གཞུང་ཞབས་ཡོངས་ལ་བཙན་བྱོལ་གཞུང་གི་འབྱུང་འགྱུར་ལོ་གསུམ་གྱི་ལས་འཆར་ངོ་སྤྲོད་སྐབས་གནང་བའི་དབུ་འཛུགས་གསུང་བཤད།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུགས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་ཕྱག་འཚལ་ལོ། ། བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། ད་རིང་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་ལས་བྱེད་ཚང་འཛོམས་ཀྱི་ཐོག་བཀའ་ཤག་གི་གལ་གནད་ཆེ་བའི་དོན་གནད་འགའ་ཤས་ཞུ་རྒྱུའི་འབད་རྩོལ་བྱེད་ཀྱི་ཡིན། ད་རིང་གི་ཚོགས་འདུ་འདིའི་ཐོག་བཀའ་ཤག་གི་ལས་འཆར་བཤད་རྒྱུ་ཡིན་ན་ཕྱིས་དྲགས་པ་དང༌། ལས་བསྡོམས་ཤིག་བཤད་རྒྱུ་ཡིན་ན་སྔ་དྲགས་པ་ལྟ་བུ་ཞིག་བྱུང་སོང༌། ཡིན་ནའང་བར་སྐབས་ཀྱི་ཉམས་མྱོང་གི་ནང་ད་ལྟའི་བཀའ་ཤག་གི་བསམ་བློ་འཁྱེར་ཕྱོགས་དང༌། ལྟ་གྲུབ་ཀྱི་གཞི་རྟེན། དེའི་ཐོག་ནས་བོད་ཀྱི་དཀའ་རྙོག་ལ་ལྟ་སྟངས། དེ་སེལ་བའི་ཐབས་ལམ་བཙལ་ཕྱོགས། དཀའ་ངལ་དང་བར་ཆད་གང་དང་གང་བྱུང་བ། ལས་དོན་རྣམས་བསམ་པ་བཞིན་མ་འགྲུབ་པའི་རྒྱུ་མཚན་བཅས་གཞུང་གི་སྲི་ཞུ་བ་ཡོངས་རྫོགས་ལ་ད་དུང་ཡང་གསལ་པོ་དང༌། གོ་བརྡ་མ་འཕྲོད་པ། ཐེ་ཚོམ་དང་ལོག་རྟོག་གཏན་ནས་མེད་པ་ཞིག་བྱུང་མེད་པའི་མཐོང་ཚུལ་ཡང་ཡང་བྱུང་བ་ཡིན་སྟབས་ད་རེས་སླར་ཡང་བསྐྱར་ནན་གྱིས་དོན་ཚན་དེ་དག་གི་ཐོག་ངོ་སྤྲོད་ཞུ་རྒྱུ་དང༌། འབྱུང་འགྱུར་ལོ་གསུམ་གྱི་ནང་ངེས་པར་འགོ་འཛུགས་བྱ་དགོས་པའི་ལས་འཆར་ཁག་གི་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། ད་རེས་ཀྱི་ཚོགས་འདུ་འདིའི་རྗེས་བཀའ་ཤག་གིས་གཏན་ལ་ཕབ་པའི་ལས་འཆར་དེ་དག་ཇི་མ་ཇི་བཞིན་ལག་བསྟར་བྱེད་ཐུབ་ཐབས་ལ་སྲི་ཞུ་བ་ཡོངས་རྫོགས་ཀྱིས་འབད་བརྩོན་ཤུགས་ཆེ་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད།

ཚང་མས་མཁྱེན་གསལ་ལྟར། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཉི་ཤུའི་དགོངས་དོན་ལྟར་བཀའ་ཤག་ནི་བཙན་བྱོལ་གཞུང་གི་འཛིན་སྐྱོང་གི་སྒྲིག་འཛུགས་མཐོ་ཤོས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབང་ལུང་ཁྱབ་སྒྱུར་གྱི་བརྒྱུད་ལམ་དེ་ཡིན་པ་དང༌། ལྷག་པར་ཕྱི་ལོ་ ༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་མཛད་དེ་བཀའ་བློན་ཁྲི་པ་མང་ཚོགས་ཀྱི་ཐད་ཀར་འོས་འདེམས་ཀྱི་ལམ་ནས་ཡོང་རྒྱུ་མཛད་པ་ནས་བཟུང་བཀའ་ཤག་གི་འགན་ཁུར་ལྕི་རུ་ཕྱིན་པར་མ་ཟད། བཀའ་ཤག་ལའང་སྤྱི་འཐུས་ལྷན་ཚོགས་དང་དོ་མཉམ་པའི་མང་ཚོགས་ཀྱི་བཀའ་ལུང་ཡོད་པ་དང༌། མང་ཚོགས་ལ་ཐད་ཀར་འགན་ཁུར་ལན་འདེབས་ཞུ་དགོས་པ་ཞིག་ཆགས་ཡོད་པ་དེ་སྲི་ཞུ་བ་རྣམས་ཀྱིས་གོ་རྟོགས་གསལ་པོ་ཡོད་ཤག་ཡིན། མང་མོས་འོས་ཐོན་བྱུང་བའི་ད་ལྟའི་བཀའ་བློན་ཁྲི་པའི་ལས་ཁུར་དམ་འབུལ་ཞུ་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་སློབ་མདོར་བསྡུས་ཤིག་ཕེབས་པའི་ནང་དོན་སྙིང་པོ་འགྱུར་བ་ཤུགས་ཆེ་ཙམ་གཏང་དགོས་ཞེས་བཀའ་ཕེབས་བྱུང༌། སྐབས་དེར་རང་གི་སེམས་ཚོར་ནང་ཕྱི་ལོ་ ༡༩༥༩ ལོར་བོད་མི་རིགས་དང༌། རྒྱལ་ཁབ་ཀྱི་གནས་སྟངས་ཆགས་འཇིག་གི་སོ་མཚམས་ལ་སླེབས་པའི་འགྱུར་བ་ངན་པ་བློ་ཡུལ་དུ་མི་ཤོང་བ་དེ་ཡོང་དགོས་པའི་རྒྱུ་མཚན་བོད་ཀྱི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་ཉེ་བའི་ལོ་བརྒྱ་ཕྲག་ལྷག་ཙམ་གྱི་ནང་རྒྱལ་སྤྱིའི་འགྱུར་འགྲོས་དང་མཐུན་པའི་འགྱུར་བ་བཏང་མ་ཐུབ་པའི་དབང་གིས་བྱུང་བ་རེད་སྙམ་པ་བྱུང༌། ལྔ་བཅུ་ང་དགུའི་དུས་འགྱུར་གྱི་འོག་ྋགོང་ས་ྋསྐྱབས་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བཙན་ཐབས་སུ་བསྒྱུར་བར་མཛད་དེ་རླབས་ཆེའི་འགྱུར་བ་ཞིག་གཏོང་གནང་མཛད་ཡོད་ནའང་དེ་དག་རིམ་པས་སླར་ཡང་འཆར་ཅན་གྱི་རྒྱུན་སྲོལ་དང་གོམས་གཤིས་ལྟ་བུ་ཞིག་ཏུ་གྱུར་ནས་ཡུན་རིང་ཙམ་སོང་བའི་སྐབས་ཕྱི་ལོ་ ༡༩༩༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་སླར་ཡང་རླབས་ཆེའི་འགྱུར་བ་ཞིག་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱི་བློ་ཡུལ་དུ་ཤོང་མིན་ལ་མ་ལྟོས་པར་གཏོང་གནང་མཛད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལམ་ནས་མང་གཙོའི་ལམ་སྲོལ་ཆ་ལག་ཚང་བ་ཞིག་གསར་གཏོད་གནང་ཡོད། བཅའ་ཁྲིམས་གཏན་ལ་ཕབ་པ་ནས་བཟུང་ཐོག་མའི་ལོ་གཉིས་གསུམ་གྱི་རིང་མངོན་གསལ་དོད་པོའི་འགྱུར་བ་གང་འཚམས་བཏང་ཐུབ་པ་བྱུང་ཡོད་ནའང༌། སླར་ཡང་དེ་དག་རིམ་གྱིས་རྒྱུན་སྲོལ་དང་འཆར་ཅན་དུ་སོང་ནས་འགྱུར་འགྲོས་ཀྱི་མགྱོགས་ཚད་རིམ་ཡལ་ཕྱིན་པའི་སྐབས་ཕྱི་ལོ་ ༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་མཛད་དེ་ཡང་བསྐྱར་འགྱུར་བ་ཤུགས་ཆེ་ཞིག་ྋགོང་ས་མཆོག་རང་གིས་ཐུགས་འགན་བཞེས་ཏེ་གཏོང་གནང་མཛད་ཡོད། འདས་པའི་ལོ་ལྔ་བཅུར་ཉེ་བའི་བྱུང་རིམ་ལ་ཕྱི་བལྟས་ཤིག་བྱས་པ་ཡིན་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང༌། ཆབ་སྲིད་ཀྱི་ནང་ངོས་འཛིན་བྱེད་འོས་པའི་འགྱུར་བ་ཕལ་ཆེ་བ་ྋགོང་ས་མཆོག་རང་གི་མཛད་འཕྲིན་ལས་བྱུང་བ་ཞིག་མ་གཏོགས། མང་ཚོགས་དང༌། གྲོས་ཚོགས། འཛིན་སྐྱོང་བཅས་ཀྱི་ངོས་ནས་རང་འགུལ་གྱིས་འགྱུར་བ་གཏོང་བ་ཕལ་ཆེར་རྙེད་རྒྱུ་མེད་པ་ལྟ་བུ་ཞིག་འདུག་པ་འདི་མང་གཙོའི་རང་བཞིན་དང་མི་མཐུན་པ་ཞིག་རེད་སྙམ་པ་བྱུང་བར་མ་ཟད། ད་ཆ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འགྱུར་བ་གང་ཐུབ་ཅིག་གཏོང་རྒྱུའི་ཆོད་སེམས་ཀྱང་བཅངས་པ་ཡིན། འོན་ཀྱང་གནའ་བོའི་བོད་ཀྱི་གཏམ་དཔེར་ ‘སེམས་བསམ་པས་བར་སྣང་ལ་རྟ་རྒྱུགས་ཀྱང༌། དོན་ཡང་སྙིང་སྦར་མཐིལ་ལ་སོ་མི་ཐེབས་’ ཞེས་པ་ལྟར་དངོས་སུ་ལས་དོན་ལ་ཞུགས་སྐབས་གནས་ཚུལ་ཆེ་ཆུང་ཇི་འདྲ་ཞིག་ཡིན་ནའང་འགྱུར་བ་གཏོང་རྒྱུ་ནི་ལས་སླ་པོ་ཞིག་རེད་མི་འདུག རྣམ་དཔྱོད་ཀྱི་རྩལ་ཞན་པའི་མི་དེ་ཚོས་གཞན་ཞིག་གིས་འགྱུར་བ་གཏང་ན་མ་གཏོགས། རང་སྟོབས་ཀྱི་འགྱུར་བ་གཏོང་མི་ཐུབ་པ་དངོས་བདེན་ཡིན་པས་ཁག་མེད། ཤེས་ཡོན་དང་ཡོན་ཏན་ཡོད་པའི་མི་དེ་ཚོས་རང་སྟོབས་ཀྱིས་འགྱུར་བ་ཡང་མི་གཏོང༌། གཞན་གྱིས་འགྱུར་བ་གཏོང་ཕྱོགས་ཀྱི་ལམ་སྟོན་བྱེད་པ་ཁ་ལ་མི་ཉན་པ་དེ་རིགས་ཕྲན་བུ་མ་འོས་པ་དང༌། བློ་འཚབ་སྐྱེ་གཞིའི་རང་བཞིན་ཞིག་རེད། དེ་འདྲའི་རིགས་ཀྱི་འགྱུར་བ་གཏང་རྒྱུར་དང་འདོད་མི་བྱེད་པའི་འགལ་རྐྱེན་མང་པོ་ཡོད་པའི་ནང་ནས་གཙོ་ཆེ་བ་གསུམ་མཐོང་གི་འདུག

