༈ བདེན་པ་གཉིས་ཀྱི་སྐོར།
༄༅།། ནང་པ་སངས་རྒྱས་པའི་བསྟན་པ་སྤྱིའི་རྣམ་བཞག་ལ་གོ་བ་ཡག་པོ་ཞིག་ཆགས་དགོས་ན། བདེན་པ་གཉིས་ཀྱི་རྣམ་བཞག་དེ་རྒྱས་བསྡུས་ལ་མ་ལྟོས་པར་མཁྱེན་དགོས་པ་ཞིག་རེད། གཞི་དངོས་པོའི་གནས་ལུགས་བདེན་པ་གཉིས་སུ་ངེས་པ་ཡིན་ཙང། ལམ་བགྲོད་པའི་རིམ་པའང་ཐབས་ཤེས་གཉིས་དང་། འབྲས་བུ་སྐུ་གཉིས་ཞེས་ཡོང་གི་ཡོད། བདེན་གཉིས་ཀྱི་རྣམ་བཞག་ནི་གཞུང་ཆེན་མོར་ཐོས་བསམ་མ་བྱས་པ་དང་། གྲུབ་མཐར་བློ་ཁ་མ་ཕྱོགས་པ་ཚོར་ངོ་སྤྲོད་ཞུ་རྒྱུ་ཁག་པོ་རེད། གང་ལགས་ཤེ་ན། དེ་བཤད་པའི་སྐབས་སུ་གཞུང་གི་རྣམ་བཤད་ཅན་གྱི་ཚིག་རྣམས་བེད་སྤྱོད་མ་བཏང་ཐབས་མེད་རེད། གོ་བདེ་བར་བྱས་ཏེ་ཚིག་ཕལ་པ་བེད་སྤྱོད་གཏོང་རྒྱུ་ཁག་པོ་རེད། ཡིན་ནའང་བདེན་པ་གཉིས་ལ་གོ་བ་རགས་པ་ཙམ་ཆགས་པའི་ཆེད་དུ་གང་ཐུབ་སྟབས་བདེ་ཞུ་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན།
སྤྱིར་བཏང་བདེན་པ་ཞེས་པའི་ཚིག་དེ་ཕྱི་ནང་གི་གྲུབ་མཐའ་ཕལ་ཆེ་བའི་ནང་བེད་སྤྱོད་བྱེད་བཞིན་པའི་ཚིག་ཅིག་རེད། དེ་ནི་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་གོང་ནས་སྤྱད་པའི་གྲུབ་མཐའི་ཚིག་ཅིག་ཆགས་ཡོད། ནང་པའི་གཞུང་ལུགས་ལ་མཚོན་ན། བདེན་པ་བཞི། བདེན་པ་དང་རྫུན་པ། བདེན་པ་གཉིས། བདེན་པ་གཅིག་སོགས་སྐབས་ཐོག་སོ་སོ་དང་སྦྱར་ནས་བེད་སྤྱོད་བཏང་བའི་སྐབས་སུ་བདེན་ལུགས་བདེན་ཚུལ་ཡང་མི་འདྲ་བ་རེད། དཔེར་ན། བདེན་པ་བཞིའི་རྣམ་བཞག་བཤད་པའི་སྐབས་སུ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་ཀུན་འབྱུང་དང་སྡུག་བདེན། རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་ལམ་བདེན་དང་འགོག་བདེན་རྣམས་གང་གསུངས་པ་ལྟར་དོན་ལ་མི་བསླུ་བ་ཡིན་ཙང། དེའི་དབང་གིས་བདེན་བཞིའི་རྣམ་བཞག་གསུངས་པ་རེད། སྤྱིར་བདེན་པའི་དོན་ནི་མི་བསླུ་བ་ལ་ཟེར་ཞིང་། མི་བསླུ་བ་ཞེ་ན། དཔེར་ན། སངས་རྒྱས་ཀྱི་གསུང་ལྟ་བུར་མཚོན་ན། སངས་རྒྱས་ཀྱིས་གསུངས་པའི་ཚིག་ག་འདྲ་ཞིག་ཡིན་ཡང་དེའི་དོན་གདུལ་བྱས་ཉམས་སུ་བླང་ན། ཇི་ལྟར་གསུངས་པ་བཞིན་དུ་བསླུ་བ་མ་ཡིན་པ་ཞིག་ལ་གསུང་གི་བདེན་པ་ཟེར། དེ་བཞིན་ལས་དང་རྒྱུ་འབྲས་བདེན་པ་རེད་ཅེས་པའང་ལས་ཇི་ལྟར་བསགས་པ་བཞིན་འབྲས་བུ་དེ་མཚུངས་གྲུབ་པ་ལ་ཟེར།
