བོད་ཀྱི་རྩོམ་རིག་ལོ་རྒྱུས་ལས་བརྩམས་པའི་གསུང་བཤད།

༄༅། །དེ་རིང་སང་ཉིན་འཇིག་རྟེན་ལྟ་ཚུལ་དེ་སྔོན་མ་ནང་བཞིན་རྒྱ་ཆེན་པོ་བྱས་ནས་བསྡད་ཐུབ་ཀྱི་ཡོད་མ་རེད། བར་ལམ་ཞིག་ནས་ཕན་ཚུན་ལུང་དུ་སྟོན་པ་དང༌། བརྡ་སྤྲོད་པའི་ཐབས་ལམ་དེ་ཟབ་ཏུ་ཕྱིན་པ་ཡིན་ཙང་འཇིག་རྟེན་ཆུང་ཆུང་ཞིག་ཆགས་ཚར་བ་རེད། འཇིག་རྟེན་ཆུང་ཆུང་ཆགས་ཡོང་དུས་འཇིག་རྟེན་ལྟ་ཚུལ་དེ་ཡང་ཚུར་བསྡོམས་ཤིག་བརྒྱབ་པ་ཡིན་ན། སྲོལ་རྒྱུན་གྱི་འཇིག་རྟེན་ལྟ་ཚུལ་ཞིག་དང༌། དེང་རབས་ཀྱི་འཇིག་རྟེན་ལྟ་ཚུལ་གཉིས་ཀྱི་ནང་དུ་འགྲོ་ཐུབ་ཀྱི་ཡོད་རེད། དེ་འདྲ་བྱས་དུས་འཇིག་རྟེན་ལྟ་ཚུལ་གཉིས་པོ་དེའི་ནང་ནས་ཤེས་བྱའི་དངོས་པོ་ཡོངས་སུ་μོགས་པ་ལ་བལྟ་དགོས་པ་གལ་ཆེན་པོ་རེད། དེ་ལྟར་མ་བལྟས་པ་ཡིན་ན་མ་ཚང་བ་དང་རྗེས་ལུས་ཐེབས་པ་འདྲ་པོ་ཞིག་ལ་བརྩི་བསྡད་ཀྱི་ཡོད་རེད། དེ་འདྲ་ལ་བརྟེན་ནས་ང་ཚོས་རྩོམ་རིག་ལོ་རྒྱུས་འབྲི་རྒྱུའི་ལས་རིམ་འདི་དགོས་མིན་ལ་བསམ་བློ་གཏོང་བའི་སྐབས་ལ་ང་ཚོའི་སྲོལ་རྒྱུན་གྱི་ནང་ལ་དངོས་པོ་གང་འདྲ་ཞིག་ཡིན་ནའང་དངོས་པོ་དེའི་གནས་སྟངས་ཁྱད་པར་བ་ཞིག་ཟུར་དུ་བཏོན་ནས་དེའི་ལོ་རྒྱུས་འབྲི་བའི་སྲོལ་ཞིག་ཕལ་ཆེར་མ་དར་བ་རེད། གང་ཡིན་ཞུས་ན། ང་རང་ཚོའི་འཇིག་རྟེན་གྱི་ལྟ་སྟངས་དེ་ཆ་ཚང་བའམ་ཡོངས་སུ་རྫོགས་པའི་ལྟ་སྟངས་ཤིག་རེད་མ་གཏོགས་ཟུར་དུ་བཏོན་ནས་ཁྱད་པར་བ་ལ་བལྟ་བའི་ལྟ་སྟངས་དེ་གཙོ་བོར་མི་བྱེད་པའི་སྲོལ་རྒྱུན་གྱི་ལྟ་སྟངས་ཤིག་རེད། ང་ཚོའི་སྲོལ་རྒྱུན་གྱི་ལྟ་སྟངས་དེ་ལ་ལོ་རྒྱུས་རིག་པའི་གནས་ལུགས་ཀྱི་ཐོག་ནས་བལྟས་པའི་སྐབས་ལ་བོད་ཀྱི་རིག་གཞུང་ཡོངས་སུ་རྫོགས་པ་དེའི་ཆ་ཚང་གི་ངོ་བོ་ལ་བལྟས་པ་ཞིག་རེད་མ་གཏོགས། སྤྱི་ཚོགས་ཀྱི་ལོ་རྒྱུས་གང་འདྲ་རེད། རྩོམ་རིག་གི་ལོ་རྒྱུས་གང་འདྲ་རེད། ཟློས་གར་གྱི་ལོ་རྒྱུས་གང་འདྲ་རེད། གཞས་ཀྱི་ལོ་རྒྱུས་གང་འདྲ་རེད། རི་མོའི་ལོ་རྒྱུས་གང་འདྲ་རེད་ཅེས་ཟུར་དུ་བཏོན་ནས་བལྟ་བ་དེ་ང་ཚོའི་སྲོལ་རྒྱུན་དང་མཐུན་མི་མཐུན་དང༌། དེ་ལ་དགོས་མཁོ་གང་འདྲ་ཡོད་མེད་འདི་དྲི་བ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ཡིན་ནའང་དེང་རབས་ཀྱི་འཇིག་རྟེན་འདིའི་ནང་ལ་ཤེས་བྱའི་གནས་གང་འདྲ་ཞིག་ལ་བལྟས་པ་ཡིན་ནའང་ཟུར་འདོན་བྱས་ནས་བལྟ་བའི་རྣམ་བཞག་དེ་གལ་ཆེན་པོ་ཞིག་ལ་བརྩི་གི་ཡོད་པ་དང༌། དེ་གལ་ཆེན་པོར་བརྩིས་པ་ནང་བཞིན་ང་རང་ཚོའི་འཇིག་རྟེན་ལྟ་སྟངས་ངོས་ནས་ཀྱང་གལ་ཆེན་པོ་མ་རེད་ཅེས་ལབ་རྒྱུ་མེད་བསྡད་པ་ཞིག་རེད། དེ་ལྟར་བསམས་པ་ཡིན་ན་ཟུར་འདོན་ཆེ་ཆུང་གི་སློབ་ཚན་འདིའི་ཐོག་ནས་དམིགས་ཀྱིས་བཀར་བའི་རྣམ་གཞག་གསལ་པོ་ཞིག་དང་མཐའ་དཔྱོད་ཐག་ཆོད་པ་ཞིག་ཡོང་རྒྱུ་ཡིན་པ་དེ་གསལ་པོ་ཆགས་ཀྱི་ཡོད་རེད། བྱས་ཙང་བོད་ཀྱི་རིག་གཞུང་སྤྱི་ཡོངས་ཀྱི་འཛིན་སྐྱོང་དང་འཕེལ་རིམ་གྱི་ནང་ལ་གནས་ལུགས་ཡོངས་རྫོགས་ཀྱི་ལོ་རྒྱུས་དེ་ཡང་ཆ་ཚང་བ་ཞིག་ཡོད་ན་ཡག་པོ་འདུག་ཅེས་མཁས་པ་མང་པོ་ཞིག་ནས་དེ་ལ་ངེས་པ་ཐོན་པ་རེད།