 

འགྱུར་བའི་འགལ་རྐྱེན།

ཀ འགྱུར་བ་གཏོང་མི་དགོས་པར་འཛིན་པ།

ཁ འགྱུར་བ་གཏོང་མི་ཐུབ་པར་འཛིན་པ།

ག འགྱུར་བའི་ལས་རིམ་ལ་སྔོན་མའི་ལས་དོན་ནམ། ལས་བྱེད་ལ་སྐྱོན་བརྗོད་བྱེད་པ་ཡིན་པའི་ངོ་བོར་འཛིན་པ་བཅས་རེད།

འགལ་རྐྱེན་དང་པོ་དང་གཉིས་པ་ནི་ཕལ་ཆེ་བ་ལེ་ལོ་དང་བརྩོན་འགྲུས་ཆུང་བའི་དབང་གིས་འཆར་ཅན་རྒྱུན་སྲོལ་གྱི་ནང་བསྡད་འདོད་ཙམ་གྱི་དབང་གིས་ཡིན་པ་དང༌། འགལ་རྐྱེན་གསུམ་པ་ནི་དེ་ལས་ཉེན་ཚབས་ཆེ་བ་རྙིང་ཞེན་ནམ། རང་ལྟ་མཆོག་འཛིན་གྱི་དབང་གིས་བྱུང་བ་ཞིག་ཡིན་པར་མཐོང་གི་ཡོད། སྤྱིར་འདུས་བྱས་ཀྱི་དངོས་པོ་ནི་མི་རྟག་པའི་རང་བཞིན་ཡིན་སྟབས། འགྱུར་བ་མ་ཕྱིན་པར་བསྡད་མི་ཐུབ། དེ་ནི་ང་ཚོའི་མི་ཚེའི་ནང་ཉམས་མྱོང་བྱུང་ཟིན་པ་ཞིག་རེད། རང་བཞིན་གྱིས་འགྱུར་བ་མ་ཕྱིན་གོང་དང༌། ཡང་ན་གཞན་གྱིས་བཙན་དབང་གིས་འགྱུར་བ་མ་བཏང་གོང་རང་གི་རྣམ་དཔྱོད་ཀྱི་ཐོག་ནས་འགྱུར་བ་གཏང་ཐུབ་པ་ཞིག་བྱུང་ན་དེ་འདྲའི་མི་དེ་ལ་ཤེས་ཡོན་ཅན་དང༌། མཁས་པ། ཡང་ན་དཔའ་བོ་ཟེར་གྱི་རེད། གལ་སྲིད་རང་ངོས་ནས་འགྱུར་བ་ཕྲན་བུ་ཞིག་བཏང་བའི་དབང་དུ་བཏང་ནའང༌། གནས་ཚུལ་ཞིག་གི་རྗེས་སུ་ཞུགས་པའམ། ཡང་ན་དེ་ལ་གདོང་ལེན་བྱ་རྒྱུའི་ཆེད་དུ་འགྱུར་བ་བཏང་བ་དེ་ཚད་ལྡན་ཞིག་མ་རེད། དེ་ནི་ཁ་སྐོམ་པའི་དུས་གཞི་ནས་ཁྲོན་པ་བྲུས་པ་འདྲ་པོ་ཞིག་རེད། དེ་ལ་དབྱིན་ཇིའི་སྐད་དུ་ Reactive ཞེས་ཟེར་གྱི་རེད། མ་འོངས་པའི་གནས་ཚུལ་སྔོན་དཔག་གིས་འགྱུར་བ་གཏོང་ཐུབ་ན་དགེ་མཚན་ཡོད། མ་འོངས་པར་ཁ་སྐོམ་སྲིད་པར་མཐོང་ནས་ཆུའི་གྲ་སྒྲིག་བྱས་ཡོད་ན་ཁ་སྐོམ་དུས་འཐུང་ཆོག་ཡོང་གི་རེད། དེ་ལ་དབྱིན་ཇིའི་སྐད་ལ་ proactive ཟེར་གྱི་རེད། ང་ཚོས་རྒྱུན་དུ་བྱུང་ཟིན་པའི་གནས་ཚུལ་ཞིག་ལ་གདོང་ལེན་བྱེད་རྒྱུ་ཁོ་ནའི་ངང་དུས་ཚོད་ཟད་ནས། མ་འོངས་སྔོན་རྩིས་ཀྱིས་ལས་ཀ་བྱེད་རྒྱུའི་གོ་སྐབས་མེད་པ་ལྟ་བུ་ཞིག་འདུག་པ་དེ་སྐྱོན་ཆེན་པོ་ཞིག་རེད། དེ་འདྲ་ཡིན་ཙང་ང་ཚོས་འགྱུར་བ་འགྲོ་རྒྱུ་ལ་བསྒུག་མ་བསྡད་པར་རང་ངོས་ནས་འགྱུར་བ་ཞིག་བཏང་ཐུབ་པ་བྱེད་དགོས་རྒྱུ་གལ་ཆེན་པོ་འདུག དེའང་གང་ཟག་དང༌། སྒྲིག་འཛུགས་གཉིས་ཀྱི་ནང་ནས་གང་ཟག་ནི་འགྲོ་བ་བཞི་པོ་གང་རུང་གི་ནང་འདུས་པ་ཡིན་པས་རེ་བ་དང་འཇིགས་སྣང་གཉིས་པོ་གང་རུང་ལ་བརྟེན་ནས་འགྱུར་བ་འགྲོ་རྒྱུ་ལས་སླ། སྒྲིག་འཛུགས་ལ་རགས་པ་ཙམ་དུ་ཕྱེ་ན།

 

སྒྲིག་འཛུགས།

ཀ གཅིག་སྡུད་ཀྱི་དབང་ཤུགས་ལ་བརྟེན་པའི་སྒྲིག་འཛུགས་དང༌།

ཁ ལམ་སྲོལ་གྱི་དབང་ཤུགས་ལ་བརྟེན་པའི་སྒྲིག་འཛུགས།

ག གང་ཟག་མང་པོའི་དབང་ཤུགས་ལ་བརྟེན་པའི་སྒྲིག་འཛུགས་བཅས་གསུམ་དུ་དབྱེ་ཆོག

གཅིག་སྡུད་ཀྱི་དབང་ཤུགས་ལ་བརྟེན་པའི་སྒྲིག་འཛུགས་ད་ལྟའི་རྒྱ་ནག་གི་གཞུང་ལྟ་བུ་ཡིན། དེར་འགྱུར་བ་གཏོང་རྒྱུ་ལས་སླ་པོ་རེད། གློག་གི་ཐོགས་ལྕེ་མནན་པ་ལྟ་བུ་འགོ་ཁྲིད་གཅིག་གི་ཐག་གཅོད་ལ་བརྟེན་ནས་སྒྲིག་འཛུགས་ཡོངས་རྫོགས་འགྱུར་བ་འགྲོ་ཐུབ།

