི་ཞེས་ལབ་བསྡད་པ་དེ་ཚོ་སྐད་ཡིག་གི་འགྱུར་འགྲོས་ཀྱི་གཞི་རྩ་ལ་བརྟེན་པ་ཞིག་རེད། ལུང་དུ་སྟོན་པའི་རྣམ་གཞག་གི་སྒྲིག་འཛུགས་དང་བསྟུན་ནས་འགྲོ་བའི་སྐད་དེ་སྐད་ཡིག་གི་འཕེལ་རིམ་ནང་གི་མཐར་ཐུག་པ་དེ་རེད། བརྡ་སྤྲོད་པ་དང་ལུང་དུ་སྟོན་པའི་རྣམ་གཞག་དང་མཐུན་པའི་སྐད་ཡིག་དེ་སྐད་ཡིག་ཚད་ལྡན་རེད། དེ་འདྲའི་སྐད་དེ་མིའི་རང་བཞིན་གྱི་སྐད་ནང་ལ་བེད་སྤྱོད་བྱས་སྐབས་བསྟན་བཅོས་ནས་བཤད་པའི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་བེད་སྤྱོད་བྱེད་ཐུབ་ཀྱི་མེད་པ་སོང་ཙང༌། དེའི་ཐོག་ནས་ཀྱང་འགྱུར་བ་ཞིག་འགྲོ་གི་ཡོད་རེད། དེ་ལ་ཡུལ་མི་རང་བཞིན་པའི་སྐད་ཅེས་དང༌། བརྡ་སྤྲོད་ཀྱི་མཚན་ཉིད་དང་མཐུན་པའི་སྐད་དེ་ལ་ལེགས་སྦྱར་གྱི་སྐད་ཅེས་ལབ་ཀྱི་ཡོད་པ་རེད། དེ་ནས་བེད་སྤྱོད་ཀྱི་དབང་གིས་སྐད་ཀྱི་ཟུར་ཆག་འགྲོ་དུས་སྒང་ལ་ཟུར་ཆག་གི་སྐད་དང༌། ཟུར་ཆག་དེ་ནས་ཀྱང་དཔེར་ན་ཡུལ་མཐའ་འཁོབ་ཀྱི་ནང་ལ་བེད་སྤྱོད་བྱེད་པའི་ཟུར་ཆག་དེ་འདྲ་ཆགས་སོང་བ་ཡིན་ན་ཤ་ཟའི་སྐད་ཅེས་ལབ་བསྡད་ཀྱི་ཡོད་རེད། དེ་ལྟར་རྒྱ་གར་གྱི་སྐད་ཡིག་གི་འགྱུར་བའི་འགྲོས་ལ་རིམ་པ་བཞི་ཙམ་ཞིག་རྒྱ་གར་གྱི་སྔ་རབས་མཁས་པ་རྣམས་ཀྱིས་ངོས་འཛིན་གནང་གི་ཡོད་པ་རེད། སྐད་ཀྱི་རྣམ་གཞག་དེ་ཚོ་ཡང་འགྱུར་བའི་འགྲོས་ཤིག་རེད་མ་གཏོགས་བོད་པ་དང་རྒྱ་མིའི་སྐད་ནང་བཞིན་གྱི་ངོ་བོ་ཐ་དད་པ་ཞིག་མ་རེད།

གོང་དུ་ཞུས་པ་དེ་ལྟར་ན་ང་ཚོའི་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་དེ་ཡང་དེ་འདྲ་ཞིག་རེད་དམ་ཞེ་ན། ཕལ་ཆེར་དེ་འདྲ་ཞིག་ཕྱིན་ཡོད་པ་རེད། སྐད་ཡིག་སྤྱིའི་འགྱུར་འགྲོས་ལ་རྒྱ་གར་བའི་སྐད་ཡིག་ལ་ལྟ་སྟངས་ནང་བཞིན་བལྟས་པ་ཡིན་ནའང་བལྟ་ཐུབ་པ་ཞིག་ཆགས་ཀྱི་ཡོད་རེད། དེ་ལྟར་བྱས་དུས་དང་པོ་སྐད་ཡིག་འགྱུར་བ་འགྲོ་ས་དེ་ཡང་དག་པ་ཞིག་དང་འགྱུར་བ་ཕྱིན་པའི་སྐབས་ལ་ཡང་དག་པ་མ་ཡིན་པ་བྱས་ནས་ཉམས་ཆག་ཕྱིན་པ་འདྲ་པོ་ཞིག་བཤད་པ་རེད།

ཡང་དེ་འདྲ་མ་རེད། སྐད་ཡིག་གི་འགྱུར་བ་དེ་བེད་སྤྱོད་བཏང་རིམ་གྱིས་སྐད་ཡིག་གཞན་དང་མཉམ་དུ་འབྲེལ་བ་བྱས་ཏེ་སྐད་ཡིག་གཞན་གྱི་ཤུགས་རྐྱེན་ཐེབས་པ་ལས་ཡར་རྒྱས་ཕྱིན་པ་རེད་སྙམ་དུ་དྲན་སྲིད་ཀྱི་རེད། སྐབས་འདིར་ཤར་ཕྱོགས་པ་དང་ནུབ་ཕྱོགས་པ་གཉིས་ཀྱི་འཇིག་རྟེན་ལྟ་སྟངས་དེ་མི་འདྲ་བ་ཞིག་ཆགས་བསྡད་ཀྱི་ཡོད་པ་རེད། འགྱུར་བའི་རྣམ་པ་ཤར་ནུབ་གཉིས་ཀས་ཁས་ལེན་ཀྱི་ཡོད་རེད་དེ། འགྱུར་བ་འགྲོ་སྟངས་ཐད་ཤར་ཕྱོགས་པས་ག་རེ་བསམས་ཀྱི་ཡོད་རེད་ཅེ་ན། བསྐལ་པ་རྫོགས་ལྡན་དང༌། གསུམ་ལྡན། གཉིས་ལྡན། རྩོད་ལྡན་ཞེས་ཐོག་མའི་དུས་ཚོད་ལ་ཡར་རྒྱས་ཀྱི་མཐར་ཐུག་པ་དང༌། དེ་ནས་རིམ་གྱིས་མར་ཉམས་ཡོང་དུས། ད་ལྟའི་གནས་སྐབས་འདི་དུས་ཚོད་ཀྱི་སྡུག་ཤོས་དང་ཉམས་ཆག་ཕྱིན་པའི་མཐར་ཐུག་པ་ཡིན་དུས་རྩོད་ལྡན་གྱི་དུས་དང༌། རྩོད་ལྡན་དེ་ཡང་མར་ཉམས་འགྲོ་དུས་ཚེ་ལོ་བཅུ་པ་བར་འགྲོ་བ་དང༌། དེ་ནས་ཡང་ཚེ་ལོ་ཡར་རྒྱས་ཀྱི་སྐབས་ལ་རིག་གཞུང་ཡང་ཡར་རྒྱས་སུ་འགྲོ་བའི་ལྟ་སྟངས་ཤིག་གིས་བལྟས་ཡོང་དུས། འཇིག་རྟེན་གྱི་ཐོག་མ་བཟང་པོ་ཞིག་དང༌། དེ་ནས་མར་ཉམས་ཆག་ཕྱིན་པ་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ནུབ་ཕྱོགས་པའི་ཚན་རིག་པ་ཚོའི་བསམ་ཚུལ་ལ། འཇིག་རྟེན་པའི་ཐོག་མ་དེ་གང་ཡང་མི་ཤེས་པ་ཞིག་དང༌། དེ་ནས་རིམ་གྱིས་རྡོ་ཡི་དུས་རབས་སོགས་ནས་མར་ཡོང་དུས་ཡར་རྒྱས་ཕྱིན་པ་ཞིག་དྲན་གྱི་ཡོད་རེད། བཤད་པ་དེ་གཉིས་ཀ་ལ་ཡང་རང་རང་གི་རིགས་པའི་ཐོག་ནས་ཚད་ལྡན་གྱི་བཤད་པ་བརྒྱབ་རྒྱུ་ཡོད་པ་ཞིག་རེད་མ་གཏོགས་རྟོག་བཟོ་འདྲ་པོ་ཞིག་རྩ་ནས་མ་རེད། དེ་བཞིན་སྐད་ཡིག་ལ་ཆ་གཞག་ན་ཡང་ཐོག་མར་ཡར་རྒྱས་འགྲོ་བའི་སྐབས་ལ། སྐད་དང་ཡི་གེ་གཉིས་ཀྱི་ནང་ནས་སྐད་སྔོན་ལ་བྱུང་བ་རེད། སྐད་དེ་མིའི་སྤྱི་ཚོགས་ཀྱི་རང་བཞིན་གྱི་གཤིས་ཀ་ལ་ཡོད་པའི་སྐད་ཅིག་རེད། བརྡ་སྤྲོད་རྣམ་གཞག་གི་བསྟན་བཅོས་དེ་ཚོ་རྗེས་ལ་བྱུང་བ་རེད།