སྐབས་འདིར་བདེན་པ་གཉིས་ཞེས་པ་ནི་དངོས་པོའི་གནས་ལུགས་ལ་ལྟོས་པའི་བདེན་ཚུལ་ཞིག་རེད། ཆོས་གང་ཞིག་ཡིན་ཡང་ཇི་ལྟར་བློ་ལ་སྣང་བ་བཞིན་དོན་ལ་གནས་མིན་གྱི་ཆ་ནས་བདེན་པའི་རྣམ་བཞག་བཤད་ཀྱི་ཡོད། བདེན་པ་གཉིས་བཞག་པའི་འགག་རྩ་གཙོ་བོ་གང་རེད་ཅེ་ན། སྐྱེས་འགྲོའི་བློ་ལ་སྣོད་བཅུད་ཀྱི་འཇིག་རྟེན་དང་། འཁོར་འདས་ཀྱི་རྣམ་བཞག་སོགས་མཐོང་བ་དང་འཛིན་གྱི་ཡོད་རུང་། བློ་ལ་ཇི་ལྟར་ཤར་བ་དང་བློས་ཇི་ལྟར་འཛིན་པ་ལྟར་དུ་དོན་ལ་གྲུབ་མེད། གཞུང་ཆེན་མོའི་ཐ་སྙད་ལྟར་ཞུས་ན་གནས་ཚུལ་དང་སྣང་ཚུལ་མི་མཐུན་པ་ཞེས་པ་དེ་རེད། དངོས་པོ་གང་ཞིག་ཡིན་ཡང་ཡུལ་ཅན་ཤེས་པ་དྲུག་གི་ངོར་སྣང་བ་བཞིན་དོན་ལ་གནས་མེད། དངོས་སུ་ཆོས་དེའི་གནས་ལུགས་ཇི་ལྟར་ཡོད་མེད་བརྟག་པའི་སྐབས་སུ་རྒྱུན་ལྡན་བློ་ལ་ཤར་ཚུལ་ལྟར་གཞིའི་སྟེང་དུ་མེད། ནང་པ་སངས་རྒྱས་པ་ལས་གཞན་པའི་གྲུབ་མཐའ་ཚོས་གནས་ཚུལ་དང་སྣང་ཚུལ་མི་མཐུན་པའི་ཆོས་ཐམས་ཅད་རྫུན་པ་དང་། བདེན་པ་ནི་གཅིག་སྟེ་འཇིག་རྟེན་བྱེད་པོའམ་ཚངས་པ་མ་གཏོགས་མེད་པར་འདོད།
ནང་པ་སངས་རྒྱས་པས་བདེན་པ་གཉིས་འཇོག་ཚུལ་ནི། བློ་རང་ག་བའི་ངོར་སྣང་བ་དེ་རང་ག་བའི་ངོར་བདེན་པ་ཡིན་ལ། འཇིག་རྟེན་པའི་སྣང་ངོར་གྲུབ་པའི་ཆོས་དེ་འཇིག་རྟེན་པའི་སྣང་ངོར་བདེན་པ་ཡིན་པར་བརྟེན། ཀུན་རྫོབ་བདེན་པ་ཞེས་པ་དེ་མཐར་ཐུག་པའམ་དོན་དམ་པའི་བདེན་པ་མིན་ནའང་། རྫུན་པ་ཞེས་པའི་ཐ་སྙད་མ་སྦྱར་བར་བློ་ཀུན་རྫོབ་པའི་སྣང་ངོར་བདེན་པ་དེ་ཀུན་རྫོབ་བདེན་པ་ཡིན། རིགས་པས་དཔྱད་པ་བྱས་ཏེ་གནས་ལུགས་བཙལ་རྗེས་དཔྱད་དོན་རྙེད་པ་དེ་ལ་དོན་དམ་པའམ། དོན་མཆོག་ཏུ་གྱུར་པ། མཐར་ཐུག་གི་འབབ་སའམ་འཇོག་ས་དེ་ལ་དོན་དམ་བདེན་པ་ཟེར། དོན་དམ་བདེན་པ་ནི་རྣམ་པ་ཀུན་དུ་བདེན་པ་དང་། ཀུན་རྫོབ་བདེན་པ་ནི་བློ་ཀུན་རྫོབ་པའི་སྣོང་ངོར་བདེན་པ་ཡིན། དེའི་རྒྱུ་མཚན་ལ་བརྟེན་ནས་ནང་པའི་གྲུབ་མཐའ་སྨྲ་བ་བཞི་པོས་བདེན་པ་གཉིས་ཀྱི་འཇོག་ཚུལ་ལ་མི་འདྲ་བ་ཡོང་དགོས་དོན་ནི། སོ་སོའི་བློའི་སྣང་ཚུལ་དང་མཐོང་ཚུལ། འཇོག་ཚུལ་བཅས་མི་འདྲ་བ་དང་། དེ་བཞིན་གནས་ལུགས་དཔྱོད་བྱེད་ཤེས་རབ་ཀྱིས་དཔྱད་པའི་མཐའ་མའི་གྲུབ་དོན་མི་འདྲ་བའི་དབང་གིས་རེད།