ལམ་སྲོལ་གྱི་དབང་ཤུགས་ལ་བརྟེན་པའི་སྒྲིག་འཛུགས་ཆོས་དང་རིག་གཞུང་གི་འདུས་སྡེ་ལྟ་བུ་ཞིག་ཡིན་ནའང་ལམ་སྲོལ་ལམ། སྒྲིག་གཞི་ཞིག་འགྱུར་བ་ཕྱིན་པ་ཡིན་ན་སྒྲིག་འཛུགས་ཆ་ཚང་ཆུ་ཡུར་འགྱུར་བ་ལྟ་བུ་ལས་སླ་པོས་འགྱུར་བ་གཏོང་ཐུབ། ད་ལྟའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ནི་གང་ཟག་མང་པོའི་དབང་ཤུགས་ལ་བརྟེན་པའི་སྒྲིག་འཛུགས་ཤིག་ཡིན་པ་དང༌། མང་གཙོའི་ལེགས་བྱང་གི་འཕེལ་རིམ་རྫོགས་ནས་ལམ་སྲོལ་གྱི་དབང་ཤུགས་ལ་བརྟེན་པ་ཞིག་ཆགས་མ་ཐུབ་པའི་གནས་སྐབས་སུ་ཡོད་པ་ཡིན་སྟབས། མཆོད་མེ་མང་པོ་སྤར་བ་ནང་བཞིན། གནད་དོན་རེ་རེའི་ཐོག་འབད་བརྩོན་མ་བྱས་ན་སྡེབ་གཅིག་ལ་འགྱུར་བ་གཏོང་རྒྱུ་ཁག་པོ་རེད། གང་ལྟར་ྋགོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་འགྱུར་བ་ཞིག་གཏང་ཐུབ་མིན་ལ་མ་ལྟོས་པར་ང་ཚོའི་གཞི་རིམ་གྱི་འགྱུར་བ་དགོས་ངེས་གང་ལ་གང་འཚམས་ཤིག་གཏོང་རྒྱུའི་འབད་རྩོལ་མ་བྱས་ཐབས་མེད་རེད། དེའི་ཆེད་དུ་གོང་དུ་ཞུས་པ་ལྟར་ད་ལྟའི་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

 

༡ བཀའ་ཤག་གི་ལས་དོན་ཡོངས་ལ་ཁྱབ་པའི་ཚད་འཛིན་གྱི་ཕྱག་རྒྱ་གསུམ།

ཀ བདེན་པ་དང༌།

ཁ འཚེ་བ་མེད་པ།

ག ཡང་དག་པའི་མང་གཙོའི་རིང་ལུགས།

གོང་གསལ་དོན་ཚན་གསུམ་དེ་ནམ་ཡང་འདོར་མི་རུང་བའི་དམ་ཚིག་གི་ཕྱག་རྒྱ་ཞིག་ཏུ་ངོས་འཛིན་ཞུས་པ་ཡིན། ད་ལྟ་བཀའ་བློན་ཁྲི་པ་སྒེར་གྱི་བསམ་ཚུལ་ནང་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཆོས་ལུགས་རིས་མེད་ཀྱི་ངོ་བོར་བསྒྱུར་ཐུབ་པ་ཞིག་བྱུང་ན་སྙམ་པ་ཡོད་ཀྱང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཆོས་སྲིད་ཟུང་འབྲེལ་གསལ་བ་ཡིན་སྟབས། གནས་སྐབས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་སྲོལ་ལ་བརྩི་བཀུར་ཞུ་དགོས་པ་སྨོས་མ་དགོས་ཀྱང༌། གོང་དུ་ཞུས་པའི་གཞི་རིམ་གྱི་ལྟ་གྲུབ་གསུམ་པོ་དེ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་གི་བསམ་ཚུལ་མིན་ནའང༌། ཆོས་ལུགས་གང་གིའང་ལྟ་གྲུབ་དང་འགལ་བ་མེད་པ་མ་ཟད་མཐུན་ཚབ་ཆེ་བ་དང༌། ཆོས་མེད་སྨྲ་བའི་གང་ཟག་ཚོས་ཀྱང་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་པོ་དེ་མིའི་སྤྱི་ཚོགས་ཀྱི་བདེ་དོན་ལ་གནོད་གཞི་ཞིག་གམ། རྨོངས་དད་ལ་བརྟེན་པའི་གནས་ཚུལ་ཞིག་ཡིན་པར་བརྗོད་མི་ཐུབ་ཅིང༌། ཆོས་ལུགས་རིས་མེད་ལ་གཙིགས་ཆེར་འཛིན་པའི་ཆབ་སྲིད་པ་རྣམས་ཀྱིས་ཀྱང་གལ་ཆེར་བརྩི་བའི་གནད་དོན་ཞིག་ཡིན་སྟབས། ཆབ་སྲིད་ཀྱི་ངོ་བོ་ཆོས་སྲིད་ཟུང་འབྲེལ་དང༌། ཆོས་ལུགས་རིས་མེད། ཆོས་མེད་རིང་ལུགས་ཇི་འདྲ་ཞིག་ཡིན་ཡང་རྩ་འཛིན་བྱེད་ཆོག་པ་དང༌། བྱེད་འོས་པ། བྱེད་དགོས་པ་ཞིག་ཏུ་ངོས་འཛིན་གྱིས་ནང་ཆོས་སུ་གྲགས་ཆེ་བའི་ཚིག་གཞན་དག་མ་བླངས་པར། གོང་གསལ་གྱི་དོན་ཚན་གསུམ་རྩ་དོན་དུ་བཟུང་བའི་རྒྱུ་མཚན་དེ་ལྟར་ལགས། ཡིན་ནའང་དངོས་སུ་ལས་དོན་ལག་ལེན་བསྟར་སྐབས་རྩ་དོན་གསུམ་དང་ནམ་ཡང་མི་འགལ་བ་ཞིག་བྱས་ཐུབ་མ་སོང༌། ད་ལྟའི་བཀའ་ཤག་གིས་བདེན་པ་མིན་པའི་གནས་ཚུལ་བཤད་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད་རུང༌། སྔོན་ནས་བཤད་ཟིན་པའི་རྫུན་མང་པོ་ཞིག་རྫུན་ཁུངས་བརྟོལ་མ་ནུས་པར་རྒྱུན་འཛིན་བྱ་དགོས་པ་བྱུང་བ་དང༌། འཚེ་བ་ཅན་གྱི་ལས་དོན་གསར་རྩོམ་མ་བྱས་ཀྱང༌། སྔོན་བརྒྱུད་རིམ་དུ་ཡོད་པའི་འཚེ་བའི་ལས་དོན་འགའ་ཤས་ད་ལྟའང་མཚམས་བཞག་མ་ཐུབ་པར་ཡོད་པ། དེ་བཞིན་མང་གཙོའི་རིང་ལུགས་ཀྱི་གནད་དོན་གཙོ་བོ་ཆེ་བ་ཞིག་ནི། ཁྲིམས་ཀྱི་དབང་བསྒྱུར་འོག་ཁྲིམས་མཐུན་བྱ་རྒྱུ་དེ་ཡིན་ནའང༌། ད་ལྟའི་ཆར་ཡུལ་ཁྲིམས་དང་མི་མཐུན་པའི་ལས་དོན་ཇི་སྙེད་ཅིག་རྒྱུན་སྐྱོང་མ་བྱས་ཐབས་མེད་ཀྱི་ངང་གནས་ཡོད། འཚེ་བ་མེད་པའི་སྤྱི་ཚོགས་ཤིག་མ་བྱུང་བའི་བར་འཚེ་བ་མེད་པའི་ཆབ་སྲིད་དང་གཞུང་ཞིག་ཡོང་ཐབས་དཀའ་བའི་ཉམས་མྱོང་བྱུང༌།

 

༢ བཙན་བྱོལ་གཞུང་གི་དམིགས་ཡུལ།

༢། ༡ མཐར་ཐུག་གི་དམིགས་ཡུལ། བོད་ལྗོངས་ཡོངས་རྫོགས་འཚེ་མེད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དང༌། བོད་མིའི་སྤྱི་ཚོགས་འཚེ་བ་མེད་པའི་སྤྱི་ཚོགས་སུ་བསྒྱུར་རྒྱུ།

༢། ༢ གནས་སྐབས་ཀྱི་དམིགས་ཡུལ།

ཀ ཆོལ་གསུམ་ཡོངས་རྫོགས་ཀྱི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་པ་བྱ་རྒྱུ་དང༌།

ཁ གཞིས་ལུས་བོད་མི་རྣམས་ཀྱི་དཀའ་ངལ་ཆུང་དུ་གཏོང་ཐབས།

ག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང༌། རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་བཅས།

 