ང་ཚོའི་རྩོམ་རིག་ལོ་རྒྱུས་དེ་ནི་ཆགས་བཞག་བདེ་པོ་ཞིག་དང་བསྟན་ཆོག་ཆོག་འདྲ་པོ་ཞིག་ཡོད་མ་རེད། གཞི་རིམ་སློབ་གྲྭའི་སློབ་ཚན་ནང་རྩོམ་རིག་ལོ་རྒྱུས་ཀྱི་ཚབ་ཏུ་དེབ་ཐེར་དཀར་པོ་དང༌། རྫོགས་ལྡན་གཞོན་ནུའི་དགའ་སྟོན་བཅུག་པ་དེ་རིགས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་འབྲེལ་བ་གཅིག་ཀྱང་མེད་པ་རེད་དེ། དེང་རབས་སློབ་ཚན་སྒྲིག་ཡོང་དུས་དེ་ཚོ་མ་བཞག་ན་གཞན་འཇོག་རྒྱུ་མ་རྙེད་པ་ཆགས་ཡོང་དུས། གཅིག་བྱས་ན་ང་ཚོའི་རྩོམ་རིག་ལ་ལོ་རྒྱུས་ཡོད་མ་རེད་ཅེས་དང༌། ཡང་ན་ང་ཚོའི་རྩོམ་རིག་གི་ལོ་རྒྱུས་ལ་བལྟས་ན་ང་ཚོའི་སྲོལ་རྒྱུན་རིག་གནས་དང་མི་མཐུན་པ་ཆགས་འགྲོ་གི་འདུག་ཅེས་ལབ་དགོས་པ་འདྲ་པོ་ཆགས་ཡོང་དུས་གང་བྱས་ཀྱང་འདང་གི་ཡོད་མ་རེད། ད་ལྟའི་དུས་རབས་འདིའི་ནང་ལ་ང་ཚོའི་རིག་གཞུང་དེ་ཡང་བསྡད་དགོས་པ་ཡིན་དུས་དེང་རབས་ཀྱི་འཇིག་རྟེན་ལྟ་ཚུལ་དང་མཐུན་པའི་ལས་དོན་མང་པོ་ཞིག་ལམ་སེང་བྱེད་དགོས་པ་དང༌། བྱས་པ་དེ་ཡང་དགེ་མཚན་ཡོད་པ་ཞིག་བྱེད་དགོས་རེད་བསམས་ནས་རྩོམ་རིག་ལོ་རྒྱུས་འབྲི་དགོས་པའི་བསམ་བློ་འཁོར་བ་རེད།

དེས་ན་ང་ཚོས་རྩོམ་རིག་ལོ་རྒྱུས་འབྲི་བའི་འབད་བརྩོན་བྱེད་སྐབས་རྩོམ་རིག་ཟེར་བ་དེ་གང་ལ་ངོས་འཛིན་བྱེད་དགོས་པ་རེད་ཅེས་པའི་དྲི་བ་འདི་དང་པོ་སླེབས་པ་ནི་བཤད་མི་དགོས་པ་རེད། རྩོམ་རིག་ངོས་མ་ཟིན་ན་དེའི་ལོ་རྒྱུས་འབྲི་བའི་ལས་དོན་ངོས་མ་ཟིན་པ་ཆགས་འགྲོ་གི་རེད། ང་ཚོས་རྩོམ་རིག་ཅེས་ལབ་བསྡད་པ་དེ་ལ་སྒྲ་ཟོར་ཡངས་པའི་དབང་དུ་བྱས་པའི་གོ་བ་ཞིག་དང་སྒྲ་ཟོར་དོག་པའི་དབང་དུ་བྱས་པའི་གོ་བ་གཉིས་ཡོད་རེད། སྒྲ་ཟོར་དོག་པའི་དབང་དུ་བྱས་ན། ཚིག་གི་རྒྱན་དང་ལྡན་པའི་རྩོམ་དེ་ཚོ་ལ་རྩོམ་རིག་ཅེས་ལབ་དགོས་པ་ཞིག་རེད། དབྱིན་ཇིའི་སྐད་ཡིག་ནས་ཚུར་སྦྱར་བ་ཡིན་ན་ Creative Writing ཟེར་བ་དེ་ཏག་ཏག་རྩོམ་རིག་ལ་གོ་གི་རེད། ལེགས་སྦྱར་གྱི་ ཝཱངྒམཡ་ ཞེས་པའི་ཚིག་དེ་སྒྲ་དོག་པའི་དབང་དུ་བྱས་ན། རྣམ་རྟོག་གི་འགྱུར་བ་དང་ངག་གི་འགྱུར་བ་གཉིས་ཆའི་ཐོག་ནས་གང་བརྗོད་རྒྱུའི་དོན་དག་དེ་ཚོ་ཉམས་ཕུན་སུམ་ཚོགས་པ་ཞིག་གི་སྒོ་ནས་བརྗོད་རྒྱུའི་འབད་བརྩོན་བྱས་པ་ཞིག་ལ་གོ་གི་ཡོད་པ་རེད། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས།། ངག་གི་རང་བཞིན་མེ་ལོང་ཐོབ།། ཟེར་བའི་ངག་གི་རང་བཞིན་ནི་སྤྱིར་བཏང་བ་དེ་མ་ཡིན་པར་ཉམས་དང་ལྡན་པའི་ངག་ཅིག་ལ་གོ་དགོས་པ་ཡིན་ཙང༌། ཉམས་ལྡན་གྱི་ངག་གི་ལམ་ནས་བྲིས་པའི་ཚིག་གང་ཡིན་པ་དེ་དག་ལ་རྩོམ་རིག་ཅེས་ལབ་ན་འགྲིག་གི་ཡོད་རེད།