རང་བཞིན་གྱི་སྐད་ལ་གནས་པའི་ཡི་གེ་དེ་དག་བརྡ་སྤྲོད་ཀྱི་རྣམ་གཞག་ནང་ལ་གང་འདྲ་ཞིག་བྱས་ནས་བཅིངས་ཀྱི་ཡོད་རེད་ཅེ་ན། ཡ་རབས་དང་ཁྱད་པར་དུ་འཕགས་པའི་གང་ཟག་གིས་བེད་སྤྱོད་བྱེད་པ་དེ་ཚད་གཞིར་བཟུང་ནས། དེ་ལ་བརྡ་སྤྲོད་ཀྱི་ཚན་རིག་གི་ཐོག་ནས་སྒྲིག་ལམ་ཞིག་བཟོས་པ་རེད། སྒྲིག་ལམ་དེ་ཡང་སྐད་ཁོ་རང་གི་སྟེང་ན་ཡོད་པ་དེ་ལ་བརྡ་སྤྲད་ནས་སྒྲིག་ལམ་འདི་འདྲ་ཞིག་རེད་ཅེས་ལབ་པ་མ་གཏོགས། སྐད་ཀྱི་རང་བཞིན་གྱི་གཤིས་ལ་མེད་པ་ཞིག་ལ་སྒྲིག་ལམ་གསར་པ་བཟོ་རྒྱུ་གང་ཡང་མེད་པ་རེད། དཔེར་ན་བྱེད་སྒྲ་དང་འབྲེལ་སྒྲ་དེ་ཚོ་ཡང་ཚིག་གྲོགས་སྔོན་མའི་རྗེས་འཇུག་ལ་ལྟོས་ནས་སྦྱར་དགོས་པ་དེ། གང་བརྗོད་བདེ་བ་ཞིག་གི་ཐོག་ནས་བརྗོད་པ་ཡང་དག་པ་འདྲེན་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས། དཔེར་ན། གང་གི་དྲིན་གྱིས་བདེ་ཆེན་ཉིད།། ཅེས་པ་ལས། གང་ཡི་དྲིན་གིས་བདེ་ཆེན་ཉིད།། ཅེས་སྦྱར་ན་མི་འགྲིག་པ་དེ་སྔ་མའི་སྒྲ་གདངས་གང་འདྲ་ཞིག་གི་རྗེས་ལ་ཕྱི་མའི་སྒྲ་གདངས་གང་འདྲ་ཞིག་འདྲེན་དགོས་ཡོད་པའི་རྣམ་གཞག་དང་བསྟུན་ནས་སྦྱར་དགོས་པ་ཞིག་ཆགས་ཀྱི་ཡོད་རེད། སྒྲིག་ལམ་དེ་ལྟར་ཡོང་གི་ཡོད་རེད། དེ་བཞིན་དུ་ཡི་གེ་ལ་ཕོ་མོ་མ་ནིང་གི་དབྱེ་བ་ཡོད་པ་ཡང་སྒྲ་གདངས་ལ་དྲག་ཞན་བར་མའི་ཁྱད་པར་ཡོད་པའི་དབང་གིས་ཡོང་གི་ཡོད་རེད། མིང་མཐའ་འདྲེན་ཚུལ་ཡང་མཐར་གཏུགས་ན་ངག་གི་རང་བཞིན་ལ་གང་གནས་པ་དེ་ལ་གཏུགས་དགོས་ཀྱི་ཡོད་རེད། བརྗོད་ཚུལ་གྱི་རང་བཞིན་ལ་མེད་པ་ཞིག་བཟོས་ཚེ་དེ་སྐད་ཀྱི་སྒྲིག་འཛུགས་ཤིག་ཆགས་ཀྱི་ཡོད་མ་རེད། དེ་ལྟར་བྱས་དུས་བརྡ་སྤྲོད་རྣམ་གཞག་དེ་སྐད་ཀྱི་ཆོས་ཉིད་དང་མཐུན་པ་ཞིག་བརྩམས་ཡོད་རེད། གནས་སྟངས་འདི་སྐད་ཡིག་ཚང་མ་ལ་གཅིག་གྱུར་རེད། ལུང་སྟོན་གྱི་རྣམ་གཞག་སྟོན་པའི་བསྟན་བཅོས་མེད་པའི་སྐབས་ལ་ཡང་ལུང་སྟོན་གྱི་རྣམ་གཞག་མེད་པ་མ་རེད། སུམ་ཅུ་པའི་རྩ་བ་ནས་གསུངས་པ་ནང་བཞིན་ང་ཚོའི་གཟུགས་པོའི་ནང་ཕུང་པོ་དང༌། ཁམས། སྐྱེ་མཆེད་རྣམས་ཡོད་དང་ཡོད་བཞིན་པ་རེད་མོད། དེ་དག་བརྡ་མ་སྤྲད་བར་དུ་འདི་ལ་ཕུང་པོ་དང༌། འདི་ལ་སྐྱེ་མཆེད་ཟེར་བ་སོགས་ཤེས་ཀྱི་ཡོད་མ་རེད། དེ་བཞིན་ལུང་སྟོན་པའི་རྣམ་གཞག་དེ་ཡང་སྐད་ཀྱི་རང་བཞིན་དུ་གང་ཡོད་པའི་གནས་ལུགས་རྣམས་བརྡ་སྤྲོད་པའི་བསྟན་བཅོས་ཀྱིས་བསྟན་ཡོང་དུས། ཡི་གེ་འདིའི་རྗེས་ལ་ཡི་གེ་འདི་སྦྱར་དགོས་པ་རེད་ཅེས་པའི་སྒྲིག་ལམ་འདི་ཡོང་གི་ཡོད་པ་རེད། ཕན་ཚུན་བརྡ་སྤྲོད་པའི་སྐབས་མ་ནོར་བ་བྱས་ནས་བརྡ་ཡང་དག་པ་ཞིག་འཕྲོད་རྒྱུ་དེ་གང་འདྲ་ཞིག་བྱས་ནས་ཡོང་གི་ཡོད་རེད་ཅེ་ན། ལུང་སྟོན་པའི་བསྟན་བཅོས་ཀྱི་མཚན་ཉིད་དང་མཐུན་པར་ངག་ཏུ་བརྗོད་པ་ཡིན་ན་བརྡ་ཡག་པོ་ཞིག་འཕྲོད་ཐུབ་ཀྱི་ཡོད་རེད།