༣ བཙན་བྱོལ་གཞུང་གི་ལས་འགན།

ཀ གོང་གི་དམིགས་ཡུལ་རྣམས་བསྒྲུབ་པའི་སླད་དུ་ཆོལ་གསུམ་ཡོངས་རྫོགས་ཀྱི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་འཐོབ་རྒྱུའི་ཆེད་བོད་རྒྱ་ཞི་མོལ་ཡོང་ཐབས་བྱ་རྒྱུ་དང༌།

ཁ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང༌། རིག་གཞུང་སྲུབ་སྐྱོབ་ཆེད་བོད་མི་གནས་ཡུལ་སྡོད་སྒར་ཁག་སྲ་བརྟན་ཡོང་ཐབས་དང༌། ཤེས་ཡོན་ཡར་རྒྱས་གཏོང་ཐབས་བྱ་རྒྱུ།

ག བཙན་བྱོལ་དུ་རྒྱུན་རིང་གནས་དགོས་བྱུང་སྟེ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་གནས་མིན་བྱུང་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་གནས་ཐུབ་ཐབས་ཀྱི་ལས་འཆར་བསྒྲིག་རྒྱུ་བཅས་ཡིན།

 

༤ བཙན་བྱོལ་གཞུང་གིས་ལས་དོན་འགལ་གནད་ཆེ་ཆུང་བརྩི་སྟངས།

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུན་མོང་མ་ཡིན་པའི་གདམས་ངག་གཞིར་བཟུང་བཙན་བྱོལ་གཞུང་གི་ལས་དོན་གལ་གནད་ཆེ་ཆུང་གི་ཕྱེ་ལུགས་གཤམ་གསལ་ལྟར་ཞུ་བཞིན་ཡོད།

ཀ སེམས་ཅན་སྤྱི་ཡོངས་ཀྱི་ཆེད་དུ་དང༌།

ཁ འགྲོ་བ་མིའི་ཆེད་དུ།

ག ནང་པ་སོགས་ཆོས་ལུགས་རྗེས་འབྲངས་རྣམས་ཀྱི་ཆེད་དུ།

ང བོད་མིའི་ཆེད་དུ་སོགས།

གོང་གསལ་གྱི་གལ་གནད་ཆེ་ཆུང་བརྩི་སྟངས་ཀྱི་གནད་དོན་དེ་དག་གཞིར་བཟུང་བའི་ཐོག་ལས་དོན་བྱེ་བྲག་པ་ལག་བསྟར་གྱི་སྐབས།

ཀ ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་དང༌།

ཁ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལམ་སྟོན།

ག ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་རང་བཞིན་གྱིས་གལ་གནད་ཆེན་པོར་གྱུར་པ་བཅས་རིམ་བཞིན་གལ་གནད་ཆེ་ཆུང་བརྩིས་ཏེ་ལག་བསྟར་བྱེད་ཐབས་བྱེད་ཀྱི་ཡོད།

 

༥ བོད་མིའི་དཀའ་རྙོག་གི་ངོས་འཛིན།

ད་ལྟ་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་རྙོག་འདི་ནི་བོད་མིའི་སྒེར་གྱི་གནས་ཚུལ་ཁོ་ན་མིན་པར་འཇིག་རྟེན་སྤྱི་ཡོངས་ཀྱི་སྐྱོན་གནད་གཏིང་ཟབ་ཅིག་གི་རྟགས་མཚན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

 

བོད་རྒྱའི་དཀའ་རྙོག་ནི།

ཀ ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་དང༌།

ཁ མི་རིགས་ཀྱི་འཐབ་རྩོད།

ག སྲིད་དབང་གི་འཐབ་རྩོད།

ང ཆོས་ལུགས་དང༌། སྐད་ཡིག ལེགས་བྱང་གི་འཐབ་རྩོད།

ཅ ས་མཚམས་ཀྱི་འཐབ་རྩོད་བཅས་མ་ཡིན་པར་བདེན་པ་དང་རྫུན་མའི་འཐབ་རྩོད་དང༌། དྲང་པོ་དང་དྲང་པོ་མ་ཡིན་པའི་འཐབ་རྩོད་ཅིག་ཡིན། མདོར་བསྡུས་ན་དབང་བསྒྱུར་བྱེད་པོ་སུ་ཡིན་གྱི་འཐབ་རྩོད་མ་ཡིན་པར་དབང་བསྒྱུར་བྱེད་ལུགས་ཀྱི་ལམ་སྲོལ་ལ་འཐབ་རྩོད་བྱེད་པ་ཞིག་ཡིན་པ་དང༌། བོད་ཀྱི་དཀའ་རྙོག་འདི་འདས་པའི་མི་ལོ་ཉིས་བརྒྱ་ལྷག་ཙམ་གྱི་རིང་དར་ཁྱབ་ཕྱིན་པའི་དེང་རབས་དང༌། དེང་རབས་ཚན་རིག དེ་ལ་བརྟེན་པའི་འཕྲུལ་ལས། དེ་དག་ལས་བྱུང་བའི་ཆབ་སྲིད་ཀྱི་བཙན་རྒྱལ་རིང་ལུགས་དང༌། དཔལ་འབྱོར་གྱི་བཙན་རྒྱལ་རིང་ལུགས། འཚེ་བའི་རིང་ལུགས་བཅས་ཀྱི་ཐད་ཀའི་འབྲས་བུ་ཞིག་ཡིན་པར་མཐོང་གི་ཡོད། དེ་ལ་བརྟེན་ནས་དམར་པོའི་རིང་ལུགས་དང༌། མ་རྩའི་རིང་ལུགས། བག་མེད་ལོངས་སྤྱོད། གོ་ལ་གཅིག་སྒྱུར་གྱི་རིང་ལུགས་བཅས་ནི་བོད་མི་ཙམ་མ་ཟད། དེང་དུས་འཇིག་རྟེན་འདིའི་རྒུད་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་པར་མཐོང༌། དེ་དག་ལ་བྱམས་བརྩེའི་སེམས་ཀྱིས་ངོ་རྒོལ་དང༌། དེ་དག་ལ་ངོ་རྒོལ་བྱེད་མཁན་གཞན་དག་དང་མཉམ་དུ་མཉམ་འབྲེལ་གཅིག་ཕན་གཅིག་གྲོགས་ཡོང་ཐབས་ཀྱི་འབད་རྩོལ་བྱེད་ཀྱི་ཡོད།

 

༦ བཀའ་ཤག་སྐབས་བཅུ་གཉིས་པའི་ལས་དོན་འགོ་འཛུགས།

བཀའ་ཤག་དམ་འབུལ་ཞུས་རྗེས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་གཉིས་པར་བཀའ་ཤག་གསར་པའི་གསལ་བཤད་དང་པོར་ལེ་ཚན་དགུ་དང༌། ནང་གསེས་དོན་ ༥༥ ཅན་ཞིག་ཕུལ་ཏེ་སྐབས་བཅུ་གཉིས་པའི་བཀའ་ཤག་གི་ལྟ་གྲུབ་ཀྱི་གཞི་རྟེན་དང༌། འཛིན་སྐྱོང་དང་ཆབ་སྲིད་ཀྱི་སྲིད་བྱུུས་དང་ལས་འཆར། ལས་འཆར་བསམ་ཞིབ་བྱ་རྒྱུ་བཅས་རོབ་ཙམ་སྙན་གསན་ཞུས་པ་དང་ཆབས་ཅིག་ ‘’སྤྱིར་བཏང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར། བཙན་བྱོལ་གཞུང་གི་སྲིད་བྱུས་དང་ལས་རིམ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་འཁྲོལ་བསྩལ་བ་ལ་གཞིར་བཟུང་སྟེ་ལག་བསྟར་བྱེད་རྒྱུའི་འགན་དབང་འཛིན་སྐྱོང་བཀའ་ཤག་ལ་ཡོད་པ་བཞིན། གྲོས་ཚོགས་ཀྱིས་ལམ་སྟོན་ཇི་མཛད་ཀྱི་འོག་གོང་ཞུས་གཞི་རྩའི་ལྟ་གྲུབ་གསུམ་དང་འགལ་བ་མེད་ཚེ་ཤར་བསྐྱོད་ཞུ་རྒྱུ་ཡིན་’’ ཞེས་ཞུས་པ་ཡིན། ‘’བཅའ་ཁྲིམས་ནང་གྲོས་ཚོགས་དང༌། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞིར་འགྱུར་བ་གང་ཡང་ཕྱིན་མེད་སྟབས་འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་ཁུར་དང༌། རྩིས་རྒྱག་ལན་འདེབས་ཞུ་དགོས་པའི་གནས་ཚུལ་ད་ལྟའི་བཀའ་ཤག་ལ་གོ་རྟོགས་གསལ་པོ་ཡོད་པ་མ་ཟད། ཁ་དོན་མཚུངས་པའི་ལག་ལེན་བསྟར་རྒྱུའི་ཆོད་སེམས་ཀྱང་བརྟན་པོ་ཡོད། དེ་དང་ཆབས་ཅིག་གྲོས་ཚོགས་ནས་ཀྱང་བཀའ་ཤག་གི་ངོས་ནས་ཁྲིམས་འཆར་རམ། ཆབ་སྲིད་དང༌། འཛིན་སྐྱོང་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་བྱ་རྒྱུའི་རྒྱབ་གཉེར་ཞུས་རིགས་ལ་མང་ཚོགས་ཀྱི་བཀའ་ལུང་ཡོད་པའི་སྡེ་ཚན་ཞིག་ནས་ཕུལ་བའི་བསམ་ཚུལ་ཞིག་ཡིན་པའི་ངོས་འཛིན་དང་ཆ་མཐོང་གནང་རྒྱུའི་ཡིད་ཆེས་ཡོད་’’ ཅེས་ཞུས་པ་དང་ཆབས་ཅིག དེ་དག་གི་ཐོག་ ‘’གྲོས་ཚོགས་ཀྱིས་མཐའ་གཅིག་ཏུ་དགག་བྱ་ཡོད་པའི་རིགས་ཐོག་མ་ནས་ལམ་སྟོན་གསལ་པོ་བྱུང་ན་དེའི་ཐད་ཉམས་ཞིབ་དང་འཆར་འགོད་སླད་དུས་ཚོད་དང་འབད་བརྩོན་རྒྱུན་གྲོན་བཅས་དོན་མེད་དུ་གཏོང་མི་དགོས་པའི་ཁྱད་པར་ཡོང་རྒྱུར་བརྟེན་དོན་ཚན་སོ་སོའི་ཐོག་བགྲོ་གླེང་དང་མཐའ་མ་གྲོས་ཚོགས་ཀྱི་དགོངས་ཚུལ་གསལ་པོ་མ་བྱུང་བའི་རིགས་ལ་འོས་བསྡུའི་ཐག་གཅོད་གནང་དགོས་རིགས་ཀྱང་གནང་སྐྱོང་ཡོང་བ་’’ ཞེས་ཞུས་པ་ཡིན། སྐབས་དེར་གྲོས་ཚོགས་སུ་བགྲོ་གླེང་ཞིབ་ཕྲ་བྱུང་རྗེས་མཐའ་མ་དོན་ཚན་ཡོངས་རྫོགས་ལ་གྲོས་ཚོགས་ཀྱི་སྤྱི་མོས་རྒྱབ་སྐྱོར་ཐོབ་པ་བྱུང་སོང་བ་ལྟར་ལས་དོན་རྣམས་བར་ཆད་མེད་པར་གྲོས་ཚོགས་ཀྱི་རྒྱབ་སྐྱོར་དང་བཅས་འགོ་འཛུགས་ཐུབ་པ་བྱུང༌།

 

༧ བཙན་བྱོལ་བོད་མིའི་གཞི་རིམ་གྱི་དཀའ་ངལ།

ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༣ ནང་བཀའ་ཤག་གིས་གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་དཀའ་ངལ་ཆེ་ཤོས་ཁག་དྲུག་སྙན་སྒྲོན་ཞུས་པ་གཤམ་གསལ།

༡ ཤེས་ཡོན་སློབ་སྦྱོང་ཉམ་ཆག་དང༌།

༢ གཞིས་ཆགས་ཉམས་ཐོར།

༣ ན་གཞོན་བར་ལྡིང༌།

༤ གཞན་བསྟེན་གྱི་བསམ་བློ།

༥ ནང་ཁུལ་མཐུན་བསྒྲིལ་དཀའ་བ།

༦ བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་དཀའ་བ་བཅས།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སློབ་སྦྱོང་སྤྱི་དང༌། ཁྱད་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་སྦྱོང་གནས་ཚད་ཇེ་དམའ་རུ་འགྲོ་བཞིན་པ་དང༌། ཕུགས་རྒྱང་རིང་པོའི་དམིགས་ཡུལ་ལ་དགོངས་ཏེ་སྐུ་ངལ་འཛེམས་མེད་ཀྱིས་འཆར་གཞི་ལྡན་པའི་ཐོག་ནས་འཛུགས་སྐྲུན་གནང་བའི་གཞིས་ཆགས་ཁག་གི་ནང་བོད་མི་གཏན་སྡོད་བྱེད་མཁན་ཇེ་ཉུང་སོང་སྟེ་ཁ་ཐོར་འགྲོ་ཉེར་ལ་སླེབས་པ། བོད་རིགས་ན་གཞོན་སློབ་གྲྭ་ཐོན་པ་དང་མ་ཐོན་པ་ཅི་རིགས་ཀྱི་གྲངས་འབོར་གང་འཚམས་བར་ལྡིང་དུ་འཁྱམས་ཏེ་འཚོ་བ་དང་བཟང་སྤྱོད་གཉིས་ཀའི་མདུན་ལམ་ཞན་ཞིང༌། ལས་རྩོལ་བྱེད་འདོད་མེད་པར་མྱོས་འགྱུར་རྫས་ལ་སྤྱོད་མཁན་སོགས་ཇེ་མང་དུ་འགྲོ་བཞིན་པ། བཙན་བྱོལ་བོད་མི་ཕལ་ཆེར་དཔལ་འབྱོར་གྱིས་ཕོངས་མིན་ལ་མ་ལྟོས་པར་གཞན་ནས་རོགས་རམ་གང་ལོན་བྱ་རྒྱུའི་གཞན་བསྟེན་གྱི་བསམ་ཚུལ་ཇེ་འཕེལ་དུ་འགྲོ་བ། བོད་མིའི་གཞི་རིམ་གྱི་ཆིག་བསྒྲིལ་བཟང་པོ་དེ་མངོན་གསལ་དོད་མ་ཐུབ་པར་མི་རེ་ཟུང་གིས་སྤྱི་པ་ཁ་ལ་ཁྱེར་ཏེ་སྒེར་དོན་འཁྲུགས་རྩོད་ཀྱི་རྙོག་འཛིངས་རྒྱུན་ཆད་མེད་པ།

གཉིས་ཕན་དབུ་མའི་ལམ་གྱི་ངོས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་བོད་མིའི་སྤྱི་ཚོགས་ནང་མཐུན་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་དཀའ་བ་བཅས་ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་སུ་མཐོང༌།

 

༨ སྒྲིག་འཛུགས་སྐོར།

༨། ༡ ལས་བྱེད་པའི་གནས་སྟངས། སྒྲིག་འཛུགས་ཇི་འདྲ་ཞིག་ཡིན་ཡང༌། དེའི་ལས་དོན་འགྲུབ་མིན་ལས་བྱེད་ལ་རག་ལུས་ཤིང༌། རྒྱལ་ཁབ་གཞན་གྱི་གནས་བབ་ལ་ལྟོས་ན་བཙན་བྱོལ་གཞུང་གི་སྲི་ཞུ་བ་རྣམས་ལྷག་བསམ་དང༌། དྲང་ཚུགས། ཤེས་འཇོན། ལས་བརྩོན་གང་གི་ཆ་ནས་གཞན་དྲིང་མི་འཇོག་པའི་ཁྱད་ཐོན་ཕུན་སུམ་ཚོགས་པ་ཡོད་པ་མ་ཟད། བཙན་བྱོལ་དུ་འབྱོར་ནས་རིང་པོ་མ་སོང་བའི་དུས་སྐབས་སུ་བོད་ཀྱི་གཞུང་ཞབས་རྙིང་པ་དང༌། བོད་མི་རྒན་གྲས་རྣམས་ཡོད་སྐབས་དེང་རབས་ཀྱི་ཤེས་ཡོན་དམན་ཡང་སྤྱི་ཡོངས་ཀྱི་ལྷག་བསམ་དང༌། ལས་བརྩོན་ད་ལྟ་ལས་ཁྱད་པར་དུ་འཕགས་པ་ཡོད་ནའང༌། ད་ཆ་དུས་ཚོད་རིང་སོང་དབང་གིས་སྲི་ཞུ་བའི་ལྷག་འཇོན་གྱིས་མ་འདེང་བའི་གནས་ཚུལ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་ད་ལྟའི་གནས་སྐབས་ཀྱི་ལས་བྱེད་རྣམས་ལ་ཡོང་ཉེ་བའི་སྐྱོན་གནད་ཆེ་བ་ཁག་གཤམ་གསལ།

ཀ མིའི་འབྲེལ་ལམ་དང༌། བསམ་སྤྱོད་ཀྱི་འཁྱེར་སོའི་ནང་གཞུང་སྒེར་གྱི་དབྱེ་བ་ཕྱེ་མ་ཐུབ་པ་དང༌།

ཁ ལས་དོན་གྱི་གྲུབ་འབྲས་དང་ངོ་སོ་ལ་རེ་སྟེ་ལས་བྱེད་སྒེར་ལ་མིང་དང་ངོ་སོ་མ་ཐོབ་ན་སེམས་ཤུགས་ཆག་པ། ག༽ བྱ་སྤུ་གནོན་གྱི་སྒྲིག་འཛུགས་ནང་མཉམ་འདུས་ཀྱི་ལས་འགན་དང༌། གང་ཟག་སྒེར་གྱི་ལས་འགན་ངོས་འཛིན་གསལ་པོ་མ་ཐུབ་པའི་དབང་གིས་ཐག་གཅོད་ཀྱི་ལས་རིམ་ལམ་སྲོལ་དང་ལྡན་པ་ཡོང་དཀའ་བ།

ང ཁྲིམས་ཀྱི་དབང་སྒྱུར་གྱི་གོམས་གཤིས་གཏིང་ཟབ་མེད་པའི་དབང་གིས་གང་ཟག་ལ་ལྟོས་ཏེ་ཐག་གཅོད་བྱས་པ་དང༌། ཁྲིམས་དང་སྒྲིག་གཞིའི་གནད་དོན་ཕྲ་ཞིང་ཞིབ་པ་ལ་དོ་སྣང་ཞན་པ།