སྤྱིར་འཆད་རྩོད་རྩོམ་གསུམ་གྱི་རྩོམ་ཟེར་བ་འདིའི་བྱིངས་ནི། ར་ཙ་བཏགས་རྩ་ཞེས་པའི་ཚིག་འདི་ལས་གྲུབ་ཀྱི་ཡོད་རེད། རྩ་ཞེས་པའི་ཚིག་འདིའི་བྱིངས་ལས་གྲུབ་པའི་བོད་སྐད་ཀྱི་ཚིག་མང་པོ་ཞིག་གི་གཞི་རིམ་གྱི་གོ་བ་གཅིག་པ་ཆགས་ཀྱི་ཡོད་རེད། དཔེར་ན་རྩོམ་ཟེར་བ་དང༌། བརྩིགས། རྩེན། རྩོལ། བརྩོན། ཟེར་བ་ལྟ་བུ་རེད། རྩོམ་ཟེར་དུས་སྔར་མེད་པ་ཞིག་གསར་དུ་བཟོས་པའམ་བསྐྲུན་པ། བརྩོན་ཟེར་དུས་ཡུལ་གང་ཡང་རུང་བ་ཞིག་ལ་དགའ་པོའི་ཐོག་ནས་རྩོལ་བ་བྱེད་པ། བརྩིགས་ཟེར་དུས་གཅིག་གི་སྒང་ལ་གཅིག་བཞག་སྟེ་མཐོ་པོ་ཆགས་རྒྱུ་ཡོད་པ་དེ་འདྲ་རེད། གཅིག་བྱས་ན་དེ་ཚོར་འབྲེལ་བ་ཞིག་ཏན་ཏན་ཆགས་ཀྱི་ཡོད་རེད། དེ་ངས་གློ་བུར་དུ་དྲན་པའི་སྐད་ཆ་ཞིག་རེད། གང་ལྟར་ཡང་སྒྱུ་རྩལ་གྱི་རྣམ་འགྱུར་ཞིག་གི་ཐོག་ནས་བསྐྲུན་པའམ་བཟོ་བཀོད་བྱས་པའི་ངག་གི་རང་བཞིན་ཞིག་ལ་རྩོམ་རིག་ཅེས་ལབ་དགོས་ཀྱི་ཡོད་རེད།

སྙན་ངག་དང་རྩོམ་རིག་གཉིས་པོ་དེ་ལ་ཕན་ཚུན་ཁྱབ་ཆེ་ཆུང་གི་འབྲེལ་བ་གང་འདྲ་ཞིག་ཡོད་རེད་ཅེ་ན། དེ་ལ་ཡང་འཇིག་རྟེན་ལྟ་ཚུལ་མི་མཐུན་པའི་དབང་གིས་ལྟ་ཚུལ་མི་མཐུན་པ་ཡོང་སྲིད་ཀྱི་རེད། དཔེར་ན་ནུབ་ཕྱོགས་པའི་འདོད་ཚུལ་བྱས་པ་ཡིན་ན་སྙན་ངག་དེ་བྱེ་བྲག་པ་ཞིག་ངོས་འཛིན་བྱས་ནས། རྩོམ་རིག་ཚིག་ལྷུག་ (Prose) གང་ཡིན་པ་དེ་ཚོ་སྙན་ངག་གི་ནང་ལ་མི་བགྲངས་པའི་གོ་སྐབས་ཤིག་ཡོང་གི་ཡོད་རེད། ལེགས་སྦྱར་གྱི་ལྟ་སྟངས་བྱས་པ་ཡིན་ན་ཀཱབྱ་ཟེར་བ་དེ་ལ་བཅད་པ་དང་ལྷུག་པ་དང་སྤེལ་མ་ཙམ྄བུ་སོགས་པའི་རྣམ་གཞག་གཅིག་ཡོང་གི་ཡོད་རེད་ལ། དེ་ལྟར་བྱས་དུས་ཕལ་ཆེར་ཉམས་ལྡན་གྱི་ངག་གི་རྩོམ་རིག་གང་ཡིན་པའམ་ཡང་ན་བློའི་འགྱུར་བས་ཀུན་ནས་བསླངས་པའི་ངག་གི་རིགས་གང་ཡིན་པ་དེ་དག་སྙན་ངག་ཏུ་བརྩི་ན་འགྲིག་གི་ཡོད་རེད། བྱས་ཙང་སྙན་ངག་ཟེར་བ་དེ་བཅད་ལྷུག་སྤེལ་མའི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ལེགས་སྦྱར་གྱི་སྐད་ཡིག་ལྟ་སྟངས་ནང་བཞིན་བྱས་པ་ཡིན་ན། རྩོམ་རིག་དང་སྙན་ངག་གཉིས་པོ་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་བཞག་མི་དགོས་པར་རྩོམ་རིག་གང་ཡིན་པ་དེ་སྙན་རྩོམ་ཡིན་པ་དང༌། སྙན་རྩོམ་གང་ཡིན་པ་དེ་རྩོམ་ཡིན་པར་ཆ་བཞག་ན་ཡང་འགྲིག་གི་མེད་འགྲོ ཀཱབྱ་ལ་སྙན་ངག་ཅེས་བོད་སྐད་ལ་སྒྱུར་བའི་སྐབས་སྙན་ངག་ཟེར་བའི་ཚིག་འདི་གསར་དུ་བཟོས་པ་ཞིག་མིན་པ་འདྲ། སྙན་ངག་ཅེས་པ་དེས་ཀཱབྱ་ཞེས་པའི་དོན་དག་ཆ་ཚང་སླེབས་ཐུབ་ཀྱི་མེད་པའི་བཟོ་འདྲ་འདུག དེ་མེད་ཙང་རྒྱ་གཞུང་བོད་སྐད་ལ་བསྒྱུར་བའི་འགོ་མ་ཚུགས་པའི་སྔོན་ནས་བོད་མིས་བེད་སྤྱོད་བཏང་བའི་ཚིག་ཅིག་ཡིན་པ་གཅིག་བྱས་ན་ཐག་བཅད་ཐུབ་ཀྱི་རེད། གང་ལྟར་སྙན་ངག་ཅེས་པའི་ཚིག་འདི་ང་ཚོའི་ལོ་ཙཱ་བས་བེད་སྤྱོད་བཏང་བ་དེ་ག་ཚོད་ཕྱིས་ནའང་བྱེ་བྲག་རྟོགས་བྱེད་ཆེན་མོ་བཟོ་བའི་སྐབས་སྙན་ངག་ཟེར་བ་དང་སྙན་དངགས་ཟེར་བ་དེ་ཚོ་བེད་སྤྱོད་གནང་ཡོད་རེད། ལེགས་སྦྱར་སྐད་ནས་བོད་སྐད་ལ་གཞུང་བསྒྱུར་བའི་འགོ་མ་ཚུགས་པའི་སྔོན་ནས་ཡོད་པའི་བོད་པའི་མིང་ཚིག་འདི་ལེགས་སྦྱར་གྱི་ཚིག་འདི་ལ་ཡིན་ཞེས་སྦྱར་ནས་བཞག་པ་དེ་ཚོ་ལ་ལེགས་སྦྱར་གྱི་སྐད་དོད་ཆ་ཚང་སླེབས་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་མ་ཡིན་པར་ཐོག་མར་བོད་སྐད་ལ་མེད་པ་བྱས། ལེགས་སྦྱར་ནང་ཡོད་པ་དཔེར་ན། སངས་རྒྱས་ཟེར་བ་དང༌། དཀོན་མཆོག་ཟེར་བ་དེ་རིགས་ལེགས་སྦྱར་ནང་གང་ཡོད་པ་དེ་སྒྲ་བསྒྱུར་བྱས་ནས་དགོས་མཁོ་དང་བསྟུན་ཏེ་ང་ཚོའི་ལོ་ཙཱ་བས་གསར་པ་བཟོས་པའི་མིང་ཚིག་གཅིག་ཆགས་ཀྱི་ཡོད་རེད། སྙན་ངག་ཟེར་བ་དེ་ལོ་ཙཱ་བས་དགོས་མཁོ་དང་བསྟུན་ནས་གསར་དུ་བཟོས་བཞག་པ་མ་ཡིན་པར་སྒྲ་བསྒྱུར་གྱི་ལས་རིམ་འགོ་མ་ཚུགས་པའི་སྔོན་གྱི་བོད་ཀྱི་སྐད་ནང་ཡོད་པའི་ཚིག་གཅིག་ཡིན་གྱི་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་རྒྱ་གར་སྐད་ནས་བོད་སྐད་དུ་བསྟན་བཅོས་བསྒྱུར་བའི་འགོ་མ་ཚུགས་པའི་སྔོན་ནས་སྙན་ངག་ཅེས་པ་ང་ཚོའི་སྐད་ཆའི་ནང་ཡོད་པ་དང༌། ཡོད་པ་ནང་བཞིན་དེའི་དོན་དག་འདི་འདྲ་ཞིག་ལ་གོ་དགོས་རེད་ཅེས་སྒྲ་དོན་གྱི་འབྲེལ་བ་ཞིག་ཡོད་དགོས་དུས་ཙ་ལ། ང་རང་ཚོའི་སྐད་རྙིང་པའི་སྐབས་ལའང་སྙན་ངག་དང་སྙན་ངག་མ་ཡིན་པའི་ངག་གི་རང་བཞིན་གྱི་ཁྱད་པར་ཕྱེ་ཡི་ཡོད་པ་འདྲ་པོ་ཞིག་མཚོན་ཐུབ་ཀྱི་ཡོད་རེད། དེ་ཡོད་པ་ཡིན་ན་སྙན་ངག་ཅེས་པའི་རྣམ་རྟོག་དང༌། སྙན་ངག་གི་རྣམ་བཞག སྙན་ངག་གི་བེད་སྤྱོད་ལ་སོགས་ཡོད་བཞིན་པ་ཞིག་རེད། དེ་ནས་རྗེས་སུ་རྒྱ་གར་སྐད་ནས་བོད་སྐད་དུ་བསྟན་བཅོས་བསྒྱུར་ཡོང་བའི་སྐབས་ལ་ཀཱབྱ་ཞེས་པའི་ཚིག་ལ་སྙན་ངག་ཅེས་བཞག་པའི་བྱུང་རིམ་འདི་བང་འགྲིག་གི་ཡོད་པ་ཡིན་ན། ང་ཚོའི་སྙན་ངག་གི་ངོ་བོ་ཡོད་པ་མ་ཟད། སྙན་ངག་གི་ཐ་སྙད་དང་དེའི་རྣམ་བཞག་ཀྱང་བོད་ཀྱི་སྐད་དང་མཉམ་དུ་རྒྱུན་རིང་པོ་ཞིག་ནས་མར་ཡོང་བ་གོ་ཐུབ་ཀྱི་རེད།

