བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་འབྱུང་འགྱུར་འབྲིང་རིམ་འཛིན་གྲྭ་བར་བོད་ཡིག་གི་ལམ་ནས་སློབ་ཚན་ཡོངས་རྫོགས་སློབ་ཁྲིད་བྱེད་ཕྱོགས་ཀྱི་འཆར་ཟིན།

དཔྱད་གཞི། སྔོན་གླེང༌། བོད་དུ་ཕྱི་ལོ་བརྒྱ་ཕྲག་དྲུག་བདུན་ཡན་ཆད་ཀྱི་དུས་སུ་ཤེས་ཡོན་སློབ་སྦྱོང་གི་སྲོལ་དང༌། གནས་སྟངས་ཇི་ཡོད་ད་ལྟའི་ལོ་རྒྱུས་ཉམས་ཞིབ་པ་རྣམས་ཀྱིས་ཚོད་དཔག་དང་མུན་མདའ་འཕེན་ཡུལ་ཙམ་མ་གཏོགས། ཚུལ་ཇི་ལྟ་བ་ཤིན་ཏུ་བརྗོད་པར་དཀའ་མོད།

རྒྱལ་བློན་ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀའ་དྲིན་ལས་ཡི་གེའི་རིག་གཞུང་དང་ནང་པའི་གཙུག་ལག་གི་འཆད་སྤེལ་ཚུགས་པ་ནས་བཟུང༌། ཕྱི་ལོ་ ༡༩༥༩ ཕན་གྱི་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་རིང་བོད་ཀྱི་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་དང་ལག་ལེན་བསྟར་ཕྱོགས་ཐད། དེང་དུས་པ་རྣམས་ཀྱིས་བསྟོད་སྨད་ཇི་ལྟར་བྱེད་རུང༌། ངེས་དོན་དུ་འཛམ་གླིང་རྒྱལ་ཁབ་གཞན་སུ་ལའང་མ་བྱུང་བའི་ལམ་སྲོལ་དང་ལག་ལེན་ཆེས་བཟང་པོ་ཞིག་བྱུང་བ་ནི། ད་ལྟ་དངོས་ཡོད་ཀྱི་གཙུག་ལག་རིག་གཞུང་དང༌། རྩོམ་རིག བཟོ་ཡི་གནས་ལ་སོགས་པ་འདི་རྣམས་ཀྱིས་བསྙོན་མེད་དུ་མཚོན་ནུས། དུས་ཡུན་དང་མི་འབོར་གྱི་ཆ་ནས་བརྩིས་ཚེ་བོད་དང་འདྲ་བའི་རྩོམ་རིག་གི་འབོར་དང་རྣམ་གྲངས་ཟབ་ཁྱད་བཅས་ཡོད་པའི་རྒྱལ་ཁབ་གཞན་གཅིག་ཀྱང་འཛམ་གླིང་ནང་མི་རྙེད། དེ་ནི་བོད་ལྗོངས་འདི་བཞིན་འཕགས་མཆོག་ཕྱག་ན་པདྨོའི་ཐུན་མིན་གྱི་གདུལ་ཞིང་དུ་བཟུང་བའི་གནས་ཡུལ་ཁྱད་པར་ཅན་ཡིན་པ་དང༌། རང་རེའི་མི་རབས་གོང་མ་ཚོས་སྙིང་སྟོབས་དང༌། ལྷག་བསམ་གྱི་རྩལ་ཇི་ཙམ་ཞིག་བཏོན་ཡོད་པའི་གནས་ལུགས་རྭ་སྤྲོད་བྱེད་པའི་དན་རྟགས་གསུབ་མེད་ཅིག་ཡིན།

ལ་ལའི་བསམ་པར་གནའ་བོའི་བོད་ཀྱི་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་ནི་ཕལ་ཆེར་དགོན་སྡེ་ཁག་ཏུ་རབ་བྱུང་ཁོ་ནའི་ཆེད་དུ་ཟུར་བཅད་དུ་འཇོག་པའམ། ཡང་ན་རབ་བྱུང་དང་དཔོན་རིགས་འབྱོར་ལྡན་ཉུང་ཤས་ཀྱི་ཆེད་དུ་མ་གཏོགས། དཀྱུས་མའི་མང་ཚོགས་ཀྱི་ནང་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་གཏན་ནས་མེད་པའམ་ཚད་ལྡན་ཞིག་མེད་པར་སེམས་པ་ནི་རྣམ་པར་འཁྱམས་པ་སྟེ། སྔོན་བྱོན་བོད་ཀྱི་མཁས་པ་གྲགས་ཅན་ཕལ་ཆེར་ཡུལ་མི་དཀྱུས་མའམ། དབུལ་པོའི་གྲལ་རིམ་ནས་ཐོན་པ་བསྙོན་མེད་མ་ཟད། ཁྱིམ་པའི་པཎྜིཏ་ཡང་གྲངས་མེད་ཅིག་བྱོན་པ་དེ་དག་གི་མཛད་རྣམ་དང་གསུང་རྩོམ་དངོས་སུ་བཞུགས་པ་འདི་དག་ཉི་ཤར་སྦར་མོས་མི་ཁེབས་པའི་ངང་ཚུལ་དུ་ཡོད། སྤྱིར་གྲོང་སྡེ་དང་གྲོང་གསེབ་གང་སར་སློབ་གྲྭའམ་གཙུག་ལག་སློབ་ཁང་སོགས་སྒྲིག་འཛུགས་ལྡན་པའི་སློབ་སྟོན་གྱི་གནས་གཞི་མང་པོ་མེད་པ་དང༌། ཡུལ་མི་ན་གཞོན་ཡོངས་μོགས་སློབ་གྲྭར་བསྐྱོད་དགོས་ཀྱི་ཁྲིམས་ལུགས་མེད་པ་སོགས་བདེན་མོད། འོན་ཀྱང་དོན་གཉེར་ཅན་གྱི་བློ་གསར་གཞོན་ནུ་རྣམས་ལ་སློབ་སྦྱོང་གི་མཐུན་རྐྱེན་དང་གོ་སྐབས་རྩ་བ་ནས་ཐོབ་ཐབས་མེད་པའི་དུས་རབས་ཤིག་ནམ་ཡང་མ་བྱུང༌། གལ་ཏེ་དེང་དུས་ཀྱི་རྒྱལ་ཁབ་གཞན་དག་ལྟ་བུའི་སློབ་གྲྭའི་སྒྲིག་འཛུགས་བོད་ཀྱི་ལུང་ཚན་གང་སར་རྒྱ་ཁྱབ་ཏུ་ཡོད་པ་ཡིན་ན་མཁས་གྲུབ་ཀྱི་སྐྱེས་བུ་དེ་ཙམ་ཐོན་ཡོད་མེད་ཐེ་ཚོམ་གྱི་གནས་སུ་ཡོད། དོན་གཉེར་ཅན་གྱི་སྐྱེས་བུ་རྣམས་ཕ་ཡུལ་བཞག་ནས་ཐག་རིང་གདན་ས་དང་སྒྲུབ་སྡེ་ཁག་ཏུ་བསྐྱོད་དེ་མི་ཚེ་ཕྱེད་ལྷག་སློབ་སྦྱོང་གི་ཐོག་གཏོང་བའི་ལམ་སྲོལ་བཟང་པོ་དེ་ནི་བོད་ཀྱི་རིག་གཞུང་གི་གཟི་བརྗིད་འགོག་པ་མེད་པ་འདིའི་སྲོག་རྩ་ཞིག་ཡིན་པ་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱི་བལྟས་ཤིག་སློག་ཚེ་ད་གཟོད་རྟོགས་ནུས། ཚུལ་འདི་དག་ལ་གཞིགས་ཚེ་རང་རེའི་གནའ་སྲོལ་དེ་དག་སྟོན་པ་ཐུགས་རྗེ་ཅན། བླང་དང་དོར་བྱའི་ཆོས་ཀུན་མངོན་སུམ་དུ་གཟིགས་པའི་ཚད་མའི་སྐྱེས་མཆོག་དེས་ཇི་ལྟར་འདོམས་པའི་གདམས་ངག་ལ་གཞི་རྩར་བརྟེན་པའི་ཡང་དག་པའི་ལམ་སྲོལ་ཞིག་ཡིན་པ་ཤེས་ཐུབ། དེ་ལྟ་ནའང་སྔོན་རབས་ཀྱི་ལམ་སྲོལ་དེ་ནི་བོད་རང་དབང་ལྡན་ཞིང་རྒྱལ་སྤྱིའི་འབྲེལ་ལམ་སོགས་མེད་པར་ཁེར་རྐྱང་ཟུར་སྡོད་བྱེད་སྐབས་མི་རིགས་རང་ཉིད་ཀྱི་དགོས་མཁོ་དང་འཚམས་པ་ཞིག་ཡིན་ནའང༌། དེང་དུས་ཡར་རྒྱས་ཅན་གྱི་འཛམ་གླིང་ནང་མི་རིགས་ཕན་ཚུན་དབར་འབྲེལ་ལམ་དང་ཤེས་ཡོན་སྤེལ་རེས་ཤུགས་ཆེ་བྱ་སྲོལ་འདི་དང་མཉམ་བསྐྱོད་དགོས་པ་དང༌། ལྷག་པར་ཚན་རིག་དང་འཕྲུལ་རིག་གི་ཁེ་ཕན་ལ་རང་རིགས་རྣམས་ཀྱང་སྤྱི་མཚུངས་ལོངས་སྤྱོད་དགོས་པའི་གནས་སྐབས་འདིར་འདས་པའི་ལམ་སྲོལ་རྐྱང་པས་མི་རིགས་ཀྱི་དགོས་མཁོ་ཆ་ཚང་སྒྲུབ་མི་ནུས་པ་མ་ཟད། སྐྱབས་བཅོལ་བོད་མི་ཁྲི་ཕྲག་མང་པོ་ཕྱི་རྒྱལ་ཁག་ཏུ་རྒྱུན་རིང་མི་ཚེ་སྐྱེལ་དགོས་ཐོག བོད་གཞུང་ཡང་སྐྱབས་བཅོལ་གཞུང་གི་ཚུལ་དུ་རྒྱ་གར་དུ་བཞུགས་དགོས་དེའི་རིང་བོད་མི་སྐྱབས་བཅོལ་བ་རྣམས་ཕྱི་རྒྱལ་ཁག་ཏུ་ཤེས་ཡོན་དང་དཔལ་འབྱོར་གཉིས་ཐད་ནས་གཞིས་ཆགས་སྲ་བརྟན་ཐུབ་ཐབས་དང༌། རང་དབང་བསྐྱར་གསོའི་ལས་དོན་ལ་ཡང་དག་པའི་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་འབད་བརྩོན་ཐུབ་ཐབས། བོད་རང་དབང་མ་ཐོབ་བར་བོད་མིའི་རིག་གཞུང་དང་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་སོགས་ཀྱི་གནས་ཚུལ་གང་ས་ནས་བྱེས་འབྱོར་བོད་མིའི་ན་གཞོན་རྣམས་ལ་རང་ལུགས་སྔོན་སྲོལ་ཉམས་མེད་ཐོག་དེང་རབས་དང་མཐུན་པའི་སློབ་སྦྱོང་མ་སྤྲོད་ཐབས་མེད་དངོས་མཐོང་རྩོད་མེད་དུ་གྱུར། དོན་གྱི་དབང་འདིས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་བཞེད་དགོངས་ཟབ་མོ་དང་མཐུན་པར་བྱེས་འབྱོར་བོད་ཕྲུག་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་ཕྱོགས་ཀྱི་ལས་དོན་དེ་བཙན་བྱོལ་གཞུང་གི་གལ་ཆེའི་མཛད་ཁུར་དང་པོ་ཞིག་ཏུ་གཟིགས་ཏེ་འབད་བརྩོན་ཤུགས་ཆེ་གནང་ཡོད། སྐབས་དེར་བོད་ཕྲུག་སློབ་ལོ་མ་ཡོལ་བ་ཆིག་ཁྲི་སྐོར་ཡོད་པ་རྣམས་རྒྱ་གར་གྱི་སློབ་གྲྭ་ཁག་ཏུ་ཆ་བགོས་ཀྱིས་བཏང་ཐོག བོད་སྐད་སློབ་སྟོན་གྱི་གོ་སྒྲིག་སྟབས་བདེ་ཞིག་མཛད་པ་ཡིན་ཚེ་རྒྱ་གར་དང་བོད་གཞུང་གཉིས་ཀར་ཕྱག་གྲོན་ཆུང་ལ་སྐུ་ངལ་མེད་པའི་མཛད་བདེ་ཞིག་ཡོང་རྒྱུ་ཡང༌། དཀའ་རྙོག་དང་བཞེས་སྐུ་ངལ་འཛེམས་མེད་ཀྱིས་གཏན་ཉིན་སློབ་གྲྭ་ཁག་ཟུར་འཛུགས་བསྐྱངས་པའི་མཛད་བྱུས་འདི་ནི་རང་རེའི་བོད་མི་སྐྱབས་བཅོལ་བའི་ལོ་རྒྱུས་ནང་གཟི་བརྗིད་ཆེ་བའི་མཛད་བྱུས་བཟང་པོ་ཞིག་ཡིན། བོད་སློབ་ཟུར་འཛུགས་གནང་མེད་པ་ཡིན་ན་འདས་པའི་ལོ་ཉེར་ལྔའི་ནང་བོད་མིའི་ཤེས་རིག་གི་གྲུབ་འབྲས་ད་ཡོད་འདིའི་བརྒྱ་ཟུར་ཙམ་ཡང་བྱུང་མེད་པ་ཕལ་ཆེར་ཐག་ཆོད། འོན་ཀྱང་བོད་མིའི་གཏན་ཉིན་གཞིས་སློབ་ཁག་ཐོག་མར་གསར་འཛུགས་གནང་སྐབས་བོད་མིའི་ནང་དེང་དུས་ཀྱི་ཤེས་ཡོན་གྱི་སློབ་སྟོན་ལམ་སྲོལ་ལ་མཁྱེན་མྱོང་ལྡན་པ་དཀོན་ཁར། རྒྱ་གར་གྱི་འབྲེལ་ཡོད་སྣེ་མོར་གཏོགས་པ་རྣམས་ཀྱང་བོད་ཀྱི་རིག་གཞུང་ལ་གོ་རྟོགས་ཞན་རིགས་ཤ་སྟག་ཅིག་འཁེལ་བར་བརྟེན་རྒྱ་གར་གྱི་གཞི་རིམ་སློབ་སྦྱོང་གི་ལམ་སྲོལ་དེ་རང་སོར་བཞག་ཐོག་བོད་ཀྱི་སྐད་ཡིག་སློབ་ཚན་ཙམ་ཟུར་བསྣན་གྱིས་ཚིམས་ནས་དེ་མུར་ལོ་ཉེར་ལྔ་ཙམ་སོང༌། ཐོག་མའི་ལོ་ངོ་ལྔ་ཙམ་གྱི་བར་སྤྱིར་སློབ་ཕྲུག་མང་ཆེ་བོད་སྐྱེས་དང༌། ཕ་མ་ཡང་བོད་གཤིས་ཀྱི་དྲོད་རྩི་མ་ཡལ་བ་ཡོད་པ་དང༌། བོད་དགེ་རྣམས་མཁྱེན་ཡོན་ཚད་ལྡན། ལྷག་བསམ་ཟོལ་མེད་ཀྱི་འབད་བརྩོན་ཆེ་བསྐྱེད་གནང་མཁན་ཤས་ཆེར་སོང་བ་སོགས་ཀྱི་འབྲས་བུར་སློབ་ཕྲུག་རྣམས་ཤེས་ཡོན་སྤྱི་དང༌། ཁྱད་པར་བོད་ཀྱི་སྐད་ཡིག་ཐོག་ཤེས་ཚད་མི་དམན་ཙམ་བྱུང་ཡོད་རུང༌། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུའི་དཀྱིལ་སྨད་ནས་བཟུང་སློབ་གྲྭ་ཁག་གི་ཤེས་ཡོན་ཆུ་ཚད་རིམ་ཉམས་ཀྱིས་འདས་པའི་ལོ་ངོ་བཅུ་གྲངས་རིང་སློབ་ཕྲུག་ཕལ་ཆེའི་ཤེས་ཚད་ལོ་རེ་བཞིན་ཇེ་དམན་དུ་འགྲོ་བའི་དངོས་ཡོད་ཛ་དྲག་གི་གནས་ཚུལ་ཞིག་བྱུང་བ་དེ་བོད་མི་སྤྱི་དང༌། ཁྱད་པར་ཤེས་རིག་ལྷན་ཁང་གི་མཛད་གཙོ་རྣམ་པར་ཐུགས་སྣང་བྱུང་སྟེ། ཤེས་ཚད་ཉམས་ཆག་འགྱུར་གཞིའི་རྐྱེན་རྩ་གར་ཐུག་དང༌། གོང་མཐོར་གཏོང་བའི་ཐབས་ལམ་ཇི་དགེ་སོགས་མྱང་རྩད་གྲོས་བསྡུར་རིམ་པར་གནང་བའི་མཐའ་དོན་ཤེས་ཚད་ཉམས་ཆག་འགྲོ་གཞིའི་འགལ་རྐྱེན་འཛིན་སྐྱོང་གི་གནས་སྟངས་སོགས་སྤྱི་དང༌། བྱེ་བྲག་ས་གནས་སོ་སོའི་དཀའ་ངལ་སྣ་ཚོགས་ཤིག་ཡོད་རུང༌། གལ་ཆེ་ཤོས་གཅིག་ལ་ད་ཡོད་ཀྱི་སློབ་སྦྱོང་གི་ལམ་སྲོལ་འདིས་རང་རེའི་དམིགས་ཡུལ་སྒྲུབ་མ་ནུས་པ་ཞིག་རྭ་འཕྲོད་བྱུང་ཡོད། གལ་ཏེ་ད་ལྟའི་ལམ་སྲོལ་འདི་གནས་སྐབས་དཀའ་རྙོག་ཆེ་བ་མེད་དབང་དུ་བཏང་ནའང་གཞི་རྩ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་དམིགས་རང་དབང་བསྐྱར་གསོ་དང༌། མ་འོངས་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བཅས་ཀྱི་དགོས་མཁོ་ཡོངས་μོགས་སྒྲུབ་ནུས་པའི་ཚད་ལྡན་བོད་མིའི་མི་རབས་གསར་པ་ཞིག་ཐོན་སྐྱེད་བྱེད་མི་ཐུབ་པ་ཆེས་མངོན་གསལ་དུ་སྣང་བས་རྒྱུ་མཚན་གྱི་སྤྲོས་པ་མ་དགོས། དོན་གནད་འདི་དག་རིང་མོ་ཞིག་ནས་ཡང་ཡང་ཁོ་བོའི་རྣམ་རྟོག་གི་འཆར་སྒོར་བྱུང་ཞིང༌། རང་སྡེའི་རིགས་ལ་མངོན་ཞེན་གྱི་བག་ཆགས་ཆེས་མཐུག་པའི་དབང་གིས་ཡིད་ངལ་དང་བཅས་ཅུང་ཟད་སྨན་པའི་མཐུན་འགྱུར་ཞབས་འདེགས་ཙམ་འགྲུབ་ན་ཅི་མ་རུང་སྙམ་པའི་སེམས་འཚབ་ཅིག་རྒྱུན་མར་ཡོད་ནའང་དུས་སྐབས་སྨིན་པ་ཞིག་མ་བྱུང་བར་ནར་ལུས་ངང༌། བོད་མི་ན་གཞོན་རྣམས་ཀྱི་ཤེས་ཚད་ཉམས་དམས་འགྲོ་བཞིན་པའི་ངང་ཚུལ་སྙིང་གིས་མ་བཟོད་པར་མཆོག་དམན་མང་པོར་འདིའི་སྐོར་འབོད་བརྡ་སྐད་ཅོར་མང་ཙམ་བྱེད་མུས་སྐབས། ཕྱི་ལོ་ ༡༩༨༤ ཕྱི་ཟླ་ ༩ ཚེས་ ༡༠ ནས་ ༡༣ བར་བཞུགས་སྒར་དུ་རང་གཞུང་བཀའ་ཤག་ནས་བསྡུ་བསྐོང་ཤེས་རིག་ལྷན་ཚོགས་ཤིག་གནང་བར་ངོས་ཀྱང་བཀའ་དགོངས་བཞིན་ཞབས་བཅར་ཞུས་སྐབས་ལྷན་ཚོགས་ཀྱི་མདུན་སར་ད་ཡོད་བོད་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་སྒྲིག་འཛུགས་དང༌། སློབ་སྦྱོང་གི་ལམ་སྲོལ་གཉིས་ཀ་རང་རེའི་དགོས་མཁོར་མ་འཚམས་པར་གྱུར་ཟིན་པ་དང༌། ད་ཆ་གནས་ཚུལ་འདིའི་ཐོག་གཞི་རྩའི་གསར་བརྗེ་གཙང་མ་ཞིག་གནང་ན་མ་གཏོགས། ཆད་མཐུད་ཡོ་བསྲངས་ཀྱིས་ཉམས་གསོ་ཕྲན་བུ་རེ་མཛད་པས་ཐུགས་ཕན་གསོས་མིན་གྱི་གནས་ཚུལ་གསོལ་ཐོག རང་གཞུང་གིས་ད་ལྟ་དང༌། མ་འོངས་བོད་རང་དབང་བསྐྱར་གསོ་བྱུང་རྗེས་བཅས་སུ་ཕྱག་ལེན་བསྟར་འོས་བོད་ཀྱི་ཤེས་ཡོན་སློབ་སྟོན་ལམ་སྲོལ་གྱི་ཐད་སྲིད་བྱུས་ཚད་ལྡན་ཞིག་གཏན་འབེབས་གནང་གལ་ཆེ་བའི་འབོད་བསྐུལ་ཞུ་རྒྱུ་བྱུང་ཞིང༌། དེའི་རྗེས་དཔལ་ལྡན་ཤེས་རིག་དྲུང་ཆེ་མཆོག་ནས་བོད་ཀྱི་མ་འོངས་པའི་ཤེས་རིག་ལམ་སྲོལ་ཐོག་སྲིད་བྱུས་འཛིན་སྟངས་ཐད་ཁོ་བོའི་བསམ་ཚུལ་ཇི་ཡོད་ཡིག་ལམ་དུ་བཀོད་པ་ཞིག་བྱུང་ན་བླ་དཔོན་གོང་མའི་དགོངས་པའི་དཔྱད་གཞིར་ཐུགས་ཁྱད་ཡོང་རྒྱུ་ཞེས་བཀའ་ནན་རིམ་ཕེབས་བྱུང་རུང༌། རང་འཁྲིའི་ཞུ་སྒོ་སྣེ་མང་གིས་ལས་བྲེལ་ཆུ་གཉེར་ལྟ་བུ་བར་མེད་རིམ་ནོན་གྱིས་ད་བར་སུག་བྲིས་སུ་འགོད་པའི་གོ་སྐབས་མ་ཐོབ། ཉེ་ཆར་གཏན་ཉིན་སློབ་གྲྭ་ཁག་གི་བོད་དགེ་ཡོངས་μོགས་ནས་བསྡུ་བཞེས་མཛད་པའི་དགོངས་འཆར་ཕྱོགས་བསྡུ་པོད་ཁ་མཐོ་ཚད་གཅིག་ཀྱང་ཁོ་བོར་བཀླག་རྒྱུར་བསྐུར་གནང་འདུག་པ་མ་ཟད། འཕྲིན་ཐོག་ནས་སླར་ཡང་དྲན་བསྐུལ་བྱུང་བ་བཞིན་གཤམ་གསལ་གྱི་དོན་གནད་ཁ་ཤས་ཡིག་ཐོག་ཏུ་འགོད་པའི་ངལ་བ་ལྷུར་བླངས་པ་ལགས།