གྲུབ་མཐའ་བཞིའི་དབྱེ་བ་མ་ཕྱེ་བར་ནང་པའི་སྤྱི་སྐད་ལྟ་བུར་བཤད་ན། བློ་ཀུན་རྫོབ་པའི་ངོར་བདེན་པ་དེ་ཀུན་རྫོབ་བདེན་པ་དང་། བློ་ཀུན་རྫོབ་པ་ནི་འཇིག་རྟེན་རང་ག་བའི་བློ་སྟེ་འཕགས་པའི་ལམ་མ་ཐོབ་པའི་སོ་སྐྱེའི་རྒྱུད་ཀྱི་རྣམ་ཤེས་དྲུག་པོ་རྣམས་རེད། ཀུན་རྫོབ་པ་ནི་སོབ་སོབ་པོའམ་ཞིབ་ཚགས་པོས་བརྟག་དཔྱད་མ་བྱས་པར་གང་མཐོང་བ་དང་གང་སྣང་བ་ལྟར་དུ་བཞག་པ་ཞིག་ལ་ཟེར། སོ་སོར་རྟོག་པའི་རིག་པ་ཡེ་ཤེས་ཀྱིས་དཔྱད་མཐའ་རྙེད་པ་ལ་དོན་དམ་བདེན་པ་ཟེར། གང་ལྟར་བློ་ལ་སྣང་ཚུལ་དང་དོན་ལ་གནས་ཚུལ་གཉིས་མི་འདྲ་བ་ཡིན་པ་ནི་གྲུབ་མཐའ་སྨྲ་བའི་སྤྱི་སྐད་ལྟ་བུ་ཡིན་པས། མ་བརྟག་མ་དཔྱད་པའི་བློ་རགས་པ་ཙམ་གྱི་ངོར་བདེན་པ་ནི་ཀུན་རྫོབ་བདེན་པ་དང་། རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པའི་མཐར་བདེན་པ་ནི་དོན་དམ་བདེན་པ་ཡིན།
བྱེ་བྲག་སྨྲ་བའི་ལུགས་ལ་ཆོས་ཐམས་ཅད་དངོས་པོར་འདོད་པ་རེད། ཆོས་ཐམས་ཅད་དོན་བྱེད་ནུས་པ་དངོས་པོའི་ངོ་བོར་བཞག་པའི་སྐབས་སུ་ཀུན་རྫོབ་བདེན་པ་ནི་དངོས་པོ་གང་ཞིག་བཅོམ་པའམ་བསལ་བའི་ཚེ་ན་དེ་འཛིན་པའི་བློ་འཇུག་མི་ཐུབ་པ་ཞིག་ལ་ཟེར། དཔེར་ན། བུམ་པ་ལྟ་བུ་ང་ཚོའི་བློར་སྣང་བའི་སྐབས་སུ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་བུམ་པ་ཞེས་པའི་དངོས་པོ་དེ་སྣང་གི་ཡོད་ཀྱང། བུམ་པ་ཐོ་བས་བཅག་པའི་ཚེ་ན་བུམ་པ་འཛིན་པའི་བློ་མི་འཇུག་པ་རེད། དེ་ཡིན་ཙང་གནས་སྐབས་ཤིག་ལ་རགས་པའི་གཟུགས་ཤིག་མཐོང་གི་ཡོད་ཀྱང་། དེ་ནི་འཇིག་པའི་ཚེ་ན་འདི་འདིའོ་སྙམ་པའི་བློ་མི་འཇུག་པ་དེ་ལ་ཀུན་རྫོབ་བདེན་པ་ཟེར། དཔེར་ན། ཕྲེང་བ་ལྟ་བུ་ལ་བསལ་ན་དེ་བློ་མི་འཇུག་པ་རེད། འོན་ཀྱང་ཕྲེང་བ་ཕྲེང་ཐག་ལ་བརྒྱུས་ནས་རུག་རུག་ཡོད་པ་ལ་ཕྲེང་བའི་ཐ་སྙད་དང་ཕྲེང་བར་འཛིན་པའི་བློ་འཇུག་པ་དང་། ཕྲེང་བ་ཆད་ནས་ཕྲེང་རྡོག་རེ་རེ་བཞིན་བསལ་ན་དེ་བློ་མི་འཇུག་པ་ལ་ཀུན་རྫོབ་བདེན་པ་ཟེར། བྱེ་བྲག་སྨྲ་བས་དོན་དམ་བདེན་པ་བཤད་ཚུལ་དེ་དེང་རབས་ཀྱི་ཚན་རིག་དང་མཐུན་ཆེ་བ་ཡོད། བྱེ་བྲག་སྨྲ་བས་རགས་པའི་དངོས་པོ་ཐམས་ཅད་རྡུལ་ཕྲན་ཆ་མེད་ལས་གྲུབ་པ་ཡིན་ཞེས་འདོད། རྡུལ་ཕྲན་ཆ་མེད་ཅེ་ན། རྡུལ་ཆུང་བའི་མཐར་ཐུག་པ་དེ་རེད། དེ་ནི་རྡུལ་ཧ་ཅང་ཆུང་བ་དེ་ལ་ཕྱོགས་ཀྱི་ཆ་མེད་ཅིང་། འདི་གཡས་རེད། འདི་གཡོན་རེད་ཟེར་བ་སོགས་ཆ་ཕྱེ་རྒྱུ་མེད། གྲུབ་མཐའ་གོང་མ་མང་ཆེ་བས་རྡུལ་ཕྲན་ཆ་མེད་མི་འདོད། གང་ལྟར་རྡུལ་ལྟ་བུ་ཡིན་ན་ཕྱོགས་ཀྱི་ཆ་མེད་པ་དང་། ཤེས་པ་ལ་སོགས་པའི་རྒྱུན་ལྟ་བུ་ཡིན་ན་འདི་སྐད་ཅིག་སྔ་མ་དང་འདི་སྐད་ཅིག་ཕྱི་མ་རེད་ཅེས་པའི་སྔ་ཕྱིའི་ཆ་མེད་པ་རྣམས་དོན་དམ་བདེན་པར་འདོད།
