འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་འཆར་སྣང༌།

སྔོན་གླེང༌། དེབ་ཆུང་འདིའི་རྩོམ་པ་པོས་འབྱུང་འགྱུར་བོད་ཀྱི་འཛུགས་སྐྲུན་སྐོར་རྩོམ་ཡིག་འདིའི་བརྒྱུད་ནས་རང་གི་བསམ་ཚུལ་འགའ་ཤས་གསལ་བཏོན་བྱ་རྒྱུའི་འབད་བརྩོན་བྱས་ཡོད། བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་གཞན་དག་དང་མཚུངས་པར་རྩོམ་པ་པོའང་རྒྱ་གར་ནང་བཙན་བྱོལ་དུ་གནས་ཏེ།ལོ་ངོ་བཅུ་ཕྲག་བཞི་ལ་ཉེ་བ་སོང་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དམིགས་པ་མེད་པའི་ཐུགས་རྗེ་དང་རིན་ཐང་བྲལ་བའི་ལམ་སྟོན་འོག་བཙན་བྱོལ་བོད་མི་གཞན་དག་དང་མཉམ་བོད་ཀྱི་ཆོས་དང༌། རིག་གཞུང༌། ལེགས་བྱང་བཅས་པའི་བདག་གཅེས་རྒྱུན་འཛིན་བྱ་རྒྱུར་རང་ནུས་ལ་དཔགས་པའི་འབད་བརྩོན་ཆུང་ངུ་ཞིག་བྱས་པའི་མུར། བོད་ཀྱི་འབྱུང་འགྱུར་གྱི་གནས་སྟངས་ཐོག་བསམ་ཞིབ་མང་ཙམ་བྱས་ཏེ་ཉམས་ཆག་ཚབས་ཆེ་ཕྱིན་པའི་བོད་ཀྱི་དཔལ་ཡོན་སླར་གསོའི་ཐོག་དྲང་བདེན་དང་ཞི་བདེ་ལྡན་པའི་འཇིག་རྟེན་གསར་པ་ཞིག་བསྐྲུན་རྒྱུར་མཉམ་རུབ་བྱ་རྒྱུའི་རེ་འདུན་བཅངས་ཡོད། རྩོམ་པ་པོའི་སེམས་ཀྱི་གཏིང་དུ་ཡུན་རིང་གནས་པའི་འབྱུང་འགྱུར་བོད་ཀྱི་གནས་སྟངས་སྐོར་གྱི་བསམ་ཚུལ་རྣམས་དེབ་ཆུང་འདིའི་ནང་གཞིས་བྱེས་བོད་མི་རྣམས་དང༌། བོད་པའི་གྲོགས་པོ་རྣམས་བཅས་ཀྱི་མཉམ་དུ་བགོ་བཤའ་དང་བསམ་ཚུལ་བརྗེ་ལེན་བྱ་བའི་ཆེད་དུ་བཀོད་ཡོད།

ྋགོང་ས་ྋསྐྱབས་མགོན་ཆེན་པོས་མ་འོངས་བོད་ཀྱི་གནས་སྟངས་སྐོར་དགོངས་བཞེད་ལམ་སྟོན་མཛད་པ་ཁག་ལ་རྩོམ་པ་པོས་མཐའ་གཅིག་ཏུ་ཡིད་ཆེས་དད་མོས་དང༌། མོས་མཐུན་ཡོད་པ་བརྗོད་མ་དགོས་ཀྱང༌། འདིར་བཀོད་པའི་དོན་ཚན་རྣམས་ྋགོང་ས་མཆོག་གི་དགོངས་བཞེད་ལམ་སྟོན་ཁག་གི་འགྲེལ་བརྗོད་དམ་རྒྱས་བཤད་ལྟ་བུ་ཡིན་པར་ངོས་འཛིན་བྱེད་མི་འོས། ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་ལས་རྩོམ་པ་པོར་གོ་རྟོགས་དང༌། སྙིང་སྟོབས་སྤེལ་བ། ཤེས་རབ་བསྐྱེད་པ་བཅས་བྱུང་ཡོད་པ་གདོན་མི་ཟ་ནའང༌། ྋགོང་ས་མཆོག་གི་དགོངས་ཚུལ་ཇི་བཞིན་རྟོགས་པར་སྨྲ་བའི་ནུས་པ་གཏན་ནས་མེད། འདིར་བཀོད་པའི་བརྗོད་དོན་རྣམས་ནི་རྩོམ་པ་པོ་རང་གི་བསམ་ཚུལ་ཁོ་ན་ཡིན་ཞིང༌། ཧ་ལས་ན་རྩོམ་པ་པོ་རང་ངོས་ནས་ྋགོང་ས་མཆོག་གི་དགོངས་ཚུལ་ལ་གོ་བ་ལེན་ཕྱོགས་འདི་འདྲ་ཞིག་ཡིན་ཞེས་བརྗོད་ནུས་ཙམ་ཡོད་སྲིད།

དེབ་ཆུང་འདི་འབྲི་སྐབས་རྩོམ་པ་པོ་རང་གི་ཤེས་འཇོན་གྱི་གནས་ཚད་ཇི་ཡོད་ཀྱི་ཚོར་སྣང་གསལ་པོ་ཡོད་ཅིང༌། སྤྱི་ཚོགས་ཚན་རིག་དང༌། དེང་རབས་ཀྱི་སྲིད་དོན། དཔལ་འབྱོར། ཁྲིམས་སྲོལ་བཅས་ཀྱི་ཆེད་སྦྱོང་མེད་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཀྱང༌། འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལ་ཉེ་བའི་རིང་ཕྱིའི་འཇིག་རྟེན་དང་བཙན་ཐབས་སུ་འབྲེལ་ལམ་བྱུང་དབང་གིས་དེང་རབས་སྤྱི་ཚོགས་ཀྱི་ལམ་སྲོལ་དང༌། གནས་ཚུལ་ཐམས་ཅད་ལ་གོ་ཐོས་ཉམས་མྱོང་རྩ་བ་ནས་མེད་པའང་བརྗོད་མི་ཐུབ་ཅིང༌། ལྷག་པར་དེང་རབས་ཀྱི་ཤེས་ཡོན་ནི་སྲོལ་རྒྱུན་དང༌། ནང་དོན་རིག་པ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བཅས་དང་རྒྱབ་འགལ་གྱི་གནས་ཚུལ་ཞིག་ཡིན་པའང་ཚོར་སྣང་གསལ་པོ་བྱུང་ཡོད། ལྷག་པར་ཇི་ཙམ་དེང་རབས་ཀྱི་གནས་ཚུལ་ལ་གོ་རྟོགས་མྱོང་གོམས་ཇི་ཙམ་འཕེལ་བ་དེ་ཙམ་གྱིས་སྲོལ་རྒྱུན་དང༌། ནང་དོན་རིག་པ། དམ་པའི་ཆོས་ལུགས་བཅས་ལ་རྒྱུ་མཚན་ཤེས་པའི་ངེས་པ་རྙེད་པའི་བློ་གྲོས་ཤིག་ཐོབ་ཐུབ་པ་ནི་རྩོམ་པ་པོ་རང་ཉིད་ཀྱི་ཡི་རངས་འོས་པའི་བསོད་སྡེ་ཞིག་ཡིན་པའི་ཚོར་སྣང་བྱུང་ཡོད། གནས་ཚུལ་འདི་རྣམས་ལས་བོད་ཀྱི་རང་དབང་བསྐྱར་གསོ་དང༌། བོད་མིའི་ངོས་འཛིན་དང་བླ་སྲོག་བཅས་སྲུང་སྐྱོབ་ཀྱི་ཐོག་འབྱུང་འགྱུར་བོད་དུ་ཆབ་སྲིད་དང༌། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་སྒྲོམ་གཞི་བསྐྱར་བཅོས་བྱ་རྒྱུའི་ལས་འགན་དམིགས་བསལ་བ་ཞིག་བཙན་བྱོལ་བོད་མི་ཚོར་ཡོད་པ་དེ་ལ་དྲན་གསོ་གཏིང་ཟབ་ཅིག་ཐེབས་ཡོད། བོད་ནི་ཤེས་རྟོགས་ཡོད་པའི་ལོ་རྒྱུས་ཀྱི་ནང་དུས་རབས་སྡུག་ཤོས་ཀྱི་འོག་ནས་འགྲོ་བཞིན་པའི་སྐབས་འདིར་བོད་མི་ཡོངས་རྫོགས་ལ་འབྱུང་འགྱུར་བོད་ཀྱི་ཆེད་དུ་འབད་བརྩོན་བྱ་དགོས་པའི་ལས་འགན་འདོར་དུ་མི་རུང་བ་ཞིག་ཡོད་པ་མཐོང་ཡོད།