ངོས་རང་སྐྱེས་སྦྱང་གི་ཤེས་ཡོན་ཆེས་དམན་རུང༌། གཞོན་ནུའི་དུས་ནས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བཟང་བླ་མེད་ཐོབ་པར་བརྟེན། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་ཐོས་པ་ཉུང་ཟད་སོང་བས། རྒྱལ་བའི་བསྟན་པ་དང་བོད་ཀྱི་རིག་གཞུང་ལ་རྒྱུ་མཚན་ཤེས་པའི་དད་པ་ཐོབ་ཅིང༌། འཕགས་ཡུལ་གྱིས་མཚོན་ཕྱིའི་རྒྱལ་ཁབ་དུ་མའི་དེང་དུས་ཀྱི་མཁས་པར་གྲགས་པ་མང་པོ་ཞིག་དང་མཉམ་དུའང་འཕྲོས་མོལ་བགྲོ་གླེང་རྒྱུན་བསྟུད་བྱ་དགོས་བྱུང་བ་དང༌། འདས་པའི་ལོ་ངོ་ཉེར་ལྔའི་རིང་བོད་ཀྱི་རིག་གཞུང་སློབ་སྟོན་དང་འབྲེལ་ཡོད་ཀྱི་ལས་དོན་ཁོ་ནའི་ཐོག་སྲི་ཞུའི་གོ་སྐབས་ཐོབ་པ་བཅས་ལས་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་དུ་སྐད་པའི་གནས་ཚུལ་མང་པོ་ཞིག་ལའང་མཐོང་ཐོས་གང་འཚམས་བྱུང་བའི་སྟབས་ཀྱིས། སྟོན་པ་བདེ་བར་གཤེགས་པའི་གསུང་རབ་ནས་བྱུང་བའི་ཚུལ་ལུགས་རྣམས་ལ་ཆེས་གཏིང་ཟབ་ཀྱི་ངེས་པ་བརྟན་པོ་རྙེད་པ་བཅས་ལ་བརྟེན། བློའི་འཆར་སྒོ་མང་ཙམ་ཞིག་ཡོད་རུང༌། དེ་དག་གི་ཁུངས་ལུང་རྒྱུ་མཚན་དང་བཅས་བཀོད་ན་ཡིག་ཚོགས་ཧ་ཅང་མང་བར་འགྱུར་བས་རང་ཉིད་ངལ་བ་ཙམ་དུ་མ་ཟད། ཀློག་མཁན་རེ་ཟུང་བྱུང་ནའང་དེ་དག་སྒྱིད་ལུག་པའི་རྒྱུར་མཐོང་སྟེ་དགོས་པ་རྒྱུ་མཚན་ལུང་འདྲེན་སོགས་ཀྱི་སྤྲོས་པ་དང༌། དགག་བཞག་སྤོང་གསུམ་གྱི་ངལ་བ་དོར་ཏེ་དངོས་དོན་ལག་ལེན་བསྟར་ཕྱོགས་ཁོ་ན་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་འགོད་པའི་སྦྱོར་བ་ལ་ཞུགས་སོ།།

དམིགས་ཡུལ་དང་དགོས་པ།

མིའི་སྤྱི་ཚོགས་སུ་ཤེས་ཡོན་སློབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི། མི་རྣམས་དུད་འགྲོ་ལས་བྱེ་བྲག་འབྱེད་པའི་ཆེད་དུ་ཡིན། སྲོག་ཆགས་གཞན་དག་དང་མི་འདྲ་བར་མིའི་འགྲོ་བར་ཡུལ་ལ་བྱེ་བྲག་འབྱེད་པའི་རྣམ་འབྱེད་ཀྱི་ཤེས་རབ་དང༌། དེ་གསལ་བར་མཚོན་པའི་སྨྲ་བརྗོད་ཀྱི་ནུས་པ་ཁྱད་པར་བ་ཞིག་ཡོད། ལུས་ཀྱི་འཚར་ལོང་དང་མཉམ་དུ་ནུས་པ་དེ་དག་ཡར་རྒྱས་གཏོང་བའི་ཐབས་ཚུལ་ཚད་ལྡན་ཞིག་མ་བྱུང་ན་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་གྱིས་མི་ཚེ་བསྐྱལ་ན་སུག་བཞི་ས་ལ་འཛུགས་མིན་ཙམ་ལས་དོན་དུ་ཕྱུགས་དང་བྱེ་བྲག་མ་བྱུང༌། སྤྱིར་གསལ་རིག་གི་སེམས་ནི་འབྱུང་བའི་ནུས་པ་དང་མི་འདྲ་བར་མཐའ་མེད་དུ་འཕེལ་བའི་རིགས་ཅན་ཡིན་པ་དང༌། ལྷག་པར་མིའི་བློ་རིག་ནི་ཡར་རྒྱས་ཀྱི་མགྱོགས་ཚད་གཞན་དང་མི་འདྲ་བའི་ཁྱད་ནུས་ཅན་ཞིག་ཡིན་པར་བརྟེན། མིའི་ལུས་རྟེན་གྱི་ཐོག་ནས་སྒྲུབ་མི་ནུས་པའི་དངོས་པོ་གང་ཡང་མེད་སྟབས། རྟེན་འདི་ཡིད་བཞིན་ནོར་ལས་ཀྱང་ལྷག་པར་སྔོན་གྱི་དམ་པ་རྣམས་ཀྱིས་བསྔགས་པར་མཛད། དེ་ལྟ་བས་ན་སྤྱིར་འགྲོ་བ་མིའི་ཤེས་རིག་སློབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི་སེམས་ཀྱི་ནུས་ཤུགས་ཡར་རྒྱས་གཏོང་རྒྱུའམ། དེའི་ཡར་རྒྱས་ཀྱི་མཐུན་རྐྱེན་སྒྲུབ་པར་བྱེད་རྒྱུ་དེ་ཡིན། ཕྱོགས་གཞན་ནས་བཤད་ན། མིའི་རྟེན་ལ་གནས་པའི་གང་ཟག་རྣམས་ཀྱི་ནུས་ཤུགས་ལ་གཞིགས་པའི་མངོན་འདོད་ཀྱི་དོན་ཡང་འགྲོ་བ་གཞན་ལས་ཁྱད་པར་བ་ཞིག་ཡོད། མིའི་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་རྣམས་མདོར་བསྡུས་ན། ཆོས་ནོར་འདོད་ཐར་གྱི་སྡེ་བཞིར་འདུ་བ་ཡིན་ལ། དེ་ཡང་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་སུ་འདུ། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་བསམ་ཚུལ་སྲོག་ལྡན་ཐམས་ཅད་ལ་སྤྱི་མཚུངས་སུ་ཡོད་ནའང༌། སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་པའི་ཐབས་ཚུལ་སྒྲུབ་པའི་ནུས་པའི་ཆ་ནས་མི་དང་མཚུངས་པའི་སྐྱེ་འགྲོ་གཞན་སུ་ཡང་མེད། དེ་འདྲའི་མཐུ་ཅན་གྱི་མིའི་ལུས་རྟེན་འདི་ཡང་ཡུན་རིང་གནས་པའི་ནུས་པ་མེད་པས་ནམ་ཞིག་ན་ངེས་པར་འཇིག་ཅིང༌། ད་ལྟ་རང་ཅག་གིས་ཉམས་སུ་མྱོང་བའི་འཇིག་རྟེན་འདིའི་ནང་མིའི་ཚེ་ཚད་རིང་ཤོས་ལོ་གྲངས་བརྒྱ་སྐོར་ཞིག་ཡིན། དེ་ཡང་རྒན་བྱིས་ནད་མནར་གྱི་གོ་སྐབས་ཕུད་པའི་ལས་རྩོལ་གྱི་ནུས་ཤུགས་ལྡན་པའི་དུས་ཚོད་ཉུང་ངུ་ལས་མེད། དེ་འདྲའི་ལུས་རྟེན་འདི་དོན་ཆེ་ཞིང་འཇིག་པར་ངེས་ལ་ནམ་འཇིག་མ་ངེས་པས། གོ་སྐབས་རང་ལག་ཏུ་ཡོད་པའི་དུས་ཡུན་ཐུང་ངུའི་ནང་ལས་དོན་ཆེན་པོ་ཞིག་སྒྲུབ་ཐུབ་པ་བྱེད་གལ་ཆེ། དེར་བརྟེན་མི་ཚེའི་བསྒྲུབ་བྱའི་གཙོ་བོ་གང་ཡིན་དང༌། དེ་སྒྲུབ་པའི་ཐབས་ཚུལ་བཟང་ཤོས་དང་མགྱོགས་ཤོས་གང་ཡིན་གྱི་གདམ་ཁ་མ་ལོག་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བ་བརྗོད་མ་དགོས། དེ་འདྲའི་གདམ་ཁ་མ་ནོར་བ་བྱེད་པའི་ནུས་པ་མི་རྣམས་ལ་སྐྱེ་ཐོབ་རང་ཆས་སུ་མེད་པས་ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་བསྒྲུབ་དགོས། མདོར་བསྡུས་ན། ཤེས་ཡོན་སློབ་སྟོན་གྱི་དགོས་པ་དང་དམིགས་ཡུལ་ནི། མིའི་འགྲོ་བར་བླང་དོར་གྱི་གནས་ལ་མ་རྨོངས་པའི་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་པར་བྱེད་རྒྱུ་དེ་རང་ཡིན། ཤེས་ཡོན་ཞེས་པ་ཚོགས་དྲུག་གི་ཡུལ་ཤེས་པ་ཙམ་མིན་གྱི་བླང་དོར་གྱི་སྤུ་རིས་འབྱེད་པ་ལ་ཟེར། རིག་པའི་གནས་ཇི་ཙམ་ཤེས་རུང༌། བླང་དོར་གྱི་གནས་ལ་རྨོངས་ན་གང་ཤེས་ལག་ལེན་བསྟར་སྐབས་ཚུལ་མཐུན་མི་ཡོང༌། དོན་གྱི་དབང་འདི་ལ་གཟིགས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཀྱང་ཇི་ཙམ་ཤེས་རུང་མ་ཤེས་རུང༌། ཤེས་མཁན་གྱི་མི་དེ་ཚད་ལྡན་ཞིག་དགོས་པ་ལ་ནན་ཏན་ཆེན་པོ་མཛད་པ་ནི་ཆེས་མད་ཅིང༌། ཤེས་ཡོན་སློབ་སྟོན་གྱི་དགོས་དམིགས་ཡང་དག་གཟིགས་པའི་གསུང་གསང་གནད་ཆེན་ཡིན།

དེ་ཡང་སྲིད་ལམ་འབའ་ཞིག་གིས་འཚོ་བའི་རྒྱལ་ཁབ་རྣམས་ཀྱི་ཤེས་ཡོན་གྱི་དགོས་དམིགས་ཀྱང་ཚེ་འདིའི་བདེ་ཐབས་ཁོ་ནའམ། འདོད་ནོར་འབའ་ཞིག་གི་མཐའ་ཅན་ཡིན་ལ། སྟོན་པ་འདེ་བར་གཤེགས་པའི་རྗེས་སུ་ཞུགས་པ་རྣམས་ཀྱིས་ནི་ཤེས་ཡོན་ཙམ་མ་ཟད། སྒོ་གསུམ་བྱ་སྤྱོད་མཐའ་དག་གཏན་བདེ་སྒྲུབ་པའི་རྒྱུར་འགྲོ་བ་ལ་འབད་པས་ཤེས་ཡོན་གྱི་དགོས་དམིགས་མཐར་ཐུག་ཆོས་དང་ཐར་པའི་ཕུན་ཚོགས་ལ་འཇོག་པ་མ་ཟད། འདོད་ནོར་ཡང་ཆོས་ཐར་སྒྲུབ་པའི་ཡན་ལག་ཏུ་འགྲོ་བར་བྱེད་པས། ཤེས་ཡོན་གྱི་དགོས་དམིགས་བཟུང་ཚུལ་ཁྱད་པར་ཧ་ཅང་ཆེ་བ་མ་ཟད། དེའི་ཐབས་ལམ་ལའང་ཁྱད་པར་ཤིན་ཏུ་ཆེ།

སྤྱིར་ཤེས་ཡོན་སློབ་སྦྱོང་གི་དགོས་དམིགས་གོང་སྨོས་ལྟར་གྱི་ཐོག་བྱེ་བྲག་རྒྱལ་ཁབ་དང༌། ཡུལ་ལུང་སོ་སོའི་ཤེས་ཡོན་སློབ་སྦྱོང་གི་དགོས་དམིགས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་ནི། རྒྱལ་ཁབ་བམ་ཡུལ་ལུང་དེ་རྣམས་ཀྱི་སོ་སོའི་འདས་པའི་ལོ་རྒྱུས་དང༌། གོམས་གཤིས། ད་ལྟའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས། དམིགས་བསལ་རང་གི་བསྒྲུབ་བྱའི་གཙོ་བོ་གང་ལ་འཇོག་པ་བཅས་ཀྱི་དབང་གིས་ཡིན་མོད། དེ་དག་འདིར་སྤྲོས་པ་མ་དགོས་ཤིང༌། བོད་བཙན་བྱོལ་སྲིད་གཞུང་གི་ངོས་ནས་སྐྱབས་བཅོལ་བོད་མི་ན་གཞོན་ཚོར་ཤེས་ཡོན་སློབ་སྟོན་གྱི་དགོས་དམིགས་གསལ་པོར་གཏན་ལ་དབབ་རྒྱུ་སྐབས་བབ་ཀྱི་བྱ་བ་ཡིན་པས་ཅུང་ཟད་སྤྲོས་ན། རང་ཅག་ལྟ་བུ་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ཅིག་གི་སྲིད་གཞུང་གི་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་ཆོས་དང་མཐུན་ཞིང༌། ཆོས་དང་ལྡན་པ་ཞིག་དགོས་པ་ནི་དགོས་མཁོ་དང་པོ་དེ་ཡིན་པས། འདིར་ཡང་ཤེས་ཡོན་སློབ་སྦྱོང་གི་མཐར་ཐུག་གི་དགོས་དམིགས་གཙོ་བོ་རྒྱལ་ཁབ་ཀྱི་ཡུལ་མི་རྣམས་ཀྱི་འཕྲལ་ཡུན་གྱི་ཕན་བདེ་ཆོས་ཐར་སྙིང་པོ་ཅན་གྱི་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་བཀྲི་བའི་ཆེད་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྒྲུབ་པ་ཉིད་གཟུང་དགོས་ལ། དེའི་འོག་འཕྲལ་མཁོའི་དགོས་དམིགས་རྣམས་གཏན་འབེབས་བྱེད་དགོས། དེ་ཡང་རྒྱལ་ཁབ་ཀྱི་ད་ལྟའི་གནས་སྟངས་དང༌། སྤྱི་ཚོགས་ཀྱི་འཕྲལ་ཡུན་གྱི་དགོས་མཁོ་རྣམས་འོལ་སྤྱི་ཙམ་མ་ཡིན་པར་བྱེ་བྲག་ཕྱེ་བའི་གནས་ལུགས་གསལ་པོ་རེ་རེ་བཞིན་གཏན་འཁེལ་ཐག་ཆོད་ཐོག དེའི་ཐབས་ལམ་དང་འཚམས་པའི་ཤེས་ཡོན་སློབ་སྦྱོང་གི་དགོས་དམིགས་འཇོག་སྟངས་ཤིག་མ་བྱུང་ཚེ། གནའ་བོའི་བོད་ཀྱི་གཏམ་དཔེར། དཀྱུས་གཞན་དུ་བསྟན་ནས་རྟ་གཞན་དུ་རྒྱུག་ཟེར་བ་དང་མཚུངས་པར་འགྱུར་བས་གནད་འདི་ལ་ཆེས་གཟབ་དགོས། ད་ལྟའི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འཕྲལ་གྱི་མངོན་འདོད་མདོར་བསྡུས་ན།

༡ ཕྱི་རྒྱལ་ཁག་ཏུ་དུས་ཡུན་དང་མི་རབས་ཇི་ཙམ་ཞིག་རིང་སྐྱབས་བཅོལ་དུ་གནས་དགོས་བྱུང་ཡང༌། བོད་མིའི་གོམས་གཤིས་དང༌། རིག་གཞུང༌། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཉམས་གུད་ཕྲ་མོ་ཙམ་མེད་པར་རྒྱུན་འཛིན་དང་གོང་སྤེལ་བྱེད་རྒྱུ།

༢ དུས་ཡུན་དང་མི་རབས་ཇི་ཙམ་ཞིག་རིང་སྐྱབས་བཅོལ་དུ་གནས་དགོས་བྱུང་ཡང༌། བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་ཁག་དང༌། བཙན་བྱོལ་སྲིད་གཞུང་བཅས་པའི་དཔལ་འབྱོར་གྱི་གནས་སྟངས་གཞན་རེ་མ་དགོས་པའི་རང་ཚུགས་སྲ་བརྟན་ཐུབ་ཐབས་དང༌། རང་བཙན་བསྐྱར་གསོའི་ཐབས་བྱུས་ལས་འགུལ་ལ་མཁོ་བའི་དཔལ་འབྱོར་གྱི་ནུས་པ་ལྡེང་ངེས་ཡོང་ཐབས་བྱེད་རྒྱུ།

༣ དུས་ཡུན་དང་མི་རབས་ཇི་ཙམ་རིང་སྐྱབས་བཅོལ་དུ་གནས་དགོས་བྱུང་ཡང༌། རང་དབང་བསྐྱར་གསོའི་ལས་འགུལ་ཐོག་ནམ་ཡང་ཞུམ་པ་དང་ཕྱི་བཤོལ་མེད་པར་རྒྱུན་མཐུད་འབད་བརྩོན་བྱ་རྒྱུར་སྐུལ་ལྕག་བྱེད་རྒྱུ།

༤ ནམ་ཞིག་བོད་རང་བཙན་བྱུང་འཕྲལ་ཆོས་སྲིད་གཉིས་ལྡན་གྱི་རང་རྒྱལ་གྱི་འཛུགས་སྐྲུན་བྱེད་ཕྱོགས་ཀྱི་ཐབས་ལམ་ལ་མ་རྨོངས་ཤིང༌། སྙིང་སྟོབས་མི་ཞུམ་པ་བཟོ་རྒྱུ་བཅས་ཡིན།