རྣམ་རྟོག་གི་འགྱུར་བ་སྣ་ཚོགས་པ་དེ་རིགས་སྐྱེ་བོ་ཕན་ཚུན་གྱི་བར་དུ་གསལ་བར་བྱེད་པའི་ཐབས་ལམ་ནི་ལུས་ངག་གི་རྣམ་རིག་གཉིས་པོ་རེད། ལུས་ངག་གི་རྣམ་རིག་ཁྱད་པར་བ་དེ་མེད་པ་ཡིན་ན་རྣམ་རྟོག་གི་འགྱུར་བ་ག་ཚོད་ཅིག་ཡོད་ཀྱང་དེ་གང་ཟག་གཅིག་གི་རྣམ་རྟོག་ཙམ་རེད། གང་ཟག་གཞན་ལ་མངོན་པར་གསལ་བར་བྱས་ནས་ལུང་དུ་སྟོན་ཐུབ་ཀྱི་ཡོད་མ་རེད། ངག་གི་རྣམ་རིག་ཁྱད་པར་བ་དེ་ལ་ནོར་བ་དང་མ་ནོར་བའི་ཁྱད་པར་ཡོང་གི་ཡོད་པ་རེད། དེ་འདྲ་བའི་ནོར་མ་ནོར་གྱི་ཁྱད་པར་དེ་བརྡ་སྤྲོད་ཀྱི་གཞུང་ནས་སྟོན་གྱི་ཡོད་པ་རེད། བརྡ་སྤྲོད་ཀྱི་རྣམ་གཞག་དེ་ཡང་ངག་གི་མཚན་ཉིད་ལ་ཇི་ལྟར་གནས་པ་བཞིན་ཡོང་གི་ཡོད་པ་རེད། ངག་གི་རྣམ་རིག་ཁྱད་པར་བ་དེ་བརྡ་སྤྲོད་ཀྱི་རྣམ་གཞག་བརྩམས་པའི་སྐབས་སུ་ཡོངས་སུ་རྫོགས་ནས་ཡོད་པ་རེད།

ཐོན་མི་སམ་བྷོ་ཊས་བོད་ཀྱི་ལུང་སྟོན་པའི་རྣམ་གཞག་རྩོམ་པའི་ཚེ། སྐབས་དེ་དུས་ཀྱི་བོད་སྐད་ནང་གང་གནས་པའི་རྣམ་གཞག་དང་མཐུན་པའི་བརྡ་སྤྲོད་དང་ལུང་དུ་སྟོན་པའི་རྣམ་གཞག་ཅིག་བརྩམས་ཡོད་པ་རེད། ཚན་རིག་གི་ཐོག་ནས་ཀྱང་ཏག་ཏག་དེ་དང་མཐུན་པ་ཞིག་དང་དེ་ལས་འདའ་མི་རུང་བ་ཞིག་བརྩམས་ཡོད་པ་རེད་དམ་ཞེ་ན། ཏག་ཏག་དེ་དང་མཐུན་པ་ཞིག་བརྩམས་ཡོད་པ་རེད། ཡིན་ན་ཡང་སྐབས་དེའི་བརྡ་སྤྲོད་ཀྱི་རྣམ་གཞག་དང་མཐུན་པ་དེ་ཚོ་ཡང་དེའི་སྔོན་གྱི་ལོ་ངོ་སྟོང་ཕྲག་གཅིག་གི་སྔོན་གྱི་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་གྱི་ཡོད་མ་རེད། དེའི་སྔོན་གྱི་བོད་སྐད་དེ་ནི་རང་བཞིན་དང༌། ངོ་བོ། རྣམ་གྲངས་བཅས་ཀྱི་ཆ་ནས་ཐོན་མིའི་དུས་ཀྱི་བོད་སྐད་དང་མི་འདྲ་བ་ཞིག་ཡོད་ཀྱི་རེད། ཡིན་ན་ཡང་དེའི་སྐབས་སུ་ང་ཚོས་བརྡ་སྤྲོད་ཀྱི་རྣམ་གཞག་ཅིག་བརྩམས་ཡོད་མ་རེད། གལ་སྲིད་བརྩམས་ཡོད་ན་ཡང་དེང་སང་ང་ཚོར་རག་གི་ཡོད་མ་རེད། དེ་མ་རག་པ་ཡིན་ཙང་དེའི་འགྱུར་འགྲོས་ལ་བརྟག་རྒྱུའི་རྒྱུ་ཆ་གང་ཡང་ཡོད་མ་རེད། བྱས་ཙང་ང་ཚོས་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་ལ་བལྟ་རྒྱུའི་དུས་ཚོད་ཀྱི་མཚམས་ལྟ་བུ་ནི་ད་ལྟ་ང་ཚོར་རག་བཞིན་པའི་ལུང་སྟོན་པའི་གཞུང་དེ་ཚོ་བརྩམས་པའི་དུས་དེ་ལ་རྩི་བཞིན་པ་རེད། དེས་ན་ང་ཚོས་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་ལ་ལྟ་སྐབས། བོད་ཀྱི་ལུང་སྟོན་པའི་བསྟན་བཅོས་བརྩམས་པའི་དུས་དེ་ནས་བཟུང་བོད་ཀྱི་སྐད་ཡིག་གི་ནང་འགྱུར་བ་གང་འདྲ་ཞིག་ཕྱིན་པ་རེད། འགྱུར་བའི་འགྲོས་དེ་གང་འདྲ་ཞིག་བྱུང་ཡོད་རེད་ཅེས་བལྟ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། འགྱུར་བ་ཕྱིན་པའི་སྐབས་སུ་སྐད་ཡིག་གི་སྤུས་ཀ་ལ་བཟང་ངན་གྱི་ཚད་གཞི་འཇོག་པ་དེ་ང་ཚོའི་རྣམ་རྟོག་གི་ཁྱད་པར་ཞིག་རེད་མ་གཏོགས། སྐད་ཡིག་ཁོ་རང་གི་ཐོག་ནས་རང་མཚན་དུ་གྲུབ་པའི་ཁྱད་པར་ཞིག་ཡོད་པ་མ་རེད། དེ་བྱས་དུས་འགྱུར་བ་དེ་དང་འགྱུར་འགྲོས་དེ་ལ་རིམ་པས་ཡར་རྒྱས་ཀྱི་ཐོག་ནས་འགྱུར་བ་ཕྱིན་པ་རེད་ཅེས་ལབ་ན་ཡང་འགྲིག་གི་རེད། དེ་གཉིས་ཐ་སྙད་སྦྱོར་སྟངས་ཀྱི་ཁྱད་པར་ཞིག་རེད། དོན་དུ་དེ་གཉིས་གང་ཡིན་ཡང་འགྱུར་བ་ཕྱིན་པའི་འགྲོས་ཤིག་རེད། ནང་དོན་རྡོག་རྡོག་འདྲ་པོ་དེ་ཐོན་མིས་བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་བརྩམས་པའི་སྐབས་ལ། འདིར་དུས་རབས་བདུན་པའི་ནང་ཐོན་མིས་བོད་ཡིག་གསར་བཟོ་གནང་བའི་ཡོངས་གྲགས་བཤད་སྲོལ་དེ་ཡིན་ཤག་གིས་བཤད་པ་ཡིན་ཞེས་གསལ་བཤད་གནང༌། དེ་དུས་ཀྱི་བརྡ་སྤྲོད་ཀྱི་མཚན་ཉིད་དང་མཐུན་པར་ལེགས་པར་སྦྱར་བའི་སྐད་ཡིག་གང་ཡིན་པ་དེ་དང༌། ད་ལྟའི་དུས་རབས་ཉི་ཤུ་པའི་ནང་བེད་སྤྱོད་གཏོང་བཞིན་པའི་བོད་ཀྱི་སྐད་ཡིག་གཉིས་ཀྱི་དབར་ལ་འགྱུར་བ་གང་འདྲ་ཞིག་ཕྱིན་པ་རེད། འགྱུར་བ་འགྲོ་དགོས་པའི་རྐྱེན་དེ་གང་དང་གང་བྱུང་ཡོད་རེད། དེ་ལྟར་ང་ཚོས་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་ལ་ལྟ་སྟངས་དེ་འདྲ་ཞིག་རེད།