གཟུ་བོར་གནས་པའི་སྐྱེ་བོ་འགའ་ཞིག་ལ་རྩོམ་པ་པོ་ནང་པའི་དགེ་སྦྱོང་ཞིག་ཡིན་པའི་ཆ་ནས་བོད་དང་བོད་མིའི་སྐོར་ཁོ་ནར་སེམས་ཁུར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་དང༌། བོད་མིའི་ཁེ་ཕན་འཇིག་རྟེན་འདིའི་རྒྱལ་ཁབ་གཞན་དག་གི་ཡུལ་མིའི་ཁེ་ཕན་ལས་གལ་གནད་ཆེ་བ་དང༌། ལྷག་པར་རྒྱ་ནག་གི་མང་ཚོགས་ཀྱི་ཁེ་ཕན་ལས་གལ་གནད་ཆེ་བ་ཞིག་ཏུ་ངོས་འཛིན་གྱི་ཡོད་དམ་ཞེས་པའི་དྲི་བ་འདི་རང་བཞིན་གྱིས་ཡོང་སྲིད་པ་ཞིག་རེད། རྩོམ་པ་པོ་ཐེག་པ་ཆེན་པོའི་ལམ་ལ་དད་འདུན་སྤུ་སུད་ཙམ་ཡོད་པའི་དབང་གིས་མཁའ་ཁྱབ་ཀྱི་སྐྱེ་འགྲོ་ཡོངས་ལ་འདྲ་མཉམ་གཅིག་གྱུར་དུ་ཕན་བདེ་སྒྲུབ་དགོས་ཀྱི་ལྷག་བློ་བག་ཙམ་ཞིག་ཡོད་ཁུལ་ཡང༌། འཆིང་བ་ཀུན་ལྡན་གྱི་སྐྱེ་བོས་ལས་དོན་ལག་ལེན་བསྟར་ནུས་པའི་ས་མཚམས་ནི་རང་གི་ནུས་པས་བསྙབ་ཚོད་ཀྱི་འབྲེལ་ཡོད་ཀྱི་སྐྱེ་འགྲོ་དང་ཞིང་ཁམས་དེ་ཙམ་ཞིག་ཡིན་པ་ཀུན་གསལ་རེད། དགེ་སློང་ཐ་མལ་པ་ད་ལྟའི་རྩོམ་པ་པོ་འདི་ལྟ་བུར་མཚོན་ན་ལས་དབང་གིས་བོད་ནི་ཁོ་རང་གི་བྱ་བའི་ཡུལ་དུ་བཀོད་གཤིས། བོད་དང་བོད་མི་རྣམས་ལ་མཐའ་མེད་པའི་བྱམས་བརྩེ་དང་གུས་བཀུར་གྱི་ཚོར་སྣང་ཡོད་ཅིང༌། བོད་ཀྱི་ལྗོངས་སུ་ཁོ་པའི་ལུས་སེམས་ཀྱི་འཚར་ལོངས་བྱུང་བ་ཙམ་མ་ཟད། བླང་དོར་འབྱེད་པའི་བློའི་ནུས་པ་དང་འཇིག་རྟེན་ཀུན་ཕན་གྱི་ལྷག་བསམ་བག་ཙམ་ཞིག་ཡོད་པའང་ཡུལ་ལྗོངས་འདིའི་དྲིན་ལས་བྱུང༌། འཇིག་རྟེན་འདིའི་རྒྱལ་ཁབ་ཁག་གི་ནང་བོད་ལ་ཐུན་མོང་མ་ཡིན་པའི་གནས་བབས་ཤིག་ཡོད་ཅིང༌། དེ་ནི་བོད་མི་ཡོངས་ལ་སྐྱེས་ཐོབ་ཀྱིས་འཁྲི་བའི་འཇིག་རྟེན་སྤྱི་ཡོངས་ལ་དམིགས་པའི་ལས་འགན་དེའི་དབང་གིས་ཡིན། དེ་འདྲའི་ལས་འགན་ནི་ཐུན་མིན་ནང་དོན་རིག་པའི་བརྒྱུད་རིམ་རྣམས་སེམས་ཅན་སྤྱིའི་དོན་དུ་འཛིན་སྐྱོང་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན། འདས་པའི་ལོ་ངོ་བཞི་བཅུ་ལྷག་རིང་བོད་ཀྱི་ཆོས་དང་རིག་གཞུང༌། ལེགས་བྱང༌། སྣོད་བཅུད་ཁོར་ཡུག་དང་བཅས་པ་རྒྱ་དམར་གྱི་བཙན་གནོན་གདུག་རྩུབ་དབང་གིས་བསམ་བརྗོད་ལས་འདས་པའི་ཉམས་རྒུད་ཚབས་ཆེན་ཞིག་བྱུང་ནའང༌། ད་དུང་བོད་དང་བོད་མིར་སེམས་ཅན་སྤྱི་ཡོངས་ཀྱི་ཆེད་དུ་ལས་དོན་རླབས་ཆེན་ཞིག་སྒྲུབ་པའི་ལས་འགན་དང་ནུས་པ་གཉིས་ཀ་ཡོད་པ་རྩོམ་པ་པོས་ཡིད་ཆེས་བྱེད་ཀྱི་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་བཞེད་ལྟར་བོད་ལྗོངས་ཡོངས་རྫོགས་སླར་ཡང་འཚེ་མེད་ཞི་བའི་བསྟི་གནས་དང༌། སྲོལ་རྒྱུན་དང་ནང་དོན་རིག་པའི་བདག་གཅེས་དང་ཁྱབ་སྤེལ་གྱི་ཞིང་ཁམས། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྐྱར་གསོ་ཐུབ་པ་ཡིན་ན་འཇིག་རྟེན་སྤྱིའི་ཞི་བདེ་ལ་ཕན་པ་ཙམ་མ་ཟད། ཁྱད་པར་རྒྱ་ནག་གི་མི་མང་ལ་ཕན་ཐོགས་ཡོང་ངེས། ལོ་གྲངས་སྟོང་ཕྲག་བརྒལ་བའི་རིང་རྒྱ་བོད་ཁྱིམ་མཚེས་སུ་གནས་ཤིང༌། བོད་ཀྱི་ནང་དོན་རིག་པའི་སློབ་གསོས་རྒྱ་དང་ཧོར་གྱི་མི་རིགས་ལ་ཕན་ཐོགས་རླབས་ཆེན་བསྒྲུབས་ཏེ་བོད་རྒྱ་མཆོད་ཡོན་གྱི་འབྲེལ་ལམ་ངང་གནས་པའི་ལོ་རྒྱུས་ཀྱི་རྟགས་མཚན་ཟུབ་མེད་དུ་ཡོད། བོད་ལ་བཙན་གནོན་དང་བཤུ་གཞོག་བྱས་པས་རྒྱ་ནག་གི་མང་ཚོགས་ལ་ཕན་ཐོགས་གང་ཡང་མེད་པའང་ཉེ་བའི་ཆར་གྱི་ལོ་རྒྱུས་ལས་མངོན་སུམ་ཚད་གྲུབ་ཏུ་གྱུར་ཟིན། དེ་བས་རྒྱ་བོད་ཞི་མཐུན་མཉམ་གནས་ཀྱི་འབྲེལ་ལམ་བཟང་པོ་ྋགོང་ས་མཆོག་གི་ཐུགས་བཞེད་དང་མཐུན་པ་ཞིག་བྱུང་ན་གནའ་རབས་རྒྱ་བོད་མཆོད་ཡོན་གྱི་འབྲེལ་ལམ་ད་ཆ་བསྐྱར་གསོ་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད། རང་དབང་བོད་ཀྱི་གོ་དོན་ནི་མཐའ་གཅིག་ཏུ་རྒྱ་བོད་ཁ་བྲལ་དུ་འགྲོ་དགོས་པའི་ངེས་པ་མེད། ད་ལྟ་རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་དབང་ལས་བོད་རྒྱ་ཁ་བྲལ་འགྲོ་ཐབས་བྱ་དགོས་ཀྱི་རྒྱུ་རྐྱེན་ཡོང་བཞིན་པ་མ་གཏོགས། དེ་མིན་རྒྱ་བོད་མཉམ་མཐུན་དུ་གནས་མི་ཐུབ་པའི་རྒྱུ་མཚན་མེད།