གོང་གསལ་དགོས་མཁོ་དེ་དག་སྒྲུབ་པའི་སྐབས་སུའང༌། ཐེ་ཚོམ་དང་ནེམ་ནུར་མི་འབྱུང་ཞིང༌། འབད་བརྩོན་གྱི་ནུས་པ་ཆུད་ཟོས་སུ་མི་འགྲོ་བའི་ཆེད་བོད་མི་སྐྱབས་བཅོལ་བའི་ད་ལྟའི་སྤྱི་ཚོགས་དང༌། དཔལ་འབྱོར། སྲིད་དོན་བཅས་ཀྱི་གནས་སྟངས་དངོས་ཡོད་དང༌། འབྱུང་འགྱུར་གནས་སྟངས་དེ་དག་གང་འདྲ་ཞིག་གི་ནང་འགྲོ་དགོས་ཀྱི་ཡོད་པའི་ཚོད་དཔག་གཏན་འབེབས། དེ་མཚུངས་བོད་རང་བཙན་བསྐྱར་གསོའི་རྗེས་བོད་མིའི་སྤྱི་ཚོགས་དང༌། སྲིད་དོན། དཔལ་འབྱོར་བཅས་ཀྱི་གནས་ཚུལ་ག་འདྲ་ཞིག་གི་ནང་དུ་འགྲོ་རྒྱུའི་འཛུགས་སྐྲུན་བྱ་འཆར་བཅས་ལེགས་པར་གཏན་ལ་མ་ཕབ་ན། ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་ཕྱོགས་ཀྱི་ཐབས་ལམ་ངེས་གཏན་ཐེ་ཚོམ་བྲལ་བ་ཞིག་གཏན་འབེབས་བྱེད་མི་ཐུབ་ཅིང༌། བྱས་ཀྱང་ཕུགས་ཀྱི་ལམ་ཕྱོགས་དང་མ་མཐུན་པར་སོང་ཚེ་འབད་བརྩོན་གྱི་ནུས་པ་མང་པོ་ཆུད་ཟོས་སུ་འགྲོ་བ་གདོན་མི་ཟ། འདིར་རང་གི་བསམ་ཚུལ་ལྟར་གླེང་ན། བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་ཀྱི་གནས་ཡུལ་གཙོ་ཆེ་རྒྱ་གར་དང༌། བལ་འབྲུག་སོགས་སུ་ཡོད་པའི་གཞིས་ཆགས་ཁག་ཡིན་ལ། དེ་དག་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་བའི་རེ་བ་བྱ་ཡུལ་ལྟེ་བ་ཞིག་ཀྱང་ཡིན་པ་སྨོས་མ་དགོས། གཞིས་གྲོང་དེ་རྣམས་ཀྱི་དཔལ་འབྱོར་གྱི་གཞི་རྟེན་ཤས་ཆེ་བ་ཞིང་ལས་དང༌། བཟོ་ལས། ཚོང་ལས་བཅས་ཡིན། བྱེས་འབྱོར་བོད་མི་ན་གཞོན་ཡོངས་རྫོགས་ལ་ཤེས་ཡོན་སློབ་སྦྱོང་ཐོབ་པ་ཞིག་བྱེད་རྒྱུའི་ཐབས་ལམ་གྱི་ཕྱོགས་སུ་བཙན་བྱོལ་བོད་གཞུང་ནས་ད་བར་མུ་མཐུད་འབད་བརྩོན་ཤུགས་ཆེ་གནང་བ་མ་ཟད། ད་དུང་ཡང་གནང་དགོས་ལ་སོང་ཤེས་ཡོན་སློབ་སྦྱོང་ཐོག་འབོར་གྲངས་ཀྱི་ཡར་རྒྱས་གང་འཚམས་ཡོང་བཞིན་པ་ལྟར། ནམ་ཞིག་ན་བོད་མི་ན་གཞོན་ཡོངས་རྫོགས་ལ་གཞི་རིམ་གྱི་སློབ་སྦྱོང་ངེས་ཅན་དུ་སྤྲོད་དགོས་པ་རྩ་ཁྲིམས་རིན་པོ་ཆེའི་རྩ་བའི་ལམ་སྟོན་དུ་གསལ་བ་བཞིན་མཛད་དགོས་དེ་ལྟར་ཡང༌། བོད་མིའི་གཞི་རིམ་གྱི་སློབ་སྦྱོང་ད་ཡོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བའི་ཐབས་ལམ་དང་མཐུན་པ་ཞིག་མ་བྱུང་ཚེ་སློབ་སྦྱོང་ཐོན་པའི་ན་གཞོན་ཇེ་མང་དུ་སོང་བ་དེའི་ཚོད་ཀྱིས་གཞིས་ཆགས་ཁག་ཏུ་ཞིང་བཟོ་ཚོང་གསུམ་གྱི་ལས་དོན་ཐོག་ཞུགས་མི་ཇེ་ཉུང་དང༌། སློབ་ཐོན་ལས་མེད་ཇེ་མང་ལ་སོང་སྟེ་སྤྱི་ཚོགས་ཀྱི་རྩ་སྒྲོམ་ཞིག་རྒྱུའི་ཉེན་ཆེ། གལ་ཏེ་གཞིས་གྲོང་ཁག་གི་སྤྱི་ཚོགས་སྲ་བརྟན་རང་ཚུགས་ཐུབ་པ་ཞིག་མ་བྱུང་ཚེ། ཁ་ཐོར་ལས་རིགས་ཀྱིས་བོད་མིའི་དཔལ་འབྱོར་གནས་སྟངས་ཇེ་བཟང་དུ་སོང་རུང༌། གོམས་གཤིས་དང༌། རིག་གཞུང་གི་འཛིན་སྐྱོང་ལ་གནོད་ཚབས་ཤུགས་ཆེ་ཡོང་ངེས་པས་ཕན་ཐོགས་མེད། དེ་བཞིན་བོད་རང་བཙན་བྱུང་རྗེས་སུའང་བོད་མིའི་སྤྱི་ཚོགས་ནི་མ་རྩའི་རིང་ལུགས་ཀྱི་རྟག་མཐའ་དང༌། དམར་ལུགས་ཀྱི་ཆད་མཐའ་གཉིས་ཀར་མ་ལྷུང་བར་སྟོན་པ་ཐུགས་རྗེ་ཅན་གྱི་ཡང་དག་པའི་དབུ་མའི་ལམ་བཟང་ལ་ཞུགས་ཏེ། ཡུལ་མི་ཐམས་ཅད་ཡང་དག་པའི་འཚོ་བ་དང༌། རྩོལ་བ། ལས་ཀྱི་མཐའ་བཅས་ལ་གནས་ཐུབ་པ་ཞིག་བྱས་ཏེ། སྔོན་སྲོལ་བཟོ་ཞིང་འབྲོག་གསུམ་གྱི་འཚོ་ཐབས་ཐོག་མངའ་བདག་རྒྱུད་འཛིན་གྱི་ལམ་སྲོལ་སྤངས་པའི་འདྲ་མཉམ་དང༌། དྲང་བདེན་གྱི་འཚོ་བར་ཞུགས་དགོས་པ་ཡིན། དེར་བརྟེན་སོ་ནམ་ལས་དོན་གྱི་ཚན་རིག་དང༌། འབྲོག་ལས་ཚན་རིག བཟོ་ལས་ཆུང་ཁག་དང༌། ལྷག་པར་ལག་བཟོའི་ལས་རིགས་ལ་དམིགས་བཀར་གྱི་དོ་སྣང་དང༌། འཕེལ་རྒྱས་གཏོང་དགོས་པ་མ་གཏོགས། ཉིན་ཞག་གཅིག་གི་འགོ་མཇུག་ཏུ་བོད་དེ་བཟོ་ལས་ཅན་དུ་བསྒྱུར་བའི་མདུན་མཆོང་ཆེན་པོའི་རྨི་ལམ་བཏང་ན་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་རྩ་འཐོར་དུ་འགྲོ་རྒྱུ་མ་ཟད། ཕྱི་མིའི་མངའ་བདག་ཁག་གི་དབང་འོག་ཏུ་སོང་སྟེ། དཔལ་འབྱོར་ཙམ་མ་ཟད། སྲིད་དོན་དང་རིག་གཞུང་སོགས་ཀྱི་འཛིན་སྐྱོང་དང༌། རང་དབང་གི་ནུས་པ་ཡང་ཇེ་ཉམས་སུ་འགྲོ་བ་གདོན་མི་ཟ། དེས་ན་མ་འོངས་པའི་བོད་ནི་སྣོད་ཀྱི་འབྱུང་བའི་ཁམས་གཙང་ཞིང༌། རང་བྱུང་གི་དངོས་པོ་བསླད་སྦགས་བྲལ་བ། རང་ཡུལ་གྱི་ཐོན་རྫས་རང་བདག་ཏུ་སྤྱོད་ཅིང༌། མཛེས་སྡུག་དང་ལྡན་པའི་ཞིང་ཁ་དང༌། འབྲོག་ས། ལག་རྩལ་གྱི་བཟོ་རིག་ཆུང་ངུས་ཡོངས་སུ་གང་བའི་ཞི་བའི་བསྟི་གནས་ལྷ་ཡུལ་དང་མཚུངས་པ་ཞིག་ཏུ་བསྒྱུར་དགོས་པ་ལས། སྲིན་ཡུལ་ལྟ་བུ་ཁང་པ་བརྩེགས་པ་ནམ་མཁར་བསྙེགས་ཤིང༌། སྲང་ལམ་དུ་ཉི་འོད་མི་ཕོག་པའི་གྲོང་དང་གྲོང་བརྡལ་གྱིས་གང་ཞིང༌། རྫས་ངན་གྱི་དུ་བ་དང་འཕྲུལ་འཁོར་གྱི་སྒྲ་སྐད་ཀྱིས་མིག་དང་རྣ་བ་གཟན་པ་ཞིག་ཏུ་བསྒྱུར་རྒྱུའི་རེ་བ་གཏན་ནས་བྱེད་མི་རུང༌། མདོར་ན། བོད་མི་བཙན་བྱོལ་བའི་སྤྱི་ཚོགས་སམ། མ་འོངས་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོ་ནི་རྩ་ཁྲིམས་རིན་པོ་ཆེ་ལས། ༼བོད་ཀྱི་ཆབ་སྲིད་འཛིན་སྐྱོང་བྱ་ཕྱོགས་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་དགོངས་དོན་དྲང་བདེན་དང༌། འདྲ་མཉམ། མང་གཙོ་བཅས་ཀྱི་གཞི་རྩའི་ནུས་ཤུགས་ཇེ་ཆེར་གཏོང་རྒྱུའི་བློ་འདོད་དངོས་ཡོད་དེ་དོན་ངེས་པར་དགོས་པ་ཡིན།༽ ཞེས་དང༌། ཡང༌། ༼བོད་ནི་སྟོན་པ་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་དགོངས་དོན་རྩ་བཟུང་མང་གཙོ་གཅིག་བསྒྲིལ་གྱི་རྒྱལ་ཁབ་གཅིག་བྱེད་པ་དང༌།༽ ཞེས་ཇི་སྐད་གསུངས་པའི་དགོངས་དོན་དང་མཐུན་པར་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་གཅིག་བསྒྲིལ་མང་གཙོའི་ལམ་སྲོལ་དང་ལྡན་པ་ཞིག་ཡིན། དེར་བརྟེན་བོད་མི་ན་གཞོན་ཡོངས་རྫོགས་རྒྱལ་ཁབ་ཀྱི་ལམ་སྲོལ་དང༌། སྤྱི་ཚོཌ་ཀྱི་ངོ་བོ་གོང་གསལ་དང་རྗེས་སུ་མཐུན་པའི་ཡུལ་མི་ཚད་ལྡན་ཤ་སྟག་ཏུ་ཡོང་ཐབས་བྱེད་དགོས་ཤིང༌། དོན་གནད་འདི་ལ་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་གྱི་སྒོ་ནས་ཤུགས་ནུས་བཏོན་དགོས་པ་དང༌། ཤེས་ཡོན་སློབ་སྟོན་གྱི་འཕྲལ་གྱི་དགོས་དམིགས་གཙོ་བོ་འདི་རང་གཟུང་དགོས་པ་ལགས་སོ།།

ཤེས་ཡོན་སློབ་སྦྱོང་གི་ངོ་བོ།

དེང་དུས་ཀྱི་མཁས་པ་དང་མཁས་རློམ་མང་པོ་ཞིག་གིས་ཤེས་ཡོན་སློབ་སྦྱོང་གི་ངོ་བོ་ནི། དུས་ཀྱི་འགྱུར་བ་དང་བསྟུན་ཏེ་འགྱུར་ལྡོག་འགྲོ་བ་ཞིག་དགོས་པ་ལས་བསྒྱུར་བཅོས་མི་རུང་བའི་རྟག་བརྟན་ཅན་ཞིག་མི་རིགས་པར་བཤད་མོད། ཚུལ་འདི་ལེགས་པར་སྨྲ་བ་མ་ཡིན་ཏེ། ཤེས་ཡོན་སློབ་སྦྱོང་ནི་སྤྱི་ཚོགས་དང༌། ལམ་སྲོལ་ལ་གསར་བརྗེ་དང་བཅོས་བསྒྱུར་གཏོང་བའི་ལག་ཆ་ནུས་ལྡན་ཞིག་ཏུ་འགྲོ་དགོས་པ་ཡིན་གྱི། སྤྱི་ཚོགས་དང་ལམ་སྲོལ་གྱིས་ཤེས་ཡོན་སློབ་སྦྱོང་ལ་ཚུར་དབང་བསྒྱུར་བྱས་པ་ཡིན་ན་སློབ་སྦྱོང་དེ་ཧ་ཅང་ནུས་པ་དམན་པའམ། དགོས་པ་སྒྲུབ་མི་ནུས་པ་ཞིག་ཡིན་པ་མངོན་གསལ་དུ་འགྱུར།

བཤད་ཟིན་པ་ལྟར་ཤེས་ཡོན་སློབ་སྦྱོང་ནི་རྣམ་འབྱེད་ཀྱི་ཤེས་རབ་སྤེལ་བའི་ཐབས་ལམ་ཡིན་ཞིང༌། བླང་དང་དོར་བྱའི་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་གཏན་ལ་དབབ་པའི་སྒོ་ནས་སྤྱི་ཚོགས་དང༌། སྲིད་དོན་གྱི་ལམ་སྲོལ་ལ་ཡང་དག་པའི་བཅོས་བསྒྱུར་གཏང་དགོས་པ་ཡིན། དེ་ལྟ་བས་ན་རང་རིགས་བོད་ཀྱི་ཤེས་ཡོན་སློབ་སྦྱོང་གི་ངོ་བོ་ནི། སྐྱེས་བུ་གང་དག་ཅོལ་ཆུང་ཆུ་སྣ་གར་འཁྲིད་མ་ཡིན་པར་བླང་དོར་གྱི་གནས་ལ་རིགས་པ་བཞིས་རང་སྟོབས་ཀྱིས་དཔྱད་དེ་གཏན་ལ་འབེབས་པའི་ཤེས་རབ་ཀྱི་ནུས་པ་བསྐྲུན་ནུས་ཀྱི་ཐབས་ལམ་ཞིག་ལ་འཇོག་དགོས་པ་ཡིན།

དེ་ཡང་བདེ་བར་གཤེགས་པའི་གཞུང་ལུགས་ལས་ཐོས་བསམ་སྒོམ་གསུམ་དང༌། བསླབ་པ་གསུམ་གྱི་གོ་རིམ་ངེས་ཅན་དུ་གསུངས་པ་དེ་ཤིན་ཏུ་གནད་ཆེ་ཞིང༌། ནང་དོན་རིག་པ་ཙམ་མ་ཟད། ཐ་སྙད་རིག་པའི་གནས་རྣམས་ལའང་རབ་ཏུ་ན་ཐོས་བསམ་སྒོམ་གསུམ་ཀ་དང༌། མ་མཐར་ཡང་ཐོས་བསམ་ཟུང་འབྲེལ་ཞིག་མ་བྱུང་གི་བར་ཡང་དག་པའི་སློབ་སྦྱོང་མི་ཡོང༌། དེང་དུས་སློབ་སྦྱོང་ལ་ཐོས་རྐྱང་གིས་ཆོག་པར་འཛིན་པ་འདིའི་དབང་གིས་གང་ཟག་དང་ཤེས་ཡོན་གྱི་བར་ན་འགྱངས་དབར་ཆེས་ཆེ་བ་འདི་བྱུང་བ་ཡིན། སྐབས་བབ་སྒྲིག་སྤྱོད་ཀྱི་ཁྲིམས་ལ་གནས་ཤིང༌། བསླབ་བྱའི་སློབ་ཚན་གྱི་ཐོག་སེམས་རྩེ་གཅིག་པའི་སྒོ་ནས་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་དེ་ཡང་དག་པའི་སློབ་སྦྱོང་གི་ཚུལ་ཡིན་ལ། དཔྱོད་ཚུལ་ཡང་གཞན་སྟོབས་ལས་བྱུང་བའི་ཐོས་བྱུང་དང༌། རང་སྟོབས་ཀྱིས་སྐྱེད་པའི་བསམ་བྱུང་གཉིས་ཚོགས་ཤིག་བྱུང་བ་ཡིན་ན་ད་གཟོད་སློབ་སྦྱོང་གནད་སྨིན་ཞིག་ཡོང་བར་སྣང་ལ། ཚུལ་འདི་ལྟ་བུས་སློབ་སྦྱོང་བྱེད་པའི་གང་ཟག་༣༢

དེ་ནི་སློབ་སྦྱོང་ལ་ཡར་རྒྱས་ཐོན་རིམ་ལྟར་གྱིས་སེམས་རྒྱུད་ཀྱང་ཇེ་བཟང་དུ་སོང་སྟེ་རང་ཉིད་ལ་འགྱུར་བ་དང་ཡར་རྒྱས་ཡོང་བ་ཙམ་དུ་མ་ཟད། སྤྱི་ཚོགས་ལའང་གསར་བརྗེ་བཟང་པོ་ཞིག་བྱེད་ཐུབ་པ་ཡོང་རྒྱུ་ལགས་མོད། རགས་པའི་གནས་འདི་དག་ལའང་བློ་ཁ་ཕྱོགས་པ་དཀོན་པར་སྣང་སྟེ་སྤྱི་མཐུན་བསོད་ནམས་ཀྱི་རྒྱབ་སྐྱོར་དམན་པ་ཉིད་ལས་གཞན་ཅི་ཞིག་ཡིན།

ཤེས་ཡོན་སློབ་སྦྱོང་ལས་རིམ་གྱི་འཆར་གཞི།

བོད་བཙན་བྱོལ་གཞུང་གི་ཤེས་ཡོན་སློབ་སྦྱོང་གི་སྲིད་བྱུས་སུ་འཕྲལ་མཁོ་དང༌། ཕུགས་དོན་གྱི་གནས་ཚུལ་གཉིས་ཀྱི་ཐོག་དགོངས་བཞེས་མི་གནང་ཐབས་མེད་ཅིག་ཡིན། འཕྲལ་མཁོ་ལའང༌།

༡ ད་ལྟའི་གཏན་ཉིན་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་རྣམས་ཀྱི་ཤེས་ཚད་ཡར་རྒྱས་གཏོང་ཐབས་དང༌།

༢ རང་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་སློབ་གྲྭ་གསར་འཛུགས་ནང་སློབ་སྦྱོང་གི་ལམ་སྲོལ་གསར་གཏོད་བྱ་རྒྱུ་བཅས་དོན་ཚན་གཉིས་ཡོད་པའི་དང་པོའི་ཐད་ཁོ་བོ་ལ་བརྗོད་པར་བྱ་བ་གང་ཡང་མ་མཆིས། འོན་ཀྱང་རང་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་གསར་འཛུགས་གནང་རྒྱུའི་སློབ་གྲྭའི་ནང་ལག་ལེན་བསྟར་བའི་སློབ་སྟོན་གྱི་ལམ་སྲོལ་དེ་བཞིན་ལམ་ལྷོང་གྲུབ་འབྲས་ལྡན་པ་བྱུང་ཚེ། དེ་དག་རིམ་པས་དབུས་ ཤེས་རིག་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཁག་ཏུའང་རྒྱས་འགེབས་གནང་རྒྱུའི་ཐབས་ཤེས་གནང་འོས་དང༌། དེ་མིན་འཕྲལ་སེལ་ཆད་མཐུད་ཡོ་བསྲང་གང་བྱུང་རེ་ཡོང་ཐབས་ལྷ་གསོལ་ཀླུ་གསོལ་མཛད་རྒྱུ་ཙམ་ལས་མ་འདས། གཉིས་པའི་ཐད་དུའང༌། གསར་འཛུགས་སློབ་གྲྭའི་ནང་དུའང་འཕྲལ་སྣང་རང་གཞུང་གི་རྒྱུགས་ཞིབ་ཚོགས་པ་ཟུར་འཛུགས་ལ་ཁྲིམས་མཐུན་ངོས་ལེན་མ་བྱུང་བར་གཞི་རིམ་འཛིན་གྲྭ་བཅུ་པ་ཡན་ཆད་ཀྱི་རྒྱུགས་སྤྲོད་དབུས་འབྲིང་རིམ་རྒྱུགས་ཞིབ་ཚོགས་པའི་འོག་འབྲེལ་གཏུགས་མ་བྱས་མཐུ་མེད་ལ་སོང༌། འཛིན་རིམ་བརྒྱད་པ་ཡན་ཆད་ཀྱི་སློབ་ཚན་དང་རྒྱུགས་སྤྲོད་ཀྱི་ལམ་སྲོལ་ལ་རང་འདོད་ལྟར་མཛད་རྒྱུའི་གོ་སྐབས་མི་རྙེད་པས། གནས་སྐབས་གཞི་རིམ་འཛིན་གྲྭ་བདུན་པ་མན་ཆད་ཀྱི་སློབ་སྦྱོང་གི་ལམ་སྲོལ་གཏན་འབེབས་གནང་བ་ཙམ་མ་གཏོགས། དེ་ཡན་གཞན་དབང་སྟབས་བསྟུན་གནང་རྒྱུ་ལས་མ་འདས།