ང་ཚོའི་སྙན་ངག་དེ་ཡང་ང་ཚོའི་སྐད་ཆ་བྱུང་བའི་དུས་དེ་ནས་བྱུང་བ་ཞིག་ཡིན་པ་དེ་ཕལ་ཆེར་དྭོགས་པ་བྱེད་མི་དགོས་པ་ཞིག་རེད། དུས་ཅི་ཙམ་ནས་བརྡ་སྤྲོད་སྐད་ཀྱི་རྣམ་བཞག་བྱུང་བའི་ལོ་རྒྱུས་དེ་དང་མཉམ་དུ་ཕལ་ཆེར་སྙན་ངག་དེ་ཡང་སྐད་ཀྱི་རང་བཞིན་གྱི་ནང་དུ་གནས་ཡོད་རེད་ཅེས་ལབ་པ་ཡིན་ན་འགྲིག་གི་རེད། དེའི་རྒྱུ་མཚན་གང་ཡིན་ཞུས་ན། སྐད་ཀྱི་རང་བཞིན་གྱི་ནུས་པ་ལ་སྙན་ངག་ཡོད་པའི་གཞི་རྩ་ཞིག་མེད་པ་ཡིན་ན་སྙན་ངག་མེད་ས་ཞིག་ལ་སྙན་ངག་གསར་པ་ཞིག་བཟོ་ཐུབ་ཀྱི་མ་རེད། དེ་འདྲ་སོང་ཙང་སྐད་ཁ་ཤས་ནང་ལ་སྙན་ངག་གི་ནུས་པ་ཆེན་པོ་ཡོད་པ་དང༌། ཁ་ཤས་ནང་ལ་ཆུང་ཆུང་ཡིན་པ། ཁ་ཤས་ནང་ཧ་ལམ་ཡོང་ཐུབ་ཀྱི་མེད་པ་དེ་དག་སྐད་ཀྱི་ཁྱད་པར་གྱི་དབང་གིས་ཡོང་གི་ཡོད་རེད། བྱས་ཙང་ད་ལྟའི་གནས་སྐབས་འདི་ལ་ང་ཚོའི་བོད་ཀྱི་སྐད་ཡིག་གི་ནང་ལ་སྒྱུ་རྩལ་ནམ་མཁའ་དང་མཉམ་པའི་མཐོ་པོ་ཞིག་ཡོང་ནུས་པ་དེ་ལེགས་སྦྱར་གྱི་སྐད་ནས་ཚུར་བླངས་པ་ཡང་མ་རེད། རྒྱ་སྐད་ནས་བླངས་པ་ཡང་མ་རེད།

ཡུལ་གཞན་ནས་གཡར་བཞག་པ་ཞིག་ཀྱང་རྩ་ནས་མ་རེད། དེ་བོད་ཀྱི་སྐད་ཡིག་གི་རང་བཞིན་ལ་ཡོད་པ་ཞིག་རེད། ང་ཚོའི་བོད་ཀྱི་སྐད་ཡིག་གི་ནང་ལ་ངག་རིག་གི་སྒྱུ་རྩལ་འདི་ཙམ་ཡར་རྒྱས་འགྲོ་ཐུབ་པ་དེ་རྩ་བའི་གཞི་རིམ་གྱི་ནུས་པ་བོད་ཀྱི་སྐད་ཡིག་རང་ལ་ཡོད་པ་ཡིན་དུས། བོད་ཀྱི་སྐད་ཡིག་བྱུང་བ་དང་བོད་ཀྱི་སྙན་ངག་གི་སྒྱུ་རྩལ་བྱུང་བ་གཉིས་མཉམ་དུ་རེད་ཅེས་ལབ་ནའང་དེ་ཙམ་ཧམ་པ་ཚ་པོ་ཆགས་ཀྱི་མ་རེད། ཡིན་ནའང་དེ་ལ་སྙན་ངག་ཅེས་ཐ་སྙད་སྦྱར་བ་དེ་དུས་ཚོད་དགའ་རབ་ཅིག་གི་རྗེས་ལ་མ་གཏོགས་བྱུང་ཡོད་ཀྱི་མ་རེད། བྱས་ཙང་དེ་འདྲའི་སྙན་ངག་གི་སྒྱུ་རྩལ་ཁྱད་པར་བ་གཅིག་ལ་སྙན་ངག་ཅེས་ལབ་རྒྱུའི་བརྡ་དོན་གྱི་ཐ་སྙད་སྦྱར་སྟངས་དེ་བོད་ལ་སྔ་མོ་ནས་ཡོད་པ་ཡིན་དུས། སྙན་ངག་མེ་ལོང་གི་སྔོན་ལ་བོད་དུ་སྙན་ངག་ཡོད་རེད་ཡོད་མ་རེད་ཅེས་ལབ་བསྡད་པ་དེ་ཅོལ་ཆུང་གི་སྐད་ཆ་ཞིག་རེད། སྤྱིར་བཏང་གིས་བོད་ཀྱི་སྐད་ཡིག་གི་ནང་ལ་ཡོད་པའི་སྙན་རྩོམ་དང་སྙན་ངག་མེ་ལོང་བོད་ལ་བསྒྱུར་བ་གཉིས་པོ་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གཏིང་ཟབ་ཅིག་ཡོད་མ་རེད། སྙན་ངག་མེ་ལོང་བོད་དུ་བསྒྱུར་བ་ལ་བརྟེན་ནས་བོད་ཀྱི་སྙན་ངག་གི་སྒྱུ་རྩལ་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་རེད། བསམ་བློ་གཏོང་རྒྱུ་མང་དུ་ཕྱིན་པ་སོགས་ཀྱིས་ཏན་ཏན་ཕན་ཐོགས་ཡོད་རེད། གལ་སྲིད་དེ་རིང་བར་དུ་སྙན་ངག་མེ་ལོང་བོད་ལ་མ་བསྒྱུར་བ་ཡིན་ན་བོད་ཀྱི་སྙན་རྩོམ་གྱི་ཡར་རྒྱས་དེ་ད་ལྟ་ཡོད་པ་ནང་བཞིན་མི་ཡོང་བ་དེ་འདྲ་ཡང་ཆགས་ཀྱི་མ་རེད། དཔེར་ན། བར་ལམ་ང་ཚོའི་བོད་ཀྱི་ངག་གི་རང་བཞིན་གྱི་ནང་ལ་སྙན་རྩོམ་གྱི་རྣམ་བཞག་ཁྱད་པར་ཅན་ཞེད་པོ་དེ་འདྲ་བྱུང་བ་དེ་ཚོ་ཡང་སྙན་ངག་མེ་ལོང་བོད་ལ་མ་བསྒྱུར་བ་ཡིན་ན་ཡོང་མི་སྲིད་པ་རེད་ཅེས་ལབ་མི་ཐུབ་པ་ཞིག་རེད།

དེའི་རྗེས་ལ་ང་ཚོས་ག་རེ་གླེང་གི་ཡོད་རེད་ཅེ་ན། རྒྱ་གར་གྱི་རྩོམ་འགྲོས་ཀྱིས་ཤན་མ་ཞུགས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་འགྲོས་སྙན་ངག་དང༌། རྒྱ་གར་གྱི་རྩོམ་འགྲོས་ཀྱི་ཤན་ཞུགས་པའི་ཕྱིས་བྱུང་སྙན་ངག་གཉིས་པོ་དེའི་བར་ལ་དབྱེ་བ་གསལ་པོ་བྱས་ནས་འབྱེད་དགོས་པ་དང༌། དབྱེ་བ་གསལ་པོ་ཕྱེ་བའི་རྗེས་ལ་དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གསལ་པོ་བྱས་ནས་བལྟ་དགོས་པ་དང༌། དེ་ལ་བལྟས་པའི་ཐོག་ནས་བོད་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་གནས་སྟངས་དེ་ཚོ་ལབ་ཐུབ་པ་ཡིན་ན་ཡག་པོ་འདུག