ཐོན་མིས་བརྡ་སྤྲོད་ཀྱི་རྣམ་གཞག་བརྩམས་པའི་སྐབས་ལ་སྐབས་དེའི་སྐད་ཀྱི་རྣམ་གཞག་དང་བསྟུན་ནས་སྐད་ཡིག་གི་སྒྲིག་ལམ་ཞིག་བཟོས་པ་རེད། སྤྱིར་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་ཡོངས་རྫོགས་ཀྱི་སྐད་ཡིག་གི་སྒྲིག་ལམ་བཟོ་སྟངས་དེ་གཅིག་པ་ཆགས་ཀྱི་ཡོད་རེད། དེ་ཡང་འདི་ལྟར་དུས་གསུམ་གྱི་རྣམ་གཞག་དང་བསྟུན་པའི་སྐད་ཀྱི་འཇུག་ཚུལ་མི་འདྲ་བ་དེ་ཚོ་ལ་སྒྲིག་ལམ་ཞིག་བཟོས་པ་རེད། རྣམ་དབྱེ་དང་ཚིག་ཕྲད་མ་སྦྱར་བར་མིང་དང་ཡི་གེ་རྐྱང་པ་ཡིན་པའི་སྐབས་སུ་གང་འདྲ་ཞིག་ཡིན་པ་དང༌། ཡི་གེ་འདུས་པ་ལས་གྲུབ་པའི་མིང་རྐྱང་དེ་ཚོ་རྣམ་དབྱེ་དང་ཚིག་ཕྲད་ཀྱིས་མཚམས་སྦྱར་བའི་སྐབས་སུ་དེས་དོན་སྟོན་སྟངས་ལ་མི་འདྲ་བའི་ཁྱད་པར་གང་འདྲ་ཡོང་གི་ཡོད་པ། ཚིག་ཏུ་བསྒྲུབས་ནས་དོན་སྟོན་ནུས་པའི་ཚིག་གྲུབ་བཟོ་སྟངས་དེ་ལ་རྣམ་དབྱེ་དང་ཚིག་ཕྲད་ཀྱི་སྦྱོར་བ་དེ་སྒྲིག་ལམ་གང་འདྲ་ཞིག་གི་ཐོག་ནས་སྦྱོར་དགོས་པ་དང༌། དེ་རྣམ་དབྱེ་དང་ཚིག་ཕྲད་ཀྱི་རམ་འདེགས་ལ་བརྟེན་ནས་དོན་སྟོན་སྟངས་ལ་མི་འདྲ་བའི་ཁྱད་པར་གང་འདྲ་ཞིག་ཡོང་གི་ཡོད་པ། དེ་ལ་བརྟེན་ནས་དུས་གསུམ་གྱི་རྣམ་གཞག་ཕྱེ་ཡོང་བའི་སྐབས་སུ་གང་འདྲ་ཞིག་བྱས་ནས་གོ་བརྡ་སྤྲོད་ཀྱི་ཡོད་པ། དུས་གསུམ་གྱི་རྣམ་གཞག་དེ་ལ་བརྟེན་ནས་མིང་མཐའ་འདྲེན་ཚུལ་ལ་ཁྱད་པར་གང་འདྲ་ཞིག་འགྲོ་གི་ཡོད་པ།

ཚིག་ཏུ་བརྗོད་པའི་སྐབས་སུ་བརྗོད་པར་བྱེད་པའི་བྱེད་པ་དང་རྩོལ་བ་དྲག་ཞན་བར་མ་གང་འདྲ་ཞིག་དགོས་ཀྱི་ཡོད་པ། དེས་དབྱུངས་པའི་ཡི་གེ་དེ་རིགས་ཕོ་མོ་མ་ནིང་གི་དབྱེ་བ་གང་འདྲ་ཞིག་གི་ནང་དུ་འགྲོ་དགོས་པ། ཕོ་མོ་མ་ནིང་གི་དབྱེ་བར་ཚུད་པའི་ཡི་གེ་དེ་རིགས་ཡི་གེ་གཞན་དང་མཉམ་འབྲེལ་བྱས་ཡོང་བའི་སྐབས་སུ་ཁྱད་པར་ག་རེ་ཡོང་གི་ཡོད་པ་དེ་ཚོ་བཤད་རྒྱུ་ནི་ལུང་སྟོན་པའི་རྣམ་གཞག་སྤྱིའི་སྒྲོམ་གཞི་རེད། དེ་བྱས་དུས་བྱཱཀརཎའི་བསྟན་བཅོས་དེ་སྒྲོམ་གཅིག་ཆགས་ཀྱི་ཡོད་རེད། དེ་ནས་སྐད་ཡིག་གི་ཡར་རྒྱས་ཡོངས་སུ་μོགས་པ་རེད་དམ་ཞེ་ན་མ་རེད། ཐོན་མིས་བོད་ཀྱི་སྐད་ཡིག་བཟོས་པའི་རྗེས་སུ་ཡང་མ་འདང་བའི་ཆ་མང་པོ་ཞིག་ཡོད་པ་རེད། སྐད་ཡིག་གཞན་དང་མཉམ་དུ་འབྲེལ་བ་བྱས་ཏེ་མིང་ཚིག་མང་དུ་གཏོང་དགོས་པའི་དགོས་མཁོ་ད་དུང་བསྡད་ཡོད་པ་རེད། བོད་ཀྱི་སྐད་ཡིག་ནང་བཀའ་བསྟན་བསྒྱུར་བའི་སྐབས་སུ་མིང་ཚིག་གསར་པ་མང་པོ་བཟོས་ཡོད་པ་རེད། དེ་བྱས་དུས་བོད་ཀྱི་སྐད་ཡིག་གི་འཕེལ་རིམ་ནང་དུ་ཐོག་མར་ང་ཚོར་རོགས་པ་བྱེད་མཁན་གྱི་སྐད་ཡིག་ནི་རྒྱ་གར་གྱི་ལེགས་སྦྱར་སྐད་ཡིག་གིས་མཚོན་པའི་སྐད་རིགས་སྣ་ཚོགས་པ་ཡིན་པ་དང༌། དེ་དང་ཕྱོགས་མཚུངས་སུ་རྒྱ་ནག་དང༌། ཞང་ཞུང༌། ཡུ་གུར། ཏ་ཟིག་སོགས་ཀྱི་སྐད་དང་མཉམ་དུ་འབྲེལ་བ་བྱུང་བ་ལས་ང་ཚོའི་སྐད་ཡིག་ལ་འཕེལ་རྒྱས་ཀྱི་རིམ་པ་ཞིག་བྱུང་ཡོད་པ་རེད། དཔེར་ན། ཤཱཤྭཏ་ཞེས་པའི་ལེགས་སྦྱར་གྱི་སྐད་དོད་དུ་བོད་པས་གཡུང་དྲུང་ཞེས་ལབ་ཀྱི་ཡོད་པ་རེད། གཡུང་དྲུང་ཞེས་པ་བོད་པས་སྔོན་མ་རྟག་བརྟན་གྱི་དོན་ལ་གོ་གི་ཡོད་རེད། རྒྱ་གར་གྱི་སྐད་ལ་ཡང་རྟག་བརྟན་ཞིག་ལ་གོ་གི་ཡོད་པ་རེད། ཡིན་ན་ཡང་ཚིག་དེ་གཉིས་སྒྲ་སྒྲུབ་སྟངས་ཐད་འདྲ་པོ་གང་ཡང་ཡོད་མ་རེད། འདི་ཕྱོགས་གཅིག་རེད། ཡང་བོད་སྐད་ནང་མེད་པའི་ཚིག་དེ་ཚོ་གསར་དུ་བཟོས་པའི་སྐབས་སངས་རྒྱས་དང་དཀོན་མཆོག་ཟེར་བ་དེ་ཚོ་ལེགས་སྦྱར་ནང་གང་ཡོད་པའི་སྒྲ་དོན་དེ་བོད་སྐད་ནང་ཡང་སླེབས་ཡོད་པ་རེད། ཡང་གཙུག་ལག་ཅེས་པ་འདི་ཡང་སྐད་ཡིག་གཞན་དང་འབྲེལ་བ་མ་བྱུང་བའི་སྔོན་གྱི་ཚིག་བརྗོད་རྙིང་པ་ཞིག་རེད། དེ་ལྟར་བལྟས་པའི་སྐབས་དུས་རབས་བདུན་པ་ནས་དུས་རབས་བཅུ་གཅིག་པའི་དབར་གྱི་དུས་ཚོད་ནང་བོད་ཀྱི་སྐད་ཡིག་ལ་རླབས་ཆེན་གྱི་འགྱུར་བ་ཞིག་ཕྱིན་པ་རེད། ལྷག་པར་དུ་ལུང་སྟོན་པའི་རྣམ་གཞག་བརྩམས་ནས་ལོ་བརྒྱ་དང་ཉི་ཤུ་ལྷག་ཙམ་ཕྱིན་པའི་སྐབས་སུ་སྐད་ཡིག་ལ་འགྱུར་བ་ཆེན་པོ་སོང་བའི་དབང་གིས་སྐད་གསར་བཅད་ཀྱིས་གཏན་ལ་འབེབས་དགོས་བྱུང་བ་རེད།