དེ་ལྟའི་རྒྱ་གར་གྱི་གཞི་འབྲིང་སློབ་གྲྭའི་ལམ་སྲོལ་ ༡༠༢༣ གྱི་ལམ་སྲོལ་འདིས་བོད་མིའི་ཕུགས་ཀྱི་དམིགས་ཡུལ་ལྟ་ཞོག འཕྲལ་སྒང་གི་དགོས་དམིགས་ཀྱང་སྒྲུབ་མི་ནུས་པས་རིང་མིན་རྒྱུགས་ཞིབ་ཚོགས་པ་ཟུར་འཛུགས་གནང་རྒྱུ་དང༌། དེ་ལ་རྒྱ་གར་དུ་མཐོ་རིམ་སློབ་སྦྱོང་དང་ལས་བྱེད་འཛུལ་ཞུགས་གཉིས་ཀའི་ཆེད་ངོས་ལེན་ཡོང་ཐབས་ཀྱི་འབད་བརྩོན་ད་ལྟ་ནས་གནང་གལ་ཆེ་བ་མ་ཟད། རང་གཞུང་གི་འཛིན་སྐྱོང་འོག་མཐོ་རིམ་གྱི་སློབ་གྲྭ་ཁག་རེ་ཟུང་འཛིན་སྐྱོང་གནང་རྒྱུའི་དགོངས་བཞེས་ཀྱང་ད་ལྟ་ནས་གནང་གལ་ཆེ། གནས་ཚུལ་དེ་གཉིས་ཕྱག་བཞེས་མ་བྱུང་བར་ཤེས་ཡོན་སློབ་སྦྱོང་གི་སྲིད་བྱུས་ཡང་དག་ཅིག་ཕྱག་ལེན་བསྟར་གནང་མི་ཐུབ་པ་གཏན་འཁེལ་ཡིན་པ་དེ་ཐུགས་བློར་བབས་མིན་ལ་མ་ལྟོས་པར་ངོས་བཞེས་གནང་དགོས་ཀྱི་བདེན་པ་དམར་ཧྲེང་མ་ཞིག་རེད། གོང་གསལ་གནས་ཚུལ་དེ་དག་བསམ་ཡུལ་དུ་བཞག་སྟེ། འཕྲལ་ཕུགས་གཉིས་ཀའི་སྲིད་བྱུས་ཐག་གཅོད་གནང་ཕྱོགས་ལ་སྨན་པའི་ལམ་སྲོལ་གྱི་འཆར་ཞི་མདོར་བསྡུས་གཏན་ལ་ཕབ་པ་གཤམ་གསལ།

གནས་རིམ།

བོད་ཀྱི་ཤེས་ཡོན་སློབ་སྦྱོང་གི་གནས་རིམ་དབྱེ་བ།

ཨང༌། འཛིན་གྲྭའི་མིང༌། སློབ་རྒྱུན། སློབ་ཕྲུག་གི་ལོ་ཚད།

༡ སྔོན་འགྲོ། ལོ་གཉིས། རང་ལོ་བཞི་ནས་ལྔ་བར།

༢ གཞི་རིམ་འོག་མ། འཛིན་གྲྭ་དང་པོ་ནས་ རང་ལོ་དྲུག་ནས་བདུན་པའི་བར།ལོ་བདུན། བཅུ་གསུམ་བར།

༣ མཚམས་སྦྱོར། འཛིན་གྲྭ་ལོ་གཅིག རང་ལོ་བཅུ་བཞི་ནས་བཅོ་ལྔའི་བར།

༤ གཞི་རིམ་གོང་མ། འཛིན་གྲྭ་དགུ་པ་དང་བཅུ་པ། རང་ལོ་བཅོ་ལྔ་ནས་ལོ་གཉིས། བཅུ་དྲུག་བར།

༥ འབྲིང་རིམ། འཛིན་གྲྭ་བཅིུག་དང་བཅིུས། རང་ལོ་བཅུ་དྲུག་ནས་ལོ་གཉིས། བཅུ་བདུན་བར།

༦ མཐོ་རིམ། འཛིན་གྲྭ་བཅུ་གསུམ་དང་ རང་ལོ་བཅུ་བདུན་ནས་བཅུ་བཞི། བཅོ་ལྔ༌། བཅུ་དགུ་བར།

ལོ་གསུམ།

༧ ཆེས་མཐོ། འཛིན་གྲྭ་བཅུ་དྲུག་དང་ རང་ལོ་བཅུ་དགུ་ནས་བཅུ་བདུན། ལོ་གཉིས། ཉི་ཤུ་བར།

༨ ཉམས་ཞིབ། ལོ་གཉིས་གསུམ་སོགས་ རང་ལོ་ཉེར་ལྔའི་ཚུན།

སྐབས་སྦྱར།

༡ སྔོན་འགྲོའི་འཛིན་གྲྭ

སྤྱིར་དེང་སང་འཛམ་གླིང་ཡུལ་གྲུ་གང་སར་སྔོན་འགྲོའི་འཛིན་གྲྭ་ཧ་ཅང་གལ་ཆེ་བརྩི་སྲོལ་ཡོད་པ་ལྟར་དངོས་འབྲེལ་གལ་གནད་ཆེ་བ་སྨོས་མེད་ཐོག ལྷག་པར་ད་ལྟ་རང་རེའི་སྤྱི་ཚོགས་ནང་ཕ་མ་དང་ནང་མི་སློབ་སྦྱོང་དམན་རིགས་མང་ཆེ་བའི་ཕྲུ་གུ་ཚོར་སྔོན་འགྲོའི་སློབ་གྲྭ་ཚད་ལྡན་ཞིག་མ་བྱུང་ཕྱིན། ཐད་ཀར་གཞི་རིམ་འཛིན་གྲྭ་དང་པོ་ནས་འཛུལ་ཞུགས་བྱ་རྒྱུ་དེ་ཧ་ཅང་མ་འཚམས་པས། ཕྲུ་གུའི་ཤེས་ཡོན་ཡར་རྒྱས་ལ་གནོད་ཚབས་ཧ་ཅང་ཆེ། དེས་ན་བོད་མིའི་གནས་ཡུལ་གང་སར་སྔོན་འགྲོའི་འཛིན་གྲྭར་ཞུགས་མཁན་གསུམ་བཞི་ལས་མེད་རུང༌། དཀའ་ངལ་དང་འགྲོ་གྲོན་ལ་མ་འཛེམས་པར་ངེས་པར་སྔོན་འགྲོའི་སློབ་གྲྭ་ལྷ་རབ་ལོ་གཉིས་དང༌། ཉུང་མཐར་ཡང་ལོ་རེར་འགྲིམས་དགོས་པའི་རྒྱས་བཅད་གཏན་འབེབས་ནུས་པ་ཐོན་པ་ཞིག་ཅི་ནས་ཀྱང་གནང་དགོས་ཤིང༌། བོད་ཕྲུག་ཡོངས་རྫོགས་རང་ལོ་བཞི་འཁོར་མཚམས་ནས་ངེས་པར་སྔོན་འགྲོའི་འཛིན་གྲྭར་གཏོང་དུ་འཇུག་རྒྱུའི་རྗེས་དེད་དོ་དམ་ཚགས་ཚུད་ཅིག་གནང་གལ་ཆེ་བ་མ་ཟད། དཔལ་འབྱོར་ཆེས་དམན་གྱི་རིགས་མ་གཏོགས་མང་ཆེ་སྔོན་འགྲོའི་སློབ་གྲྭའི་འགྲོ་གྲོན་ཡང་ཤུགས་ཆེ་ཕ་མའི་ངོས་ནས་གཏོང་དགོས། སྔོན་འགྲོའི་འཛིན་གྲྭར་དམིགས་བསལ་སྦྱོང་བརྡར་སྤྲོད་པའི་མ་མ་རེར་མང་མཐར་ཕྲུ་གུ་བཅོ་ལྔ་ལས་མ་བརྒལ་བའི་སྡེ་ཚན་རེའི་ཐོག་བསྐོ་འཛུགས་བྱེད་དགོས། སྔོན་འགྲོའི་འཛིན་གྲྭའི་ལྟ་རྟོག་པ་མང་ཆེ་བ་བུད་མེད་རང་ཐབས་འཚོལ་བྱ་གལ་ཆེ་ཞིང༌། གལ་ཏེ་སྐྱེས་པས་བྱེད་དགོས་བྱུང་ཚེ་ཕ་ཚབ་ཀྱི་མིང་ཐོག་ནས་བྱེད་རྒྱུ། འཛིན་རིམ་འདིའི་ནང་དགེ་རྒན་གྱི་མཚན་གནས་ཡོད་པའི་ལས་བྱེད་མང་པོ་མི་དགོས་ཤིང༌། སློབ་ཁག་རེར་ཞོར་ལྕོགས་དགེ་རྒན་རེ་བྱུང་ན་འཐུས་རྒྱུ་དང༌། དེ་ཡང་བདུན་ཕྲག་རེར་ཐེངས་གཅིག་གམ། གཉིས་ལས་མ་མང་བ་ཞིག་སློབ་གྲྭར་ཕེབས་ཏེ་སློབ་ཕྲུག་སྤྱི་ཡོངས་ལ་སློབ་སྦྱོང་གི་སྟ་གོན་ལྟ་བུ་རེ་བྱ་གལ། རྒྱུན་ལྡན་མ་མའམ་ཕ་ཚབ་སུ་ཡིན་དེས་དགེ་རྒན་ལ་མཐོང་དང་གུས་བཀུར་ཧ་ཅང་ཆེན་པོ་ཞུ་དགོས་ཀྱི་སློབ་སྟོན་མུ་མཐུད་སྤྲད་ཐོག དགེ་རྒན་ཕེབས་རྒྱུའི་ཉིན་མོ་དེ་སྔོན་ཚུད་ནས་འཇིགས་སྣང་དང་དོ་སྣང་ཆེན་པོས་གོ་སྒྲིག་གཟབ་གཟེངས་བྱེད་རྒྱུ་དང༌། དགེ་རྒན་བཞུགས་རྒྱུན་རིང་སྒྲིག་འཛུགས་ཧ་ཅང་ལེགས་པོ་འཁྱེར་བཅུག་སྟེ་ཕྲུ་གུའི་སེམས་སྟེང་དུ་དགེ་རྒན་ཞེས་ཧ་ཅང་གལ་གནད་ཆེ་བའི་མི་ཞིག་ཡིན་པ་དང༌། དེ་ལ་གུས་བཀུར་དང་ཚད་འཛིན་ཅི་གསུང་བཀའ་སྒྲུབ་དགོས་པའི་བསམ་ཚུལ་གཏིང་ཟབ་ཅིག་ལྷན་སྐྱེས་སུ་འཇགས་ཐབས་བྱེད་དགོས། དགེ་རྒན་དེས་ཀྱང་ཕྲུ་གུ་ཚོར་ཐད་ཀར་ཧ་ཅང་དགའ་ཚོར་དང་ཁོང་ཁྲོ་སོགས་ཀྱི་རྣམ་འགྱུར་མེད་པར་འགྱངས་བར་འཚམས་པ་ཞིག་ཏུ་སྒམ་ཚུགས་བཟུང་ཞིང༌། ཕྲུ་གུའི་བློ་དང་འཚམས་པའི་སློབ་སྟོན་མདོར་བསྡུས་རེ་བྱས་ཐོག རྒྱུན་པར་ཕྲུ་གུ་ཚོར་ཐུགས་འཕྲད་འབྲེལ་བ་མེད་པ་གཙོ་འདོན་བྱེད་ཅིང༌། ཕྲུ་གུར་ཐད་ཀར་བཀའ་བཀྱོན་དང་གཟེངས་བསྟོད་གང་ཡང་མི་བྱེད། འོན་ཀྱང་སྐབས་རེར་ཕྲུ་གུའི་མཐོང་སར་མ་མ་སོགས་ལས་བྱེད་རྣམས་ལ་བཀའ་བཀྱོན་དང་གཟེངས་བསྟོད་ཅི་རིགས་ཀྱི་སྒོ་ནས་ཕྲུ་གུའི་སེམས་ལ་འཇིགས་སྣང་དང་སྤོབས་པ་གཉིས་ཀ་སྤེལ་བའི་ཐབས་ཤེས་ཐལ་ཆ་མེད་པ་རེ་བྱེད། རྒྱུན་ལྡན་ལས་བྱེད་མ་མའམ། ཕ་ཚབ་དེས་འཛིན་གྲྭའི་ཚོགས་ཡུན་རེར་ཆུ་ཚོད་བཞི་ལས་མ་མང་ཞིང༌། གསུམ་ལས་མི་ཉུང་བ་ཞིག་གི་ནང་སྒྲིག་བཅད་ཀྱིས་འཛིན་གྲྭ་སྐར་ཆ་བཅོ་ལྔའི་ཡུན་ཅན་གཉིས་ཙམ་ཚོགས་རྒྱུ་དང༌། དེ་མིན་རུ་སྒྲིག རྒྱུགས་ཤར། རྩེད་མོ། ལུས་རྩལ། གཞས་སྣ། རི་མོ་འབྲི་བ་སོགས་སྐབས་འཚམས་ཅི་རིགས་ཀྱི་ལས་དོན་སྣ་ཚོགས་ཤིག་ཐོག་ནས་གང་ལྟར་ཕྲུ་གུ་ཚོར་རང་གར་བར་སྟོང་དུ་མ་ལུས་པ་དང༌། ལས་དོན་གཅིག་གི་ཐོག་ནས་ངལ་ཐང་མི་ཆད་པ་བྱེད་རྒྱུ། སྔོན་འགྲོའི་འཛིན་གྲྭ་ལོ་གཉིས་ཀྱི་རིང་གཞས་སྣ་ཐུང་ངུ་བཅོ་ལྔ་ཙམ་དང༌། བོད་ཡིག་དབུ་ཅན་དབུ་མེད་ཀྱི་ཀ་མད་སུམ་ཅུ་ངོས་འཛིན། བོད་སྐད་ཐོག་གྲངས་གཅིག་ནས་ཉི་ཤུའི་བར། རྩ་བའི་ཁ་དོག་བཞིའི་ངོས་འཛིན། དུས་བཞིའི་ངོས་འཛིན། ལུས་རྩལ་སྣ་བཅུ་གཉིས་ཙམ་བཅས་ཀྱི་སློབ་སྟོན་ཟིན་པ་དགོས། གཞས་དང༌། རྩེད་མོའི་རིགས་ལ་བོད་སྐད་དང་བོད་ལུགས་རྐྱང་པ་མ་གཏོགས། སྐད་རིགས་གཞན་བེད་སྤྱོད་ནམ་ཡང་མི་བྱེད། དཀོན་མཆོག་གསུམ་གྱི་མཚན་དང༌། སྐུ་གསུང་ཐུགས་རྟེན་ལ་དད་གུས་བྱེད་སྟངས། སྤོས་དང༌། ཡོན་ཆབ། མཆོད་མེ་སོགས་ཕུལ་ཚུལ། ཕྱག་འཚལ་ལུགས་སོགས་ཀྱང་སློབ་སྟོན་བྱེད་ཅིང༌། ཉེ་འགྲམ་དུ་དགོན་སྡེ་ལྷ་ཁང་སོགས་ཡོད་ན་ཡང་ཡང་མཆོད་མཇལ་དུ་འཁྲིད་ཅིང༌། ཞལ་འདོན་དང༌། རྔ་རོལ་གྱི་གདངས་ལ་ཉན་དུ་འཇུག་དགོས། དེ་བཞིན་ཆོས་ཀློག་མཁན། ཁ་ཏོན་བྱེད་མཁན་སོགས་ལའང་ཉན་དུ་བཅུག ཉེ་འགྲམ་གྱི་སློབ་གྲྭ་ཁག་ལ་ཡང་ཡང་འཁྲིད་དེ་འཛིན་གྲྭ་དང༌། ལུས་རྩལ། རུ་སྒྲིག ཞབས་གཞས་སོགས་ལ་བལྟ་རུ་བཅུག་སྟེ་སློབ་གྲྭར་འགྲོ་བའི་སྤྲོ་བ་སྤེལ། སྔོན་འགྲོའི་འཛིན་གྲྭའི་ལས་བྱེད་པས་ཕྲུ་གུར་རྡུང་རྡེག་སོགས་བྱེད་རྒྱུ་ལྟ་ཞོག སྐད་ཤུགས་ཆེན་པོས་སྡིགས་ར་བསྐུལ་བ་ཙམ་ཡང་མི་བྱེད། ཕྲུ་གུ་ཕྲན་བུའི་སྒྲིག་འོག་ཏུ་བཅུག་དཀའ་བ་བྱུང་ཚེ་ཉིན་ཤས་ཟུར་བཏོན་གྱིས་གཅིག་པུར་བསྡད་བཅུག་པའམ། ཡང་ན་ཉིན་ཤས་རེ་སློབ་གྲྭར་ཡོང་དུ་མ་བཅུག་པ་སོགས་ཙམ་རེ་བྱེད་གལ།

སྔོན་འགྲོའི་སློབ་གྲྭའི་ལས་རིམ་མདོར་བསྡུ་ན།

ཀ རྩེད་མོ།

ཁ ལུས་རྩལ་དང་གཙང་སྦྲ།

ག ལས་རྩོལ་ཆུང་ཙག

ང དབང་པོ་ཡུལ་ལ་གཏད་ཚུལ་གྱི་སྦྱོང་བརྡར།

ཅ ལག་བཟོ་ཆུང་ཙག

ཆ ཡིག་འབྲུ་དང་གྲངས་སོགས་ཀྱི་སློབ་སྦྱོང༌།

ཇ རྣམ་དཔྱོད་དང་ཤེས་འདོད་སྤེལ་ཐབས།

ཉ ལུས་སེམས་ཀྱི་གཤིས་སྤྱོད་ལ་ལེགས་པའི་ལམ་སྟོན་ཐབས་བཅས་ནང་འདུ་ཞིང༌། གོང་གསལ་སྡེ་ཚན་རེ་རེ་བཞིན་ཇི་ལྟར་ལག་ལེན་དུ་བསྟར་ཚུལ་གྱི་འཆར་གཞི་ཞིབ་རྒྱས་བཀོད་དེ་མ་མ་དང་ཕ་ཚབ་ཚོར་ཡང་ཡང་སློབ་སྟོན་སྤྲོད་དགོས། སྔོན་འགྲོའི་འཛིན་གྲྭར་ཕྲུ་གུ་རྣམས་འགྲན་བསྡུར་ནམ་ཡང་མི་བྱེད་ཅིང༌། མཉམ་རུབ་དང༌། སྒེར་ལས་ཆ་མཉམ་གྱི་ཚུལ་དུ་ལས་རིམ་ཐམས་ཅད་བྱེད་ཐུབ་པ་ཞིག་དགོས། འདི་གལ་ཆེ་བས་ལས་རིམ་ཐམས་ཅད་ཀྱི་ས་བོན་མདོ་ཙམ་རེ་བཀོད།

༢ གཞི་རིམ་འོག་མ།

རྩ་ཁྲིམས་རིན་པོ་ཆེའི་གཞུང་གི་རྩ་བའི་ལམ་སྟོན་གྱི་ནང༌། དོན་ཚན་ཉེར་བདུན་པར་ བྱབྱཕྲུ་གུ་ལོ་དྲུག་ཧྲིལ་པོར་ལོན་པ་ཡན་ཆོད་ཚང་མར་སློབ་སྦྱོང་གི་མཐུན་རྐྱེན་སྤྲོད་པ་དང༌། ལོ་བདུན་རིང་གླ་མེད་གཞི་རིམ་སློབ་སྦྱོང་ཐོབ་ཐབས་བཅས་སུ་འབད་བརྩོན་བྱ་རྒྱུ།བྱབྱ ཞེས་ཇི་སྐད་གསུངས་པའི་དགོངས་དོན་ལྟར་བོད་ཕྲུག་ཚང་མར་གཞི་རིམ་སློབ་སྦྱོང་མ་ཐོན་བར་བསྡད་མི་ཆོག་པའི་ཁྲིམས་ཀྱི་རྒྱས་བཅད་སྲ་བརྟན་དགོས་པ་མ་ཟད། གླ་མེད་སློབ་སྦྱོང་ཐོབ་ཐབས་ལ་འབད་བརྩོན་བྱེད་དགོས། གཞི་རིམ་འཛིན་གྲྭ་དང་པོའི་ནང་རྩ་བའི་སློབ་ལོ་རང་ལོ་དྲུག་ཧྲིལ་པོ་ལོན་པ་ཞིག་དགོས་རུང༌། རང་ལོ་དང་སློབ་གྲྭའི་ཚོགས་ཚེས་དབར་ཁྱད་པར་ཅུང་ཟད་རེ་འགྲོ་རྒྱུར་གང་ལྟར་སློབ་གྲྭར་ཞུགས་ཚེས་ཉིན་རང་ལོ་ཧྲིལ་པོ་བརྒྱད་མ་ལོན་པ་ཞིག་ངེས་པར་དུ་དགོས་པའི་དོ་དམ་ཤུགས་ཆེ་བྱ་གལ།