སྤྱིར་བཏང་ང་རང་གི་ལྟ་ཚུལ་བྱས་པ་ཡིན་ན། ཤེས་ཡོན་དང་སྒྱུ་རྩལ་གྱི་རིགས་དེ་ཚོ་རང་བཞིན་གྱི་ཆ་ནས་སྤྱི་ལ་ཁྱབ་པ་ཞིག་རེད་མ་གཏོགས། མི་རིགས་དང་ཡུལ་ལུང༌། གང་ཟག་བྱེ་བྲག་པ་ཞིག་ལ་བདག་པར་བྱེད་རྒྱུ་དེ་ཁག་པོ་རེད། གང་ཡིན་ཞུས་ན། མིའི་རྣམ་རྟོག་གི་འགྱུར་འགྲོས་ཀྱི་བག་ཆགས་དེ་ཆོས་ཕྱོགས་ནས་བསམས་པ་ཡིན་ན་སྐྱེ་བ་ནས་སྐྱེ་བར་བརྒྱུད་པའི་བག་ཆགས་ཤིག་རེད་མ་གཏོགས་སྐྱེ་བ་གཅིག་གི་ནང་ལ་གསར་དུ་རྙེད་པའི་རྣམ་རྟོག་གི་བག་ཆགས་ཤིག་མ་རེད། ཆོས་ཕྱོགས་ནས་མིན་ན་ཡང་ད་ལྟའི་ང་ཚོའི་མིའི་ཤེས་ཡོན་དང་མིའི་རྣམ་རྟོག་དེ་གང་འདྲ་ཞིག་བྱས་ནས་མར་ཡོང་ཡོད་རེད་ཅེ་ན། ལོ་ཁྲི་ཕྲག་མང་པོ་ཞིག་གི་རིང་ལ་བྱུང་བའི་མི་རིགས་སྤྱི་ཡོངས་ཀྱི་རིག་གཞུང་གི་གནས་སྟངས་དང༌། རྣམ་རྟོག་གི་གནས་སྟངས། སྐད་ཡིག་གི་གནས་སྟངས། མངོན་པར་འཚོ་བར་བྱེད་པའི་ཐབས་ལམ་གྱི་གནས་སྟངས་སོགས་མང་པོ་ཞིག་ཕར་གྲོགས་ཚུར་གྲོགས་བྱས་ནས་ཡོང་བའི་གོང་བུ་ཞིག་རེད་མ་གཏོགས། ས་ཆ་ཁྱད་པར་བ་ཞིག་ཏུ་མི་རིགས་ཁྱད་པར་བ་ཞིག་གི་གནས་སྟངས་ཁྱད་པར་བ་ཞིག་སྐྱེ་འགྲོ་གཞན་དང་འབྲེལ་བ་རྩ་ནས་མ་བྱས་པར་སྡོད་ཐུབ་པ་དེ་ལོ་རྒྱུས་རིག་པ་དང་དེ་མིན་གྱི་ཚན་རིག་གི་ཐོག་ནས་བཞག་རྒྱུ་ཁག་པོ་རེད། དེ་འདྲ་ཡིན་དུས་ང་ཚོས་ཀྱང་མ་འདྲེས་ཤིང་མ་སྦགས་པ། ཤན་མ་ཞུགས་པའི་རྣམ་གཞག་ཅིག་སྤེལ་རྒྱུའི་འབད་བརྩོན་བྱེད་པ་དང༌། དེ་འདྲ་ཞིག་རག་པ་ཡིན་ན་ཧ་ལས་པ་དང་ཕུན་སུམ་ཚོགས་པའི་དངོས་པོ་ཞིག་ལ་ངོས་འཛིན་བྱེད་དགོས་པའི་གནས་སྟངས་དེ་ང་རང་སྒེར་གྱི་བསམ་བློའི་ནང་ལ་ཡོང་གི་མི་འདུག ཡིན་ནའང་དེང་སང་ལོ་རྒྱུས་རིག་པ་དང་དངོས་μས་རིག་པ་གང་ཡིན་ཡང་དེ་འདྲ་ཞིག་འབད་བརྩོན་བྱས་ནས་འཚོལ་བ་དང༌། གལ་སྲིད་འདྲ་པོ་གཉིས་རྙེད་པ་ཡིན་ན་གཅིག་གིས་གཅིག་ལ་ཤན་ཞུགས་པ་རེད་བསམས་པའི་ལྟ་སྟངས་ལོ་རྒྱུས་རིག་པ་བའི་ལྟ་སྟངས་ཀྱི་སྐྱོན་གཅིག་རེད་དྲན་གྱི་འདུག ཨ་མི་རི་ཀའི་ཤིང་ནགས་དཀྱིལ་དུ་ཡོད་པའི་ཀློ་པ་དེ་ཚོའི་མདའ་གཞུ་དང༌། བོད་ཀྱི་ཤིང་ནགས་དཀྱིལ་ན་ཡོད་པའི་ཀློ་པ་དེ་ཚོའི་མདའ་གཞུ་གཉིས་འདྲ་པོ་མཐོང་དུས། མི་རིགས་འདི་གཉིས་ལ་ག་དུས་འབྲེལ་བ་བྱུང་བ་ཡིན་ནམ། དུས་རབས་གང་ཞིག་ཏུ་ཁོང་གཉིས་ལ་འབྲེལ་བ་མ་བྱུང་བ་ཡིན་ན་མདའ་གཞུ་གཅིག་པ་དེ་འདྲ་ཡོང་སྲིད་ཀྱི་མ་རེད་སྙམ་པའི་ལྟ་ཚུལ་དེ་དེང་རབས་ལོ་རྒྱུས་རིག་པའི་ལྟ་ཚུལ་ཞིག་རེད། ང་ཚོའི་ལོ་རྒྱུས་རིག་པའི་ལྟ་སྟངས་གང་འདྲ་ཞིག་ཡོད་རེད་ཅེ་ན། རང་བཞིན་གྱིས་རྣམ་རྟོག་གཅིག་པ་འདྲ་པོ་དེ་འདྲ་ཡོང་མི་སྲིད་པ་དེ་བསམ་དགོས་པ་མ་རེད་ཅེས་དྲན་གྱི་ཡོད་རེད། མིའི་སྤྱི་ཚོགས་བྱུང་བ་ནས་བཟུང་ལོ་རྒྱུས་ཀྱི་འགྱུར་རིམ་རླབས་ཆེ་བ་ཞིག་འགྲོ་གི་ཡོད་དུས། འགྱུར་རིམ་དེའི་ནང་ཕན་ཚུན་ཤན་ཞུགས་མིན་ལ་མ་ལྟོས་པར་འདྲ་པོ་འདྲ་པོ་ཡོང་ཆོག་གི་རེད། བྱས་ཙང་གནས་ཚུལ་འདི་གཞི་རྩ་བཞག་པའི་ཐོག་ནས་ལོ་རྒྱུས་རིག་པའི་ལྟ་སྟངས་ཀྱི་རྒྱང་ཤེལ་དེ་ཡང་ཆུང་ཆུང་ཞིག་མ་བཟོས་པར་གང་ལ་ཡང་འགྲེལ་བཤད་བརྒྱབ་ཐུབ་པ་ཞིག་བཟོ་རྒྱུ་དེ་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་གང་ལ་གང་འཚམས་ཀྱིས་འདི་བོད་པའི་ཐུན་མོང་མ་ཡིན་པ་རེད། འདི་རྒྱ་གར་ནས་ཤན་ཞུགས་པ་རེད་ཅེས་དབྱེ་བ་རགས་པ་ཞིག་འབྱེད་ཐུབ་ཀྱི་རེད་དཻ་དབྱེ་བ་དེ་ཁྱབ་པ་ངེས་པའི་དབྱེ་བ་ཞིག་ཆགས་རྒྱུ་ཁག་པོ་རེད།