ཅ འཆར་འགོད་དང་ཐག་གཅོད་ཀྱི་ལས་རིམ་ནང་དགོས་ངེས་ཀྱི་ཉམས་ཞིབ་དང་མཚུངས་བསྡུར་གཏིང་ཟབ་དང་ཞིབ་ཚགས་བྱ་རྒྱུའི་གོམས་གཤིས་མེད་པར་སྐབས་འཕྲལ་དཀའ་ངལ་སེལ་ཐབས་སམ། དཀའ་ངལ་འཕར་འགྱངས་བྱ་རྒྱུའི་ཆེད་འཕྲལ་སེལ་གྱི་ཐག་གཅོད་བྱེད་ཐབས་བྱས་པ།

ཆ དཔལ་འབྱོར་གྱི་སྒྲིག་གཞི་དང༌། གཞུང་གྲོན་བསྲི་ཚགས། རྩིས་ཁྲ་ཁམས་གཙང་དགོས་གལ་ལ་དོ་སྣང་ཆུང་བ།

ཇ ལས་དོན་འཐུས་ཤོར་དང༌། ནོར་འཁྲུལ་ལ་ཉེས་འཛུགས་དང༌། ཆད་པ་བཅད་པའི་སྐབས་ལྷག་བསམ་དང་ཁུར་བརྩོན་གྱི་གྲུབ་འབྲས་ཡོད་པ་རྣམས་རྒྱུ་མཚན་དུ་བཀོད་དེ་ཉེས་པ་ཡང་ཐབས་བྱས་པའམ། ཡང་ན་སེམས་ཤུགས་ཆག་སྟེ་གཞུང་དང་སྒྲིག་འཛུགས་ལ་བློ་ལོག་པ་བཅས།

༨། ༢ གོང་གསལ་དཀའ་ངལ་དེ་དག་སེལ་ཐབས་སུ།

ཀ ལས་བྱེད་ཀྱི་གནས་བབ་གཅིག་གྱུར་ཡོང་ཆེད་ཕྱི་ལོ་ ༢༠༠༡ ཕྱི་ཟླ་ ༡༡ ཚེས་ ༢༩ ནས་དབུས་ལས་ཁུངས་མ་ལག་དང་བཅས་པའི་རང་ཁུངས་ལས་བྱེད་གསར་བསྐོ་མི་ཆོག་པ་དང༌། ཕྱོགས་མཐར་རང་ཁུངས་ལས་བྱེད་མ་བསྐོས་མཐུ་མེད་རྣམས་བཀའ་ཤག་ནས་བཀའ་འཁྲོལ་ཞུ་དགོས་པ།

ཁ ལས་བྱེད་སྦྱོང་བརྡར་ཁང་གསར་འཛུགས་ཆེད་འཆར་འགོད་ཟུར་འཛུགས་ཀྱིས་སྙན་ཐོ་ཕུལ་ཟིན།

ག ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༩ པ་ནས་གཞུང་ཞབས་འདེམས་ལྷན་སྒྲིག་གཞི་བསྐྱར་བཅོས་ཀྱིས་ལས་བྱེད་གནས་སྤར་འོས་ཆོས་ཚང་ཆེད་བཅའ་ཁྲིམས་དང་སྒྲིག་གཞི་རྒྱུགས་སྤྲོད་བྱ་དགོས་པ།

ང ཕོགས་རིམ་བསྐྱར་བཅོས་ལག་བསྟར་བྱས་པ་དང་སྦྲགས་ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡༢ ཚེས་ ༡ ནས་དབུས་ལས་ཁུངས་མ་ལགས་དང༌། དིལླི། བལ་ཡུལ་དོན་གཅོད་བཅས་པའི་རང་ཁུངས་ལས་བྱེད་རྣམས་གཞུང་ཞབས་བླང་དོར་སྒྲིག་གཞིའི་ཁྱབ་ཁོངས་སུ་ཚུད་དགོས་པ་དང༌། རྒས་ཡོལ་དང༌། ཕྲུ་གུ་སློབ་འཇུག་གི་ཐོབ་ཐང་ཁག་མ་གཏོགས་ཕོགས་དང་ཐོབ་ཐང་གཞན་གཞུང་ཞབས་དང་རང་ཁུངས་ལས་བྱེད་གཅིག་གྱུར་བཟོས་པ།

ཅ འབྱུང་འགྱུར་གཞུང་ཞབས་མ་གཏོགས་རང་ཁུངས་ལས་བྱེད་རིམ་གྱིས་མེད་པ་བཟོ་རྒྱུ་དང༌། གཞུང་ཞབས་རྣམས་ཤེས་ཡོན་སྲི་ཞུ་བ་དང༌། ཕྱི་འབྲེལ་སྲི་ཞུ་བ། འཛིན་སྐྱོང་སྲི་ཞུ་བ་བཅས་སྒྲིག་གྲལ་གསུམ་དུ་དབྱེ་སྟེ་ལས་བྱེད་ཚང་མ་རིགས་གཅིག་རྐང་འཛིན་གྱི་ཁྱད་ལས་པའི་ངོ་བོར་སྒྱུར་ཐབས་ཀྱི་འཆར་གཞི་བསྒྲིག་རྩིས་ལགས་པ་བཅས།

༨། ༣ ཁྲིམས་ཐོག་ངོས་འཛིན།

བཙན་བྱོལ་གཞུང་ཞེས་པ་རྒྱ་གར་གྱིས་མཚོན་པའི་རྒྱལ་ཁབ་གང་དུའང་ཁྲིམས་མཐུན་གྱི་ངོས་འཛིན་མེད་པ་མ་ཟད། སྲིད་དོན་གྱི་ཐོག་ནས་ཀྱང་ངོས་འཛིན་མེད་ནའང༌། བཙན་བྱོལ་བོད་མི་རང་ཉིད་ཀྱི་ངོས་འཛིན་ལ་ལྟོས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་གཟི་བྱིན་གྱི་འོག་འདས་པའི་མི་ལོ་ ༤༣ རིང་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་འཚོ་ཐུབ་པ་ཞིག་བྱུང་ཡོད་ཀྱང༌། འབྱུང་འགྱུར་དུས་ཡུན་ངེས་ཅན་ནང་བོད་དོན་བདེན་མཐའ་གསལ་བ་ཞིག་མ་བྱུང་ཚེ་གནས་ཚུལ་ཇི་ཡོང་ཆ་མ་རྟོགས་སྟབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡུལ་ཁྲིམས་འོག་ངོས་ལེན་ཡོད་པ་ཁག་སྲ་བརྟན་བཟོ་ཐབས་གལ་ཆེར་མཐོང་སྟེ།

ཀ ཆོས་རིགས་ལས་ཁུངས། ཆོས་དང་རིག་གཞུང་ཚོགས་པ། His Holiness the Dalai lama’s Religion & Culture Society

ཁ ནང་སྲིད་ལས་ཁུངས། དབུས་བོད་མིའི་ངལ་སེལ་ལས་ཁུངས། Central Tibetan Relief Committee

ག དཔལ་འབྱོར་ལས་ཁུངས། ཡིད་ཆེས་དགེ་རྩའི་ལས་ཁུངས། His Holiness the Dalai lama’s Charitable Trust དང༌། བོད་གཞུང་བདེ་དོན་ལྷན་ཚོགས། Tibetan Administration’s Welfare Society

ང ཤེས་རིག་ལས་ཁུངས། བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ། Tibetan Children’s Educational & Welfare Fund

ཅ འཕྲོད་བསྟེན་ལས་ཁུངས། དང་བླངས་འཕྲོད་བསྟེན་ཚོགས་པ། Tibetan Volunteer Health Association བཅས་དེབ་སྐྱེལ་ཡོད་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཁྲིམས་མཐུན་ཡོང་ཐབས་དང༌། དེ་དག་གི་རྩ་ཁྲིམས་དང་སྒྲིག་གཞི་རང་རེའི་དགོས་མཁོ་དང་འཚམས་པའི་བསྐྱར་བཅོས་དགོས་པ་རྣམས་བསྐྱར་བཅོས་དང༌། ལས་བྱེད་བླང་དོར་སྒྲིག་གཞི་སོགས་གསར་བཟོ་དགོས་པ་རྣམས་གསར་བཟོ་བྱས་ཏེ་རིམ་བཞིན་གཞུང་ཞབས་མིན་པའི་ལས་བྱེད་ཇི་དགོས་ཚོགས་པ་སོ་སོའི་སྒྲིག་གྲལ་དུ་ཚུད་པ་བྱ་རྒྱུ་དང༌། ས་ཞིང་མཁར་དབང་དང་དཔལ་འབྱོར་གྱི་བདག་དབང་ཕལ་ཆེར་དེ་དག་གི་མིང་ཐོག་ཏུ་བསྒྱུར་ཏེ་བཙན་བྱོལ་གཞུང་ནི་སྤྱིའི་འབྲེལ་མཐུད་པའི་ངོ་བོ་ཙམ་ཞིག་ལས། ཅི་སྟེ་རྒྱུན་གནས་མ་ཐུབ་པའི་གོ་སྐབས་བྱུང་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་ཆེ་བ་ཞིག་ཁྲིམས་མཐུན་རང་འཚོ་འཕེར་བ་གནས་ཐུབ་པ་ཡོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།