གཞི་རིམ་འོག་མའི་སྐབས་སློབ་སྟོན་བྱ་རྒྱུའི་སློབ་ཚན་དང༌། འཛིན་གྲྭ་བཅས་ཀྱི་འཆར་གཞི་གཤམ་གསལ།

འཛིན་གྲྭ་དང་པོ་ནས་གསུམ་པའི་བར་ལོ་གསུམ་རིང་སློབ་ཚན་བོད་ཀྱི་སྐད་ཡིག་རྐྱང་པའི་ཐོག་ལུས་རྩལ་དང༌། ལས་རྩོལ། ཨང་རྩིས་བཅས་ཀྱི་སློབ་སྟོན་ཕྲན་བུ་རེ་བྱེད་རྒྱུ། སྐད་ཡིག་ཀྱང་གཙོ་ཆེ་འབྲི་ཀློག་ཁོ་ན་སྦྱོང་བརྡར་བྱེད་རྒྱུ་མ་གཏོགས། དོན་གནད་བློ་ངེས་བྱ་དགོས་ཀྱི་རིགས་བསླབ་མི་དགོས་པ་གཙོ་འདོན་བྱེད་དགོས། འོན་ཀྱང་ཞལ་འདོན་དང༌། དགུ་མཐའ། ལྗོན་དབང་སོགས་བློ་འཛིན་བྱ་རྒྱུ་འགའ་ཤས་སློབ་ལོ་འདིའི་ནང་ཁ་བསླབ་ཀྱིས་ཟིན་པ་དགོས། ཚུགས་རིང་ཚུགས་ཐུང་ཐོག་དེ་ཙམ་དུས་ཚོད་རིང་པོ་མ་བཏང་ཡང༌། ཚུགས་ཐུང་དང་ཚུགས་མ་འཁྱུག་བཅས་ལ་ལོ་རིམ་གསུམ་ཀར་མུ་མཐུད་སྦྱོང་བརྡར་ཤུགས་ཆེ་བྱེད་དགོས། དེ་མཚུངས་གཟབ་ཤར་གཉིས་ཀའི་སྦྱོར་ཀློག་དང་ཤར་ཀློག་གཉིས་ཀའི་སྦྱོང་བརྡར་རྒྱུན་བསྲིང་བྱ་གལ། འཛིན་རིམ་འདི་གསུམ་ལ་ཉིན་རེར་སློབ་གྲྭའི་ཚུགས་རྒྱུན་ཆུ་ཚོད་གསུམ་ལས་མི་ཉུང་བ་ཞིག་ཚོགས་དགོས་ཐོག ཉིན་རེར་སྐར་མ་སུམ་ཅུའི་ཚོགས་ཐེངས་དྲུག་རེ་བྱས་ཏེ་ཚོགས་ཐེངས་དེ་དག་ཏུ་སློབ་ཚན་ཆ་བགོས་བྱ་ཚུལ་གཤམ་གསལ།

འཛིན་གྲྭ་དང་པོ།

སློབ་ཚན། བདུན་རེར་ཚོགས་ཐེངས།

༡ ཡིག་གཟུགས་བྲིས་སྦྱོང༌། ༡༢

༢ ཀློག་སྦྱོང༌། ༡༢

༣ ལུས་རྩལ་དང་ལས་རྩོལ་བཅས། ༡༢

ཁྱོན། ༣༦

འཛིན་གྲྭ་གཉིས་པ་དང་གསུམ་པ།

སློབ་ཚན། བདུན་རེར་ཚོགས་ཐེངས།

༡ ཡིག་གཟུགས་བྲིས་སྦྱོང༌། ༡༠

༢ ཀློག་སྦྱོང༌། ༡༠

༣ ཨང་རྩིས། ༦

༤ གཙང་སྦྲ་འཕྲོད་བསྟེན། ༤

༥ ལུས་རྩལ་དང་ལས་རྩོལ་བཅས། ༦

ཁྱོན། ༣༦༣༩

འཛིན་རིམ་དེ་གསུམ་ཀར་ཡིག་གཟུགས་ངོ་སྤྲོད་ཀྱི་སློབ་དེབ་ཙམ་མ་གཏོགས། དེ་མིན་སློབ་དེབ་ཟུར་པ་མང་པོ་མ་དགོས་པར་བྲིས་སྦྱོང་ཆེད་ཡིག་གཟུགས་མ་དཔེ་ཚད་ལྡན་དཔར་མ་སྤྱི་མཚུངས་དང་ཀློག་སྦྱོང་ཆཻད་དག་ཡིག་ངག་སྒྲོན་དང༌། མངོན་བརྗོད། སྒྲུང་ཡིག རྣམ་ཐར་སོགས་ཚིག་མང་ཞིང་ཀློག་དཀའ་བའི་རིགས་བེད་སྤྱོད་བྱེད། ཡིག་གཟུགས་ཀྱི་ཐིག་དང་སྐྱ་རིས་ཡོད་པའི་སྦྱོང་དེབ་བཟོ་བསྐྲུན་བྱ་རྒྱུ། འཛིན་གྲྭའི་ཟུར་དུ་ཀློག་རྒྱུའི་སྒྲུང་དེབ་དང༌། རི་མོའི་སྒྲུང༌། རྒོད་བྲོ་བའི་བརྙན་སྒྲུང་སོགས་བྱིས་པའི་ཀློག་དེབ་ལག་ཐོགས་མེད་པ་དཔར་འགྲེམས་བྱ་གལ་ཧ་ཅང་ཆེ། འཛིན་རིམ་བཞི་པ་ནས་བདུན་པའི་བར་བོད་ཀྱི་སྐད་ཡིག་ཐོག་སྐད་ཡིག་གཞན་དག་གཅིག་སློབ་སྟོན་བྱ་རྒྱུ། འཛིན་རིམ་ལྔ་པ་ནས་སྤྱིར་བཏང་ཤེས་བྱ་དང༌། སྤྱིར་བཏང་ཚན་རིག་བཅས་འགོ་འཛུགས་བྱ་རྒྱུ། འཛིན་རིམ་བཞི་པ་ནས་བདུན་པའི་བར་ཉིན་རེ་འཛིན་གྲྭ་ཚོགས་ཐེངས་བདུན་རེ་དང༌། ཚོགས་ཐེངས་དེ་དག་ཏུ་སློབ་ཚན་ཆ་བགོས་བྱ་ཚུལ་གཤམ་གསལ།

འཛིན་རིམ་བཞི་པ།

སློབ་ཚན། བདུན་རེར་ཚོགས་ཐེངས།

༡ བོད་ཀྱི་སྐད་ཡིག ༡༨

༢ སྐད་ཡིག་གཞན་དག་གཅིག ༡༢

༣ ཨང་རྩིས། ༦

༤ ལུས་རྩལ་དང་ལས་རྩོལ། ༦

ཁྱོན། ༤༢

འཛིན་གྲྭ་ལྔ་པ།

སློབ་ཚན། བདུན་རེར་ཚོགས་ཐེངས།

༡ བོད་ཀྱི་སྐད་ཡིག ༡༢

༢ སྐད་ཡིག་གཞན་དག་གཅིག ༡༢

༣ སྤྱིར་བཏང་ཤེས་བྱ་དང་ཚན་རིག ༦

༤ ཨང་རྩིས། ༦༤༠

༥ ལུས་རྩལ་དང་ལས་རྩོལ། ༦

ཁྱོན། ༤༢

འཛིན་གྲྭ་དྲུག་པ་དང་བདུན་པ།

སློབ་ཚན། བདུན་རེར་ཚོགས་ཐེངས།

༡ བོད་ཀྱི་སྐད་ཡིག ༡༠

༢ སྐད་ཡིག་གཞན་དག་གཅིག ༡༠

༣ སྤྱིར་བཏང་ཤེས་བྱ། ༦

༤ སྤྱིར་བཏང་ཚན་རིག ༦

༥ ཨང་རྩིས། ༦

༦ ལུས་རྩལ་དང་ལས་རྩོལ། ༤

ཁྱོན། ༤༢

འཛིན་རིམ་བཞི་པ་ཡན་ཆད་ལ་འཛིན་རིམ་དང་མཐུན་པར་གཏན་འབེབས་བྱས་པའི་སློབ་དེབ་དགོས་ཤིང༌། བོད་ཀྱི་སྐད་ཡིག་གི་སློབ་དེབ་ནང་གཙོ་ཆེར་དག་ཡིག་དང༌། སུམ་རྟགས། སྒྲུང་དང་གཞས་ཚིག བསླབ་བྱ། མགུར་སོགས་ཕྱོགས་བསྡུ་བྱེད་པ། རི་མོ་དང་ཚོན་ཁྲ་སྣ་ཚོགས་ཕྲུ་གུའི་ཡིད་དབང་འཕྲོག་ངེས་དགོས་པ་མ་ཟད། སློབ་དེབ་ལས་གཞན་པའི་ཟུར་ཀློག་བྱ་རྒྱུའི་དེབ་ཁག་ཀྱང་མི་ཉུང་བ་དགོས། དེ་བཞིན་སྤྱིར་བཏང་ཤེས་བྱ། སྤྱིར་བཏང་ཚན་རིག་སོགས་སློབ་དེབ་ཁག་ཀྱང་རྒྱ་གར་གྱི་སློབ་དེབ་ཁག་ནས་བོད་སྐད་དུ་བསྒྱུར་ཐོག་སྤྱིར་བཏང་ཤེས་བྱའི་ནང་དགོས་མཁོ་ཆུང་བ་རྣམས་བཏོན་ཚབ་ཏུ་བོད་ཀྱི་ལོ་རྒྱུས་དང་གནས་ཚུལ་ཁག་བཀོད་རྒྱུ། དེ་མཚུངས་སྤྱིར་བཏང་ཚན་རིག་གི་སློབ་དེབ་ཀྱང་དགོས་རྒྱུ། ཚན་རིག་ལ་མཁོ་བའི་མིང་རྐྱང་མ་དཔེ་དབྱིན་སྐད་རང་སོར་བཞག་པའམ་ཡང་ན་དེ་དང་ཕྱོགས་འདྲའི་བོད་ཀྱི་མིང་གསར་བཟོ་བྱེད་པ་སོགས་སྐབས་བསྟུན་གང་འོས་བྱེད་འཐུས། འཛིན་རིམ་བཞི་པ་ནས་ཕྱི་རྒྱལ་སྐད་ཡིག་གཅིག་བསླབ་དགོས། དེ་བཞིན་སྐད་ཡིག་དེའི་སློབ་དེབ་ཁག་རང་འཇགས་ཐོག་བོད་མིར་མཁོ་བའི་ཟུར་དེབ་འགའ་ཤས་བསྣན་འཐུས་བཅས་གང་ལྟར་སྐད་ཡིག་དེའི་ཐོག་སློབ་སྦྱོང་གནས་ཚད་ལོང་ངེས་ཤིག་སྤྲོད་དགོས། རྒྱ་གར་དུ་བསྡད་རིང་ཕྱི་རྒྱལ་སྐད་ཡིག་དབྱིན་ཧིན་གང་རུང་གཅིག་ལ་ངེས་པ་བྱ་རྒྱུ་དང༌། བོད་རང་བཙན་བྱུང་རྗེས་འདི་ཐད་འདེམས་ཀ་ཇི་མང་ཡོད་པ་བྱ་གལ།

འཛིན་རིམ་བདུན་པ་ཐོན་མཚམས་ནས་སློབ་ཕྲུག་སོ་སོ་དང༌། དགེ་རྒན་ཕ་མ་བཅས་ཚང་མས་འདས་པའི་ལོ་བདུན་གྱི་རིང་སློབ་ཕྲུག་དེའི་རིག་སྟོབས་དང་བརྩོན་འགྲུས། དོན་གཉེར། བསམ་མོས་ཀྱི་ཁྱད་པར་ཇི་ཡོད་ཀྱི་ཉམས་མྱོང་ལ་གཞི་བཅོལ་བའི་ཐོག མ་འོངས་པའི་སློབ་སྦྱོང་གི་མདུན་ལམ་གང་དུ་ཞུགས་པའི་ལམ་སྟོན་གྱི་ཐག་གཅོད་མ་ནོར་བ་ཞིག་ངེས་པར་མཚམས་འདི་ནས་བྱ་དགོས་ཧ་ཅང་གལ་ཆེ། རིག་སྟོབས་དང་འདུན་མོས་རྩེ་གྲས་མིན་རིགས་ཕལ་ཆེར་མཚམས་སྦྱོར་འཛིན་རིམ་བརྒྱད་པ་ཐོན་མཚམས་ནས་ལས་རིགས་སློབ་སྦྱོང་དུ་བསྐྱོད་པའམ། འཚོ་ཐབས་མདུན་ལམ་དུ་ཞུགས་པ་གང་རུང་གི་སྒོ་ནས་རོབ་རྩིས་སུ་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ཙམ་འཛིན་རིམ་བརྒྱད་པ་ཐོན་རྗེས་སློབ་སྦྱོང་མཚམས་འཇོག་བྱ་གལ། རིག་སྟོབས་དང་དོན་གཉེར་ཆེ་གྲས་བརྒྱ་ཆ་སུམ་ཅུ་ཙམ་གཞི་རིམ་གོང་མའི་སློབ་སྦྱོང་ལ་འཇུག་འཐུས་དང༌། གཞི་རིམ་གོང་མར་ཞུགས་མི་ཕལ་ཆེར་ཆེས་མཐོའི་འཛིན་གྲྭའི་བར་འགྲོ་ཐུབ་པའི་དམིགས་ཡུལ་དགོས་ཤིང༌། དེ་མིན་མཚམས་སྦྱོར་འཛིན་གྲྭ་བརྒྱད་པ་ཐོན་པ་དང་གཞི་རིམ་གོང་མའམ་འབྲིང་རིམ་ཐོན་པ་བཅས་ལ་ལས་དོན་དུ་འཛུལ་ཕྱོགས་སོགས་ལ་ཁྱད་པར་ཆེ་བ་མེད་སྟབས། ལོ་བཞིའི་སློབ་དུས་འཕར་མས་གྲུབ་འབྲས་དམིགས་བསལ་ཆེ་བ་མི་འོང༌། འཛིན་རིམ་བརྒྱད་པ་མཚམས་སྦྱོར་གྱི་འཛིན་གྲྭར་བཞག་པ་འདིས་སློབ་ཕྲུག་མདུན་ལམ་གར་ཞུགས་ཀྱི་ཕྱོགས་སུ་ཁ་ལོ་བསྒྱུར་རྒྱུའི་གོ་སྐབས་གལ་ཆེ་ཞིག་ཡིན་པས་འཛིན་རིམ་འདིའི་ནང་སློབ་སྦྱོང་སྤྲོད་ཕྱོགས་ཀྱང་གདམ་ཁ་ཧ་ཅང་མང་བ་ཞིག་དགོས། འཛིན་གྲྭ་བརྒྱད་པའི་རྗེས་སློབ་སྦྱོང་མཚམས་འཇོག་བྱེད་རྒྱུ་ཡིན་ཚེ་ཁོ་རང་མདུན་ལམ་གར་ཞུགས་ཀྱི་ལས་རིགས་དཔེར་ན། ཞིང་ལས་དང་ཞིང་ལས་ལ་མཁོ་བའི་འཁོར་ལོའི་ལས་རིགས། ཡང་ན། རུམ་འཐག་དང༌། རི་མོ། ཤིང་བཟོ་སོགས་ཀྱི་ལས་རིགས། ཡང་ན། སུ་ཀྲར་ལྷས་གྲུབ་དང་ཚོང་བསྒྱུར་སོགས་ཁྱིམ་ཚང་གི་འཚོ་ཐབས་ཀྱི་ལས་རིགས་དང་མཐུན་ཞིང་ལས་དོན་དེའི་ཐོག་ནུས་ཤུགས་ཐོན་པའི་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐད་སྦྱོང་བརྡར་སྤྲོད་དགོས། མུ་མཐུད་སློབ་སྦྱོང་བྱེད་མཁན་གྱི་རིགས་ནས་གལ་ཏེ་རྒྱ་གར་གྱི་སྤྱིར་བཏང་སློབ་སྦྱོང་གི་ལམ་སྲོལ་དུ་ཞུགས་ནས་ ༡༠+༢+༣ བྱེད་རྒྱུ་ཡིན་ན། རྒྱལ་ཡོངས་གཞི་རིམ་འཛིན་གྲྭ་བརྒྱད་པའི་སློབ་ཚན་ཆ་ཚང་ཐོག རང་ཉིད་སློབ་སྦྱོང་གང་གི་ཐོག་ཞན་པ་དེའི་ཐོག་དམིགས་བཀར་གྱི་སློབ་སྦྱོང་བྱ་གལ། གལ་ཏེ་ཝཱ་ཎ་ཆེས་མཐོའི་སློབ་གྲྭར་འཛུལ་ཞུགས་བྱ་བློ་ཡོད་ཚེ་ལེགས་སྦྱར་གྱི་སྐད་དང༌། གཞུང་སོགས་ལ་སློབ་སྦྱོང་འགོ་འཛུགས་བྱ་རྒྱུ། ཡང་ཆོས་སྡེ་ཁག་ཏུ་ཞུགས་རྒྱུ་ཡིན་ཚེ་བསྡུས་གྲྭ་བློ་རྟགས་སོགས་སློབ་སྦྱོང་བྱ་རྒྱུས་མཚོན་མདོར་ན་སྐབས་དང་གང་འཚམས་ཀྱི་དམིགས་བཀར་སློབ་ཚན་སྣ་ཚོགས་ཀྱི་ཐོག་སློབ་སྦྱོང་བྱ་རྒྱུའི་མཐུན་རྐྱེན་སྤྲད་དེ་ལུགས་མཐུན་རྒྱུགས་སྤྲོད་དང་ལག་འཁྱེར་སྤྲོད་རྒྱུ་བཅས་ལམ་ལུགས་ལྟར་བྱེད་རྒྱུ། ཡང་བོད་ཀྱི་ཤེས་རིག་རང་གི་ཐོག་སྨན་རྩིས་དང༌། བརྡ་སྤྲོད་སོགས་ཀྱི་མཐོ་རིམ་དང༌། ཆེས་མཐོའི་སློབ་ཁང་གསར་འཛུགས་བྱུང་མཚམས་དེ་དག་སོ་སོའི་ནང་འབྲིང་རིམ་དང་གཞི་རིམ་གོང་མའི་སློབ་ཚན་ཆ་ཚང་བཟོ་དགོས་མ་ཟད། མཚམས་སྦྱོར་འཛིན་གྲྭར་ཡང་དེ་མཚུངས་ཀྱི་སློབ་སྦྱོང་སྤྲོད་ཕྱོགས་སོགས་སྐབས་དང་སྦྱར་ཏེ་སྤྲད་ཆོག་གོ།

ནམ་ཞིག་བོད་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་རྒྱུགས་ཞིབ་ལྷན་ཚོགས་གསར་འཛུགས་ཐུབ་པ་བྱུང་མཚམས་ནས་གཞི་རིམ་གོང་མ་དང་འབྲིང་རིམ་གཉིས་ཀའི་སློབ་ཚན་འཆར་གཞི། ཚན་རིག་དང༌། སྒྱུ་རྩལ་གཉིས་ཐད་ནས་སྐབས་མཚམས་རང་རིགས་ཀྱི་དགོས་མཁོ་དང་འཚམས་པར་བསྐྱར་སྒྲིག་བྱ་དགོས་ཀྱང་ད་ལྟ་ཛ་དྲག་དགོས་གལ་མི་ཆེ་བས་ཞིབ་པར་མ་སྤྲོས།