དེ་དང་ཕྱོགས་མཚུངས་པའི་སྒྱུར་རྩོམ་སྐོར་ལ། ལེགས་སྦྱར་གྱི་སྙན་ངག་ཆེན་པོ་དེ་ཚོ་བོད་སྐད་ལ་བསྒྱུར་ཡོང་བའི་སྐབས། དེ་བོད་ཀྱི་སྙན་རྩོམ་ཁོངས་སུ་འགྲོ་གི་རེད་འགྲོ་གི་མ་རེད། བོད་ཀྱི་ངག་རིག་སྒྱུ་རྩལ་གྱི་གྲས་སུ་བརྩི་གི་རེད་བརྩི་གི་མ་རེད། གནད་དོན་འདི་ལ་དཔྱད་པ་གནང་རྒྱུ་དེ་གལ་ཆེན་པོ་རེད། ཚིག་རྒྱན་གྱི་བསྟན་བཅོས་བོད་ལ་མ་བསྒྱུར་བའི་སྔོན་ནས་ལེགས་སྦྱར་གྱི་སྙན་ངག་ཆེན་པོ་མང་པོ་བོད་སྐད་ནང་བསྒྱུར་ཚར་བ་རེད། དེ་རིགས་ལ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་གོ་གནས་གང་འདྲ་ཞིག་སྤྲོད་དགོས་ཀྱི་རེད་ཅེས་པའི་དྲི་བ་འདི་གནད་འགག་ཆེན་པོ་ཆགས་ཡོད་རེད། ང་རང་སྒེར་གྱི་མཐོང་ཚུལ་བྱས་པ་ཡིན་ན་དེ་དག་བོད་ཀྱི་ངག་གི་སྒྱུ་རྩལ་གྱི་ནང་ལ་ངེས་པར་བཞག་དགོས་ཀྱི་རེད་བསམ་གྱི་འདུག རྒྱ་གར་གྱི་རྩོམ་རིག་ནས་ཡོན་ཏན་བླངས་པ་ཞིག་ཡིན་པ་བཤད་མ་དགོས་པ་རེད། རྒྱ་གར་གྱི་སྐད་ཀྱི་ནང་ལ་ཉམས་གང་ཡོད་པ་བོད་སྐད་ནང་དུའང་ཧ་ལམ་སླེབས་ཡོད་པ་ཞིག་དང༌། བོད་སྐད་ཀྱི་ཐོག་ནས་ཀློག་པའི་སྐབས་ལ་བློའི་འགྱུར་བ་བསྐྱེད་པའི་ནུས་པ་ཆ་ཚང་ཡོད་བསྡད་པ་ཞིག་རེད། ལོ་ཙཱ་བ་ཚོས་དེ་འདྲ་ཞིག་བསྒྱུར་ཐུབ་པ་དེ་ཡང་ལོ་ཙཱ་བ་ཁོ་རང་ཚོའི་ངག་གི་སྒྱུ་རྩལ་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོའི་བོད་སྐད་ཀྱི་རང་བཞིན་ལ་དེ་འདྲའི་སྒྱུ་རྩལ་བསྐྱེད་པའི་ནུས་པ་ཡོད་བསྡད་པ་ཞིག་རེད། དེ་ལ་དཔེ་མཚོན་ཙམ་ཞུས་ན། བོད་སྐད་ཐོག་དཔག་བསམ་འཁྲི་ཤིང་དང་སྐྱེས་རབས་སོ་བཞི་པ་གཉིས་ཀྱི་རྩོམ་རིག་གི་རིན་ཐང་གཞལ་བའི་སྐབས་ལ། སྙན་ངག་ཀུན་གྱི་རྒྱལ་པོ་འཁྲི་ཤིང་གི། ཞེས་ལབ་ཀྱི་རེད་མ་གཏོགས། སྙན་ངག་ཀུན་གྱི་རྒྱལ་པོ་སྐྱེས་རབས་ཀྱི།། ཞེས་ལབ་ཀྱི་མ་རེད། སྙན་ངག་ཐམས་ཅད་ཀྱི་རྒྱལ་པོ་དེ་དཔག་བསམ་འཁྲི་ཤིང་ལ་བརྩིས་བསྡད་ཀྱི་ཡོད་རེད། ལེགས་སྦྱར་གྱི་དབང་དུ་བྱས་ནས་དེ་གཉིས་བསྡུར་བ་ཡིན་ན། སྐྱེས་རབས་སོ་བཞི་པའི་རྐང་པ་བཞག་ས་ལ་ཡང་དཔག་བསམ་འཁྲི་ཤིང་སླེབས་མི་སླེབས་ཙམ་རེད། འོན་ཀྱང་བོད་སྐད་ནང་དུ་དཔག་བསམ་འཁྲི་ཤིང་ལ་དེ་འདྲའི་ཉམས་ཐོན་པ་ནི་ལོ་ཙཱ་བ་རང་གི་ངག་གི་སྒྱུ་རྩལ་བེད་སྤྱོད་གཏོང་སྟངས་ཀྱི་ཐོག་ནས་སླེབས་པ་ཞིག་རེད། དེའི་དབང་གིས་འགྱུར་རྩོམ་དེ་རིགས་ཀྱི་རིན་ཐང་གཞལ་བའི་སྐབས་ལ་བོད་ཀྱི་ངག་གི་རང་བཞིན་ཡིན་པ་གཞིར་བཞག་བྱས་ནས་འཇལ་དགོས་པ་ཞིག་རེད། འགྱུར་རྩོམ་དེའི་རིགས་ལ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་ས་ཆ་རག་དགོས་པ་མ་ཟད་དེ་དག་གི་ཉམས་ཀྱི་རིན་ཐང་གཞལ་འོས་པ་ཞིག་དང་གཞལ་དགོས་པ་ཞིག་ཀྱང་རེད།

བོད་ཀྱི་བརྗོད་གཞི་ཅིག་ལས་བརྩམས་ཏེ་བྲིས་པའམ་ཡང་ན་བོད་མི་ཞིག་གིས་སྐད་ཡིག་གཞན་པའི་ཐོག་ལ་བྲིས་པའི་རྩོམ་རིག་དེ་ཚོ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་ས་ཆ་གང་ཡང་རག་གི་མ་རེད། ང་ཚོས་རྩོམ་རིག་གི་རྣམ་གཞག་བཤད་པའི་སྐབས་ལ་སྐད་ཡིག་བྱེ་བྲག་པ་ཞིག་གཞིར་བཟུང་ནས་བཤད་པ་རེད་མ་གཏོགས། རྩོམ་པ་པོ་གཞིར་བཟུང་ནས་བཤད་ཀྱི་ཡོད་མ་རེད་ལ། བརྗོད་བྱ་གཞིར་བཟུང་ནས་ཀྱང་བཤད་ཀྱི་ཡོད་མ་རེད། སྐད་ཡིག་བྱེ་བྲག་པ་ཞིག་གི་ནང་ངག་གི་སྒྱུ་རྩལ་གྱི་དཔལ་ག་ཚོད་ཐོན་ཐུབ་ཀྱི་ཡོད་མེད་སྐོར་བཤད་ཀྱི་ཡོད་རེད།