སྔོན་བོད་ཀྱི་སྐད་དེ་ཡིག་གཟུགས་དང་ལུང་སྟོན་པའི་རྣམ་གཞག་གི་ནང་དུ་མ་བཅིངས་པ་དང༌། ཡིག་གཟུགས་དང༌། ལུང་སྟོན་པའི་རྣམ་གཞག ཚིག་གི་སྒྲིག་འཛུགས་བཅས་ཀྱི་ནང་བཅིངས་པའི་རྗེས་སུ་བེད་སྤྱོད་མང་པོ་བཏང་བ་དང༌། དེ་ཡང་བསྒྱུར་བ་དང་གསར་དུ་རྩོམ་པ་གཉིས་ཀའི་ཐོག་ལ་བེད་སྤྱོད་ཤུགས་ཆེན་པོ་བཏང་བ་ཡིན་ཙང༌། དེ་དག་གི་ཉམས་མྱོང་དང༌། དེའི་བར་གྱི་ཡིད་ཀྱི་གོམས་པའི་དབང་གིས་ངག་བརྗོད་ཚུལ་གྱི་འགྲོས་མི་འདྲ་བ་ཆགས་པ་གཉིས་ལ་བརྟེན་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་དགོས་བྱུང་བ་རེད། སྐད་གསར་བཅད་ག་དུས་བྱས་མིན་གྱི་དུས་ཚོད་ལ་རྩོད་པ་ཡོད་པ་རེད། དུས་ཚོད་སྔ་བའི་དབང་དུ་བྱས་ན་བོད་ཡིག་བཟོས་ནས་ལོ་བརྒྱད་ཅུ་ཡས་མས་དང༌། ཕྱི་བའི་དབང་དུ་བྱས་ན་བོད་ཡིག་བཟོས་ནས་ལོ་བརྒྱ་དང་ཉི་ཤུ་ཡས་མས་ཙམ་ལ་བྱེད་ཀྱི་ཡོད་རེད་ཅེས་གསལ་བཤད་གནང༌། དེ་ཡང་མྱིག་ལ་མིག་དང༌། མྱེ་ལ་མེ། མྱི་ལ་མི་སོགས་སྒྲ་དང་ཡི་གེའི་དག་ཆའི་ཐོག་ནས་འགྱུར་བ་ཞིག་ཕྱིན་པ་རེད། དེ་ནས་ཚིག་ཏུ་བརྗོད་ཚུལ་གྱི་ཐོག་ནས་འགྱུར་བ་ཞིག་ཕྱིན་ནས་སྐད་གསར་བཅད་བྱས་པ་རེད།

སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་རྗེས་སུ་བརྡ་རྙིང་ཁག་རིམ་གྱིས་ཉུང་དུ་ཕྱིན་པ་དང༌། བརྡ་གསར་པའི་རིགས་རིམ་པས་བོད་སྐད་ནང་འཛུལ་བཞིན་དུས་རབས་བཅུ་གཅིག་པ་ཙམ་ལ་སླེབས་པའི་ཚེ། བརྡ་རྙིང་གི་རིགས་ཡོངས་སུ་རྫོགས་པ་དེ་ཕལ་ཆེར་བོད་ཀྱི་སྐད་ཡིག་གི་ནང་ནས་ཡལ་བ་དང༌། སྐད་གསར་བཅད་དང་མཐུན་པའི་བརྡ་གསར་པའི་རིགས་ཚང་མ་བོད་ཀྱི་སྐད་ཡིག་གི་ནང་སླེབས་པ་རེད། དེ་ལྟར་འགྱུར་འགྲོས་ཆེན་པོ་ཞིག་དེའི་བར་དེར་ཕྱིན་པ་རེད།

དུས་རབས་བཅུ་གཅིག་པའི་ནང་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་སོགས་པས་ཡང་སྐད་གསར་བཅད་གནང་རྒྱུའི་འབད་བརྩོན་ཞིག་བྱས་པ་རེད་མོད། སྐད་གསར་བཅད་དེ་བོད་སྐད་ནང་ཞུགས་ཐུབ་ཡོད་མ་རེད། ཕལ་ཆེར་ཡལ་ཕྱིན་པ་འདྲ་པོ་ཞིག་བྱུང་ཡོད་པ་རེད།

སྐད་གསར་བཅད་སྔོན་མའི་སྐབས་སུ་བོད་ཀྱི་སྐད་ཡིག་དེ་བརྟན་པོ་ཞིག་ཆགས་མེད་པ་ཡིན་ཙང་སྐད་གསར་བཅད་བྱས་པ་དེ་ལ་ལམ་ལྷོང་བྱུང་བ་རེད། སྐད་གསར་བཅད་གཉིས་པ་འདིའི་སྐབས་སུ་ཉི་ཤུ་ལ་གཉིས་བཅུ་སོགས་བརྩམས་ཡོད་རེད་དེ། དེ་དུས་ཡིག་ཐོག་ནས་འབྲི་བ་དང༌། ངག་ནས་བརྗོད་པ་སོགས་ཏག་ཏག་ཚད་འཕེར་བ་ཞིག་ཆགས་ཚར་བ་རེད།

དེ་ནས་ས་སྐྱ་པཎ་ཆེན་ཚུན་ལ་བོད་ཀྱི་སྐད་ཡིག་གི་ནང་ཚིག་རྒྱན་གྱི་བསྟན་བཅོས་དང་རྩོམ་རིག་གི་བསྟན་བཅོས་ཡར་རྒྱས་ཕྱིན་པའི་དུས་རབས་ཤིག་བྱུང་བ་རེད། རྩོམ་རིག་གི་བསྟན་བཅོས་འགྱུར་བ་ཕྱིན་པའི་དུས་རབས་དེ་ནས་བཟུང༌། བོད་ཀྱི་སྐད་ཡིག་ལ་སྐད་གསར་བཅད་ལྟ་བུའི་འགྱུར་བ་ཕྱིན་ཡོད་མ་རེད། སྐད་ཡིག་ལ་རྒྱན་ཆ་ཡོད་པ་ཞིག་དང་འཇམ་དུ་བཏང་བའི་རྣམ་པ་ཞིག་གི་ཐོག་ནས་འགྱུར་བ་ཕྱིན་པ་རེད། དེ་འདྲ་ལ་བརྟེན་དུས་རབས་བཅུ་བཞི་པའི་དབར་དེ་བོད་ཀྱི་རྩོམ་རིག་ཕྱུག་ཏུ་ཕྱིན་པ་དང་སྐད་ཡིག་ཇེ་ལེགས་སུ་ཕྱིན་པའི་དུས་རབས་ཤིག་རེད། དུས་རབས་བཅུ་གསུམ་པའི་མཇུག་ཙམ་ནས་མགོ་ཚུགས་ཏེ་དཔེ་ཆ་དཔར་དུ་འགོད་པའི་ལུགས་སྲོལ་དར་བ་ལ་བརྟེན་ནས་ང་ཚོའི་ཡིག་ཐོག་ཏུ་འབྲི་བའི་སྐད་ཡིག་ལ་ཧ་ལམ་འགྱུར་བ་མ་ཕྱིན་པ་རེད། ས་སྐྱའི་སྐབས་དང༌། ཕག་གྲུའི་སྐབས། དེའི་རྗེས་ལ་རྒྱལ་དབང་ལྔ་པའི་སྐབས་རྣམས་སུ་བྲིས་པའི་གཞུང་ཡིག་འབྲི་སྟངས་ལ་འགྱུར་བ་དགའ་རབ་ཕྱིན་ཡོད་རེད། བསྟན་བཅོས་རྩོམ་སྲོལ་དང་སྙན་ངག་འབྲི་སྟངས་སོགས་ལ་འགྱུར་བ་མ་ཕྱིན་པ་འདྲ་པོ་ཞིག་ཡོད་པ་རེད།