མཐོ་རིམ་སློབ་སྦྱོང༌།

བོད་ཀྱི་མཐོ་རིམ་དང་ཆེས་མཐོའི་སློབ་སྦྱོང་གི་ཐད་ད་ལྟ་དང་མ་འོངས་བོད་རང་བཙན་བྱུང་རྗེས་བཅས་སུ་སྔོན་སྲོལ་དང་གསར་ལུགས་གཉིས་ཀར་མ་བསྟེན་པའི་ཐབས་མེད། གཞུང་ལུགས་ཆེན་མོར་སློབ་སྦྱོང་ཆེད་བོད་ཀྱི་གནའ་བོའི་སྲོལ་བཟང་ཉམས་མེད་ཀྱི་ཆོས་སྡེ་ཁག་ཏུ་སློབ་སྦྱོང་བྱ་སྲོལ་གྱི་ལམ་བཟང་རྒྱུན་འཛིན་དགོས་ཤིང༌། གདན་ས་ཁག་གི་སྔོན་སྲོལ་སློབ་གཉེར་བྱེད་ཕྱོགས་དང་རྒྱུགས་སྤྲོད་ཀྱི་ལམ་སྲོལ་བཅས་ལ་ནམ་ཡང་བསྒྱུར་བཅོས་བྱ་དགོས་མ་མཆིས་ཁར་རྒྱལ་ཁབ་ཀྱི་ཆེས་མཐོའི་སློབ་སྦྱོང་གི་སྡེ་ཚན་དུ་ཁྱད་དུ་འཕགས་པའི་གྲལ་རིམ་ཞིག་ཏུ་འཇོག་དགོས་པ་དང༌། མཐོ་རིམ་སློབ་སྦྱོང་གི་ལམ་སྲོལ་གཞན་དག་དང་གནས་ཚད་རྩིས་ལུགས། ལག་འཁྱེར་ཡིག་ཐོག་ནས་སྤྲོད་སྟངས། རྒྱུགས་སྤྲོད་ཐོག་འབྲི་རྒྱུགས་རེ་ཟུང་ལེན་རྒྱུ་སོགས་སྐབས་བསྟུན་གྱི་དགོས་མཁོ་འགའ་ཤས་བསྣན་ཀྱང་དགེ་མཚན་ལས་སྐྱོན་དུ་མ་མཐོང༌། དེ་དང་ཆབས་ཅིག་བོད་ཀྱི་སྐད་ཡིག་དང༌། རྩོམ་རིག རྩིས། སྨན། ལག་ཤེས་བཟོ་ལས་ཀྱི་རིགས་མཐའ་དག་ལའང་ཆེས་མཐོའི་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་དང༌། དེ་དག་གི་ཆེད་ཚད་ལྡན་གྱི་མཐོ་སློབ་ཁག་འཛུགས་སྐྲུན་བྱ་དགོས་བརྗོད་མ་དགོས། ཚན་རིག་སོགས་སློབ་ཚན་གསར་པའི་མཐོ་སློབ་ཁག་གི་ནང་རྩ་བའི་སློབ་ཚན་གྱི་འཇོག་སྟངས་ཕལ་ཆེར་འཛམ་གླིང་སྤྱི་སྲོལ་ལྟར་བྱ་རྒྱུ་སྨོས་མེད་ཀྱང༌། རྒྱུགས་སྤྲོད་ཀྱི་ལམ་སྲོལ་དང༌། གནས་རིམ། ལག་འཁྱེར་གྱི་མིང་འདོགས་སོགས་ཐུན་མིན་བོད་ཀྱི་རིག་གཞུང་དང་རྗེས་སུ་མཐུན་པ་བྱ་གལ། གནའ་སྲོལ་དགོན་སྡེ་ཁག་གི་ནང་ཆེས་མཐོའི་སློབ་སྦྱོང་སྤྲོད་སྟངས་ཕན་ཚུན་སྤྱི་མཐུན་ཡོང་ཐབས་ཀྱི་ལས་རིམ་འཆར་གཞི་གཞུང་འབྲེལ་གཏན་འབེབས་གནང་རྒྱུ་དང༌། སློབ་ཚན་གསར་པའི་མཐོ་སློབ་ཁག་གི་ལས་རིམ་དང་ལམ་སྲོལ་བཅས་སྐབས་མཚམས་ཞིབ་དཔྱད་ཀྱིས་ཟུར་དུ་གཏན་འབེབས་གནང་རྒྱུ། ཚན་རིག་དང༌། འཕྲུལ་ལས་ཀྱི་ཆེད་ཤེས་རིག་ཧ་ཅང་བཀྲ་བའི་སློབ་ཕྲུག་དྲག་གྲས་གང་མང་ངེས་པར་དུ་ཡར་ཐོན་ཅན་གྱི་ཕྱི་རྒྱལ་ཁག་ཏུ་མཐོ་རིམ་སློབ་སྦྱོང་ཆེད་གཏོང་རྒྱུར་རང་གཞུང་ནས་མཐུན་རྐྱེན་འདུ་འགོད་ངེས་པར་དུ་གནང་དགོས་མ་གཏོགས། རང་ཁུངས་ནས་གསར་འཛུགས་བྱས་པའི་སློབ་གྲྭ་ཁག་གམ། ཡང་ན་རྒྱ་གར་གྱི་སློབ་གྲྭ་གྲགས་ཅན་ IIT ལ་སོགས་པར་ཡང་ཚན་རིག་དང༌། འཕྲུལ་ཆས་ཐོག་ཡར་ཐོན་ཟིན་པའི་རྒྱལ་ཁབ་ཁག་དང་གནས་ཚད་མཉམ་པའི་སློབ་སྦྱོང་སྤྲད་མི་ཐུབ་པ་མཁྱེན་དགོས།

སློབ་གྲྭའི་འཛིན་སྐྱོང༌།

རྩ་ཁྲིམས་རིན་པོ་ཆེར། བྱབྱཤེས་ཡོན་སློབ་སྟོན་གྱི་སྒྲིག་འཛུགས་ཚང་མ་གཞུང་གི་དབང་བསྒྱུར་ལྟ་རྟོག་འོག་ཏུ་གནས་དགོས་པ་ཡིན།བྱབྱ ཞེས་གཞུང་གི་རྩ་བའི་ལམ་སྟོན་དུ་གསལ་བ་ལྟར་མ་འོངས་བོད་ཀྱི་ཤེས་རིག་སློབ་གྲྭ་ཁག་མཐའ་དག་གི་འཛིན་སྐྱོང་ནི་སྲིད་གཞུང་གི་ཐད་ཀའི་དབང་སྒྱུར་འོག་གཞུང་འཛིན་ཁོ་ན་མ་གཏོགས། སྒེར་དབང་འཛིན་སྐྱོང་བྱེད་པའི་གཞི་རིམ་དང༌། མཐོ་རིམ་སློབ་གྲྭ་ལ་སོགས་པ་གང་ཡང་བཙུག་མི་ཆོག་པ་བྱེད་དགོས། མཐོ་རིམ་སློབ་ཁང་གི་ངོས་འཛིན་ཡོད་པའི་ཆོས་སྡེ་ཆེན་པོ་རྣམས་ཀྱི་རྩ་བའི་འཛིན་སྐྱོང་གཞུང་གི་དབང་སྒྱུར་འོག་གནས་པར་མ་ངེས་ཀྱང་དེ་དག་གི་རྒྱུགས་བཞེས་སྒྲིག་འཛུགས་དང༌། གནས་ཚད་ལག་འཁྱེར་སྤྲོད་ལེན། ལག་འཁྱེར་ཁག་གི་གནས་ཚད་ཚད་འཛིན་གྱི་ཐོག་གཞུང་གི་ཐད་ཀའི་བཀོད་ཁྱབ་སྒྲིག་འཛུགས་ཀྱི་འོག་གནས་པ་མ་གཏོགས། རང་འདོད་བཞིན་བྱེད་མི་ཆོག་པ་མ་ཟད། མཐོ་རིམ་དང༌། ཆེས་མཐོའི་སློབ་གྲྭ་ཁག་གི་རྩ་ཁྲིམས་ངེས་པར་རྒྱལ་ཡོངས་ཚོགས་ཆེན་ནས་གཏན་འབེབས་བྱེད་ཐོག་ཁྲིམས་ལུགས་དེའི་འོག་སོ་སོའི་སྒྲིག་གཞི་རྣམས་བཟོ་དགོས་པ་ཡིན།

བོད་རང་བཙན་མ་བྱུང་བར་དུའང་ད་ལྟའི་དབུས་ཤེས་རིག་འཛིན་སྐྱོང་ཚོགས་པའི་འོག་ཡོད་པའི་གཏན་ཉིན་སློབ་གྲྭ་ཁག་དང༌། དེ་མཚུངས་ཀྱི་འཛིན་སྐྱོང་གཞན་དག་འོག་ཡོད་པའི་མཐོ་རིམ་སློབ་གྲྭ་ཁག་གི་འཛིན་སྐྱོང་གི་ཐོག་རང་གཞུང་གི་སྐུ་ཚབ་འཐུས་མི་སོགས་ཀྱི་བརྒྱུད་ནས་འཛིན་སྐྱོང་ཐོག་ནུས་ཤུགས་གང་ཐུབ་སྤེལ་ཐབས་ལ་འབད་པ་མ་ཟད། དེ་དང་ཆབས་ཅིག་རང་གཞུང་ནས་ཐད་ཀའི་དབང་སྒྱུར་འོག་གཞི་རིམ་དང༌། འབྲིང་རིམ་སློབ་གྲྭ་ཁག་གང་མང་རིམ་བཞིན་འཛུགས་སྐྲུན་ཐུབ་ཐབས་གནང་རྒྱུ་མ་ཟད། ད་ལྟའི་ཆོས་སྡེ་ཁག་གི་ནང་ཡོད་བཞིན་པའི་སློབ་སྦྱོང་གི་གནས་ཚད་རྒྱུགས་བཞེས་ལག་འཁྱེར་སྤྲོད་ཕྱོགས་ཀྱི་ཐད་ལའང་རང་གཞུང་གི་དབང་བྱུས་ཡོང་ཐབས་རིམ་བཞིན་དགོངས་བཞེས་གནང་དགོས། སྤྱིར་ཤེས་རིག་སློབ་གྲྭ་ཁག་གི་འཛིན་སྐྱོང་གཞན་དག་ལས་ཁྱད་པར་དུ་འཕགས་པའི་སྒྲིག་འཛུགས་དང༌། ལས་དོན་ཚགས་ཚུད། ༤༥

དྲང་བདེན་མ་ཡིན་པའི་སྐྱོན་ཅན་གྱི་ལས་དོན་ནམ་ཡང་མི་ཡོང་བའི་ཆེད་དུ་དམིགས་བསལ་གྱི་ཐུགས་སྣང་གནང་དགོས་མ་ཟད། འཐུས་ཤོར་གྱུར་རིགས་དེ་མུར་ཇི་སྙམ་དུ་མི་འཇོག་པར་འཕྲལ་འཕྲལ་ཉེས་འགོག་ལེགས་སྤེལ་གྱི་ཐབས་ཤེས་གནང་རྒྱུ།

སློབ་ཕྲུག

བོད་མིའི་ཕྲུ་གུ་ལོ་བཞི་ལོན་པ་ནས་ངེས་པར་སྔོན་འགྲོའི་སློབ་གྲྭར་འགྲོ་དགོས་དང༌། ལོ་དྲུག་ལོན་ཚེ་ངེས་པར་དུ་གཞི་རིམ་འོག་མའི་འཛིན་གྲྭར་འགྲོ་དགོས་ཀྱི་སྒྲིག་གཞི་མི་ལྷོད་པ་ཞིག་ད་ལྟ་ནས་ཕྱག་ལེན་བསྟར་དགོས་མ་ཟད། མ་འོངས་བོད་རང་བཙན་བྱུང་རྗེས་གནས་ཚུལ་འདི་དག་ཁྲིམས་ལུགས་ཀྱི་ཐོག་ནས་རྒྱས་བཅད་དེ་གང་ལྟར་བོད་ཕྲུག་གཞི་རིམ་འོག་མའི་སློབ་གྲྭ་མ་འགྲིམས་པ་མེད་པར་བཟོ་དགོས་དང༌། གཞི་རིམ་འོག་མའི་འཛིན་གྲྭ་བདུན་པ་མ་ཐོན་སྔོན་སློབ་སྦྱོང་མཚམས་འཇོག་མི་བྱེད་པའི་དམ་དོན་ཤུགས་ཆེ་དང་དེའི་ཆེད་ཁྲིམས་ལུགས་ཀྱང་གཏན་འབེབས་མཛད་གལ། སྤྱིར་བཏང་ནས་གཞི་རིམ་འོག་མའི་འཛིན་གྲྭ་བདུན་པ་སློབ་ཕྲུག་རང་ལོ་བཅུ་གསུམ་མམ་བཅུ་བཞི་ནས་འགྱངས་མེད་འཐོན་རྒྱུར་བརྟེན། དགོན་སྡེ་ཁག་ཏུ་རབ་བྱུང་གསར་ཞུགས་བྱེད་རྒྱུའང་ལོ་གྲངས་དེ་འཚམས་བྱས་ན་མི་འོས་པ་ཆེར་མི་འདུག་ཀྱང༌། དམ་ཆོས་འདུལ་བའི་དགོངས་དོན་ལོ་བདུན་ལོན་པའམ། བྱ་རོག་དཀྲོག་ནུས་པ་ཡན་ཆད་རབ་ཏུ་བྱུང་འཐུས་གསུངས་པ་བཞིན་གཞི་རིམ་འོག་མའི་འཛིན་གྲྭ་མ་ཐོན་གོང་ནས་ཆོས་སྡེར་སྒྲིག་ཞུགས་བྱེད་རྒྱུ་དགག་བྱ་བྱེད་སྟབས་མ་བདེ་བས་དེ་འདྲའི་བཙུན་ཆུང་ཡོད་རིགས་ཀྱི་དགོན་སྡེ་ཁག་ཏུ་གཞི་རིམ་འོག་མའི་འཛིན་གྲྭ་བདུན་པ་བར་གྱི་སློབ་སྦྱོང་སྤྱི་སྲོལ་ལྟར་ངེས་པར་སྤྲད་དགོས་པའི་ཁྲིམས་ལུགས་ཀྱང་བཟོ་དགོས། གཞི་རིམ་འོག་མའི་འཛིན་གྲྭ་བདུན་པ་ཐོན་རྗེས་མཚམས་སྦྱོར་འཛིན་གྲྭ་བརྒྱད་པ་ནས་སློབ་ཕྲུག་ཤེས་རིག་ཧ་ཅང་བཀྲ་བ་མ་ཡིན་པ་ཕལ་ཆེར་མཉམ་ལས་དང༌། ལག་ཤེས་སོགས་འཚོ་ཐབས་ལས་རིམ་གྱི་སློབ་སྟོན་ལོ་གཅིག་སྤྲད་ཐོག་ངེས་པར་སློབ་སྦྱོང་མཚམས་འཇོག་བྱས་ཏེ་འཚོ་ཐབས་ཀྱི་ལས་རིམ་ལ་ཞུགས་ཐུབ་པ་བྱ་དགོས། གནས་ཚུལ་འདི་བོད་མི་ཡོངས་རྫོགས་འབྲི་ཀློག་ཤེས་པར་འགྱུར་བ་དང་ཆབས་ཅིག་སོ་ནམ་སོགས་ངལ་རྩོལ་གྱི་ལས་ཀ་བྱེད་མཁན་ཉུང་དུ་མི་འགྲོ་བའི་ཐབས་ཚུལ་གནད་འགག་ཆེན་པོ་ཞིག་ཡོད། མཚམས་དེ་ནས་སློབ་ཕྲུག་གྲངས་འབོར་བརྒྱ་ཆ་དྲུག་ཅུ་ནས་བདུན་ཅུའི་བར་སློབ་སྦྱོང་མཚམས་འཇོག་ཐུབ་པ་དགོས་རྒྱུ། མཛད་ཕྱོགས་འདིས་འབྲིང་རིམ་དང༌། མཐོ་རིམ་སློབ་གྲྭར་ཞུགས་མཁན་གྱི་རིགས་སློབ་ཕྲུག་ཤེས་བློ་བཀྲ་བ་རྐྱང་པ་འདེམས་སྒྲུག་ཐུབ་པ་ཡོང་རྒྱུར་བརྟེན། གཞི་རིམ་གོང་མ་ཡན་ཆད་ཀྱི་སློབ་སྦྱོང་གི་གནས་ཚད་བཟང་དུ་གཏོང་ཐུབ་རྒྱུ་དང༌། གཞི་རིམ་གོང་མ་ཡན་ཆད་ཀྱི་སློབ་ཁང་ཡང་རྒྱ་ཁྱབ་གྲོང་གསེབ་གང་སར་རྒྱག་མ་དགོས་པར་གྲོང་སྡེ་ཁག་རྣམས་སུ་གཏན་སྡོད་སློབ་གྲྭའི་ངོ་བོར་རྒྱག་ཐུབ་པ་ཡོང་རྒྱུ་བཅས་དགེ་མཚན་མང་པོ་ཡོད། སློབ་ཕྲུག་དབང་པོ་མ་ཚང་བ་དང༌། ཤེས་པ་རང་བཞིན་དུ་མི་གནས་པའི་རིགས། གཟུགས་གཞི་ནད་གཅོང་སོགས་ལ་དམིགས་བསལ་གྱིས་སློབ་སྦྱོང་སྤྲོད་ཕྱོགས་ཀྱི་ལས་རིམ་དང༌། དེ་ཚོར་ཆེད་དམིགས་ཀྱིས་སློབ་གྲྭ་ཁག་ཀྱང་འཛུགས་སྐྲུན་བྱེད་དགོས་པ་ཡིན། བོད་རང་བཙན་བྱུང་འཕྲལ་ལྟ་བུ་དུས་སྐབས་དམིགས་བསལ་ཅན་འགར་སློབ་གྲྭར་གསར་ཞུགས་བྱེད་མཁན་རྣམས་ཀྱི་ལོ་གྲངས་གང་འཚམས་ཆག་ཡང་གནང་དགོས་ཡོང་སྲིད་ཀྱང་རིམ་པས་ལོ་གསུམ་བཞིའི་ནང་ཚུད་སློབ་ལོ་མ་བརྒལ་བ་བཟོ་ཐབས་ལ་དམིགས་བསལ་འབད་བརྩོན་བྱེད་དགོས།

དགེ་རྒན།

རྒྱལ་ཁབ་ཀྱི་འཛུགས་སྐྲུན་ནི་མང་ཚོགས་ཀྱི་ཤེས་ཡོན་ལ་རག་ལས་ཤིང༌། མང་ཚོགས་ཀྱི་ཤེས་ཡོན་སློབ་གྲྭའི་དགེ་རྒན་ལ་རག་ལས་པས་ཡུལ་གྱི་འཛུགས་སྐྲུན་གྱི་ནང་དགེ་རྒན་ལས་གལ་གནད་ཆེ་བའི་ལས་བྱེད་པ་སུ་ཡང་མེད། གཞུང་ཞབས་ལས་བྱེད་པ་གཞན་གྱི་ལས་དོན་འཐུས་ཤོར་ཕྱིན་པའམ་ཇི་བཞིན་མ་བྱུང་བ་ཡིན་ཚེ་ཡུལ་དུས་ཀྱི་གནས་སྐབས་དེ་དང་འབྲེལ་ཡོད་ཀྱི་ལས་དོན་ཕྲན་ཚེགས་ལ་གནོད་སྐྱོན་བྱུང་བ་མ་གཏོགས། རྒྱལ་ཁབ་དང་མི་རིགས་སྤྱི་ཡོངས་ཀྱི་མ་འོངས་པའི་མདུན་ལམ་ལ་གནོད་སྐྱོན་བྱེད་མི་ཐུབ། སློབ་གྲྭའི་དགེ་རྒན་ཚོའི་ལས་དོན་ཇི་བཞིན་མ་འགྲུབ་པ་ཡིན་ཚེ་འབྱུང་འགྱུར་གྱི་ན་གཞོན་ཁྱོན་ཆེ་ཞིག་གི་ཤེས་ཡོན་དང་བསམ་སྤྱོད་ཀྱི་ཡར་རྒྱས་ལ་གནོད་སྐྱོན་འགྲོ དེ་མཚུངས་རྒྱལ་ཡོངས་དགེ་རྒན་གྱི་སྤྱི་ཚོགས་ཁོ་རང་དེ་ཙམ་ཚད་ལྡན་ཞིག་མེད་ན་འབྱུང་འགྱུར་རྒྱལ་ཁབ་ཀྱི་མི་རབས་རྗེས་མ་ཆ་ཚང་དེ་འདྲའི་གནས་ཚད་ཅན་ཞིག་ཏུ་འགྱུར་རྒྱུར་ངེས་པས་རྒྱལ་ཁབ་ཀྱི་འཛིན་སྐྱོང་འཛུགས་སྐྲུན་མཚན་མཐོང་གཟི་བརྗིད་ཐམས་ཅད་ལ་སྒོ་ཀུན་ནས་གནོད་སྐྱོན་ཡོང་རྒྱུ་གདོན་མི་ཟ་བའི་མཐུན་དཔེར་ད་ལྟའི་རྒྱལ་ཁབ་མང་པོའི་ནང་མཐོང་བཞིན་པ་དེ་རེད། དེས་ན་རྒྱལ་ཁབ་ཀྱི་མང་ཚོགས་ནང་ནས་ཤེས་ཡོན་གནས་ཚད་མཐོ་ཤོས་དང༌། བློ་རིག་བཀྲ་ཤོས་ཀྱི་ནང་ནས་དགེ་རྒན་འདེམས་བསྐོ་བྱེད་དགོས་པ་དང༌། དགེ་རྒན་གྱི་ལས་ཁུར་ཡང་རྒྱལ་ཁབ་ཀྱི་ལས་ཁུར་གཞན་དག་ལས་ཅུང་ཟད་མཐོ་བའི་གནས་རིམ་དང་ཕོགས་ཚད་ཆེ་མཐོང་བཅས་ཡོད་དགོས་པ་ཡིན། དེ་ལྟར་མ་བྱུང་ཚེ་ཡུལ་མི་བཟང་ཤོས་རྣམས་དགེ་རྒན་གྱི་ལས་ཁུར་ཐོག་ཞུགས་མི་ཐུབ། མ་འོངས་པར་བོད་ཀྱི་གཞུང་ཞབས་གནས་རིམ་དང་སྡེ་ཚན་འགའ་ཤས་སུ་བགོས་པ་ཡིན་ཚེ། དགེ་རྒན་རྣམས་གནས་རིམ་ལེགས་ཤོས་སུ་བརྩི་དགོས། དཔེར་ན། བོད་ཀྱི་ཤེས་རིག་ཞབས་ཞུ་བ། (TES) བོད་ཀྱི་ཕྱི་འབྲེལ་ཞབས་ཞུ་བ། (TFS) བོད་ཀྱི་འཛིན་སྐྱོང་ཞབས་ཞུ་བ། (TAS) བོད་ཀྱི་ཁྲིམས་སྲུང་ཞབས་ཞུ་བ་ (TPS) ལྟ་བུར་བགོས་པ་ཡིན་ན་མཐོ་ཤོས་དེ་བོད་ཀྱི་ཤེས་རིག་ཞབས་ཞུ་བར་འཇོག་དགོས་པ་མ་ཟད། ཁོང་ཚོའི་ཕོགས་རིམ་དང༌། གནས་རིམ་གཉིས་ཐད་ནས་གཞན་ལས་ཅུང་ཟད་ཁྱད་པར་དུ་འཕགས་པ་ཞིག་དགོས། གལ་ཏེ་གཞུང་ཞབས་གྲལ་རིམ་གྱི་ནང་ཐད་ཀར་མ་ཚུད་པའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེ་ཆུང་རྣམས་ཀྱང་ཕོགས་རིམ་དང་གནས་རིམ་གྱི་ཆ་ནས་གཞུང་ཞབས་ཀྱི་གནས་རིམ་འདི་དང་འདྲ་མཚུངས་དགོས་པ་མ་ཟད། ཕན་ཚུན་གཉིས་ཀར་གནས་འཕོས་ཆོག་པའི་གོ་སྐབས་ཀྱང་དགོས་པ་ཡིན། སློབ་གྲྭའི་དགེ་རྒན་ཁག་གི་གནས་རིམ་གྱི་དབྱེ་བ་གཤམ་གསལ།

༡ ཀ སྔོན་འགྲོའི་སློབ་གྲྭའི་ལས་བྱེད་མ་མའམ་ཕ་ཚབ་ (EST) འབྲིང་རིམ་སློབ་ཐོན་ཐོག་དམིགས་བསལ་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་འོས་སྦྱོན་ཐོན་པ། གནས་རིམ་ ༦ པ།༤༨

ཁ སྔོན་འགྲོའི་སློབ་གྲྭའི་དགེ་རྒན། (TGT) མཐོ་རིམ་སློབ་ཐོན། དགེ་རྒན་འོས་སྦྱོང་ཡོད་པ། གནས་རིམ་ ༥ པ་བཅས།

༢ གཞི་རིམ་འོག་མའི་སློབ་དགེ (EST) འབྲིང་རིམ་སློབ་ཐོན། དགེ་རྒན་འོས་སྦྱོང་ཡོད་པ། གནས་རིམ་ ༦ པ་བཅས།

༣ གཞི་རིམ་གོང་མའི་སློབ་དགེ (TGT) མཐོ་རིམ་སློབ་ཐོན། དགེ་རྒན་འོས་སྦྱོང་ཡོད་པ། གནས་རིམ་ ༥ པ་བཅས།

༤ འབྲིང་རིམ་སློབ་དགེ་བཅས། (A) TGT (B) PGT ཆེས་མཐོའི་སློབ་ཐོན། དགེ་རྒན་འོས་སྦྱོང་ཡོད་པ། གནས་རིམ་ ༥ པ།

༥ མཐོ་རིམ་སློབ་དགེ

༡ སློབ་དཔོན། (A) Lecturer གནས་རིམ་ ༤ པ།

༢ ཉེ་བའི་སློབ་དཔོན། (B) Reader གནས་རིམ་ ༣ པ།

༣ སློབ་དཔོན་ཆེན་པོ། (Professor) གནས་རིམ་ ༢ པ།

༤ རྒྱལ་ཡོངས་སློབ་དཔོན་ཆེན་པོ། (National Professor) གནས་རིམ་ ༢ པ།

གོང་གསལ་གནས་རིམ་རྣམས་གཞུང་ཞབས་སྤྱི་མཚུངས་ཀྱི་གནས་རིམ་སྐབས་གསལ་ལྟར་ལ་ཕོགས་རིམ་རང་མཉམ་གནས་རིམ་ལས་བྱེད་གཞན་དག་ལས་རིམ་པ་གཅིག་གིས་མཐོ་བ་དགོས་པ་ཡིན། གནས་རིམ་ལྔ་པ་མན་ཆད་ཀྱི་དགེ་རྒན་ས་གནས་སོ་སོ་ནས་བསྐོ་གཞག་བྱེད་རྒྱུ་དང༌། དེ་ཚོ་རྒྱལ་ཡོངས་གཞུང་ཞབས་ཁོངས་སུ་གཏོགས་མི་དགོས་ཤིང༌། རྒྱལ་ཡོངས་སུ་འཕོས་ལེན་བྱ་རུང་ཡང་མ་ཡིན། གནས་རིམ་བཞི་པ་ཡན་ཆད་ཀྱི་དགེ་རྒན་ཐད་ཀར་རམ་གནས་སྤར་གྱི་བསྐོ་བཞག་བྱེད་པ་གང་ཡང་རུང་རྒྱལ་ཡོངས་བོད་ཀྱི་ཤེས་རིག་ཞབས་ཞུ་བའི་(TES)ཁོངས་སུ་གཏོགས་ཤིང༌། རྒྱལ་ཡོངས་སུ་འཕོས་ལེན་བྱ་རུང་བ་དགོས།

དགེ་རྒན་འོས་སྦྱོང་སྐོར་སྤྱིར་བཏང་དེང་དུས་ཀྱི་དགེ་རྒན་འོས་སྦྱོང་གི་སློབ་ཚན་ཕལ་ཆེར་གཞིར་བཟུང་ཐོག ཕྲུ་གུའི་སེམས་ཀྱི་གནས་ཚུལ་(Child’s psychology) སློབ་སྟོན་གྱི་ཐབས་ལམ་(Methods of Teaching)གཉིས་ཐད་བོད་ཕྲུག་གི་སེམས་ཀྱི་༤༩

གནས་ཚུལ་ལ་བྱེ་བྲག་ཏུ་འཚམས་ཤིང༌། ནང་པའི་གཞུང་ལུགས་ནས་བྱུང་བའི་སློབ་སྟོན་གྱི་ཐབས་ལམ་རྣམས་དམིགས་བཀར་གྱིས་སློབ་སྦྱོང་སྤྲད་དགོས་པ་མ་ཟད། ལྷག་པར་ཕྲུ་གུའི་སེམས་ཀྱི་གནས་ཚུལ་ནུབ་ཕྱོགས་པས་བྲིས་པ་དང་རྒྱ་གར་བས་བྲིས་པ་རྣམས་ཚང་མ་ནུབ་ཕྱོགས་པའི་ཕྲུ་གུའི་བསམ་ཚུལ་རང་ལ་གཞིར་བཞག་བྱས་པ་སོང༌། ཤར་ཕྱོགས་པའི་ཕྲུ་གུ་སྤྱི་དང༌། ལྷག་པར་བོད་ཕྲུག་གི་བསམ་ཚུལ་ལ་གཏན་ནས་མི་འཚམས་པ་ཡིན་པ་དེ་མཁྱེན་དགོས། དེ་བཞིན་བདེ་བར་གཤེགས་པའི་གཞུང་ལུགས་ནས་བྱུང་བའི་བླ་མའི་མཚན་ཉིད་དང༌། ཡོངས་འཛིན་གྱི་ཡོན་ཏན་ཇི་ལྟར་བཤད་པ་རྣམས་ངེས་པར་དུ་ཡང་རྒྱས་སྤྲོས་དང་བཅས་ཏེ་སློབ་སྟོན་བྱེད་དགོས་པ་ཡིན། དེ་བཞིན་དུ་བོད་ཀྱི་ཤེས་རིག་ལོ་རྒྱུས་(History of Tibetan Education)ཀྱང་ངེས་པར་སློབ་སྟོན་བྱེད་དགོས། ནུབ་ཕྱོགས་པའི་ལམ་སྲོལ་རྣམས་ང་ཚོའི་ལམ་སྟོན་ཙམ་དུ་བཟུང་སྟེ། གནས་ཚུལ་རེ་རེ་བཞིན་ནང་པའི་རིག་གཞུང་དང༌། བོད་དང་བོད་མིའི་གནས་སྟངས་ཀྱི་ཆ་ནས་སློབ་སྦྱོང་དང་ཉམས་ཞིབ་གསར་དུ་བྱེད་པ་མ་གཏོགས། ཁོང་ཚོས་གང་བཤད་ཞྭ་དཔེ་ལྷམ་ལ་བཀབ་མི་རུང་བའི་ཚུལ་ངེས་པར་དུ་མཁྱེན་དགོས།

རྒྱུགས་སྤྲོད་ལམ་སྲོལ།

ད་ལྟའི་རྒྱ་གར་སོགས་རྒྱལ་ཁབ་ཕལ་ཆེ་བར་དར་བའི་བྲིས་རྒྱུགས་སྤྲོད་སྲོལ་གྱི་ལམ་ལུགས་འདི་རྒྱལ་ཁབ་ཚང་མར་ཕལ་ཆེར་ཉམས་རྒུད་དུ་ཕྱིན་ཏེ། དེང་སྐབས་ཚད་ལྡན་གྱི་ལག་ལེན་བསྟར་མཁན་ཧ་ཅང་དཀོན་པོ་ཆགས་ཟིན་པ་མ་ཟད། རྒྱུགས་སྤྲོད་ཀྱི་ལམ་སྲོལ་འདིས་སློབ་ཕྲུག་གི་ཤེས་ཚད་ཇི་ལྟ་བ་བཞིན་དཔོག་མི་ནུས་པ་མ་ཟད། དྲང་བདེན་མ་ཡིན་པའི་ཐབས་ལམ་མང་པོ་ཞིག་ཀྱང་དེའི་ནང་འདྲེས་ཉེན་ཡོད། དེར་བརྟེན་རང་རེའི་རྒྱུགས་སྤྲོད་ཀྱི་ལམ་སྲོལ་གསར་པ་ཞིག་ངེས་པར་དུ་གཏོད་དགོས། དེ་ཡང་ངག་རྒྱུགས་དང་སློབ་ཕྲུག་ཕན་ཚུན་བགྲོ་གླེང་གི་ཐོག་ནས་རྒྱུགས་སྤྲོད་བྱེད་ཚུལ་གཙོ་འདོན་ཐོག སྐབས་རེ་བྲིས་རྒྱུགས་ཀྱང་རེ་ཟུང་བླངས་འཐུས་ཀྱང༌། དྲི་ཤོག་བཟོ་སྟངས་ཀྱི་ཐོག་དགེ་རྒན་ཚོར་དམིགས་བསལ་གྱི་སློབ་སྟོན་སྤྲད་དེ་དྲི་བ་འགོད་སྟངས་ཐད་གསར་བརྗེ་ཆེན་པོ་དགོས་པ་དང༌། གཞི་རིམ་གོང་འོག་དང༌། འབྲིང་རིམ་གྱི་སློབ་གྲྭ་ཁག་ཏུ་ལོ་འཁོར་རྒྱུགས་སྤྲོད་རྐྱང་པ་མ་ཡིན་པར་བདུན་རེའི་རྒྱུགས་དང༌། ཟླ་རྒྱུགས་ཁག་ལ་དམིགས་བསལ་གྱི་དོ་སྣང་བྱས་ཏེ་འདི་ཚོའི་ཨང་ཐོབ་ལོ་འཁོར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ལ་ཕན་པ་བཟོ་དགོས། མཐོ་རིམ་སློབ་ཁག་ཏུ་ཡང་ལོ་རྒྱུགས་རྐྱང་པ་མ་ཡིན་པར་ལོ་རེའི་སློབ་རྒྱུན་ཆོས་ཐོག་ཁག་གསུམ་ཙམ་ལ་བགོས་ཏེ། ཆོས་ཐོག་རེ་རེའི་མཇུག་ཏུ་དུས་རྒྱུགས་ལེན་དགོས་དེ་དག་གལ་ཆེར་བརྩིས་ཏེ། ལོ་རྒྱུགས་ཀྱི་གྲུབ་འབྲས་ནང་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དུས་རྒྱུགས་ཁག་ནས་འཁྱེར་དགོས། སྔོན་འགྲོའི་འཛིན་གྲྭ་དང༌། གཞི་རིམ་འོག་མའི་འཛིན་གྲྭ་གསུམ་ལ་རྒྱུགས་སྤྲོད་མ་དགོས་པར་དགེ་རྒན་རྣམས་ཀྱིས་རྒྱུན་ལྡན་སློབ་ཕྲུག་སོ་སོའི་ཤེས་ཚད་ཞིབ་འཇུག་གིས་གནས་ཚད་མ་ལོང་བའི་རིགས་ལ་ཟུར་བསླབ་སོགས་ཀྱི་སྒོ་ནས་གང་ལྟར་འཛིན་གྲྭ་གསུམ་པའི་བར་གྱི་ལོ་རེ་བཞིན་འཛིན་གྲྭ་སྤར་རྒྱུ་ལས་རྒྱུགས་འཕྲོད་མིན་གྱི་རྣམ་དབྱེ་མི་འབྱེད། འཛིན་གྲྭ་བཞི་པ་ནས་བདུན་པའི་བར་ཟླ་རྒྱུགས་དགུ་དང༌། ལོ་རྒྱུགས་གཅིག་བཅས་ཁྱོན་ལོ་རེའི་རྒྱུགས་སྤྲོད་བཅུ་རེ་བྱེད་རྒྱུ་ནས་ཟླ་རྒྱུགས་དགུ་ནས་བརྒྱ་ཆ་ལྔ་བཅུ་དང༌། ལོ་རྒྱུགས་ནས་བརྒྱ་ཆ་ལྔ་བཅུ་བརྩིས་ཏེ་རྒྱུགས་འཕྲོད་མིན་གྱི་རྣམ་དབྱེ་འབྱེད་རྒྱུ། འོན་ཀྱང་འཛིན་རིམ་བདུན་པའི་བར་རྒྱུགས་སྤྲོད་མ་ཐོན་པའི་རིགས་ཀྱི་སློབ་ཚན་གང་ཐད་རྒྱུགས་སྤྲོད་མ་ཐོན་པ་དེའི་ཐོག་བསྐྱར་རྒྱུགས་ལན་གཉིས་བར་སྤྲོད་རྒྱུའི་གོ་སྐབས་སྤྲད་དེ་འཛིན་རིམ་སྤར་བ་ལས། འཛིན་རིམ་གཅིག་ཏུ་ལོ་གཉིས་སྡོད་མ་དགོས་པའི་ཐབས་ཤེས་གཙོ་འདོན་བྱེད་རྒྱུ། འཛིན་རིམ་བདུན་པའི་ནང་སློབ་ཚན་གཉིས་ལ་རྒྱུགས་མ་འཕྲོད་པ་བྱུང་ཚེ་ཡང་བསྐྱར་ལོ་གཅིག་འཛིན་རིམ་བདུན་པར་གཞག་རྒྱུ་དང༌། ལོ་གཉིས་པར་ཡང་རྒྱུགས་མ་འཕྲོད་པ་ཡིན་ན་གཞི་རིམ་འོག་མ་མ་ཐོན་པར་ཆ་འཇོག་གིས་མཚམས་སྦྱོར་འཛིན་གྲྭར་ལག་ཤེས་སློབ་སྦྱོང་ཙམ་མ་གཏོགས། གོང་རིམ་གྱི་སློབ་སྦྱོང་དུ་ཞུགས་མི་རུང་བར་ཐག་གཅད་དགོས།

སློབ་ཚན་དང་སློབ་དེབ།

སློབ་ཚན་འཆར་གཞི་འགོད་ཕྱོགས་ཐད་གཞི་རིམ་གོང་འོག་གཉིས་ཀར་སློབ་ཚན་གྱི་ཕྱི་སྒྲོམ་གོང་སྨོས་ལྟར་གྱི་ཐོག་མཚམས་སྦྱོར་འཛིན་གྲྭར་འབྲིང་རིམ་དང༌། མཐོ་རིམ་གྱི་འཇུག་ཡུལ་གྱི་རྣམ་གྲངས་ལ་གཞིགས་པའི་སློབ་ཚན་བཞག་དགོས་སོགས་སྐབས་སྦྱར་གྱིས་ཤེས་ཤིང༌། སློབ་ཚན་རྣམ་གྲངས་མང་བ་དང༌། གཞི་རྒྱ་ཆེ་བ་གཙོར་འདོན་མི་བྱེད་པར་སློབ་ཕྲུག་གི་བློ་དང་འཚམས་ཤིང་གཏིང་ཆོད་པ་ཞིག་སློབ་སྟོན་ཐུབ་ངེས་ཡོང་ཐབས་གཙོར་འདོན་གྱིས་གཅིག་ཤེས་ཀུན་གྲོལ་ཡོང་བ་ལ་འབད་དགོས། ལྷག་པར་བོད་ཀྱི་སྐད་ཡིག་ལ་བྱང་ཆུབ་པ་ཞིག་དང༌། སྐད་ཡིག་གཞན་ཞིག་གི་ཐོག་འགྲོ་རྒྱུགས་འཕེར་ངེས་ཤིག་བྱ་གལ་ཧ་ཅང་ཆེ་བས་གཞི་རིམ་འོག་མར་སྐད་ཡིག་ལ་ནན་ཏན་ཆེན་པོ་བྱ་དགོས་པ་དེ་གནད་ཀྱི་དོན་པོ་ཡིན། གཞི་རིམ་གོང་མ་དང༌། མཐོ་རིམ་གྱི་རྒྱུགས་སྤྲོད་རང་གཞུང་ནས་བཞེས་ཐུབ་པ་ཞིག་བྱུང་འཕྲལ་གཞི་རིམ་གོང་མ་ཡན་ཆད་ཀྱི་སློབ་ཚན་འཇོག་སྟངས་ཆེས་ཁྱད་པར་བ་ཞིག་དགོས་གལ་ཧ་ཅང་ཆེ་རུང༌། འཕྲལ་མཁོ་ཛ་དྲག་མ་མཆིས་པས་འདིར་མ་སྤྲོས། གཞི་རིམ་འོག་མ་ནས་བཟུང་མཐོ་རིམ་བར་འཛིན་རིམ་ཀུན་ཏུ་ལས་རྩོལ་དང་ལག་ཤེས་ལ་གལ་གནད་ཆེན་པོར་བརྩིས་ཏེ་འོས་འཚམས་ཀྱི་སློབ་ཚན་གཞག་དགོས། གཞི་རིམ་དང༌། འབྲིང་རིམ་གཉིས་ཀའི་སློབ་ཚན་འཆར་གཞི་ལོ་རེ་བཞིན་བསྐྱར་ཞིབ་བྱེད་དགོས་དང༌། དེ་བཞིན་སློབ་དེབ་ཀྱང་མང་མཐར་ལོ་ལྔ་རེ་ནས་མ་བརྒལ་བར་བསྐྱར་ཞིབ་དང༌། བཟོ་བཅོས་བྱ་གལ་ཆེ་བས་ཤེས་རིག་ལྷན་ཁང་གི་འོག་གཏན་འཇགས་སློབ་ཚན་དང༌། སློབ་དེབ་བསྐྱར་བཅོས་ཀྱི་ཕྱག་ལས་གནང་མཁན་མཁས་པའི་ཚོགས་ཆུང་དང་རྒྱུན་ལས་ཤིག་དགོས་པ་མ་ཟད། སྐབས་དང་སྐབས་སུ་སློབ་དགེ་ཁག་དང༌། མཁས་པ་ཁག་འབྲེལ་གཏུག་གིས་དོན་གནད་འདིའི་ཐོག་ཉམས་ཞིབ་དང༌། བྱ་ར་རྒྱུན་ལྡན་ཐོག་དགོས་གལ་ནམ་བྱུང་མཚམས་དུས་འགྱངས་མེད་པར་འཕྲལ་འཕྲལ་བསྒྱུར་བཅོས་ཐུབ་པ་མཛད་གལ་ཆེ། སློབ་དེབ་རྣམས་སུ་ཕལ་སྐད་ཚུལ་མཐུན་འབྲི་བར་དགག་བྱ་མེད་ཀྱང༌། གོ་བདེ་ལ་བསྙད་དེ་བརྡ་སྤྲོད་ཀྱི་གཞུང་དང་འགལ་རིགས་ནམ་ཡང་འབྲི་མི་རུང་བས་འདི་ལ་དོ་དམ་གཟབ་དགོས། རྒྱུན་ལྡན་བེད་སྤྱོད་གཏོང་བའི་ངག་སྐད་དང༌། ཡིག་ཐོག་འབྲི་སྲོལ་གཉིས་དབར་འགྱངས་བར་ཆུང་དུ་གཏང་དགོས་གལ་ཆེ་ཡིན་རུང༌། སྨྲ་བརྗོད་ངག་སྐད་ཀྱི་གནས་ཚད་མཐོ་རུ་གཏོང་བ་ལས། འབྲི་སྲོལ་བརྡ་སྤྲོད་ལས་ཉམས་པའི་དམའ་རུ་ནམ་ཡང་གཏོང་མི་རུང༌། དེ་མཚུངས་སློབ་སྟོན་གྱི་མཐུན་རྐྱེན་ཡོ་བྱད་ཀྱང༌། སྦྱོར་ཀློག་སློབ་པ་ན་ཡིག་མདའ་བཟུང་བ་ནས་ཀམ་པིའུ་ཊར་ (Computer) སོགས་ཀྱི་བར་གནའ་སྲོལ་དང་རིག་གསར་གྱི་ཡོ་བྱད་ཚང་མ་བེད་སྤྱོད་བྱེད་དགོས། སློབ་སྦྱོང་ལ་མཁོ་བའི་གློག་བརྙན་ལེགས་རིགས་བོད་སྐད་དུ་བསྒྱུར་ཏེ་ཝིཌིཡོ་ (Video) བཟོ་བ་སོགས་སློབ་མཁོའི་ཡོ་བྱད་སྣེ་འཛོམས་ཡོང་ཐབས་བྱེད་ཅིང༌། བོད་སྐད་ཐོག་ཟློས་གར་དང་སྒྲུང་སོགས་ཀྱི་དེབ་རིགས་འབོལ་པོ་ཡོང་ཐབས་བྱེད་དགོས།