བྱརང་དབང་བྱ ཞེས་པའི་ཚིག་གི་གོ་དོན་ནི་དབྱིན་སྐད་ཀྱི་ Freedom ཞེས་པའམ་ Independence ཞེས་པའི་ཚིག་དོན་བོད་སྐད་དུ་བསྒྱུར་བ་ཙམ་ཞིག་མིན་པར། དེ་ལས་ལྷག་པའི་སྲོལ་རྒྱུན་གྱི་གོ་དོན་ཆེན་པོ་ཞིག་ཡོད་ཅིང༌། མཐར་ཐུག་གི་རང་དབང་ནི་ལས་དང་ཉོན་མོངས་པའི་གཞན་དབང་ལས་གྲོལ་བའི་རང་དབང་ཐར་པའི་གོ་འཕང་དེ་ཡིན། དེ་འདྲའི་རང་དབང་ཞིག་བསྒྲུབ་པ་ལ་སྤྱི་ཚོགས་དང༌། ས་ཁུལ། ཁོར་ཡུག་བཅས་ཀྱི་མཐུན་རྐྱེན་འཛོམས་པ་ཞིག་དགོས་ཤིང༌། དེའི་ཆེད་དུ་བོད་ཀྱི་ནང་ད་ལྟའི་གནས་སྟངས་ལས་གྲོལ་བའི་རང་དབང་ཞིག་ཀྱང་ངེས་པར་དུ་དགོས་པ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མིའི་འཐབ་རྩོད་ནི་སྲིད་དོན་གྱི་ལས་འགུལ་ཞིག་མིན་ལ། རྒྱ་ནག་ལ་གནོད་པའི་ལས་འགུལ་ཞིག་ཀྱང་གཏན་ནས་མིན། འཐབ་རྩོད་དེ་ནི་མི་རིགས་གཉིས་དབར་མི་མཐུན་པའི་འཐབ་རྩོད་དང༌། ཡང་ན་སྲིད་དོན་གྱི་ལྟ་གྲུབ་མི་མཐུན་པའི་འཐབ་རྩོད་ཀྱང་མ་ཡིན། འདི་ནི་བོད་མི་རྣམས་ཀྱིས་ནང་དོན་རིག་པའི་ཉམས་ལེན་དང༌། བོད་མིར་རང་གི་སྐྱེས་ཐོབ་ཀྱི་ལས་འགན་བསྒྲུབ་པ་ལ་ངེས་པར་དགོས་མཁོ་ཡོད་པའི་གཞི་རིམ་གྱི་ཞི་བདེ་དང༌། རང་དབང་བསྐྱར་གསོ་བྱ་བའི་ཆེད་དུ་འབད་བརྩོན་བྱེད་པ་ཙམ་ཁོ་ན་ཡིན་པས། དོན་དུ་རྒྱ་ནག་གི་མང་ཚོགས་དང་སེམས་ཅན་སྤྱི་ལ་ཕན་བདེ་བསྒྲུབ་པའི་ཆེད་དུ་ཡིན།

བདེན་པ་དང་འཚེ་མེད་ཞི་བའི་ལམ་འགྲོ་བ་མིའི་སྤྱི་ཚོགས་སུ་བསྐྱར་གསོ་སྲ་བརྟན་ཞིག་མ་བྱུང་ཕྱིན་སའི་གོང་བུ་འདིའི་ཐོག་མིའི་སྐྱེ་འགྲོ་མ་འོངས་པར་ཇི་ཙམ་ཡུན་གནས་ཐུབ་མིན་དྭོགས་གཞིའི་གནས་སུ་ཡོད། བོད་ཀྱི་ཡུལ་མི་རྣམས་ལ་བདེན་པ་དང་འཚེ་བ་མེད་པའི་ལམ་བསྐྱར་གསོ་བྱ་རྒྱུའི་ལས་འགན་དམིགས་བསལ་བ་ཞིག་ཡོད་པ་ནི་བརྗོད་ཟིན་པ་ཡིན།

གོང་གསལ་གྱི་གནས་ཚུལ་དེ་དག་བློ་ཕུགས་སུ་བཞག་ནས་རྩོམ་པ་པོས་འབྱུང་འགྱུར་བོད་ཀྱི་གནས་ཚུལ་སྐོར་བློའི་འཆར་སྒོ་འགའ་ཞིག་ཤིན་ཏུ་མདོར་བསྡུས་ཀྱི་ལམ་ནས་དེབ་ཆུང་འདིའི་ནང་འགོད་རྒྱུའི་འབད་བརྩོན་བྱས་ཡོད། འདི་དག་ནི་བསམ་པའི་འཆར་སྒོ་ཙམ་ཡིན་པས་ལེགས་བཅོས་དང་སྣོན་འཕྲི་སྤོར་གཅོག་གང་དགོས་རིམ་བཞིན་བྱ་འཐུས། འདི་ནི་བོད་མི་རྣམས་ཀྱི་དགོངས་པའི་དཔྱད་གཞི་ཙམ་ཡིན་པས་སུ་ལའང་ཐུགས་བབས་མ་གྱུར་ཚེ་མཆིལ་མའི་ཐལ་བ་བཞིན་རིང་དུ་འདོར་བ་ལ་ཐེ་ཚོམ་ནེམ་ནུར་མཛད་དགོས་མ་མཆིས་སོ།། རྩོམ་པ་པོས་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༡༨ ལ།

༄༅། །སྤྱི་ནོར་ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་རིང་ནས་ཐུགས་ལ་བཅངས་པའི་བཞེད་དགོངས་བོད་ཀྱི་ཆབ་སྲིད་མང་གཙོའི་རིང་ལུགས་སུ་བསྒྱུར་རྒྱུ་བོད་ནང་རྒྱ་དམར་གྱི་བཙན་གནོན་དབང་གིས་དགོངས་མཐུན་ཕྱག་བསྟར་མ་གྲུབ་ཀྱང༌། བཙན་བྱོལ་དུ་ཕེབས་འཕྲལ་ཕྱི་ལོ་ ༡༩༦༠ ནས་བཙན་བྱོལ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་ཏེ་མང་གཙོའི་རིང་ལུགས་དངོས་སུ་ཕྱག་ལེན་བསྟར་འགོ་ཚུགས་ཤིང༌། ཕྱི་ལོ་ ༡༩༩༡ ལོར་གྲངས་འབོར་རྒྱ་བསྐྱེད་གནང་བའི་སྐབས་བཅིུག་པའི་སྤྱི་འཐུས་ལྷན་ཚོགས་འོས་ཐོན་དམ་འབུལ་གྲུབ་འཕྲལ་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་ཁུར་ཞུས་ཏེ་ྋགོང་ས་མཆོག་གི་གསོལ་བསྩལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ཐོག་བགྲོ་གླེང་མཐིལ་ཕྱིན་གྱིས་གཏན་འབེབས་ཞུས་པར་ྋགོང་ས་མཆོག་གི་ཆོག་མཆན་བསྩལ་ཐོན་གྱིས་གཞི་རིམ་ཁྲིམས་ཡིག་ལྡན་པའི་མང་གཙོའི་རིང་ལུགས་དངོས་སུ་དབུ་ཚུགས་ཏེ་ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་ལུགས་དབང་འཛིན་བཅས་པའི་སྡེ་ཚན་དང་འགན་དབང་འདྲེས་མེད་དང༌། ལུགས་མཐུན་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ལུགས་དང་སྲིད་བྱུས་གཏན་འབེབས་བྱ་རྒྱུའི་དབང་ཚད་ལག་བསྟར་བྱས་པ་ནས་བཟུང༌། བཙན་བྱོལ་བོད་མིའི་ཁེ་ཕན་ཙམ་མ་ཟད། གཞིས་ལུས་བོད་མི་རྣམས་བཙན་འོག་ལས་གྲོལ་ཏེ་རང་དབང་མང་གཙོའི་ལམ་བཟང་གསར་པའི་ཐོག་བསྐྱོད་ཐབས་ཀྱི་འབད་བརྩོན་བྱ་རྒྱུའི་ནུས་རྩལ་ཡོངས་སུ་སྨིན་པའི་རྣམ་འགྱུར་གསལ་པོ་ཐོན་ཡོད།

འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ནི་རང་དབང་གི་གོ་སྐབས་བྱུང་མཚམས་གཞིས་ལུས་བོད་མི་མང་ཚོགས་ཀྱི་བསམ་ཚུལ་དང་མངོན་འདོད་ལྟར་ཐག་གཅོད་བྱ་རྒྱུ་ལས། ལམ་སྲོལ་དང་ལྟ་གྲུབ་གང་ཡང་ཁོ་ཚོའི་མངོན་འདོད་དང་མ་བསྟུན་པར་བཙན་འགེལ་བྱ་རྒྱུ་མིན། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་མཛད་པའི་བཙན་བྱོལ་བོད་གཞུང་འདི་ཉིད་གཞིས་བྱེས་བོད་མི་ཡོངས་ཀྱིས་བོད་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་དང༌། བོད་མི་ཡོངས་ཀྱི་མངོན་འདོད་དང་རེ་འདུན་མཚོན་པའི་ངོ་ཚབ་ཏུ་ངོས་ལེན་བྱེད་ཀྱི་ཡོད་པར་བརྟེན། རང་ཅག་བཙན་བྱོལ་བོད་མི་རྣམས་ལ་བསམ་ཚུལ་དང༌། རིང་ལུགས། སྲིད་བྱུས། ལས་འཆར་སྣ་ཚོགས་ཤིག་གཞིས་བྱེས་བོད་མི་ཡོངས་ཀྱི་དགོངས་པའི་དཔྱད་གཞིར་འགོད་འབུལ་འགྲེམས་སྤེལ་བྱ་རྒྱུ་ལས་འགན་དུ་བབས་ཡོད། གང་ལགས་ཤེ་ན། གཞིས་ལུས་བོད་མི་རྣམས་ནི་རྒྱ་དམར་བཙན་གནོན་དབང་གིས་ཤེས་ཡོན་སློབ་སྦྱོང་དང༌། གནས་ཚུལ་གོ་ཐོས། དེང་དུས་འཇིག་རྟེན་གྱི་གནས་སྟངས་ལ་རྟོག་ཞིབ་ཉམས་མྱོང་གི་གོ་སྐབས་བཅས་ནམ་ཡང་མ་བྱུང་བས་དེང་རབས་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་བཟང་ངན་སྣ་ཚོགས་ཤིག་དཔྱད་གཞི་དང་གདམ་བྱར་ཡོད་པའི་གོ་ཐོས་ཙམ་ཡང་བྱུང་མེད།

དེབ་ཆུང་འདི་འགྲེམས་སྤེལ་བྱས་པའི་དགོས་དམིགས་ནི་བསམ་ཚུལ་ཞིག་བཙོང་རྒྱུའམ། བཙན་འགེལ་བྱ་རྒྱུའི་ཆེད་དུ་མིན་པར། འབྱུང་འགྱུར་བོད་ཀྱི་མདུན་ལམ་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གཟིགས་ཚུལ་དང་དགོངས་པ་བཞེས་ཕྱོགས་ཇི་ཡིན་བོད་མིར་ངོ་སྤྲོད་གསལ་བཤད་བྱ་རྒྱུ་ཙམ་ཞིག་ཡིན།

འབྱུང་འགྱུར་བོད་ཀྱི་གནས་སྟངས་ནི་ཕྱི་ལོ་ ༡༩༥༡ སྔོན་གྱི་གནས་སྟངས་ལྟར་རང་བཙན་བསྐྱར་གསོ་བྱ་རྒྱུའམ། ཡང་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་འཆར་གཞི་གཞིར་བཟུང་རྒྱ་ནག་དང་མཉམ་མཐུན་དུ་གནས་པའི་རང་སྲིད་རང་སྐྱོང་གི་གནས་བབས་གང་ཡང་རུང་བ་ཞིག་གི་ཐོག་ཏུ་འགྲོ་དགོས། ད་ལྟའི་རྒྱ་དམར་གྱི་དམག་ཤུགས་ཀྱིས་བཙན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་འདི་ཚུལ་མིན་ཁྲིམས་འགལ། བོད་མིའི་མངོན་འདོད་དང་གཏན་ནས་མི་མཐུན་པ་ཞིག་ཡིན་པ་ཉེ་ཆར་བྱུང་བའི་ལོ་རྒྱུས་ཀྱི་ཐོག་ནས་དངོས་ར་འཕྲོད་ཟིན་པའི་བདེན་དོན་ཞིག་ཡིན་པས་དེ་མུར་གནས་སུ་འཇུག་ཐབས་རྩ་བ་ནས་མེད། རྒྱ་མིའི་བཙན་ཤུགས་བོད་ནས་ཕྱིར་འབུད་བྱ་རྒྱུའམ། ཡང་ན་ཞི་མོལ་གྱི་ཐོག་ནས་རྒྱ་བོད་ཀྱི་འབྲེལ་ལམ་ཁྲིམས་མཐུན་གཏན་འབེབས་བྱ་རྒྱུ་གང་རུང་ལས་ཐབས་ལམ་གཞན་མེད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་དམར་དང་མཉམ་གྲོས་མོལ་གནང་རྒྱུའི་ཐུགས་འདུན་དང་གྲ་སྒྲིག་རྟག་ཏུ་ཡོད་བཞིན་པ་ཡིན་ནའང་འདིའི་ཆེད་ད་ཕན་གྱི་འབད་རྩོལ་ལ་གྲུབ་འབྲས་ཐོན་མེད།

འབྱུང་འགྱུར་བོད་ཀྱི་འཆར་གཞི་དེབ་ཆུང་འདིའི་ནང་འགྲེལ་བརྗོད་བྱས་པ་རྣམས་ནི་གོང་སྨོས་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་གཉིས་ནས་ཇི་འདྲ་ཞིག་བྱུང་རུང་དགོས་ངེས་བསྒྱུར་བཅོས་ཕྲན་བུ་ཙམ་རེ་ལས་ཕལ་ཆེར་ལག་བསྟར་འོས་པ་དང་ཐུབ་པ་ཤ་སྟག་ཡིན། བསམ་ཚུལ་འདི་དག་དམིགས་བཀར་བོད་མི་རྣམས་དང་གོ་བསྡུར་བྱ་ཆེད་བཀོད་པ་ཞིག་ཡིན་ནའང༌། རང་དབང་དང༌། མང་གཙོ། བཟང་སྤྱོད་བཅས་ལ་དགའ་ཞེན་ཡིད་ཆེས་ཡོད་པའི་རྒྱལ་སྤྱིའི་ཡུལ་མི་རྣམས་ཀྱི་བཀའ་སློབ་དང་དགོངས་འཆར་བྱུང་ན་དགའ་བསུ་ཞུ་རྒྱུ་ཡིན།

 ལེའུ་གཉིས་པ། ཆབ་སྲིད།མ་འོངས་བོད་ཀྱི་ཆབ་སྲིད་ནི་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོ་བཅས་གཞི་རྩའི་ལྟ་གྲུབ་གསུམ་ལ་དམ་བཅའ་བརྟན་པོས་བརྟེན་རྒྱུ་ཡིན།

ལམ་སྟོན་གྱི་འོད་སྣང་ནི་སྙིང་རྗེ་དང༌། རྟེན་འབྱུང་གི་ལྟ་བ་ལ་གཞི་བཅོལ་ཏེ་འཇིག་རྟེན་སྤྱི་འགན་ཁུར་བའི་ལྷག་བསམ་ནི་གཞི་རྩའི་གྲུབ་མཐའ་ཡིན།

དམིགས་ཡུལ།

གཡུང་དྲུང་ཆོས་ཀྱི་སྒྲོན་མེས་ལམ་སྣེ་ཁྲིད་པའི་དྲང་བདེན་དང༌། མི་ཆོས། ཡར་རྒྱས་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུ།

བོད་དེ་འཚེ་མེད་ཞི་བའི་བསྟི་གནས་ཁྱད་པར་ཅན་ཞིག་དང༌། ཆོས་ལྡན་གྱི་ཞིང༌། གཙང་བའི་ཁོར་ཡུག་ཅན་ཞིག་ཏུ་སྲུང་སྐྱོབ་བྱ་རྒྱུ།

ཁྲིམས་ཀྱི་དབང་སྒྱུར་དང༌། རང་དབང༌། འདྲ་མཉམ། བྱམས་བརྩེ། ཡིད་འོང༌། སྙིང་རྗེ། དྲང་བདེན། འཚེ་བ་མེད་པ། བདེན་པ་བཅས་ལ་གཞི་བཅོལ་བའི་ལམ་ལུགས་སྲུང་སྐྱོབ་བྱ་རྒྱུ།