 

༩ བཀའ་ཤག་གི་ལས་དོན་བྱེད་ཕྱོགས།

༩། ༡ བཀའ་ཤག་ལྷན་ཚོགས། བཀའ་ཤག་གིས་རྒྱུན་ལྡན་ཐག་གཅོད་བྱེད་ཕྱོགས་ཐད་འཛིན་སྐྱོང་སྒྲིག་གཞི་གཞིར་བཟུང་ལས་དོན་གལ་གནད་ཆེ་བ་ཕལ་ཆེར་བཀའ་བློན་གསུམ་ཡན་འཛོམས་དགོས་པ་དང༌། འཆར་ཅན་གྱི་ལས་དོན་ཆུང་ཙག་རིགས་བཀའ་བློན་གཉིས་ཡན་ཚང་འཛོམས་ཀྱིས་གོ་བསྡུར་ཐག་གཅོད་བྱེད་ཀྱི་ཡོད། འདས་པའི་ལོ་གཉིས་ལྷག་རིང་བཀའ་ཤག་ལྷན་ཚོགས་ཐེངས་ ༢༢༡ ཚོགས་ཏེ་གྲོས་གཞི་དོན་ཚན་ ༣༠༣༧ ཐག་གཅོད་བྱས་པ་དེ་དག་རེ་རེ་བཞིན་གྲོས་གཞི་དང་གྲོས་ཆོད་གཉིས་ཀ་ཡིག་ཐོག་ཏུ་བཀོད་དེ་གྲོས་གཞིའི་རྒྱབ་ལྗོངས་འགྲེལ་བརྗོད་དང༌། ཐག་གཅོད་སྤྱི་མོས་མང་མོས་ཇི་ཡིན་བཅས་གྲོས་ཆོད་དུ་གསལ་བ་དང༌། ཚོགས་འདུ་སྔ་མའི་གྲོས་ཆོད་ཚོགས་འདུ་རྗེས་མའི་ནང་བསྐྱར་ཞིབ་གཏན་འབེབས་བྱས་ཏེ་ཐག་གཅོད་ཡོངས་རྫོགས་གནས་ཚུལ་ཇི་འདྲ་ཞིག་གི་འོག་དང༌། རྒྱུ་མཚན་ཇི་འདྲ་ཞིག་ལ་བརྟེན་ནས་བྱས་པའི་སྐོར་ཡིག་ཐོག་ཏུ་ཚང་མས་གཟིགས་ཆོག་ཕྱི་གསལ་ནང་གསལ་བཀོད་དེ་བཞག་ཡོད། བཀའ་ཤག་ལྷན་ཚོགས་མང་ཆེ་བ་བཀའ་བློན་བཞི་ག་མཉམ་འཛོམས་དང༌། ལྷན་ཚོགས་བརྒྱ་ཆ་བཅུ་ཙམ་བཀའ་བློན་གསུམ་དང༌། བརྒྱ་ཆ་གཉིས་ཙམ་བཀའ་བློན་གཉིས་ལས་མ་འཛོམས་པའང་བྱུང་ཡོད། བཀའ་ཤག་ཏུ་བཀའ་བློན་བྱེ་བྲག་པ་སུ་རུང་ངོ་བཅར་ཡོད་མིན་ལ་མ་ལྟོས་པར་ཐག་ཆོད་ཡོངས་རྫོགས་ལ་མཉམ་འདུས་ཀྱི་འགན་ཁུར་ཞུ་བཞིན་པ་ཡིན། བཀའ་ཤག་གི་ལས་དོན་ཚང་མ་གོང་དུ་ཞུས་པའི་གཞི་རིམ་གྱི་ལྟ་གྲུབ་ཁག་གཙོ་བཟུང་ཐོག

ཀ ཡུལ་ཁྲིམས་དང་འགལ་མིན།

ཁ བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་དང་འགལ་མིན།

ག བཀའ་ཤག་གིས་གཏན་ལ་ཕབ་ཟིན་པའི་སྲིད་བྱུས་དང་བྱེད་སྒོ་ལམ་སྟོན་གྱི་རིག་པའི་གཞུང་ལུགས་ཁག་དང་འགལ་མིན།

ང བཀའ་ཤག་གི་ཐག་གཅོད་སྔོན་ཟིན་རྣམས་དང་འགལ་མིན།

ཅ མ་འོངས་པར་གཞན་འགྲན་ཆུ་ངན་ལམ་ཤོར་ཡོང་གཞི་ཡོད་མིན་བཅས་ལ་རྟོག་ཞིབ་ཀྱི་ལམ་ནས་ཐག་གཅོད་བྱེད་ཀྱི་ཡོད།

སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་ནང་ཡང་ཡང་ལག་བསྟར་དགོས་པའི་ལས་དོན་རྣམས་ཐག་གཅོད་མ་བྱས་གོང་སྤྱི་ལ་ཁྱབ་པའི་སྒྲིག་གཞིའམ། ལམ་སྟོན་གྱི་ཡིག་ཆ་ཞིབ་གསལ་གཏན་འབེབས་བྱས་པའི་རྗེས་གནས་ཚུལ་བྱེ་བྲག་པ་དེ་དང་བསྟུན་ཏེ་ཐག་ཆོད་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། མ་ཤེས་པ་དང་བག་མེད་པའི་དབང་གིས་ནོར་འཁྲུལ་བྱུང་བ་རྣམས་ཤེས་རྟོགས་བྱུང་འཕྲལ་ངོས་ལེན་གྱིས་དེབ་འགོད་དང་འབྲེལ་ནོར་བཅོས་ཐུབ་པ་རྣམས་ནོར་བཅོས་དང༌། མ་ཐུབ་པ་རྣམས་འབྱུང་འགྱུར་བསྐྱར་ལྡབ་མི་ཡོང་བའི་ཡིད་གཟབ་བྱེད་ཀྱི་ཡོད།

 

༩། ༢ འཆར་འགོད་ལྷན་ཁང༌། གཞུང་དང་སྤྱི་ཚོགས་ཀྱི་ལས་དོན་ཇི་འདྲ་ཞིག་ཡིན་ཡང༌། ཐོག་མའི་འཆར་གཞི་ཚད་ལྡན་དང༌། འཆར་དོན་ལག་བསྟར་སྐབས་ལྟ་རྟོག་བཏང་འཛིན། ལག་བསྟར་གྱིས་གྲུབ་དོན་བསྐྱར་ཞིབ་བྱ་རྒྱུ་བཅས་ཧ་ཅང་གལ་གནད་ཆེ་ནའང༌། དངུལ་འབོར་ཧ་ཅང་ཆེ་བའི་འཆར་གཞི་ཁག་འགའ་ཤས་མཐའ་མའི་གྲུབ་འབྲས་གང་ཡང་མ་ཐོན་པ་དང༌། མཇུག་བསྒྲིལ་མ་ཐུབ་པར་ལུས་པ། རྒྱུན་གནས་མི་ཐུབ་པ། མི་མང་སྐྱོ་ཤོས་ལ་མི་ཕན་པ། ཁོར་ཡུག་ལ་གནོད་པ་སོགས་ལམ་འགྲོ་མ་རྒྱུགས་པ་མང་དག་ཅིག་བྱུང་བ་ལས་ཉམས་མྱོང་བླངས་ཏེ་དེ་སྔ་དཔལ་འབྱོར་ཁོངས་གཏོགས་འཆར་འགོད་ལྷན་ཚོགས་ཤིག་འདུག་པ་དེ། བཀའ་ཤག་གི་ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡༠ ཚེས་ ༧ འཁོད་པའི་འཛིན་སྐྱོང་བཀོད་ཁྱབ་ཀྱི་འོག སྒྲིག་འཛུགས་བསྐྱར་བཅོས་ཀྱིས་བཀའ་ཤག་གི་ཐད་ཀའི་འཛིན་སྐྱོང་འོག་འཆར་འགོད་ལྷན་ཁང་གི་ངོ་བོར་བསྒྱུར་ཐོག་འབྱུང་འགྱུར་བོད་ཀྱི་ཡར་རྒྱས་འཆར་གཞི་དང༌། བཙན་བྱོལ་བོད་མིའི་འཛུགས་སྐྲུན་འཆར་གཞི་གཉིས་ཀ་ལྷན་ཁང་འདི་ནས་བྱ་དགོས་ཀྱི་ལས་དོན་བྱེད་ཕྱོགས་རིག་པའི་གཞུང་ལུགས་ནང་ལས་གཞིའི་འཁོར་ལམ་འཛིན་སྐྱོང་གི་ལམ་སྟོན་དང༌། བཙན་བྱོལ་བོད་མིའི་འཛུགས་སྐྲུན་ལས་འཆར་ཁག་གི་རྩ་བའི་བྱེད་སྒོ་ལམ་སྟོན་སོགས་གསལ་འགོད་བྱས་ཡོད།

 