མདོ་སྡེ་པས་དོན་དམ་པར་དོན་བྱེད་ནུས་པའི་དངོས་པོ་རང་མཚན་སོགས་དོན་དམ་བདེན་པ་དང་། རྟག་པ་དང་སྤྱི་མཚན་རྣམས་དོན་དམ་པར་དོན་བྱེད་མི་ནུས་པས་ཀུན་རྫོབ་བདེན་པ་ཡིན།
སེམས་ཙམ་པས་འདུ་བྱེད་ཀྱི་ཆོས་ཐམས་ཅད་ཀུན་རྫོབ་དང་། མེད་དགག་གི་ཆ་ནི་དོན་དམ་བདེན་པ། མཚན་ཉིད་གསུམ་གྱི་དབྱེ་བ་ཕྱེ་བའི་སྐབས་སུ། གཞན་དབང་དང་ཀུན་བཏགས་གཉིས་ཀུན་རྫོབ་བདེན་པ་དང་། ཡོངས་གྲུབ་བམ་ཆོས་ཀྱི་གནས་ལུགས་དོན་དམ་བདེན་པར་འདོད།
རང་རྒྱུད་པ་དང་ཐལ་འགྱུར་བའི་དབྱེ་མ་ཕྱེ་བར་དབུ་མ་པ་སྤྱི་ཡོངས་ཀྱི་ཆ་ནས་ཞུས་ན། སྟོང་པ་ཉིད་དང་བདག་མེད་ཀྱི་ཆོས་ལས་གཞན་པའི་སྟོང་གཞིའི་ཆོས་ཅན་གང་ཡིན་པ་དེ་ཀུན་རྫོབ་བདེན་པ་དང་། དེའི་སྟེང་གི་དགག་བྱ་བཀག་པའི་སྟོང་པ་ཉིད་ཀྱི་དངོས་པོ་དེ་དོན་དམ་བདེན་པར་འདོད། གྲུབ་མཐའི་བརྡ་ཆད་གཙང་མ་ལྟར་ཕྱེ་ན་ཕྲན་བུ་མི་འདྲ་བ་ཡོད། རང་རྒྱུད་པས་རང་ཉིད་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་མེད་པའི་ཚུལ་ཞིག་རྟོགས་པར་བྱ་བ་དེ་དོན་དམ་བདེན་པ་དང་། རང་ཉིད་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མ་དེ་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བ་དེ་ཀུན་རྫོབ་བདེན་པ་ཡིན། གོ་བདེ་བར་ཞུས་ན། བུམ་པ་ལྟ་བུ་བུམ་འཛིན་མིག་ཤེས་དང་བུམ་འཛིན་རྟོག་པས་གཉིས་སྣང་དང་བཅས་ཏེ་རྟོགས་པ་ཡིན་པས་དེ་ལྟ་བུ་ནི་ཀུན་རྫོབ་པའི་ཆོས་དང་། བུམ་པའི་སྟེང་གི་བདེན་མེད་དམ་སྟོང་ཉིད་ལྟ་བུ་དེ་རང་མངོན་སུམ་རྟོགས་པའི་བློས་རང་ཉིད་ཡིད་ཀྱིས་གཞལ་བའི་སྐབས་སུ་གཉིས་སྣང་དང་བྲལ་བ་ནི་དོན་དམ་བདེན་པ་ཡིན།
དེ་ནས་གྲུབ་མཐའ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དབུ་མ་ཐལ་འགྱུར་པའི་འདོད་ཚུལ་རགས་ཙམ་ཞུས་ན། སྟོང་གཞི་ཆོས་ཅན་བུམ་པ་ལྟ་བུ་དེ་ཀུན་རྫོབ་བདེན་པ་དང་། དེའི་སྟེང་གི་རང་གི་ངོ་བོས་གྲུབ་པ་བཀག་པའམ་རང་གི་ངོ་བོས་གྲུབ་པ་མེད་པའི་སྟོང་པ་ཉིད་དེ་དོན་དམ་བདེན་པར་བཞེད། ཐ་སྙད་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མས་རང་ཉིད་ལ་ཚད་མར་སོང་བ་ལ་ཀུན་རྫོབ་བདེན་པ་དང་། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མས་རང་ཉིད་ལ་ཚད་མར་སོང་བ་ལ་དོན་དམ་བདེན་པ་ཞེས་ཚིག་སྐྱོན་མ་བཅད་པར་འཇོག་ན་དེ་ལྟར་རེད། མདོར་བསྡུས་ན། ཐལ་འགྱུར་བའི་ལུགས་སུ་ཆོས་ཅན་གྱི་དངོས་པོ་ཐམས་ཅད་ཀུན་རྫོབ་བདེན་པ་དང་། དེའི་སྟེང་གི་ཆོས་ཉིད་ཐམས་ཅད་ལ་དོན་དམ་བདེན་པ་ཡིན། ཀུན་རྫོབ་ཕྲ་མོ་ནི་རྟེན་འབྲེལ་གྱི་རྣམ་བཞག་ཕྲ་མོ་དེ་རེད། དེ་རྟོགས་པར་བྱ་བ་ལ་ཐོག་མར་དགག་བྱ་བཀག་པའི་སྟོང་པ་ཉིད་ཀྱི་དོན་དེ་ཤེས་དགོས། དགག་བྱ་བཀག་པའི་སྟོང་པ་ཉིད་ཀྱི་དོན་དེ་ཤེས་ན། ཀུན་རྫོབ་ཀྱི་ཆོས་དེ་བློ་ཀུན་རྫོབ་པའི་ངོ་ལ་ཇི་ལྟར་བདེན་པའི་ཚུལ་དེ་ཤེས་ཐུབ། ལམ་གཙོ་རྣམ་གསུམ་ལས། སྣང་བ་རྟེན་འབྱུང་བསླུ་བ་མེད་པ་དང་།། སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།། ཞེས་གསུངས་པ་ལྟར། དེ་ནས་སྣང་བ་རྟེན་འབྱུང་བསླུ་བ་མེད་པ་མཐོང་བའི་སྐབས་སུ་ཀུན་རྫོབ་བདེན་པ་ཞེས་པའི་ཐ་སྙད་སྦྱར་བའི་གདེང་ཚོད་སླེབས་ཀྱི་ཡོད། རྟེན་འབྱུང་གི་རྣམ་བཞག་མི་བསླུ་པ་དེ་གང་གིས་ངེས་པ་རྙེད་ཐུབ་བམ་ཞེ་ན། སྟོང་གཞི་ཆོས་ཅན་གྱི་དངོས་པོ་ཐམས་ཅད་རང་ངོས་ནས་གྲུབ་པ་མིན་ཅིང་། ལྟོས་ས་ལྟོས་འཇོག་གི་སྒོ་ནས་གྲུབ་པ་ལ་མིང་དང་རྟོག་པས་ཇི་ལྟར་བཏགས་པ་བཞིན་དོན་ལ་མི་བསླུ་བ་སྟེ། རྒྱུ་དང་འབྲས་བུའི་རྣམ་གཞག་རྣམས་མི་བསླུ་བ་དང་། རྟེན་འབྲེལ་མཐོང་བའི་བློས་ཇི་ལྟར་མཐོང་བ་བཞིན་དོན་ལའང་གནས་པ་རེད། སྤྱིར་མིང་བརྡས་བཏགས་པ་ཙམ་མ་གཏོགས་གདགས་གཞིའི་ངོས་ནས་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་ཡང་མེད། རང་རྒྱུད་པ་མན་ཆད་ཀྱིས་ཆོས་གང་ཞིག་ཡིན་ཡང་རང་གི་ངོ་བོས་སམ་རང་ངོས་ནས་མ་གྲུབ་ན་ཡོད་ཚུལ་འཇོག་ཤེས་ཀྱི་མེད། ཐལ་འགྱུར་བས་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་པ་དང། རང་ངོས་ནས་མ་གྲུབ་པ་དེ་ཆོས་དེའི་ཡོད་ཚུལ་རེད། རང་ངོས་ནས་གྲུབ་པ་ཡིན་ན་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་གང་ཡང་འཇོག་མི་ཐུབ་པར་གྱུར། དངོས་པོ་རང་གི་ངོ་བོའི་སྒོ་ནས་གྲུབ་ན། དེ་ལ་རྒྱུ་དང་འབྲས་བུ། བྱ་བྱེད་ལས་གསུམ་སོགས་བྱ་བཞག་ཐམས་ཅད་མི་འཐད་པ་དེ་ཐལ་འགྱུར་བས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སྒྲུབ་པ་ཡིན། ཀུན་རྫོབ་བདེན་པ་ཞེས་པའི་བདེན་ཚུལ་དེ་ཇི་ལྟར་རྟེན་འབྱུང་གི་རྣམ་བཞག་ཐ་སྙད་ཚད་མས་བཏགས་པ་བཞིན་མི་བསླུ་བར་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