ལམ་སྟོན་གྱི་ལྟ་གྲུབ།

བོད་དེ་རྩ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་ཅན་ཞིག་ཡིན་དགོས།

བོད་དེ་རང་སྲིད་རང་སྐྱོང་གི་ཡུལ་འཁོར་ཞིག་ཡིན་དགོས།

རང་སྲིད་རང་སྐྱོང་གི་མངའ་དབང་ནི་བོད་མི་མང་ཚོགས་ལ་གནས་ཤིང༌། དེ་ལས་གཞུང་གིས་དབང་ཚད་བླང་དགོས། བོད་ཀྱི་རྩ་ཁྲིམས་ནི་བླ་ན་མེད་པའི་ཁྲིམས་སུ་བཀུར་དགོས། སྐྱེ་བོ་དང་སྒྲིག་འཛུགས་གང་ཡང་རྩ་ཁྲིམས་ལས་མཐོ་བ་མེད།

དབུས་གཞུང་གིས་ས་གནས་གཞུང་དང་དོ་མཉམ་དང་མཐུན་གནས་ཀྱི་སྒོ་ནས་བོད་ཀྱི་ཆབ་སྲིད་བསྐྱང་རྒྱུ་དང༌། ས་གནས་གཞུང་གི་དབང་ཚད་སྲུང་སྐྱོབ་དང་ས་གནས་མི་མང་གི་དམིགས་བསལ་དགོས་མཁོ་རྣམས་བསྒྲུབ་རྒྱུར་དམ་དོན་བྱ་རྒྱུ།

བོད་རྒྱལ་ཁབ་དང་གཞུང་འབྲེལ་གྱི་སྐད་ཡིག་བོད་སྐད་ལ་བྱ་རྒྱུ།

ཁྲིམས་ལུགས་ནི་རང་དབང་ཅན་དང་སྐྱེ་བོ་ཀུན་ལ་འདྲ་མཉམ་དུ་འཐོབ་ཐུབ་པ་ཞིག་དགོས།

གཞི་རྩའི་ལམ་སྟོན་གྱི་ལྟ་གྲུབ་ཁག་ནི་རྩ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་བཅོས་བསྒྱུར་མི་ཐུབ་པ་དགོས་རྒྱུ་བཅས།

གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན།

མི་མང་གི་མཆོག་ཏུ་དགེ་བའི་ཡོན་ཏན་དང༌། སྲིད་གཞུང་གི་ལས་ལམ་གནད་ཆེ་ཤོས་ བྱསྙིང་རྗེ་བྱ ནི་བླ་ན་མེད་པའི་ལམ་སྟོན་གྱི་སྒྲོན་མེ་ཡིན།

བོད་དེ་འཚེ་མེད་ཞི་བའི་བསྟི་གནས་དང་བར་བཞུགས་སུ་གནས་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ནས་འགན་ལེན་བྱ་དགོས།

བོད་དེ་ཁོར་ཡུག་གཙང་མའི་གནས་ཁྱད་པར་ཅན་ཞིག་ཏུ་གནས་རྒྱུ། བཙོག་རྡུལ་བྲལ་ཞིང་གདོད་མའི་ཁོར་ཡུག་ཅིག་བསྒྲུབ་པ་དང་གནས་ཐུབ་པ་བྱ་རྒྱུ་བོད་གཞུང་གི་ལས་འགན་ཡིན། རང་བྱུང་ཁམས་དང་སྤྱི་ཚོགས་གཉིས་དབར་འབྲེལ་བ་ཡང་དག་པ་ཞིག་ཡོང་སླད་གཞུང་གིས་ཞིང་ས་དང༌། ཤིང་ནགས། གཅན་གཟན་རི་དྭགས་རྣམས་སྲུང་སྐྱོབ་དང༌། གྲོང་ཁྱེར་གྱི་འཚོ་བ་དང་ཡར་རྒྱས་ལ་བཏང་འཛིན་བྱ་རྒྱུ།

བོད་དེ་ཆོས་ཀྱི་ཞིང་ཁམས་སུ་གནས་རྒྱུ་དང༌། ཆོས་ཀྱི་རང་དབང་བརྡལ་བཤིག་གཏོང་མི་ཆོག་ཅིང༌། ཆོས་དད་གང་ཡང་མི་མང་ཐོག་བཙན་འགེལ་མི་བྱེད།

བོད་དེ་སྲོལ་རྒྱུན་གྱི་ལེགས་བྱང་དང་ནང་དོན་རིག་པའི་བསྟི་གནས་ཤིག་ཏུ་གནས་རྒྱུ། གདཽད་མའི་མི་རིགས་དང་གྲངས་ཉུང་མི་རིགས་ཀྱི་ལེགས་བྱང་དང་སྲོལ་རྒྱུན་ཁག་བདག་གཅེས་བྱ་རྒྱུ།

འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མི་ཆོག་ཅིང༌། གཞུང་གིས་དེ་སྲུང་སྐྱོབ་བྱ་རྒྱུའི་འགན་ལེན་བྱ་དགོས།

བོད་ཀྱི་ཡུལ་མི་ཀུན་ལ་ལུས་སྲོག་འཚོ་བ་དང༌། རང་དབང༌། མཁར་དབང༌། གཏམ་བརྗོད། ཚོགས་ཁག་འཛུགས་པ། བསམ་ཚུལ་དང་གནས་ཚུལ་དཔར་འདེབས་དང་འགྲེམས་སྤེལ། ཁེ་ཡོད་ལས་འཛིན་དུ་ཞུགས་ཆོག་པའི་ཐོབ་ཐང་ཡོད་དགོས།

བོད་ཀྱི་ཡུལ་མི་ཕོ་མོ་སུ་རུང་ནས་ཁྲིམས་ལུགས་གཞིར་བཟུང་མང་ཚོགས་ཀྱི་ལས་དོན་གོ་གནས་འཛིན་ཆོག་པ་དང༌། མོས་ཤོག་འཕེན་ཆོག་པའི་ཐོབ་ཐང་ཡོད་དགོས།

ལེའུ་གསུམ་པ། སྤྱི་ཚོགས།འབྱུང་འགྱུར་བོད་ནི་ཕོ་མོ་དང༌། རིགས། ཡིད་ཆེས། གྲལ་རིམ། རུས་རྒྱུད། ཆོས་ལུགས་ཀྱི་ཐོབ་ཁུངས་སོགས་ཁ་བྲལ་གཏོང་བའི་སྟོབས་ཤུགས་གང་ཡིན་རུང་འགོག་ནུས་པའི་རྡོག་རྩ་ཆིག་བསྒྲིལ་གྱི་སྤྱི་ཚོགས་ཤིག་ཏུ་བསྐྲུན་དགོས། རང་དབང་བོད་ནང་དར་བའི་ཆབ་སྲིད་དང༌། དཔལ་འབྱོར། དེ་བཞིན་ལམ་ལུགས་གཞན་དང་སྒྲིག་འཛུགས་ཁག་གིས་སྤྱི་ཚོགས་ཀྱི་ཆིག་བསྒྲིལ་གྱི་ངོ་བོ་ལ་གནོད་པའི་ཤོག་ཁག་འཐེན་འཁྱེར་གྱི་ནུས་ཤུགས་དེ་གཅག་དགོས།

ཁྱིམ་ཚང༌།

ཡུལ་གྱི་སྤྱི་ཚོགས་ཀྱི་གཞི་རིམ་ནི་མང་ཚོགས་ཕན་ཚུན་བྱམས་བརྩེའི་སྒོ་ནས་ཞི་མཐུན་བག་ཕེབས་དང༌། གཅེས་སྤྲས། འདྲ་མཉམ་བཅས་ཡོང་ཐབས་བྱ་རྒྱུ་དེ་ཡིན།

དགོས་གལ་བྱུང་ཚེ་སྐྱེས་པ་དང༌། བུད་མེད། བུ་ཕྲུག་བཅས་ལས་གྲུབ་པའི་ལྷན་སྐྱེས་འདྲ་མཉམ་ལ་བརྟེན་པའི་གནའ་བོའི་སྲོལ་རྒྱུན་གྱི་མཉམ་འདུས་ཁྱིམ་ཚང་གི་ལམ་སྲོལ་ལ་ཁྲིམས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང༌། རྒས་འཁོགས་དང༌། དབང་པོ་སྐྱོན་ཅན། གཞན་ལ་བརྟེན་དགོས་པའི་སྐྱེ་བོ་རྣམས་སྤྱི་མཐུན་ལྟ་སྐྱོང་ཡོང་སླད་སྤྱི་ཚོགས་ཞབས་ཞུའི་སྒྲིག་འཛུགས་ཁག་འཕེལ་རྒྱས་གཏོང་རྒྱུ། ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གཞི་རིམ་དང་རང་བཞིན་གྱི་སྡེ་ཚན་ཞིག་ཡིན་པ་དང༌། སྲོལ་རྒྱུན་གྱི་གཤིས་སྤྱོད། བཟང་སྤྱོད། རིན་ཐང་བཅས་སྲུང་མཁན་དང་འཐོན་ཁུངས་ཀྱང་ཡིན་པས་གནད་འགག་ཆེ། རྒྱུ་མཚན་དེ་དག་ལ་བརྟེན་ནས་གཤམ་གསལ་རྣམས་ལམ་སྟོན་གྱི་དམིགས་ཡུལ་ཁག་ཡིན།

ཁྱིམ་ཚང་གི་སྲུང་སྐྱོབ་དང་ལྟ་སྐྱོང་དམ་དོན་ཆེད་མཐུན་རྐྱེན་མཁོ་སྤྲོད་བྱ་རྒྱུ།

དྭ་ཕྲུག་དང༌། བདག་སྤྲོད་མེད་རིགས་རྣམས་དྭང་བླངས་སྒྲིག་འཛུགས་ཁག་གམ་གཞུང་གིས་ལྟ་རྟོག་བྱ་རྒྱུ།

བྱིས་པ་རྣམས་གནས་ཚུལ་གང་གི་ཐོག་ནས་ཀྱང་བཤུ་གཞོག་མེད་པར་རང་དབང་ཐོག་འཚོ་ཆོག་པའི་ཐོབ་ཐང་ཡོད་དགོས།

སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་དགོས་དམིགས་ཁག་འབྱུང་འགྱུར་བོད་ཀྱི་རྩ་ཁྲིམས་ནང་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་ནང་ཁ་གསལ་དགོད་དགོས།

སྤྱིར་མི་ཐམས་ཅད་ཀྱིས་རང་དང་རང་གི་ཁྱིམ་ཚང་རྣམས་ཚུལ་ལྡན་གྱི་གནས་ཚད་དང་ལྡན་པར་འཚོ་ཆོག་པའི་ཐོབ་ཐང་ཡོད་ཀྱང༌། དབུལ་ཕྱུག་དང༌། ཤེས་ཡོན་ཡོད་མེད། གྲོང་ཁྱེར་བ་དང་གྲོང་གསེབ་པ། རྒན་རབས་དང་གཞོན་རབས་དབར་གྱི་སྟོང་ཆ་དེ་ཇེ་ཉུང་གཏོང་ཐབས་སུ་འབད་བརྩོན་སྒོ་ཀུན་ནས་བྱ་རྒྱུ། རྒྱུ་ནོར་ལོངས་སྤྱོད་དང༌། གོ་གནས་སམ་གནས་བབས། ཚོང་ལས། འཚོ་ཐབས་རྣམས་སྤྱི་ཚོགས་ཀྱི་གོ་རིམ་དང་ཆེ་མཐོང་གི་གཞི་རྟེན་མ་ཡིན། བྱ་སྤྱོད་དང༌། ལས་འགན། ཀུན་སྤྱོད་ཀྱི་ཚོར་སྣང་དེ་དག་སྤྱི་ཚོགས་ཀྱི་གཞི་རྩའི་ཡོན་ཏན་ལ་ངོས་འཛིན་བྱས་ཏེ་དེའི་ཐོག་ནས་གང་ཟག་སྒེར་གྱི་ཆེ་མཐོང་གཏན་འཁེལ་བྱ་རྒྱུ།

སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ཁྲིམས། སྒྲིག་འཛུགས་ཁག་དང་རྒྱལ་ཁབ་བཅས་ཀྱིས་ཡུལ་མི་ཡོངས་ལ་ཡིད་ཆེས་གདེང་ཚོད་དང༌། སྤྱི་ཚོགས་ཀྱི་བདེ་འཇགས། དྲང་བདེན་གྱི་ཚོར་སྣང་བཅས་བསྐྱེད་དུ་འཇུག་རྒྱུ།

དབང་ཚད་ཁག་བགོས།

ས་ཁུལ་སོ་སོའི་དམིགས་བསལ་དཀའ་རྙོག་རྣམས་ས་ཁུལ་རང་དུ་འཕྲལ་སེལ་ཐུབ་ཐབས་དང༌། རྩོད་རྙོག་སློང་གཞིའི་ཁ་མཆུ་ཉུང་དུ་གཏོང་ཐབས་བཅས་ལ་དམིགས་ཏེ་དབང་ཚད་ཁག་བགོས་ཀྱི་སྲིད་བྱུས་ཐོག་ནས་ས་གནས་སྲིད་གཞུང་དང༌། གྲོང་གསེབ་ཀྱི་ལྔ་ཚོགས། ས་ཁུལ་སོ་སོའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཁྲིམས་ཀྱི་ལམ་ནས་སྲ་བརྟན་བཟོ་རྒྱུ་དང༌། དབུས་གཞུང་གིས་རྒྱབ་སྐྱོར་བྱ་རྒྱུ།

ཡུལ་ལུང་ས་ཁྱོན་མཐའ་དག་རང་བྱུང་ཁྲིམས་ཀྱིས་བདག་དབང་ཡུལ་མི་ཀུན་ལ་ཡོད། སྐྱེ་བོ་སུས་ཀྱང་འབྱུང་བ་ལྔ་ལ་སྒེར་བདག་བྱེད་ས་མེད་པ་བཞིན། ལྟ་གྲུབ་དེར་གཞི་བཅོལ་ཏེ་ཡུལ་གྱི་ས་ཁྱོན་ཡོངས་རྫོགས་ཀྱི་བདག་དབང་ཡུལ་མི་ཀུན་ལ་ཡོད། འོན་ཀྱང་ཡུལ་མི་སོ་སོའི་དགོས་མཁོ་དང་བེད་སྤྱོད་ཀྱི་འཇོན་ཐང་ལ་དཔགས་པའི་ས་ཆ་འཐོབ་རྒྱུ།