ལས་འཆར་ཁག་གི་རྩ་བའི་ཚད་འཛིན་ལམ་སྟོན་གཤམ་གསལ།

ཀ འཚེ་བ་མེད་པ། ཁ ཁོར་ཡུག་ལ་མི་གནོད་པ། ག དབུལ་ཕོངས་རོགས་སྐྱོར། ང རྒྱུན་གནས་ཐུབ་པ་བཅས་དང༌། ཁ་ཚ་དགོས་གཏུགས་ཀྱི་ཛ་དྲག་ཆེ་བའི་ལས་རིམ་ཁག་གསུམ་ངོས་འཛིན་བྱས་པ་གཤམ་གསལ།

ཀ གཞིས་ཆགས་ཁག་འཚོ་གནས་ཐུབ་པ་བཟོ་རྒྱུ།

ཁ སྒྲིག་འཛུགས་ཁག་སྲ་བརྟན་ཡོང་ཐབས་བྱ་རྒྱུ།

ག ཁ་ཐོར་བོད་མི་རྣམས་བོད་མིའི་གནས་ཡུལ་ཆེ་ཁག་ཏུ་ཟླ་བསྒྲིལ་ཐུབ་ཐབས་བྱ་རྒྱུ།

 

ཀ གཞིས་ཆགས་ཁག་འཚོ་གནས་ཐུབ་པ་བཟོ་ཐབས་སུ།

༡ སོ་ནམ་ཞིང་ལས་ཀྱི་ནུས་ཤུགས་བསྐྱར་གསོ་དང༌། རང་བཞིན་དང་སྐྱེ་ལྡན་སོ་ནམ་གྱི་ཕྱོགས་སུ་ཁ་ཕྱོགས་བསྒྱུར་རྒྱུ་དང༌།

༢ སྒོ་ཕྱུགས་གསོ་སྐྱོང་གི་ནུས་ཤུགས་བསྐྱར་གསོ་དང༌། ཕྱི་རྒྱལ་ནས་ནང་འགྲེམས་བྱས་པའི་སྒོ་ཕྱུགས་དང༌། རིགས་གཉིས་པའི་སྒོ་ཕྱུགས་མ་ཡིན་པའི་ས་གནས་རང་གི་སྲོལ་རྒྱུན་གྱི་སྒོ་ཕྱུགས་གསོ་སྐྱོང་གི་ཕྱོགས་སུ་ཁ་ཕྱོགས་བསྒྱུར་རྒྱུ།

༣ མཉམ་འབྲེལ་གྱི་ལས་རིགས་ཁག་བསྐྱར་བཅོས་ཀྱིས་ནུས་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་དཔལ་འབྱོར་བསྐྱར་གསོ་དང༌། དེ་ལ་བརྟེན་ནས་མ་ཤས་བདག་པོ་སྤྱི་དང༌། ཁྱད་པར་ཉམ་ཐག་རྣམས་ལ་ཐད་ཀར་སྤྱི་ཚོགས་དང༌། དཔལ་འབྱོར་གྱི་གཞི་རིམ་དགོས་མཁོ་སྒྲུབ་པའི་ཁེ་ཕན་ཡོད་པ་བཟོ་རྒྱུ།

༤ ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་ལམ་ནས་མཉམ་འབྲེལ་དང༌། ས་གནས་སོ་སོའི་འཛིན་སྐྱོང་རྣམས་གྷན་དྷིའི་བཞེད་དགོངས་ཀྱི་གྲོང་གསེབ་རང་སྐྱོང་གི་ལམ་སྲོལ་ལག་ལེན་དུ་བསྟར་རྒྱུ།

ཁ སྒྲིག་འཛུགས་ཁག་སྲ་བརྟན་ཡོང་ཐབས་སུ།

༡ གཞིས་གྲོང་སོ་སོའི་ནང་གཞི་རིམ་གྱི་ཤེས་ཡོན་སློབ་སྦྱོང་བྱ་ཡུལ་གྱི་སྒྲོམ་གཞིའི་མཐུན་རྐྱེན་རྣམས་སྲ་བརྟན་བཟོས་ཏེ་ཆོས་སྲིད་ཀྱི་སྒྲིག་འཛུགས་ཁག་ནུས་ལྡན་དུ་བཟོ་རྒྱུ་དང༌།

༢ ཆོས་སྲིད་སྒྲིག་འཛུགས་ཁག་གིས་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ཐོག་དགོས་ངེས་ཀྱི་བྱེད་སྒོ་རྣམས་ཡར་རྒྱས་གཏོང་རྒྱུ།

ག ཁ་ཐོར་བོད་མི་རྣམས་བོད་མིའི་གནས་ཡུལ་ཆེ་ཁག་ཏུ་ཟླ་བསྒྲིལ་ཐུབ་ཐབས་སུ།

༡ མྱོས་རྫས་ལ་བག་མེད་ལོངས་སྤྱོད་དང༌། ལྷན་སྐྱེས་སྲིན་འབུ་འཁྲུགས་པའི་ནད་གཞི། ན་གཞོན་ལས་མེད་ལྟ་བུ་ཛ་དྲག་གི་འཚོ་ཐབས་ཀྱི་དཀའ་ངལ་རྣམས་བསལ་ཏེ་གཞིས་ཆགས་ཐུབ་ཐབས་ཀྱི་མཐུན་རྐྱེན་སྦྱར་རྒྱུ་དང༌།

༢ ཁ་ཐོར་དུ་གནས་པ་རྣམས་རིམ་བཞིན་སྤྱི་ཡོངས་སུ་ཟླ་བསྒྲིལ་ཐུབ་ཐབས་ཀྱི་ལས་གཞི་ཁག་ལག་བསྟར་དང༌། གཞི་རིམ་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་གོ་སྒྲིག་བྱེད་དགོས།

དེ་ལྟར་གོང་དུ་ཞུས་པའི་ལས་གཞི་དེ་རྣམས་མང་ཆེ་བ་ནང་སྲིད་དང༌། འཕྲོད་བསྟེན། ཤེས་རིག་བཅས་བརྒྱུད་ནས་ལག་བསྟར་བྱེད་དགོས་པ་ཡིན་སྟབས། ཐོག་མ་བཀའ་བློན་ལས་ཁུངས་སོ་སོའི་སྒྲིག་འཛུགས་བསྐྱར་བཅོས་དང༌། ས་མིག་གཏན་འབེབས་ཀྱི་ལས་དོན་བྱེད་དགོས་པ་རྣམས་ད་ལྟ་བྱེད་མུས་ཡིན་པ་འདི་ལོ་ཕྱི་ཟླ་བརྒྱད་པའི་ཟླ་མཇུག་ཚུན་ཟིན་པ་བྱ་རྩིས་དང༌། དེ་བཞིན་ལས་ཁུངས་སོ་སོའི་འབྱུང་འགྱུར་ལོ་གསུམ་གྱི་ལས་འཆར་རྣམས་དམིགས་ཡུལ་དང༌། དཀའ་ངལ་གཙོ་བོ། དེ་དག་གི་བྱུང་རྐྱེན། དེའི་སེལ་ཐབས་བཅས་འཆར་འགོད་རིག་པའི་གཞུང་ལུགས་ཀྱི་ལམ་སྲོལ་དང་མཐུན་པར་ལམ་ཙམ་བཀོད་སྒྲིག་ཟིན་པ་རྣམས་ད་ལྟ་འཆར་འགོད་ལྷན་ཁང་གི་སྤྱི་ཁྱབ་འཆར་འགོད་པས་ཞིབ་གསལ་སྙན་སྒྲོན་ཞུ་རྒྱུ་ཡིན། སྤྱིར་བཏང་དེ་རིང་སྐབས་བཅུ་གཉིས་པའི་བཀའ་ཤག་གི་ལས་དུས་ལོ་གཉིས་དང༌། ཟླ་བ་བཅུ། ཉི་མ་བཞི་ཕྱིན་ཟིན་ཅིང༌། ད་ཆ་ལོ་གཉིས་དང༌། ཟླ་བ་གཅིག ཉི་མ་ཉེར་དྲུག་གི་ལས་དུས་མ་གཏོགས་ལྷག་མེད། འོན་ཀྱང་ལོ་གསུམ་གྱི་ལས་འཆར་བཀོད་པའི་རྒྱུ་མཚན་ནི་ཕྱི་ལོ་ ༢༠༠༦། ༢༠༠༧ གྱི་སྔོན་རྩིས་ཀྱང་ད་ལྟའི་བཀའ་ཤག་གི་ལས་དུས་སྐབས་འགོད་འབུལ་ཞུ་དགོས་པའི་དབང་གིས་ཡིན། སྤྱིར་བཏང་ལས་དུས་ལོ་གཉིས་དང་ཟླ་བ་གཅིག་ལྷག་ད་དུང་ལུས་ཡོད་ཀྱང་མང་གཙོའི་རིང་ལུགས་ཀྱི་ནང་འཛིན་སྐྱོང་གི་ལས་དུས་ཆ་ཚང་འགྲོ་ཐུབ་དང་མ་ཐུབ་ངེས་པ་གང་ཡང་མེད་སྟབས། བཀའ་ཤག་གློ་བུར་འཕོ་འགྱུར་བཏང་བའམ། དགོངས་ཞུ་བྱེད་དགོས་པའི་གནས་ཚུལ་བྱུང་ཡང་འབྱུང་འགྱུར་ལོ་གསུམ་གྱི་ལས་འཆར་འདི་རྣམས་བཀའ་ཤག་རྗེས་མ་ཚོས་ཕྱག་ལེན་བསྟར་འོས་པ་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།