དེའི་རྗེས་ལ་དུས་རབས་འདིའི་ནང་ལ་ལྔ་བཅུ་ང་གྲངས་ནས་བོད་ལ་རྒྱ་མིས་བཙན་འཛུལ་བྱས་ཏེ་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་དང་མཉམ་དུ་སྐད་ཡིག་ལ་ཡང་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་རེད། དེ་ང་རང་གི་མི་ཚེའི་ནང་དངོས་སུ་མཐོང་བ་ཞིག་རེད། དེ་ཡང་རྒྱ་ནག་ནས་ཡོང་བའི་རྒྱ་མིའི་སྐད་ཡིག་གིས་བཙན་འཛུལ་བྱས་ཡོང་བ་དང་གཅིག དབྱིན་ཇི་དང་རྒྱ་གར་སྐད་ཡིག་གི་ཐོག་ནས་གནོན་ཤུགས་ཐེབས་པ་དང་གཉིས་ཀྱི་སྒོ་ནས་འགྱུར་བ་ཞིག་ཕྱིན་པ་དེ་ཁྱེད་རང་ཚོས་མཁྱེན་གྱི་ཡོད་པ་དེ་རེད།

༡༩༥༩ སྔ་རྗེས་ཀྱི་ཡི་གེ་དེ་ཚོ་ལ་ཁྱད་པར་ཆེན་པོ་ཞིག་ཕྱིན་ཚར་བ་རེད། དཔེར་ན་བསྟན་བཅོས་ཀྱི་ཐ་སྙད་སྲིད་དོན་གྱི་ཆེད་བེད་སྤྱོད་བཏང་བ་དང༌། སྲིད་དོན་གྱི་ཚིག་མེད་པ་མང་པོ་ཞིག་གསར་དུ་བཟོས་པ་སོགས་ཀྱི་ཐོག་ནས་ཀྱང་འགྱུར་བ་ཞིག་སླེབས་པ་རེད། འགྱུར་བ་དེ་ཚོའི་ནང་ལ་ཡག་ཏུ་ཕྱིན་པ་ཡང་ཡོད་རེད། སྡུག་ཏུ་ཕྱིན་པ་ཡང་ཡོད་རེད།

ངས་ད་ལྟ་ཞུས་པ་ནང་བཞིན་དུས་རབས་བཅུ་གཅིག་པ་ནས་ཡིག་སྐད་ལ་འགྱུར་བ་མ་ཕྱིན་པ་རེད་མོད། ཡུལ་མི་རང་བཞིན་པའི་སྐད་ལ་འགྱུར་བ་མ་ཕྱིན་པ་དེ་འདྲ་རྩ་ནས་མ་རེད། དེང་སང་ང་ཚོས་སྐད་ཆ་བཤད་པ་དེ་ཚོ་ཡིག་ཐོག་ཏུ་འབྲི་ཤེས་ཀྱི་ཡོད་མ་རེད། ཡིག་ཐོག་ཏུ་གང་བྲིས་པ་དེ་ཚོ་སྐད་ཆའི་ནང་བེད་སྤྱོད་བྱེད་ཀྱི་ཡོད་མ་རེད། ཐོན་མིས་བོད་ཡིག་གསར་དུ་བཟོས་པའི་སྐབས་ལ་ངག་ནས་བཤད་པ་དང་ཡིག་ཐོག་ནས་བྲིས་པ་གཉིས་ལ་ཁྱད་པར་གང་ཡང་ཡོད་མ་རེད། དེང་སང་ཡི་གེའི་ཐོག་ལ་འབྲི་དུས་ལོགས་ཀ་ཞིག་འབྲི་དགོས་པ་དང༌། སྐད་ཆ་བཤད་དུས་ལོགས་ཀ་ཞིག་བཤད་དགོས་པ་དེ་ནི་ང་ཚོའི་ཁ་སྐད་ལ་འགྱུར་བ་ཕྱིན་པའི་དབང་གིས་བྱུང་བ་རེད། གནས་ཚུལ་འདི་ལ་བརྟེན་ནས་ང་ཚོར་ཕན་ཐོགས་དང་གནོད་སྐྱོན་གཉིས་ཀ་བྱུང་ཡོད་རེད། ཕན་ཐོགས་ག་རེ་བྱུང་ཡོད་རེད་ཅེ་ན། བོད་ཆོལ་ཁ་གསུམ་ནང་ཕན་ཚུན་ཁ་སྐད་ཐོག་གོ་བརྡ་མི་འཕྲོད་པའི་གནས་སྟངས་བྱུང་ཡོད་ན་ཡང༌། ཡིག་སྐད་ཀྱི་ཐོག་ནས་སྟོད་མངའ་རིས་པས་བྲིས་པའི་ཡི་གེ་ཞིག་སྨད་རྒྱལ་རོང་དང་ཨ་མདོའི་ནང་དུ་སླེབས་པ་ཡིན་ན་ཡང་ཀློག་ཐུབ་པ་ཞིག་དང་གོ་བ་ལེན་ཐུབ་པ་ཞིག་ཡོད་རེད། བོད་རྒྱལ་ཁབ་ཡོངས་སུ་རྫོགས་པ་སྐད་ཡིག་གི་ཐོག་ནས་གཅིག་གྱུར་བྱས་ནས་སྡོད་ཐུབ་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་རེད། གནོད་སྐྱོན་ག་རེ་བྱུང་ཡོད་རེད་ཅེ་ན། ཁ་ནས་ལབ་རྒྱུ་དང་ཡིག་ཐོག་འབྲི་རྒྱུ་གཉིས་པོ་གཅིག་པ་མ་ཆགས་པའི་སྐབས་ལ། ཁ་ནས་ལབ་ཤེས་ཀྱི་ཡོད་ན་ཡང་ཡིག་ཐོག་ནས་བྲིས་པ་དེ་མ་གོ་བ་ཞིག་ཡོང་གི་ཡོད་རེད། ཚིག་མཐོ་པོ་འདུག་ཅེས་ལབ་བསྡད་པ་དེ་ཚོ་རེད། ཚིག་ལ་མཐོ་དམན་གང་ཡང་ཡོད་མ་རེད། ཚིག་ཁ་ཤས་མཐོ་པོ་དང་ཚིག་ཁ་ཤས་དམའ་པོ། ཚིག་ཁ་ཤས་མཁྲེགས་པོ་དང་ཚིག་ཁ་ཤས་སྙི་པོ་དེ་འདྲ་ཡོད་མ་རེད། ཡིན་ནའང་གང་ཟག་བྱེ་བྲག་པ་ཞིག་ལ་དེ་འདྲ་ཡོང་བ་དེ་གང་རེད་ཅེ་ན། ཚིག་ཁ་ཤས་རང་བཞིན་གྱི་སྐད་ནང་བེད་སྤྱོད་བྱས་དང་མ་བྱས་ཀྱི་དབང་གིས་གོ་བདེ་མིན་གྱི་གནས་སྟངས་ཤིག་ཡོང་གི་ཡོད་པ་རེད། དེ་འདྲ་ལ་བརྟེན་ནས་ང་ཚོའི་ཁ་སྐད་དང་ཡིག་སྐད་གཉིས་ལས་ཡིག་སྐད་དེ་གོ་ཁག་པོ་ཞིག་ཆགས་ཡོང་བ་རེད། ཡིན་ན་ཡང་དེས་སྐྱོན་གང་ཡང་བྱས་ཡོད་མ་རེད། སློབ་སྦྱོང་ཕྲན་བུ་ཡོད་པ་ཚོ་ལ་ཆ་བཞག་ན། དུས་རབས་བདུན་པ་དང་བརྒྱད་པའི་ནང་ལ་བྲིས་པའི་བོད་ཀྱི་བསྟན་བཅོས་དེ་ཚོ་དུས་རབས་ཉི་ཤུ་པའི་ནང་ལ་ལས་སླ་པོ་བྱས་ནས་ཀློག་ཐུབ་པ་དང༌། ལས་སླ་པོ་བྱས་ནས་གོ་ཐུབ་པ་དེ་ང་ཚོའི་ཡིག་སྐད་ལ་འགྱུར་བ་མ་ཕྱིན་པའི་བཀའ་དྲིན་ལས་བྱུང་བ་ཞིག་རེད། ཡིག་སྐད་དང་ཁ་སྐད་གཉིས་ཆ་ལ་འགྱུར་བ་ཕྱིན་པ་ཡིན་ན་བཀའ་འགྱུར་དང་བསྟན་འགྱུར་དེ་ཚོ་དེང་སང་བེད་སྤྱོད་མེད་པ་ཆགས་ཚར་བ་རེད། ཆོས་རྒྱལ་ཨ་ཤོ་ཀ་དང་དེའི་སྔོན་གྱི་རྡོ་རིང་ལ་བྲིས་པའི་ཡི་གེ་དེ་ཚོ་དེང་སང་རྒྱ་གར་བས་ཀློག་པའི་སྐབས་ལ། ཡི་གེ་ཤོག་གུ་གཅིག་ཙམ་ལ་ཡང་ལོ་ངོ་གསུམ་བཞི་ལ་སློབ་སྦྱོང་བྱས་ཏེ་བརྡ་བཀྲལ་ན་མ་གཏོགས། ཀློག་ཤེས་ཀྱང་གོ་མི་ཐུབ་པ་ཞིག་ཆགས་ཚར་བ་རེད། དེ་སྐད་ཡིག་གི་འགྱུར་བའི་དབང་གིས་བྱུང་བ་ཞིག་རེད། ང་ཚོར་ཆ་བཞག་ན། ཐོན་མི་སཾབྷོཊས་བརྩམས་པའི་བསྟན་བཅོས་དེ་ཚོ་ལ་ཡང་འགྲེལ་བཤད་རྒྱག་མི་ཐུབ་པ་ཞིག་མ་ཆགས་པ་ནི་ང་ཚོའི་ཡིག་སྐད་ཐོག་ལ་འགྱུར་བ་རླབས་ཆེན་པོ་ཞིག་མ་བྱུང་བ་དེས་བསྐྱབས་པ་རེད། ཡིག་སྐད་ལ་འགྱུར་བ་མ་ཕྱིན་པ་དེས་ཕལ་སྐད་ལ་ཡང་འགྱུར་བ་ཆེན་པོ་མི་འགྲོ་བར་སྲུང་སྐྱོབ་བྱས་ཡོད་པ་རེད། བརྒྱ་ཕྲག་བཅུ་གཅིག་པ་ཡས་མས་ཙམ་ལ་འཕན་པོ་དང་སྟོད་པའི་ཁ་སྐད་དུ་བརྩམས་པའི་བསྟན་བཅོས་དང༌། ཁམས་ཀྱི་ཁ་སྐད་ལ་བརྩམས་པའི་བསྟན་བཅོས་དེ་ཚོ་ཡང་དེང་སང་དེ་ཙམ་གོ་དཀའ་བ་ཞིག་ཡོད་མ་རེད། དེས་ཁ་སྐད་དང་ཡིག་སྐད་གཉིས་བར་ཐག་ཉེ་པོ་ཡོད་པ་མཚོན་གྱི་ཡོད་པ་རེད།