རྩོམ་རིག་ལོ་རྒྱུས་འབྲི་རྒྱུའི་སྐོར་ནས་ཞུས་པ་ཡིན་ན། རྩོམ་རིག་ལོ་རྒྱུས་འབྲི་མཁན་གྱི་གང་ཟག་དེ་ལ་རྣམ་དཔྱོད་ཀྱི་མིག་མི་འདྲ་བ་གཉིས་དགོས་ཀྱི་ཡོད་རེད། དེའང་རྩོམ་རིག་ལ་ལྟ་ཐུབ་པའི་ངག་གི་སྒྱུ་རྩལ་གྱི་རྣམ་བཞག་ལ་བྱང་ཆུབ་པའི་རྣམ་དཔྱོད་ཀྱི་མིག་གཅིག་དང༌། དེ་ལོ་རྒྱུས་ཀྱི་ནང་ལ་བང་སྒྲིག་ཐུབ་པའི་ལོ་རྒྱུས་རིག་པའི་རྣམ་དཔྱོད་ཀྱི་མིག་གཅིག་དགོས་ཀྱི་ཡོད་རེད། དེ་དང་ཆབས་གཅིག་ཏུ་རྩོམ་རིག་ལོ་རྒྱུས་ཀྱི་སྒྲོམ་གཞི་བསླངས་སྟངས་ཐད་ཞུས་ན། འདིར་རྩོམ་རིག་གི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་ཀྱི་ཡོད་པ་མ་གཏོགས་རྩོམ་པ་པོའི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་ཀྱི་མེད་པ་ཡིན་ཙང་རྩོམ་རིག་གཙོ་བོར་བྱས་ནས་རྩོམ་པ་པོ་ཞར་བྱུང་དུ་བཤད་དགོས་པ་རེད། རྩོམ་རིག་གི་ཐོག་ནས་རྩོམ་པ་པོ་གང་ཟག་གི་རང་གཤིས་རྟོགས་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། རྩོམ་རིག་ལ་བརྟེན་ནས་རྩོམ་པ་པོའི་རང་གཤིས་ཤེས་ཐུབ་པ་དེ་རྩོམ་རིག་ལོ་རྒྱུས་ཀྱི་ཁྱད་ཆོས་དང་དགོས་པར་བཞག་དགོས་པ་ཞིག་རེད།

དེ་བཞིན་བོད་ཀྱི་རྩོམ་རིག་གི་འགྱུར་བའི་འགྲོ་སྟངས་ནང་ལ་སྐད་ཡིག་གཞན་པའི་རྩོམ་གྱི་འགྲོ་སྟངས་ནང་བཞིན་ཉམས་དང་འགྱུར་བའི་དབང་གིས་སམ་ཡང་ན་བརྡ་སྤྲོད་ཀྱི་ངག་གི་རྣམ་འགྱུར་གྱི་དབང་གིས་དུས་རབས་འབྱེད་རྒྱུ་དེ་ཁག་པོ་རེད། ཧིན་དིའི་རྩོམ་རིག་ལོ་རྒྱུས་ཐོག་ལ་བལྟས་པ་ཡིན་ན་དུས་རབས་མང་པོ་ཕྱེ་ཡོད་རེད། དཔེར་ན་ཆཱཡཱཝཱདཱིའི་དུས་རབས་དང༌། རསཝཱདིའའི་དུས་རབས། ནིརཱལཱའི་དུས་རབས། ཨཛྙེཡའི་དུས་རབས་ཟེར་བ་སོགས་རྩོམ་པ་པོ་རེ་རེའི་ཤུགས་ལས་རྩོམ་རིག་གི་རྣམ་བཞག་ཁོ་རང་ལ་ཁྱད་པར་ཡོང་བསྡད་ཀྱི་ཡོད་རེད། ང་ཚོ་བོད་པ་ལ་ཕལ་ཆེར་དེ་འདྲ་བྱུང་ཡོད་མ་རེད། རྩོམ་པ་པོ་གང་ཟག་གཅིག་གིས་སྐབས་དེ་དུས་ལ་བྱུང་བའི་རྩོམ་རིག་ཚང་མ་ལ་ནུས་ཤུགས་ཁྱབ་ནས། རྩོམ་འགྲོས་ཆ་ཚང་གང་ཟག་གཅིག་གི་རྩོམ་འགྲོས་དང་མཐུན་པ་ཆགས་པ་ཞིག་ཕལ་ཆེར་ང་ཚོའི་ངག་གི་རང་བཞིན་གྱི་ལོ་རྒྱུས་ནང་ལ་བྱུང་ཡོད་མ་རེད་བསམ་བྱུང༌། གལ་སྲིད་དེ་འདྲ་ཞིག་ཡོད་པ་ཡིན་ན་དེ་རྩོམ་རིག་ལོ་རྒྱུས་ནང་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་རེད། རྒྱལ་པོ་ཞིག་བརྩི་གཞི་བྱས་ནས་ཁྲི་སྲོང་གི་སྐབས་ལ་འདི་འདྲ་བྱུང་བ་རེད། ཁྲི་རལ་གྱི་སྐབས་ལ་འདི་འདྲ་བྱུང་བ་རེད་ཅེས་ཟེར་བ་དེ་ཚོ་ཞེ་ས་མ་ཞུས་ན་ལྐུགས་པའི་བསམ་ཚུལ་རེད།

གལ་སྲིད་རྩོམ་རིག་ལོ་རྒྱུས་བྲི་བའི་སྐབས་ལ་དུས་རབས་ཤིག་འབྱེད་དགོས་ཀྱི་ཡོད་ན་རྩོམ་རིག་རང་གི་ཐུན་མོང་མ་ཡིན་པའི་གནས་སྟངས་ཀྱི་ཐོག་ནས་དུས་རབས་ཀྱི་དབྱེ་བ་མཚོན་ཐུབ་པ་ཞིག་ཆགས་ཀྱི་འདུག་མི་འདུག་ལ་བལྟ་དགོས་པ་མིན་འགྲོ་བསམ་གྱི་འདུག དེ་རིང་འདིར་ཕེབས་པའི་མཁས་པ་ཚང་མ་ལ་ང་རང་གི་ངོས་ནས་དང་རབ་གསལ་གྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།།

གསུང་བཤད་འདི་ནི་ ༡༩༩༤ ཕྱི་ཟླ་ ༧ ཚེས་ ༣ ཉིན་བཞུགས་སྒར་དྷརྨཤཱལཱའི་ཕྱི་དྲིལ་ལས་ཁུངས་ཀྱི་ཚོགས་ཁང་དུ་བོད་ཀྱི་མཁས་པ་དང་ཤེས་ཡོན་ཅན་ལྔ་བཅུ་ཙམ་འཛོམས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་སྒྲོམ་གཞིའི་སྐོར་ལ་བགྲོ་གླེང་ཚོགས་འདུའི་མཇུག་བསྡོམས་སུ་གནང་བ་ཞིག་ཡིན་འདུག།