་ཐམས་ཅད་འཐད་པ་དང་། དེ་མི་བསླུ་བ་ཡིན་ནའང་བཏགས་པའི་དོན་དེ་གང་དུ་ཡོད་དམ་ཞེས་བཙལ་ན་རྙེད་རྒྱུ་མེད་དགོས། རང་རྒྱུད་པ་མན་ཆད་ཀྱི་ནང་པའི་གྲུབ་མཐའ་སྨྲ་བ་དེ་ཚོས་གང་ཟག་འཇོག་པའི་སྐབས་སུ་ཕུང་པོ་ལྔ་ཡི་སྟེང་དུ་གང་ཟག་བཞག་པ་དང། རྣམ་པར་ཤེས་པའི་ཕུང་པོའི་སྟེང་དུ་གང་ཟག་བཞག་པ། སེམས་ཙམ་པ་ལྟ་བུ་ཡིན་ན་ཕུང་པོའི་སྟེང་དུ་གང་ཟག་བཙལ་བའི་སྐབས་སུ་ཀུན་གཞི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གི་མཚན་གཞིར་རྙེད་པ། རང་རྒྱུད་པས་མཚན་གཞི་ཡིད་ཀྱི་རྣམ་ཤེས་གང་ཟག་གི་ངོ་བོར་བཞག་པ་སོགས་གང་ཟག་དེ་བློ་གནོད་མེད་ལ་སྣང་བ་དང་རྟོག་པས་བཏགས་པ་ཙམ་ལ་བཞག་པ་རེད་དེ། བཞག་པ་དེ་གང་དུ་འདུག་ཅེས་བཙལ་བའི་སྐབས་སུ་རྙེད་རྒྱུ་ཡོད་པ་ཞིག་རེད། དབུ་མ་ཐལ་འགྱུར་བའི་ལུགས་ལ་དེ་ལྟ་བུའི་རྙེད་རྒྱུ་གང་ཡང་མེད་པ་དང་། བཏགས་པའི་དོན་དེ་བཙལ་བའི་སྐབས་སུ་རྙེད་རྒྱུ་མེད་པ་གང་ཞིག་ལ། རྙེད་པ་ཡིན་ན་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་དང་མི་འཐད་པར་ཐལ་བ་རེད། དེས་ན་བློས་གང་བཞག་པའམ་བཏགས་པ། ལྟོས་གྲུབ་ཀྱིས་གང་འབྱུང་བ་རྣམས་ལ་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་བཞག་ཐམས་ཅད་འཐད་པ་ནི་ཐལ་འགྱུར་བའི་ལུགས་རེད། དེར་བརྟེན་ཐལ་འགྱུར་བའི་ལུགས་ལ་ཀུན་རྫོབ་བདེན་པ་འཇོག་ཚུལ་ནི་གྲུབ་མཐའ་གཞན་ལས་ཧ་ཅང་ཕྲ་བ་ཡོད། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཚད་མས་དཔྱད་པའི་སྐབས་སུ་བཏགས་པའི་དོན་གང་ཡང་མ་རྙེད་པ་དེ་དོན་དམ་བདེན་པ་དང་། བཏགས་པའི་དོན་མ་རྙེད་ཀྱང་རྟེན་འབྱུང་ལྟོས་གྲུབ་ཀྱི་སྒོ་ནས་སྒྲ་དང་རྟོག་པས་བཞག་པ་ཙམ་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་མི་བསླུ་བ་དང་མི་འཁྲུགས་པར་བཞག་ཐུབ་པ་དེ་ཀུན་རྫོབ་བདེན་པ་ཡིན།
དོན་དམ་བདེན་པར་དབྱེ་ན། གྲུབ་མཐའ་འོག་མ་ཚོས་བདག་མེད་གཉིས་སོ་སོར་ཕྱེ་ཚུལ་ཡོད་པ་དང་། དབུ་མ་པ་ཚོས་དགག་བྱའི་བདག་ལ་ཕྲ་རགས་ཀྱི་ཁྱད་པར་མི་འཇོག་པར། བདག་མེད་ཚུལ་གཅིག་པ་ཡིན་ནའང་གང་གི་སྟེང་དུ་བདག་འགོག་པའི་ཆོས་ཅན་དེའི་ཁྱད་པར་གྱིས་གང་ཟག་གི་སྟེང་དུ་བཀག་པའི་གང་ཟག་གི་བདག་མེད། ཆོས་ཀྱི་སྟེང་དུ་བདག་བཀག་པའི་ཆོས་ཀྱི་བདག་མེད་འདོད། དོན་དམ་བདེན་པ་ལའང་ཆོས་ཀྱི་བདག་མེད་ཀྱི་ངོ་བོར་གྱུར་པའི་དོན་དམ་བདེན་པ་དང་། གང་ཟག་གི་བདག་མེད་ཀྱི་ངོ་བོར་གྱུར་པའི་དོན་དམ་བདེན་པ། དེ་བཞིན་གདགས་གཞི་གང་ཟག་གི་སྟེང་དུ་རང་ངོས་ནས་གྲུབ་པ་འགོག་པའི་སྟོང་པ་ཉིད་དེ་གང་ཟག་གི་བདག་མེད་དང་། གདགས་གཞི་ཆོས་ཀྱི་སྟེང་དུ་བཀག་པའི་སྟོང་པ་ཉིད་དེ་ཆོས་ཀྱི་བདག་མེད། ཡང་སྟོང་གཞི་ཆོས་ཅན་སོ་སོའི་ཆེད་དུ་གཞུང་ལུགས་རྣམས་སུ་སྟོང་ཉིད་བཅུ་དྲུག་དང་། བཅོ་བརྒྱད་ལ་སོགས་པའི་རྣམ་བཞག་ཕྱེ་ཡོད། དེ་ལྟར་ཕྱེ་བའང་སྒྲུབ་པ་པོས་སྒོམ་པའི་སྐབས་སུ་སྟོང་གཞི་ཆོས་ཅན་སོ་སོའི་སྟེང་དུ་དགག་བྱ་འགོག་པའི་བློ་དང་དགག་བྱ་འགོག་པའི་ཚུལ་ཐ་དད་དུ་སོང་བ་མ་གཏོགས། དོན་དུ་འགོག་རྒྱུའི་དགག་བྱའི་གནས་སྟངས་ལ་ཕྲ་རགས་དང་། འགོག་བྱེད་ཀྱི་རིགས་པ་ལའང་ཕྲ་རགས་ཡོད་པ་དེ་འདྲ་མ་རེད། དཔེར་ན། སྟོང་པ་ཉིད་སྟོང་པ་ཉིད་ལྟ་བུ་ཡིན་ན། གཞི་བུམ་པ་ལ་སོགས་པའི་སྟེང་དུ་རང་ངོས་ནས་གྲུབ་པའི་བཀག་པའི་སྟོང་པ་ཉིད་དེ་དོན་དམ་པའི་བདེན་པ་ཡིན་ཞེས་གསུངས་པའི་སྐབས་སུ། དེ་འདྲ་བའི་སྟོང་པ་ཉིད་དེ་ཡང་རང་གི་ངོ་བོས་གྲུབ་པ་མིན་འགྲོ་སྙམ་པའི་དྭོགས་པ་ཡོང་སྲིད་པས། སྟོང་པ་ཉིད་སྟོང་པ་ཉིད་ཅེས་པ་ནི་དཔེ་མཚོན་ཙམ་ཞིག་རེད། དེ་ལྟར་གདགས་གཞི་ཆོས་ཅན་མི་འདྲ་བའི་སྟེང་ནས་སྟོང་ཉིད་བཅུ་དྲུག་དང་བཅོ་བརྒྱད་ལ་སོགས་པའི་རྣམ་བཞག་ཕྱེ་བ་རེད།
རང་རྒྱུད་པ་མན་ཆད་ཀྱིས་ཀུན་རྫོབ་བདེན་པ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་ཞིང་། དེའི་དབྱེ་བ་ཕྱེ་ཚུལ་ནི་བློ་ལ་སྣང་བ་ལྟར་དོན་ལ་མ་གྲུབ་པ། རྫུན་པ་ཡིན་པ་དེ་བློ་ཕལ་པས་རྟོགས་ནུས་པ་ཞིག་ལ་ལོག་པའི་ཀུན་རྫོབ་དང་། དཔེར་ན། སྨིག་རྒྱུ་ཆུ་མ་ཡིན་པ་དང་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དེ་བྱད་བཞིན་མ་ཡིན་པ་བློ་ཕལ་པས་རྟོགས་ནུས་པ་ལྟ་བུ། བློ་ལ་སྣང་བ་ལྟར་དོན་ལ་མ་གྲུབ་པ་དེ་འཇིག་རྟེན་གྱི་བློ་ཕལ་པས་རྟོགས་མི་ནུས་པ་ཞིག་ལ་ཡང་དག་ཀུན་རྫོབ་ཟེར། བུམ་པ་བུམ་པར་འཛིན་པའམ་བུམ་པ་བདེན་པར་གྲུབ་པ་འཛིན་པའི་བློ་དེ་བུམ་པ་བདེན་པར་མ་གྲུབ་པ་རྟོགས་པའམ་སྟོང་ཉིད་རྟོགས་པའི་ཤེས་རབ་མ་སྐྱེས་ཀྱི་བར་དུ་བུམ་པ་བདེན་མེད་རྟོགས་མི་ཐུབ་པ་ཡིན་ཙང། དེ་ལྟ་བུ་ཡང་དག་ཀུན་རྫོབ་རེད། ཐལ་འགྱུར་བའི་ལུགས་ལ་འཇིག་རྟེན་རང་ག་བའི་བློ་ངོ་ཙམ་ལ་བཞག་པ་མ་གཏོགས་དོན་དུ་ཡང་ལོག་གི་ཁྱད་པར་མི་འབྱེད། གང་ལྟར་བློ་ཕལ་པར་ཇི་ལྟར་སྣང་བའི་དངོས་པོ་དེ་དོན་ལ་གྲུབ་དང་མ་གྲུབ་དཔྱད་པའི་སྐབས་སུ། ཐ་སྙད་པའི་བློ་ཡི་སྣང་ངོར་ཐ་སྙད་ཙམ་དུ་བདེན་པ་དེ་ལ་ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་བདེན་པ་དེ་ཇི་ལྟར་བདེན་པ་ལྟར་དོན་དམ་པའི་གནས་ལུགས་ལ་དེ་ལྟར་གནས་སམ་མི་གནས་དཔྱད་པ་ན་དེ་ལྟར་མི་གནས་པ་དེ་དོན་དམ་བདེན་པ་ཡིན། མདོར་བསྡུས་ན། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་པོ་དེ་གྲུབ་མཐའ་ཕལ་ཆེ་བའི་བཞེད་ཚུལ་གཅིག་པ་རེད། བྱེ་མདོ་གཉིས་དང་སེམས་ཙམ་པ་གསུམ་ཕར་ཕུད་ན། བདེན་གཉིས་དེ་གཞི་གཅིག་གི་སྟེང་དུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་ཚུལ་དུ་འཇོག་རྒྱུ་ཞིག་རེད། ཐལ་འགྱུར་བའི་ལུགས་ལ་བུམ་པ་ལྟ་བུ་ཀུན་རྫོབ་བདེན་པ་དང་། བུམ་པ་རང་ངོས་ནས་མ་གྲུབ་པ་དོན་དམ་བདེན་པ་ཡིན། བུམ་པ་རང་ངོས་ནས་མ་གྲུབ་པ་དང་བུམ་པ་གཉིས་ལྡོག་པ་ཐ་དད་མ་གཏོགས། དོན་གྱི་ངོ་བོའི་ཆ་ནས་བུམ་པ་ལས་ལོགས་སུ་བུམ་པ་བདེན་མེད་ཀྱི་ངོ་བོ་འདི་རེད་ཅེས་པ་དང་། བུམ་པ་བདེན་མེད་ལས་ལོགས་སུ་བུམ་པ་འདི་རེད་ཅེས་ངོས་འཛིན་རྒྱུ་མེད་ནའང། བུམ་པ་ཞེས་པ་དེ་བུམ་པ་མ་ཡིན་པ་ལས་ལོག་པའི་ཆོས་ཤིག་ཡིན། བུམ་པའི་སྟེང་གི་རང་ངོས་ནས་མ་གྲུབ་པའི་དོན་ནམ་རང་ངོས་ནས་གྲུབ་པ་བཀག་པའི་སྟོང་ཆ་དེ་གང་དུ་ཡོད་དམ་ཞེ་ན། བུམ་པའི་སྟེང་དུ་ཡོད། རང་འཛིན་པའི་མངོན་སུམ་ཚད་མས་རྟོགས་པའི་སྐབས་སུ་ཐ་དད་དུ་རྟོགས་རྒྱུ་ཡོད་པར་བརྟེན། ལྡོག་པ་ཐ་དད་ཀྱི་རྣམ་གཞག་བཤད། དེས་ན་བདེན་པ་གཉིས་པོ་དེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་ཚུལ་དུ་གནས་པར་བརྟེན། ཤེས་རབ་སྙིང་པོའི་ནང་གཟུགས་སྟོང་པའོ།། སྟོང་པ་ཉིད་གཟུགས་སོ།། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་པ་རེད། ཅེས་གསུངས།།
(འཇིག་རྟེན་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཀྱིས་ཆེས་ཆེར་གཙེས་པའི་སྐབས་སུ་དོན་གཉེར་ཅན་འགས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ངོ་དེབ་ཀྱི་ཆེད་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ ༢༠༢༠ ཕྱི་ཟླ་ ༩ ཚེས་ ༡༤ ཉིན་བདེན་པ་གཉིས་ཀྱི་སྐོར་འདི་གསུངས། ཡིག་འབེབས་པ་སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་ཡིན།)