Secular ཚིག་གི་གོ་དོན་འགྲེལ་ཕྱོགས།

སྐབས་འདིར་ཚོགས་གཙོས་སྟོང་པའི་དུས་ཚོད་ཅིག་བླངས་ཏེ་ཟུར་བརྗོད་ཁ་ཤས་ཤིག་བྱ་འདོད་བྱུང༌། ད་རང་སྟོང་པའི་དུས་ཚོད་སྐབས་སུ་བཀུར་འོས་སྤྱི་འཐུས་གཅིག་གིས་དབྱིན་ཇིའི་སྐད་དུ་ Secular ཞེས་པའི་བོད་སྐད་དུ་ཆོས་མེད་ལ་གོ་གི་ཡོད་རེད་ཅེས་གསུངས་པ་ལྟ་བུ་བྱུང་སོང༌། ཚིག་མཛོད་ནང་ Secular ཞེས་པ་དེ་ཆོས་མེད་ལ་བསྒྱུར་འདུག་ཅེས་ཚིག་མཛོད་གང་ནས་གཟིགས་ཡོད་ཀྱང་ཚིག་མཛོད་ཚད་ལྡན་ཞིག་ནི་ཡིན་པ་ཐག་ཆོད། དེ་ལྟར་གསུངས་པ་ལ་གནད་འགག་གང་ཡང་མི་འདུག་ཀྱང༌། ད་ལྟ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་ཀྱང་ཚིག་དེར་བཟུང་ནས་གསལ་བཤད་ཅིག་གནང་སོང༌། དེར་བརྟེན་ངས་ཚིག་གཅིག་གཉིས་ཙམ་ཞུ་དགོས་གལ་ཆགས་ཀྱི་འདུག་སྙམ། བཙན་བྱོལ་བོད་གཞུང་གིས་བསྐོ་འཛུགས་བྱས་པའི་བཙན་བྱོལ་བོད་ཀྱི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་དང་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ནང་དབྱིན་སྐད་ཀྱི་ Secular ཞེས་པ་དེ་ཆོས་ལུགས་རིས་མེད་ཅེས་བསྒྱུར་བ་རེད། Secularism ཞེས་པ་དེ་ཆོས་ལུགས་རིས་མེད་ལ་བསྒྱུར་བ་དང་ཆོས་ལུགས་ལྟོས་མེད་ལ་བསྒྱུར་བའི་སྒྱུར་སྟངས་མི་འདྲ་བ་གཉིས་འདུག་སྟབས། ང་ཚོས་ཆོས་ལུགས་ལྟོས་མེད་ལ་བསྒྱུར་བ་དེ་ Secular ཞེས་པའི་ཚིག་དེའི་དོན་ཏག་ཏག་སྟོན་ཐུབ་ཀྱི་མི་འདུག་པས་ཆོས་ལུགས་རིས་མེད་ཅེས་པ་དེ་ལེགས་པ་འདུག་ཅེས་གཏན་ལ་ཕབ་པ་རེད། དེར་བརྟེན་ཚིག་མཛོད་ནང་ཆོས་མེད་རིང་ལུགས་ཞེས་ཡོད་ཀྱང་བོད་གཞུང་གི་གཞུང་འབྲེལ་གྱི་ཚིག་ནི་ཆོས་ལུགས་རིས་མེད་ཅེས་པ་འདི་རེད་ཅེས་ཞུ་རྒྱུ་ཡིན། འོན་ཀྱང་མ་འོངས་པར་གཞུང་འབྲེལ་གྱིས་འགྱུར་བ་བཏང་གནང་ན་གནས་ཚུལ་ཐ་དད་རེད། ཆོས་ལུགས་རིས་མེད་དང་ཆོས་སྲིད་ཟུང་འབྲེལ་གྱི་