སློབ་སྟོན་གྱི་སྐད་ཡིག

སློབ་སྟོན་སྐད་ཡིག་སྔོན་འགྲོའི་སློབ་གྲྭ་ནས་ཆེས་མཐོའི་ཉམས་ཞིབ་ཀྱི་བར་ཆ་ཚང་བོད་སྐད་རང་གི་ཐོག་ནས་ཐུབ་པ་བྱ་དགོས་དེ་འདོར་དུ་མི་རུང་བའི་དགོས་གནད་ཆེ་ཤོས་ཤིག་ཡིན་ཞིང༌། དེ་ཆེད་ད་ལྟ་ནས་འབད་རྩོལ་གྱིས་རིང་མཐར་ཡང་ཕྱི་ལོ་ ༢༠༠༥ ཚུན་ཚད་ཚན་རིག་དང༌། སྒྱུ་རྩལ་གཉིས་ཀའི་སློབ་ཚན་ཆ་ཚང་བོད་སྐད་ཐོག་ནས་སློབ་སྟོན་ཐུབ་པ་དང༌། སློབ་དེབ་སོགས་བསྟན་བཅོས་ཀྱིས་མ་ཕོངས་པ་ཞིག་ངེས་པར་དུ་བྱེད་དགོས། དེའི་ཆེད་ད་ལྟ་ནས་གཞི་རིམ་འོག་མའི་སློབ་སྦྱོང་ཆ་ཚང་བོད་སྐད་ཐོག་སྤྲོད་ཐུབ་པའི་སློབ་དེབ་དང་འབྲེལ་ཡོད་ཡིག་ཆ་ཁག་གི་གོ་སྒྲིག་འཕྲལ་དུ་ཛ་དྲག་གིས་གནང་དགོས་ཤིང༌། སྟབས་བདེའི་ཆེད་ཚན་རིག་སོགས་སློབ་ཚན་གཞན་གྱི་དམའ་རིམ་སློབ་དེབ་རྣམས་ད་ཡོད་ཀྱི་སློབ་དེབ་རྣམས་ལས་དཔེ་ལེན་གྱི་སྒོ་ནས་བཟོ་དགོས། སྐད་ཡིག་གཞན་ནས་བསྒྱུར་ན་གོ་བདེ་མི་ཡོང་བས་ཕྱི་སྒྲོམ་དཔེ་བླངས་ཐོག་ནས་གསར་འབྲི་བྱས་ན་ལེགས། ལས་དོན་འདི་མུ་མཐུད་ཀྱིས་ལོ་རེ་བཞིན་འཛིན་རིམ་གོང་མ་རེའི་སློབ་ཚན་ཆ་ཚང་གི་སློབ་དེབ་དང༌། འབྲེལ་ཡོད་ཡིག་ཆ་བོད་སྐད་ཐོག་བཏོན་ཐུབ་པའི་ལས་འགུལ་ནུས་པ་ཐོན་ངེས་ཤིག་རྒྱུན་ཆགས་སུ་གནང་གལ། འདིའི་ཐད་གལ་ཆེའི་དོན་གནད་གཅིག་ནི། ཚན་རིག་དང་འཕྲུལ་རིག་སོགས་སློབ་ཚན་གསར་པའི་སློབ་དེབ་གསར་སྒྲིག་སྐབས་ཐ་སྙད་མང་པོ་གསར་བཟོ་བྱ་དགོས་ཡོང་ངེས་པས། དེ་སྐབས་འོལ་ཚོད་མ་ཡིན་པར་ཐོག་མར་བོད་སྐད་རང་དུ་དོད་ཐུབ་ཀྱི་ཐ་སྙད་རྙིང་པ་ཡོད་མེད་འཚོལ་ཞིབ་དམ་དོན་ཅི་ནས་བྱེད་དགོས། མཐའ་མར་དོད་ཐུབ་ཐ་སྙད་མི་འཁྲུལ་བ་ཞིག་མེད་པར་ངེས་ཚེ་གཞི་ནས་ཐ་སྙད་གསར་བཅོས་བྱེད་དགོས་ཤིང༌། དེ་ཡང་གང་བྱུང་མ་ཡིན་པར་སྔོན་བྱོན་ལོ་པཎ་རྣམས་ཀྱི་མཛད་སྲོལ་ལྟར་གཏན་ཚིགས་དང་ལྡན་ཞིང༌། དོན་ལ་འཁྲུལ་གཞི་མེད་པ་ཞིག་དགོས་པ་མ་ཟད། ལན་གཅིག་གཏན་འབེབས་ཟིན་པའི་ཐ་སྙད་དེ་རྒྱ་ཁྱབ་ཡོངས་སུ་སྤྱི་འགྲེ་བེད་སྤྱོད་བྱེད་པ་ལས་མཁས་བླུན་མང་པོས་འདྲ་མིན་སྣ་ཚོགས་གང་དྲན་དུ་མི་བྱེད་པ་གནད་ཆེ།

སློབ་ཐོན་ཁག་གི་མདུན་ལམ་འཆར་གཞི།

གོང་སྨོས་ལྟར་སློབ་ཕྲུག་བྱིངས་ཆེ་གཞི་རིམ་འོག་མ་ཐོན་མཚམས་ནས་སློབ་སྦྱོང་མཚམས་འཇོག་བྱེད་རྒྱུ། ཡང་གཞོན་ནུ་བློ་རིག་བཀྲ་བ། རེ་བ་ཆེ་རིགས་བརྒྱ་ཆ་སུམ་ཅུ་ཙམ་རེ་གཞི་རིམ་གོང་མ་དང༌། འབྲིང་རིམ་བཅས་སུ་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་ལྟར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་པའི་ཁོང་ཚོའི་མདུན་ལམ་ཡང་སྔོན་ཚུད་ནས་འཆར་གཞི་དང་ལྡན་པར་གཏན་འབེབས་བྱ་གལ་ཧ་ཅང་ཆེ། གཞི་རིམ་གོང་མ་ནས་སློབ་ཕྲུག་རྣམས་ཚན་རིག་དང༌། སྒྱུ་རྩལ་གང་དུ་འགྲོ་རྒྱུའི་དབྱེ་འབྱེད་བྱེད་སྐབས་ནས་ཁོང་ཚོའི་ཆེས་མཐོའི་སློབ་སྦྱོང་བར་གྱི་སློབ་སྦྱོང་གི་མདུན་ལམ་ཕལ་ཆེར་གཏན་འཁེལ་ཐུབ་པ་ཞིག་དགོས་ཤིང༌། ཁོང་ཚོའི་མདུན་ལམ་གདམ་ག་བྱེད་ཕྱོགས་ཀྱང་གཙོ་བོ་སློབ་ཕྲུག་སོ་སོའི་ཁམས་མོས་བསམ་པ་དང༌། རིགས་སྟོབས་ལ་གཞིགས་རྒྱུ་གལ་གནད་ཆེ་ནའང༌། དེ་ཙམ་གྱིས་མ་ཚིམ་པར་ཁོང་ཚོ་སློབ་གྲྭ་ཐོན་རྗེས་འཚོ་ཐབས་ཀྱི་ལས་དོན་དུ་ཞུགས་རྒྱུའི་གོ་སྐབས་ལའང་ངེས་པར་དུ་གཟིགས་དགོས་པ་ཡིན། དེར་བརྟེན་རྒྱལ་ཡོངས་ཀྱི་ལས་དོན་དང་འཛུགས་སྐྲུན་གྱི་འཆར་གཞི་ཁག་ལོ་བདུན་བརྒྱད་ཀྱི་སྔོན་ཚུད་ནས་བློ་ཡུལ་དུ་བཞག་སྟེ་འཆར་གཞི་བསྒྲིག་དགོས། འབྲིང་རིམ་སློབ་གྲྭར་ཞུགས་མཁན་ཞིག་ལོ་བདུན་བརྒྱད་ཀྱི་མཚམས་ནས་ཆེས་མཐོའི་སློབ་སྦྱོང་ཐོན་སྐབས་ལས་དོན་གང་འདྲ་ཞིག་ཏུ་ཞུགས་ཐུབ་མིན་གྱི་འཆར་གཞི་ཐོག་མ་ཉིད་ནས་ཚོད་དཔག་ཐུབ་པ་ཞིག་མ་བྱུང་ན་སློབ་ཐོན་ལས་མེད་ཇེ་མང་དུ་སོང་ཚེ། སྲིད་གཞུང་དང་སྤྱི་ཚོགས་གཉིས་ཀར་དཀའ་ངལ་གྱི་གཞི་རྩ་ཞིག་ཆགས་རྒྱུ་མ་ཟད། སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོའི་སྤོབས་པ་དང་གདེང་ཚོད་བརླག་རྒྱུའི་ཆ་རྐྱེན་ཞིག་ཏུ་འགྲོ་རྒྱུ་ཉག་ཅིག་རེད། གནས་ཚུལ་འདི་དག་ལ་དགོངས་བཞེས་ཀྱིས་མཚམས་སྦྱོར་འཛིན་གྲྭ་ནས་གཞི་རིམ་གོང་མར་འཕོས་སྐབས་དང༌། འབྲིང་རིམ་ནས་མཐོ་རིམ་དུ་འཕོས་སྐབས་སློབ་ཕྲུག་སོ་སོར་རྩ་བའི་སློབ་ཚན་གང་འདེམས་དང༌། དེ་དང་འབྲེལ་ཡོད་ཀྱི་མཉམ་འབྲེལ་སློབ་ཚན་གང་འདེམས། ཕུགས་ཀྱི་དམིགས་ཡུལ་གང་གཟུང་བཅས་ཀྱི་ཐོག་སློབ་ཕྲུག་ཚོར་གང་དྲན་མུན་ནག་མདའ་འཕེན་བྱེད་དུ་མ་བཅུག་པར་ཤེས་རིག་ལྷན་ཁང་རང་གིས་དམིགས་བསལ་ཉམས་མྱོང་ཅན་གྱི་མཁས་པ་ཚོར་གོ་བསྡུར་དང་འབྲེལ་ལམ་སྟོན་ཡང་དག་མཛད་རྒྱུ་ཧ་ཅང་གལ་གནད་ཆེ། འདིའི་ཆེད་རྒྱལ་ཡོངས་འཛུགས་སྐྲུན་གྱི་སྔོན་འཆར་ཚད་ལྡན་མ་མཐར་ཡང་ལོ་བཅོ་ལྔ་ཙམ་གྱི་ཡུན་ཚད་ལྡན་པ་ཞིག་འགོད་གནང་ཐུབ་པ་བྱུང་ན་དགེ་མཚན་ཆེ་བ་ཡོང་རྒྱུ།

མཛད་འཆར་ཕྱག་ལེན་དུ་བསྟར་ཕྱོགས།

གོང་གསལ་གྱི་འཆར་གཞི་ཁག་འཆར་གཞི་ཙམ་དུ་མ་ལུས་པར་ཕྱག་ལེན་བསྟར་ཕྱོགས་ཀྱི་ལས་རིམ་མཐར་ཆགས་སུ་བཀོད་པ་གཤམ་གསལ།

༡ བོད་རང་དབང་བསྐྱར་གསོའི་རྗེས་གནང་དགོས་ཀྱི་མཛད་རིམ་རྣམས་ད་ལྟ་ཕྱག་ལེན་བསྟར་ཐབས་མ་མཆིས་ཀྱང༌། འཆར་གཞི་ཡོངས་རྫོགས་ཐེ་ཚོམ་དུ་མ་བཞག་པར་གཏན་འབེབས་ཉམས་འོག་ཏུ་ཚུད་པ་བྱེད་དེ། ཡིག་ཆར་བཀོད་རྒྱུ་དང༌། དེ་མཚུངས་སྐབས་དང་སྐབས་སུ་བོད་ཀྱི་གནས་ཚུལ་ལ་གཞིགས་ནས་བསྐྱར་ཞིབ་བསྒྱུར་བཅོས་སོགས་གནང་འོས་གནང་སྟེ། གང་ལྟར་ནམ་ཞིག་གློ་བུར་དུ་རང་བཙན་བྱུང་བ་ཡིན་ནའང་དེ་སྐབས་གཞི་ནས་དགོངས་བཞེས་གྲོས་བསྡུར་འཆར་འགོད་སོགས་མ་དགོས་པར་ལམ་འཕྲལ་ཕྱག་ལས་གནང་ཆོག་གྲ་སྒྲིག་ཨང་གསར་དགོས་པ་ཡིན།

༢ ད་ལྟ་སྐྱབས་བཅོལ་དུ་ཡོད་བཞིན་པའི་སྐབས་འདིར་ཕྱག་ལེན་དུ་བསྟར་འོས་ཀྱི་མཛད་འཆར་ཁག་ནས།

ཀ དབུས་འཛིན་སྐྱོང་ལྷན་ཚོགས་ཀྱི་འོག་ཡོད་པའི་གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྦྱོང་གི་གནས་ཚད་ཡར་རྒྱས་གཏོང་ཕྱོགས་ཐད་འབྲེལ་ཡོད་ལ་འཕྲོས་མོལ་གནང་རྒྱུ་ཙམ་ལས། རང་དབང་ཐག་གཅོད་ཀྱི་མཛད་ཐབས་རྒྱ་ཆེ་མེད་རུང༌། སློབ་དེབ་བསྐྱར་བཟོ། སློབ་ཚན་བསྐྱར་བཅོས། དགེ་རྒན་གྲངས་ཚང་བསྐོ་བཞག དགེ་རྒན་འོས་སྦྱོང་མེད་རིགས་ལ་འོས་སྦྱོང་སྤྲོད་རྒྱུ་བཅས་ཕལ་ཆེར་ཕྱག་ལེན་བསྟར་ཐུབ་ཀྱི་ལས་དོན་ལ་སོང་དུས་བཀག་གིས་ཕྱག་ལེན་བསྟར་རྒྱུའི་ཐབས་ཤེས་གནང་སྟེ། གོང་གསལ་དོན་ཚན་རྣམས་འབྱུང་འགྱུར་ལོ་གཅིག་གི་ནང་ཚུན་ནམ། ཡང་ན་ཕྱི་ལོ་ ༡༩༨༦ ལོ་མཇུག་ཚུན་ཕྱག་ལེན་འཁེལ་ཐབས་ཀྱི་འབད་བརྩོན་གནང་རྒྱུ།

ཁ རང་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་གསར་འཛུགས་གནང་འཆར་སློབ་གྲྭ་དེ་བཞིན་ཕྱི་ལོ་ ༡༩༨༦ ཟླ་ ༣ པ་ནས་འགྱངས་མེད་ཚུགས་ཐབས་མཛད་དེ། དེའི་ནང་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་གསར་པ་ཚོད་བལྟ་ཕྱག་ལེན་བསྟར་རྒྱུ་ཡིན་སྟབས། བོད་མི་གཞིས་སྡོད་གང་འཚམས་ཤིག་ཏུ་སྔོན་འགྲོའི་སློབ་གྲྭ་བཞི་ལྔ་ནས་མ་ཉུང་བ་ཞིག་འཕྲལ་འཛུགས་གནང་རྒྱུ་དང༌། གསར་འཛུགས་སློབ་གྲྭའི་ནང་སློབ་ལོ་མ་ཡོལ་བའི་ཕྲུ་གུ་རང་ལོ་དྲུག་ནས་བདུན་བར་ཟིན་པ་ཤ་སྟག་བདུན་ཅུ་དོན་ལྔ་ནས་བརྒྱད་ཅུའི་བར་ཞིག་འཛིན་གྲྭ་དང་པོའི་ནང་བཅུག་གནང་མཛད་དེ། འཛིན་རིམ་དང་པོ་སྡེ་ཚན་གསུམ་དུ་དབུ་འཛུགས་མཛད་ཐོག དེ་ནས་ལོ་ལྟར་འཛིན་རིམ་དང་པོའི་ནང་ཕྲུ་གུ་ལྔ་བཅུ་ཙམ་རེའམ་མཐུན་རྐྱེན་དང་ཕྲུག་གྲངས་ལ་གཞིགས་པའི་གང་འཚམས་རེ་བཞེས་རྒྱུའི་འཆར་གཞི་མཛད་ན། ཕྱི་ལོ་ ༡༩༩༣ ལོར་སློབ་གྲྭ་དེའི་སློབ་ཕྲུག་སྡེ་ཚན་དང་པོ་དེ་མཚམས་སྦྱོར་འཛིན་གྲྭར་སོན་རྒྱུ་དང༌། ༡༩༩༧ ལོར་འབྲིང་རིམ། ༢༠༠༠ ཐམ་པའི་ལོར་མཐོ་རིམ། ༢༠༠༢ ལོར་ཆེས་མཐོའི་འཛིན་གྲྭ་འཐོན་རྒྱུ་བཅས། དེ་སྐབས་ལམ་སྲོལ་གསར་པའི་སློབ་སྦྱོང་སྤྲོད་ཐོན་དེ་གྲས་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ནང་ཤར་བསྐྱོད་ཐུབ་པ་ཡོང་མིན་གྱི་ཐག་ཆོད་གསལ་པོ་ཞིག་ཡོང་ངེས། དེ་མཚུངས་རང་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་སློབ་གྲྭ་གསར་པ་ཇི་ཚུགས་འཛིན་རིམ་དང་པོ་རང་ནས་དབུ་འཛུགས་གནང་ཐུབ་པ་ཞིག་བྱུང་ན་ཉ་ཉུང་མཉམ་བསྲེས་མ་ཡིན་པའི་ཁམས་གཙང་ཞིག་ཡོང་རྒྱུ།

ག ད་ཡོད་དང་གསར་འཛུགས་སློབ་ཁག་ཀུན་ལ་མཁོ་བའི་སློབ་ཚན་འཆར་གཞི་དང༌། སློབ་དེབ། སློབ་སྦྱོང་གི་མཐུན་རྐྱེན་ཡོ་བྱད་གཞན་དག་བཅས་གོ་སྒྲིག་ཆེད་ཛ་དྲག་གི་ཕྱག་ལས་གནང་དགོས། དེའི་ཆེད་ཤེས་རིག་ལྷན་ཁང་གི་ཐད་ཀའི་གཟིགས་སྐྱོང་འོག་རྒྱུན་ལས་མཁས་པའི་ཚོགས་ཆུང་མི་གསུམ་བཞི་ཡོད་པ་ཞིག་འཕྲལ་འཛུགས་གནང་ཐོག་སློབ་དེབ་འབྲི་རྩོམ་སོགས་གཏན་ཉིན་སློབ་གྲྭ་ཁག་གི་སློབ་དགེ་ཚོར་ཆ་བགོས་ཀྱིས་འཆར་ཟིན་བཀོད་པ་དབུས་རྒྱུན་ཚོགས་ནས་ཞིབ་འཇུག་ཐོག་དཔར་འགྲེམས་གནང་རྒྱུ་དང༌། དེ་མཚུངས་ཡོ་བྱད་གཞན་དག་ཀྱང་སྐབས་སྦྱར་གོ་སྒྲིག་གནང་རྒྱུ།

༣ རིང་མིན་བོད་ཀྱི་གཞི་རིམ་སློབ་ཁག་ཡོངས་μོགས་ཀྱི་རྒྱུགས་སྤྲོད་བཞེས་རྒྱུའི་ཆེད་ཤེས་ཡོན་རྒྱུགས་བཞེས་ཚོགས་པ་ཞིག་ཟུར་འཛུགས་གནང་རྒྱུ། དེ་ལ་རྒྱ་གར་གཞུང་ནས་ཁྲིམས་མཐུན་ངོས་ལེན་ཡོང་ཐབས་སྐོར་ད་ལྟ་ནས་འབྲེལ་ཡོད་ཁག་ལ་གོ་བསྡུར་དང་ཐབས་ཤེས་དབུ་འཛུགས་གནང་རྒྱུ།

༤ གཞི་འབྲིང་སློབ་གྲྭའི་སློབ་ཕྲུག་ཚོར་སློབ་ཚན་དང་རིགས་གཅིག་རྐང་འཛིན་གྱི་ལམ་སྟོན་བྱེད་ཕྱོགས་ལ་སྨན་པའི་རང་གཞུང་གི་འབྱུང་འགྱུར་མི་ལོ་བཅོ་ལྔ་ཙམ་གྱི་ནང་ཚུན་ཡར་རྒྱས་དང་འཛུགས་སྐྲུན་མཛད་འཆར་གཏན་འབེབས་ཡོང་ཆེད་འཆར་འགོད་ལྷན་ཚོགས་ཤིག་བསྐོ་འཛུགས་ཐོག་གཞི་རྩའི་ཆབ་སྲིད་ཀྱི་སྐུ་བྱུས་གཏན་འཁེལ་ཡོང་ཐབས་ཀྱི་འབོད་བསྐུལ་གནང་རྒྱུ་བཅས།།

འཆར་ཟིན་འདི་ནི་ཕྱི་ལོ་ ༡༩༨༥ ནང་བྲིས་པ་ཞིག་ཡིན་འདུག