ད་ལྟའི་གནས་སྐབས་འདི་ལ་ང་ཚོས་མ་འོངས་པའི་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་དེ་ཕྱོགས་གང་འདྲ་ཞིག་གི་ནང་དུ་འཁྲིད་དགོས་པ་རེད་ཅེ་ན། ང་ཚོས་ངེས་པར་དུ་ཁ་སྐད་ཀྱི་འགྱུར་འགྲོས་དེ་ཡིག་སྐད་དང་ཐག་ཉེ་རུ་གཏོང་བའི་ཐོག་ནས་ཡིག་སྐད་ཀྱི་ནང་དུ་འཁྲིད་རྒྱུའི་ཐབས་ཤེས་བྱེད་དགོས་པ་རེད། དེ་མ་བྱས་པར་ཡིག་སྐད་དེ་ཁ་སྐད་ཀྱི་ནང་དུ་འཁྲིད་རྒྱུའི་ཐབས་ཤེས་བྱས་པ་ཡིན་ན། གང་མཚམས་ཤིག་ལ་ང་ཚོའི་བརྡ་དག་དང་ལུང་སྟོན་གྱི་བསྟན་བཅོས་དེ་ཚོ་བེད་སྤྱོད་མེད་པ་ཞིག་ཆགས་རྒྱུ་རེད། དེ་ཙམ་དུ་མ་ཟད་རིན་ཐང་ཅན་གྱི་བཀའ་བསྟན་ལ་སོགས་པའི་གཞུང་ལུགས་རྣམས་ཀྱང་མི་གོ་བ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། ཁ་སྐད་དེ་ཡིག་སྐད་དང་མཉམ་དུ་ཡར་འཁྲིད་རྒྱུའི་འབད་བརྩོན་བྱས་པ་ཡིན་ན་གང་མཚམས་ཤིག་ནས་ཁ་ནས་ལབ་པ་དང་ཡི་གེ་འབྲི་རྒྱུ་གཉིས་གཅིག་པ་ཆགས་མི་ཐུབ་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད།

སྤྱིར་བཏང་བོད་ཀྱི་སྐད་ཡིག་གི་ནང་ལ་འགྱུར་བ་ཕྱིན་པའི་འགྱུར་འགྲོས་འདི་ང་ཚོ་ཆུ་ཚོད་གཅིག་གི་ནང་ལ་བཤད་ཐུབ་པའི་སྡེ་ཚན་ཞིག་མ་རེད། དེ་རིག་གནས་ཀྱི་སྡེ་ཚན་བྱེ་བྲག་པ་ཞིག་ཆགས་ཀྱི་ཡོད་རེད། ཡིན་ནའང་གལ་ཆེ་བ་རྣམས་བསྡུས་ཏེ་ཞུས་པ་ཡིན་ན་གོང་དུ་ཞུས་ཟིན་པ་འདི་འདྲ་ཞིག་གི་ནང་ལ་འདུ་གི་ཡོད་རེད།

དྲི་བ་དྲིས་ལན།

དྲི་བ། བོན་པོའི་གཞུང་སོགས་ཀྱི་ནང་དུ་ཐོན་མིའི་སྔོན་ལ་ཡི་གེ་ཡོད་ཅེས་གསུངས་ཀྱི་ཡོད་པ་དེའི་སྐོར་གང་འདྲ་རེད།