ཚིག་གཉིས་ཏག་ཏག་དཀར་པོ་ནག་པོ་ལྟ་བུ་རྒྱབ་འགལ་དུའང་སྡོད་ཀྱི་མེད་པ་རེད། འོན་ཀྱང་སྲིད་དོན་ཚན་རིག་གི་ཐོག་ནས་བེད་སྤྱོད་གཏོང་སྟངས་ཀྱི་ཆ་ནས་ང་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་ཚིག་དེ་བེད་སྤྱོད་མ་བཏང་བར་ཆོས་ལུགས་རིས་མེད་ཀྱི་ཚིག་དེ་བེད་སྤྱོད་བཏང་ན་ཞེས་ཐོག་མར་བཅའ་ཁྲིམས་ཟིན་བྲིས་ནང་དེ་ལྟར་བཀོད་པ་རེད། ཆོས་ལུགས་རིས་མེད་ཅེས་བསྒྱུར་རྒྱུའི་གཞི་རྟེན་དུ་བདག་ཉིད་ཆེན་པོ་གཱན་རྡི་མཆོག་ནས་བེད་སྤྱོད་གནང་བའི་ Sarva Dharma Sambava ཞེས་པའི་ཚིག་འདི་ཏག་ཏག་ Secular ཞེས་པར་གོ་ཐུབ་ཀྱི་འདུག་ཅེས་གསུངས་ནས་བསྒྱུར་བ་རེད། དེས་ན་ Secular ཞེས་པ་དེ་ཆོས་མེད་དམ་ཆོས་ལ་དགག་བྱ་བྱེད་མཁན་ལ་གོ་བ་རེད་ཅེས་གསུངས་ན་དབྱིན་ཇི་སྐད་རང་གི་ཚིག་མཛོད་ནང་གཟིགས་པ་ཡིན་ནའང་ཡོད་མ་རེད། སྲིད་ཀྱི་རིང་ལུགས་ཞེས་པ་ཞིག་ལས་ཆོས་མེད་རིང་ལུགས་ཞེས་པ་ཞིག་ཡོད་མ་རེད། Oxford Dictionary, Encyclopedia Britannica, Encyclopedia of America སོགས་གང་དུ་གཟིགས་པ་ཡིན་ནའང་ཆོས་མེད་རིང་ལུགས་ཞེས་བསྒྱུར་ཡོད་མ་རེད། ལྷག་པར་དུ་སྲིད་ཀྱི་རིང་ལུགས་ཞེས་བསྒྱུར་སྐབས་དེའི་ཟླས་དྲང་ས་ནི་ Religious ཞེས་པ་ལས་དྲངས་པ་མ་གཏོགས་ཆོས་ནས་དྲངས་མེད། ཆོས་དང་ Religion གཉིས་ག་དུས་ཡིན་ནའང་གཅིག་པ་འདྲ་པོ་འཁྱེར་ནས་ཏག་ཏག་སྡོད་ཀྱི་ཡོད་མ་རེད། གང་ལྟར་ང་ཚོས་འདི་ཧ་ཅང་སྟབས་བདེ་པོ་བཟོ་ན་མཚམས་རེར་གོ་བ་ལོག་གྲབས་བྱེད་ཀྱི་ཡོད་རེད། དབྱིན་ཇིའི་སྐད་དུ་ Overly Simplified ཞེས་པ་ལྟ་བུ་ཆགས་ཀྱི་ཡོད་པ་རེད། ང་ཚོས་ནམ་རྒྱུན་དགོངས་པ་བཞེས་སྟངས་ཤིག་ལ་ཆོས་ལུགས་རིས་མེད་ཅེས་པའམ་ Secular ཞེས་པའི་ཚིག་བེད་སྤྱོད་བཏང་སྐབས་གྲོས་ཚོགས་ནང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་བུད་འགྲོ་གི་ཡོད་པ་གཞིར་བཞག་ལྟ་བུའི་དགོངས་པ་བཞེས་རྒྱུའི་གོམས་གཤིས་ཆགས་འདུག