ལེའུ་བཞི་པ། དཔལ་འབྱོར། འབྱུང་འགྱུར་བོད་ཀྱི་དཔལ་འབྱོར་ལམ་ལུགས་ཀྱི་གཞི་རྩའི་ལྟ་བ་ནི་འཚེ་བ་མེད་པ་དང༌། རང་འཚོ་ཐུབ་པ། ཡང་དག་པའི་འཚོ་བ། རང་བྱུང་ཁམས་ལ་མི་གནོད་པ་བཅས་ཡིན། ལྟ་བ་དེ་དག་ལ་གཞི་བཅོལ་བའི་དཔལ་འབྱོར་གྱི་ལམ་ལུགས་ལ་དབུ་མའི་དཔལ་འབྱོར་ལམ་ལུགས་ཞེས་བརྗོད། དེའང་གསལ་པོ་བཟོ་དགོས་པ་ཞིག་ལ། དབུ་མའི་དཔལ་འབྱོར་ལམ་ལུགས་ནི་མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱབ་འགལ་གྱི་དཔལ་འབྱོར་ལམ་ལུགས་གཉིས་ཀྱི་ཁྱད་ཆོས་འགའ་རེ་མཉམ་བསྲེ་བྱ་རྒྱུའི་དོན་མེད་ཀྱི་འབད་རྩོལ་ལས་བྱུང་བའི་འདྲེས་མའི་དཔལ་འབྱོར་ལམ་ལུགས་ཟེར་བ་དེ་དང་གཏན་ནས་མི་མཚུངས། དབུ་མའི་དཔལ་འབྱོར་ལམ་ལུགས་ནི་འགལ་ཟླ་དང་བྲལ་ཞིང་མཐའ་གཉིས་སྤངས་པ་ཡིན་ལ། དེ་ནི་མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་གཉིས་ཀ་དང་ཆེས་མི་མཐུན་པ་ཡིན། རྒྱུ་ནོར་ལོངས་སྤྱོད་ལ་མི་རྟག་པ་དང་རིན་ཐང་གང་ཡང་མེད་པར་ལྟ་བ་ནི་དབུ་མའི་དཔལ་འབྱོར་ལམ་ལུགས་འདིའི་གནད་འགག་གཙོ་བོ་དེ་ཡིན། རྒྱུ་ནོར་ལོངས་སྤྱོད་ནི་མིའི་ཆེད་དུ་ཡིན་གྱི་མི་རྣམས་རྒྱུ་ནོར་ལོངས་སྤྱོད་ཀྱི་ཆེད་མ་ཡིན། དེ་བཞིན་དུ་ བྱདགོས་མཁོ་བྱ རྣམས་ བྱའདོད་སྲེད་བྱ ལས་ཁྱད་པར་ཕྱེ་དགོས། ཟས་དང༌། གོས། གནས་མལ། གསོས་སྨན་བཅས་ནི་ཚུལ་ལྡན་སྐྱེ་བོའི་དངོས་ཡོད་ཀྱི་དགོས་མཁོ་ཁག་ཡིན། འོན་ཀྱང་དངོས་པོའི་ཡར་རྒྱས་དང་དཔལ་འབྱོར་གྱི་གོང་འཕེལ་ལས་ཇེ་མང་མཁོ་སྒྲུབ་དང་གསོག་འཇོག་གི་འདོད་པ་སྤེལ་རྒྱུ་དང༌། དགོས་མཁོ་འུད་ཤོབ་བྱ་རྒྱུའི་ཕྱོགས་སུ་འཁྲིད་ཀྱི་ཡོད། དཔལ་འབྱོར་ནི་ཁེ་བཟང་ཆེད་དུ་ཟད་མཐའ་མེད་པ་དང་རྟག་ཏུ་འཕེལ་བའི་འདོད་སྲེད་སྤེལ་བའི་འཁོར་བའི་ནང་འཁོར་གྱི་ཡོད། ཁྲོམ་རྭའི་ཐབས་བྱུས་དང་འབྲེལ་བའི་ཁྱབ་བསྒྲགས་ཀྱིས་བཅོས་མའི་དགོས་མཁོས་རྒྱས་པའི་ལོངས་སྤྱོད་མཁན་གྱི་སྤྱི་ཚོགས་འདོད་པ་བསོད་ཉམས་ཀྱི་མཐའ་ལ་ལྟུང་བ་ཤིག་བཟོ་ཡི་ཡོད། མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ལས་བཟང་བ་དང་མི་ཆོས་ལྡན་པའི་འདེམས་ཀ་ཞིག་འདོན་པའི་ཆེད་དུ་དམར་པོའི་རིང་ལུགས་པ་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ཤིག་གསར་སྤེལ་བྱས་ཡོད། མཐོང་སྣང་དུ་རྒྱུ་མཚན་དང་ཡར་ཐོན་གྱི་རྣམ་པ་ཡོད་མིན་ལ་མ་ལྟོས་པར་ཕལ་ཆེར་མ་རྩའི་རིང་ལུགས་དང་མཚུངས་ཤིང༌། རྒྱལ་ཁབ་ཀྱི་མ་རྩའི་རིང་ལུགས་ལས་ལྷག་པ་གཞན་གང་ཡང་མིན། དེས་སྒེར་ལ་གཞི་རིམ་དཔལ་འབྱོར་གྱི་རང་དབང་དང་སྒེར་བདག་གི་ཐོབ་ཐང་བཀག་རུང༌། དེ་ཀུན་སྲིད་གཞུང་གིས་བེད་སྤྱོད་བྱེད་ཀྱི་ཡོད། དེ་འདྲའི་དབང་གིས་དེ་ནི་མ་རྩའི་རིང་ལུགས་ལས་ཀྱང་ཞན་པར་ར་འཕྲོད་བྱུང་ཡོད།

མདོར་བསྡུ་ན། མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་གཉིས་ཀ་སྤྱིར་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་རྩ་དང༌། ལྷག་པར་བོད་མིའི་སྤྱི་ཚོགས་ཀྱི་གོང་འཕེལ་ལ་འོས་འཚམས་མིན། དེས་ན་འབྱུང་འགྱུར་བོད་ཀྱིས་དྭང་ལེན་བྱ་ཐུབ་པའི་འོས་འཚམས་མིག་དཔེར་འོས་པའི་དཔལ་འབྱོར་ལམ་ལུགས་ཤིག་ད་ལྟ་མེད། དེས་ན་འབྱུང་འགྱུར་བོད་ཀྱི་དཔལ་འབྱོར་གྱི་སྲིད་བྱུས་ནི་རང་མཁོ་རང་སྒྲུབ་དང༌། ཐོན་སྐྱེད་འཕར་མ་ཆ་སྙོམས་བགོས་འགྲེམས་ཀྱིས་མི་མང་གི་དངོས་ཡོད་དགོས་མཁོ་རྣམས་སྦྱར་ཐུབ་པ་ཞིག་དགོས།

འཚེ་བ་མེད་པའི་དཔལ་འབྱོར།

འཚེ་བ་མེད་པའི་དཔལ་འབྱོར་ནི་འཚེ་བ་དང་བྲལ་བའི་དཔལ་འབྱོར་ཐོན་སྐྱེད་ཀྱི་ལམ་སྲོལ་ལ་གོ་དགོས། དཔེར་ན། དགོས་མེད་ཀྱི་སེམས་ཅན་གསོད་པ་དང་མནར་གཅོད། ངལ་རྩོལ་བ་དང་ལོངས་སྤྱོད་མཁན་རྣམས་ལ་བཤུ་གཞོག་ལྟ་བུ་དངོས་ཀྱི་འཚེ་བ་དང༌། གོ་མཚོན་བཟོ་བསྐྲུན་དང༌། འཚོང་འགྲེམས། འོར་འདྲེན་ལྟ་བུ་བརྒྱུད་པའི་འཚེ་བ་ཁག དེ་བཞིན་འཚེ་བའི་ལས་ལ་ཞུགས་པའི་ཚོགས་སྒེར་ཁག་ལ་རྒྱུ་སྦྱོར་དང་རྒྱབ་གཉེར་མི་བྱེད་པ་བཅས་ཡིན།

རང་འཚོའི་དཔལ་འབྱོར།

རང་འཚོའི་དཔལ་འབྱོར་ནི་རྒྱལ་ཁབ་ནང་ཁུལ་ལམ། ལྷག་པར་ས་གནས་ས་ཐོག་ནས་ཟས་གོས་གནས་མལ་དང༌། གཞི་རྩའི་གསོས་སྨན་ལྟ་བུའི་དགོས་མཁོ་རྣམས་འདང་ངེས་ཤིག་ཐོན་སྐྱེད་བྱེད་པ་ལ་གོ་དགོས། དོན་སྙིང༌། ལས་འཕེར་གང་ཟག་བྱེ་བྲག་པ་རེ་རེའི་དངོས་ཡོད་ཀྱི་དགོས་མཁོ་དང༌། གང་ཟག་དེའི་ལས་རྩོལ་གྱི་ཐོན་སྐྱེད་གཉིས་ངེས་པར་ཁ་འདོམས་པ་ཞིག་དགོས། དེ་ཡང་ཕྱི་ནས་ནང་འདྲེན་ཅིའང་བྱེད་མི་ཆོག་པ་ལ་མི་ཟེར་ཞིང༌། དེ་ནི་གཏོང་ཡོང་ཁ་མ་འདུམ་པ་མི་ཡོང་ཕྱིར་རྒྱལ་ཁབ་ཀྱི་ཁྱོན་བསྡོམས་ནང་འདྲེན་དངོས་ཟོག་དེ་ཁྱོན་བསྡོམས་ཕྱི་འཚོང་དངོས་ཟོག་དང་མཚུངས་པའམ། དེ་ལས་ཉུང་བར་བྱེད་པ་ལ་གོ་དགོས། ཕྱི་རྒྱལ་གྱི་རོགས་རམ་དང་མཐུན་འགྱུར་རྣམས་ཕྱོགས་ཡོངས་ནས་དཔྱད་པ་མཐིལ་ཕྱིན་པ་བྱས་རྗེས་ངོས་ལེན་བྱ་རྒྱུ། སྐྱེད་ཁ་མེད་པའམ། བུན་འཇལ་གྱི་ཆ་རྐྱེན་ཇི་ཙམ་སླ་ཡང་གནས་སྟངས་གང་གི་འོག་ཏུའང་ཕྱི་རྒྱལ་ནས་བུ་ལོན་བླང་རྒྱུ་མིན།