ལན། ཐོན་མིས་བོད་ཡིག་མ་བཟོས་པའི་སྔོན་ལ་བོད་ལ་ཡིག་གཟུགས་དང་བརྡ་སྤྲོད་ཀྱི་རྣམ་གཞག་ཡོད་པ་དང༌། ཞང་ཞུང་གི་སྐད་ནས་བོད་སྐད་བྱུང་བ་དང༌། ཡང་ཞང་ཞུང་གི་སྐད་དང་བོད་སྐད་གཅིག་པ་ཡིན་པ། དེའི་བརྡ་སྤྲོད་ཀྱི་རྣམ་གཞག་ཡོད་པ་དེ་ཚོ་བོན་པོའི་གཞུང་ན་གསལ་གྱི་ཡོད་པ་རེད། ཡིན་ན་ཡང་སྐབས་དེ་དུས་ཀྱི་བརྡ་སྤྲོད་ཀྱི་རྣམ་གཞག་དེ་ཚོ་དེང་སང་ང་ཚོར་རག་གི་ཡོད་པ་མ་རེད། ཚིག་རེ་གཉིས་ངོས་བཟུང་ནས་འགྲེལ་བཤད་བརྒྱབ་བསྡད་པ་དེ་འདྲ་ཡོང་གི་ཡོད་རེད། ད་ཆ་རྙེད་པའི་རྡོ་རིང་གི་ཡི་གེ་སོགས་ན་ཡོད་པ་མ་རེད། ང་ཚོས་ས་བསྔོགས་ནས་དངོས་རྙིང་འཚོལ་བའི་ཐོག་ནས་འདས་པ་ལ་བསྐྱར་ཞིབ་བྱས་པ་དེ་འདྲ་ཡང་གནང་ཡོད་མ་རེད། སོང་ཙང་ཐོན་མིའི་སྔ་རོལ་ཏུ་བོད་ལ་ཡི་གེ་ཡོད་ཟེར་བ་རྣམས་ཀྱིས་ཀྱང་སྒྲུང་འདྲ་པོ་ཞིག་བྱས་ནས་བཤད་ཀྱི་ཡོད་རེད་ལ། ཡི་གེ་མེད་ཟེར་བ་རྣམས་ཀྱིས་ཀྱང་སྒྲུང་འདྲ་པོ་ཞིག་བྱས་ནས་ཡོད་མ་རེད་ཅེས་ལབ་བསྡད་ཀྱི་ཡོད་རེད། དེར་བརྟེན་ཕྱོགས་གཉིས་ཀས་ཁ་ཚོན་བཅད་ནས་ལབ་རྒྱུ་ཁག་པོ་བྱེད་ཀྱི་ཡོད་པ་རེད།

དྲི་བ། བོད་ཡིག་ཀློག་དུས་སྒྲ་མ་དག་པ་ཡོང་གི་ཡོད་པ་དེ་ཚོ་ག་རེ་བྱས་ནས་བྱུང་བ་རེད།

ལན། ཐོག་མར་ང་རོ་རྣམས་ལ་སྦྱང༌།། ཞེས་པ་ལྟར་ཐོག་མར་ཀ་མད་སུམ་ཅུ་ཡི་སྒྲ་དག་པོ་ཞིག་ཡོང་རྒྱུའི་འབད་བརྩོན་བྱེད་དགོས་པ་རེད། གཞི་རིམ་སློབ་གྲྭའི་འཛིན་གྲྭ་དང་པོ་གཉིས་པ་དང༌། སྔོན་འགྲོའི་སློབ་གྲྭའི་ནང་བོད་ཡིག་རྐྱང་པ་རྩལ་དུ་བཏོན་ནས་སློབ་སྦྱོང་མ་བྱས་པར། སྐད་ཡིག་ཚང་མ་བསྲེས་ནས་བསླབས་པ་དེས་སྐྱོན་ཅིག་བྱེད་ཀྱི་ཡོད་རེད། མིའི་རིགས་གང་འདྲ་ཞིག་ཡིན་ན་ཡང་རང་གི་ཕ་སྐད་དེ་ལས་སླ་པོ་ཞིག་གི་ཐོག་ནས་ཤེས་ཐུབ་པའི་གནས་སྟངས་ཤིག་ཡོང་གི་ཡོད་རེད། དེ་ཡིན་དུས་ཤེས་ཡོན་སྤྲོད་སྟངས་ཀྱི་ཚན་རིག་གི་ཐོག་ནས་བལྟས་པ་ཡིན་ན། ཐོག་མར་སྔོན་འགྲོའི་སློབ་སྦྱོང་དེ་ངེས་པར་དུ་སོ་སོའི་ཕ་སྐད་ཀྱི་ཐོག་སྤྲོད་དགོས་པ་དེ་གལ་ཆེན་པོ་མཐོང་གི་ཡོད་རེད། རྩ་རླུང་དང་ལུས་དབང་གི་གནས་སྟངས་ཀྱི་ཆ་ནས་ཀྱང་རང་སྐད་དེ་ལས་སླ་པོའི་ངང་ནས་ལབ་ཐུབ་ཀྱི་ཡོད་རེད། ཀ་མད་སུམ་ཅུ་དང་དབྱངས་བཞི་ཡི་སྒྲ་དག་པོ་ཞིག་སྦྱངས་ཡོད་པ་ཡིན་ན་ཡི་གེའི་སྒྲ་མ་དག་པ་གང་ཡང་ཡོང་གི་མ་རེད། ལུས་དབང་གི་ཆགས་ཚུལ་གྱི་དབང་གིས་ཚིག་ཁ་ཤས་ལབ་མི་ཤེས་པ་དེ་འདྲ་ཡོང་གི་རེད། དཔེར་ན་རྒྱ་མིས་ར་ལ་ལ་ཞེས་ལབ་ཀྱི་ཡོད་པ་རེད།

དྲི་བ། ཁ་སྐད་དེ་ཡིག་སྐད་ཀྱི་ནང་དུ་འཁྲིད་དགོས་པ་ཡིན་དུས་གང་འདྲ་ཞིག་བྱས་ནས་འཁྲིད་དགོས་ཀྱི་ཡོད་པ་རེད།

ལན། སྐེ་ལ་ཐག་པ་བརྒྱབས་ནས་འཁྲིད་འགྲོ་བ་དེ་འདྲ་ཡོང་གི་ཡོད་པ་མ་རེད། བེད་སྤྱོད་གཏོང་བའི་རིམ་པའི་ནང་ནས་འཁྲིད་དགོས་ཀྱི་ཡོད་པ་རེད། དགེ་རྒན་ཚོས་སློབ་ཁྲིད་གནང་བའི་སྐབས་དང༌། གསུང་བཤད་གནང་བའི་སྐབས་ལ་གང་ཐུབ་ཐུབ་ཀྱིས་ཡིག་སྐད་དང་མཐུན་པའི་མིང་ཚིག་མང་དུ་བཏང་ནས། དེ་ནས་རིམ་གྱིས་ཡར་འགྲོ་གི་ཡིན་ན། གང་མཚམས་ནས་ཁྱད་པར་ཞིག་ཡོང་གི་རེད། ཁྱད་པར་དེ་ཡང་མངོན་གསལ་དོད་པོའི་ཐོག་ནས་འགྲོ་བ་ཞིག་ཡོད་མ་རེད། སྣང་མེད་ཅིག་གི་ཐོག་ནས་འགྱུར་བ་འགྲོ་བསྡད་ཀྱི་ཡོད་རེད།

ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡ ཚེས་ ༡ ཉིན་དིལླིའ་དབུས་བོད་སློབ་འཛིན་སྐྱོང་ལྷན་ཚོགས་ཀྱིས་བཀོད་བསྒྲིགས་བྱས་པའི་བོད་སྐད་ཟབ་སྦྱོང་དེ་བཞིན་འདི་ག་ཝཱ་ཎ་མཐོ་སློབ་ཏུ་བདུན་ཕྲག་གཅིག་རིང་ཚོགས་པའི་སྐབས་སུ་གནང་བའི་དམིགས་བསལ་གསུང་བཤད།།