ཆོས་ལས་གལ་ཆེ་བ་གྲོས་ཚོགས་ཀྱི་རྐུབ་སྟེགས་ཡིན་པ་ལྟ་བུར་དགོངས་པ་བཞེས་ཏེ་ཆོས་ལུགས་རིས་མེད་ཆགས་ན་ང་ཚོའི་རྐུབ་སྟེགས་ཤོར་འགྲོ་རྒྱུ་རེད་དགོངས་པ་ཡིན་ན། དེ་གཉིས་འབྲེལ་བ་རྩ་ནས་ཡོད་མ་རེད་ཅེས་སྔོན་མ་ནས་ངས་ཞུས་མྱོང་ལ། ད་དུང་ཡང་ཞུ་རྒྱུ་ཡིན། ཡོངས་གྲགས་ Secular ལམ་སྲོལ་ཐོག་ནས་སྲིད་སྐྱོང་མཁན་རྒྱལ་ཁབ་མང་པོའི་ནང་ཆོས་ལུགས་ཀྱི་འཐུས་མི་གྲོས་ཚོགས་ནང་ཕེབས་པའི་ལམ་སྲོལ་ད་ལྟ་ཡོད་བཞིན་པ་རེད། ངེད་རང་གིས་ཤེས་པ་ལའང་རྒྱལ་ཁབ་བཞི་ལྔ་ཙམ་བགྲང་རྒྱུ་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྩ་ཁྲིམས་ནང་གཟིགས་ན་ལམ་སྲོལ་དེ་གང་དུའང་བཀག་ཡོད་མ་རེད། ཆོས་ལུགས་རིས་མེད་ཡིན་པའི་རྒྱུ་མཚན་གྱིས་ཆོས་ལུགས་འཐུས་མི་གྲོས་ཚོགས་ནང་ཕེབས་མི་ཆོག་པའི་གནས་ཚུལ་སླེབས་ཀྱི་ཡོད་མ་རེད། འདི་ཚང་མའི་ཐུགས་ལ་འཇོག་དགོས་པ་ཞིག་རེད། ཆོས་ལུགས་རིས་མེད་བྱས་པའི་ཉིན་མོ་དེ་ནས་ཆོས་ལུགས་ཀྱི་སྐུ་ཚབ་གྲོས་ཚོགས་ནས་བུད་འགྲོ་གི་རེད་དགོངས་པ་དེ་ནོར་བ་རེད། དེ་དང་ཆབས་ཅིག་ཆོས་ལུགས་རིས་མེད་ཀྱི་སྲིད་གཞུང་ཆགས་པ་ཡིན་ན་ཆོས་དོན་ལས་ཁུངས་མེད་པ་ཆགས་ཀྱི་རེད་ཅེས་པའང་བདེན་པ་རྩ་བ་ཉིད་ནས་མ་རེད། ཆོས་ལུགས་རིས་མེད་ཀྱི་སྲིད་གཞུང་ཆགས་ན་ཆོས་དོན་ལས་ཁུངས་དེ་བས་ཀྱང་གལ་ཆེ་རུ་འགྲོ་གི་རེད། ཆོས་ལུགས་ཡོངས་རྫོགས་ཀྱི་སྐུ་ཚབ་མཚོན་ཐུབ་པའི་འཐུས་མི་ཡིན་པ་དང༌། ཡོང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་རེད། ད་ལྟ་ཆ་བཞག་ན་རྒྱ་གར་ནང་ཆོས་དོན་ལས་ཁུངས་ཡོད་པའི་མངའ་སྡེ་ཡོད་པ་དང༌། རྒྱ་གར་གྱི་རྩ་ཁྲིམས་ནང་འགོ་དེར་ Secular ཡིན་ཞེས་གསལ་པོ་ཨིན་དི་ར་གཱན་རྡིས་བཅུག་ནས་དྲིལ་བསྒྲགས་བྱས་ཏེ་ Secular ཡིན་ཞེས་གསུང་གི་ཡོད་རེད། འོན་ཀྱང་ཆོས་དོན་ལས་ཁུངས་དེ་དག་སྒོ་བརྒྱབས་ཡོད་མ་རེད། མངའ་སྡེ་སོ་སོའི་ནང་ཆོས་དོན་ལས་ཁུངས་གང་དུ་ཡོད་པ་དེ་དག་ད་ལྟའང་ཡོད་རེད། ཆོས་དོན་ལས་ཁུངས་ཡོད་པ་དང་གཞུང་ཆོས་ལུགས་རིས་མེད་ཡིན་པ་གཉིས་འགལ་བ་རྩ་ནས་འགྲོ་གི་ཡོད་མ་རེད། བཀུར་འོས་བཀའ་བློན་ནས་ཀྱང་ Secular སྲིད་གཞུང་ཡིན་ཙང་གྲྭ་པ་ཚོར་སློབ་ཡོན་སྤྲོད་རྒྱུ་སྐུ་ངལ་འཕྲད་ཀྱི་ཡོད་པ་ལྟ་བུ་གསུངས་སོང༌། འདི་ཡང་འབྲེལ་བ་ཆགས་ཀྱི་ཡོད་མ་རེད། ད་ལྟའི་གནས་སྐབས་ལ་ལ་དྭགས་ཀྱི་དགོན་པ་ ༣༤་་༣༥ ནང་རྒྱ་གར་གཞུང་གིས་འགྲོ་གྲོན་བཏང་ནས་གྲྭ་པ་ཚོར་སློབ་ཡོན་སྤྲོད་ཀྱི་ཡོད་རེད། རྒྱ་གར་གཞུང་གིས་འགྲོ་གྲོན་བཏང་ནས་དགོན་པ་དང་ལྷ་ཁང་སོགས་རྒྱག་གི་ཡོད་རེད། རྒྱ་གར་གཞུང་གིས་འགྲོ་གྲོན་བཏང་ནས་ལྷ་བཟོ་གི་ཡོད་རེད། དེ་དག་གིས་རྒྱ་གར་གཞུང་ Secular མ་ཡིན་པ་ཞིག་ཆགས་འགྲོ་ཡོད་མ་རེད། ཚང་མ་བསྲེ་བསྲེ་བཏང་ནས་ཆོས་ལུགས་རིས་མེད་ཆགས་ན་གྲོས་ཚོགས་ནང་འཐུས་མི་སྡོད་ཀྱི་མ་རེད། དགོན་པར་དངུལ་རག་གི་མ་རེད། ལྷ་ཁང་ལ་ཉམས་གསོ་བྱེད་ཆོག་གི་མ་རེད། ཆོས་བསླབ་ཆོག་གི་མ་རེད་ཅེས་པ་ལྟ་བུ་བང་བསྒྲིགས་ན་ Secular ཞེས་པ་དེ་ཏག་ཏག་གོ་བ་མ་ལེན་པ་རེད་ཅེས་ཟུར་བརྗོད་བྱ་རྒྱུ་ལས། གནས་ཚུལ་གང་གི་ཐོག་རྒྱབ་སྐྱོར་དང་དགག་བྱ་ཞུ་གི་མེད། སྤྱིར་བཏང་བོད་གཞུང་གི་གཞུང་འབྲེལ་ཡིག་ཆའི་ནང་ Secular ཞེས་པ་བོད་སྐད་ནང་གང་ལ་བསྒྱུར་ཡོད་མེད་གཟིགས་དགོས། ཆོས་མེད་རིང་ལུགས་མ་ཡིན་པར་ཆོས་ལུགས་རིས་མེད་ཡིན་པ་དེ་ཚང་མས་གསལ་པོ་མཁྱེན་ན་ཚིག་མཛོད་གང་བྱུང་ལ་གཟིགས་ཏེ་ཆོས་མེད་རེད་ཅེས་གསུངས་ན་ཏག་ཏག་སྡོད་ཀྱི་ཡོད་མ་རེད། ཚིག་དེའི་གོ་དོན་ཡང་ཆོས་མེད་ཅེས་ཡོད་མ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