མ་འོངས་བོད་དུ་རྒྱལ་ཁབ་གཞན་སུ་ལའང་མེད་པའི་ཐུན་མོང་མ་ཡིན་པའི་དངུལ་གྱི་ལམ་སྲོལ་ཞིག་བཟོ་དགོས། དེ་ཡང་རྒྱལ་སྤྱིའི་ནང་རིན་ཐང་སྲ་བརྟན་ཞིག་དང་འཕར་ཆག་གི་ཆ་རྐྱེན་བྲལ་བ་ཞིག་ཡོང་དགོས་པ་གཞིར་བཟུང་གིས་ཐབས་ལམ་ལག་བསྟར་བྱ་དགོས། དངུལ་ཁང་གི་ལམ་ལུགས་ནི་དངོས་ཡོད་དོན་འཁེལ་གྱི་གནད་དོན་ཞིག་ཡིན་ཡང༌། དེའི་བྱེད་སྒོར་དོ་དམ་ཤུགས་ཆེ་དགོས་པ་ཞིག་ཡིན། དངུལ་ཁང་གི་ལས་དོན་གཙོ་བོ་ནི་དངུལ་བཅོལ་འཇོག་ལ་གཞེན་བསྐུལ་དང༌། ཐོན་སྐྱེད་ཅན་གྱི་མ་དངུལ་འཛུགས་འཇོག་གོང་སྤེལ་བྱ་རྒྱུ་དེ་ཡིན། ནང་ཁུལ་ཉོ་འཚོང་ཆེད་དུ་དངུལ་ལོར་བེད་སྤྱོད་བྱ་རྒྱུའི་གོ་སྐབས་གང་ཉུང་སྤྲད་རྒྱུ། ལུང་པ་ནང་ཁུལ་དུ་དངོས་ཟོག་བརྗེ་ལེན་གྱི་ལམ་སྲོལ་བརྒྱུད་དེ་ཚོང་འབྲེལ་བྱ་རྒྱུར་སྙིང་སྟོབས་སྤེལ་རྒྱུ། དངུལ་གྱི་ནུས་སྟོབས་དང་དེའི་དོན་དམ་གྱི་རིན་ཐང་རྣམས་འགོག་ཐབས་བྱ་དགོས། དངུལ་ནི་གསོག་སླ་བ་དང༌། རྐུ་སླ་བ། སྦ་སླ་བ། སྤྲོད་ལེན་བྱེད་སླ་བ། དེ་བཞིན་ངོམ་སྟོན་བྱེད་སླ་བ་ཞིག་ཡོད། དེ་ལ་མིའི་བསམ་བློ་འགྱུར་ལྡོག་གཏོང་བའི་ནུས་པ་ཡོད། མིའི་དྲང་བདེན་དང་ཆིག་བསྒྲིལ་ཡང་དངུལ་ལ་དགའ་ཞེན་གྱི་དབང་གིས་འཐོར་ཞིག་འགྲོ་སླ་བ་ཡོད། གནས་སྟངས་དེ་དག་མེད་པར་བཟོ་དགོས་པ་ཞིག་ཡིན།

རང་བྱུང་ཁམས་ལ་མི་གནོད་པ།

བོད་ཀྱི་དཔལ་འབྱོར་ལམ་སྲོལ་གྱིས་རང་བྱུང་ཁམས་ཆ་སྙོམས་གནས་ཐབས་ལ་སྲུང་སྐྱོབ་དང་བདག་གཉེར་གྱི་འགན་ལེན་ཐུབ་པ་བྱ་རྒྱུ། རང་བྱུང་ཁམས་ཀྱི་ཉམས་རྒུད་ནི་འདོད་རྔམ་དང་བསམ་ཆུང་གིས་རང་བྱུང་གི་འཐོན་ཁུངས་རྣམས་བཤུ་གཞོག་བཏང་བ་ལས་བྱུང་བ་ཡིན། རང་བྱུང་གི་ཁམས་ཆ་སྙོམས་བདག་གཉེར་གྱི་འགན་ལེན་བྱས་ཚེ་དཔལ་འབྱོར་དེ་རང་བྱུང་ཁམས་དང་སྲོག་ལྡན་རིས་སུ་མ་ཆད་པར་བརྩི་བཀུར་གྱི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་དགོས།

ས་ཁྱོན་ཡོངས་རྫོགས་ཤིང་ནགས་དང༌། རྩ་རྭ། སོ་ནམ་ས་ཞིང༌། ཚལ་ཞིང༌། སྡོད་ཁང༌། སྒེར་བདག་གི་ལྡུམ་ར་ཆུང་ངུ་སོགས་ལ་ཆ་སྙོམས་བགོས་འགྲེམས་ཀྱིས་ཚུལ་མཐུན་ས་ཆ་དེ་དག་བདག་གཉེར་དང་བེད་སྤྱོད་ཡོད་པ་བཟོ་རྒྱུ། བཟོ་གྲྭ་ཁག་གྲོང་ཁྱེར་དང་གྲོང་གསེབ་ལས་ལོགས་སུ་འཛུགས་རྒྱུ། བཟོ་གྲྭའི་ས་ཁུལ་དུ་གནས་སྤོས་རུང་བའི་ལས་མིའི་ཆེད་སྐབས་འཕྲལ་སྡོད་གནས་ཀྱི་མཐུན་རྐྱེན་མ་གཏོགས། གཏན་སྡོད་གཞིས་སྒར་རྒྱག་མི་ཆོག གྲོང་ཁྱེར་དང་གྲོང་གསེབ་ནས་བཟོ་གྲྭའི་ས་ཁུལ་དུ་ཡུལ་མི་སྤོ་བསྐྱོད་བྱ་རྒྱུར་བཀག་འགོག་དམ་དོན་བྱ་རྒྱུ།

བཟོ་གྲྭ་ཁག་རེ་རེ་ནས་ཁོར་ཡུག་ལ་གནོད་ཚབས་འགྱུར་མིན་དཔྱད་ཞིབ་ཀྱིས་འདེམས་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཆེད་བཟོ་གྲྭའི་ཁྲིམས་ལུགས་འོས་འཚམས་བརྒྱུད་དེའི་བཅོས་ཐབས་དང་སྔོན་འགོག་གི་ཐབས་ལམ་ལག་ལེན་དོན་འཁེལ་བྱ་རྒྱུ། མ་འོངས་ བོད་དུ་རྒྱུ་ཆའི་དངོས་པོ་དང་གྲུབ་ཟིན་ཐོན་སྐྱེད་ཕོན་ཆེ་འོར་འདྲེན་དགོས་པ་དང༌། དེ་བཞིན་སྣུམ་ཤིང་ཆུའི་བེད་སྤྱོད་ཁྱོན་ཆེ་བྱ་དགོས་པ་དེ་ལས་བཙོག་རྡུལ་གྱིས་སྦགས་པའི་ཆུ་དང༌། གནོད་ཚབས་ཅན་གྱི་དུག་རླངས་དང༌། རྫས་སྦྱོར་རིགས། གསོག་འཇོག་དགོས་པའི་བཟོ་གྲྭ་ཆེན་པོ་རྣམས་འཛུགས་རྒྱུའི་ཆོག་མཆན་སྤྲད་རྒྱུ་མིན།

དེ་ལས་གཞན་པའི་སྲོལ་རྒྱུན་གྱི་ལག་ཤེས་དང༌། ཁང་ཆུང་བཟོ་གྲྭ བཟོ་གྲྭ་ཆུང་ཙག་རིགས། དཔེར་ན། ཕ་ལམ་དྲས་བརྡར་དང༌། ཆུ་ཚོད་བཟོ་རིག གློག་དང་ཀམ་པིའུ་ཀྲར་(Computer)གྱི་ཡོ་བྱད་བཅས་ཁང་ཆུང་བཟོ་གྲྭའི་འཛུགས་སྐྲུན་སྤེལ་རྒྱུ་དང་དོ་གལ་ཆེ་བར་འཛིན་རྒྱུ།

རྒྱལ་ཁབ་ནང་ཁུལ་དང༌། དེ་བཞིན་ཕྱིའི་རྒྱལ་ཁབ་ལས་གྲོགས་མེད་ཁེར་རྐྱང་དུ་མ་ལུས་ཕྱིར་འགྲིམས་འགྲུལ་དང་འཕྲིན་ལམ་ལ་དོ་སྣང་ཆ་ཚང་སྤྲད་རྒྱུ།

ཡང་དག་པའི་འཚོ་བ།

མ་འོངས་བོད་ཀྱི་དཔལ་འབྱོར་ནི་ལོག་འཚོ་དང་མ་འདྲཻས་པ་ཞིག་དགོས་ཤིང༌། དེའི་ཆེད་གོང་དུ་སྨོས་པའི་འཚེ་བ་མེད་པ་ལ་སོགས་པའི་ཁྱད་ཆོས་རྣམས་ཀྱི་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་མ་བྱིན་པར་ལེན་པའམ། མ་བྱིན་པར་ལེན་པ་དང་མཚུངས་པའི་དཔལ་འབྱོར་གྱི་འདུ་འགོད། ཚད་ལས་བརྒལ་བའི་ཁེ་སྤོགས་དང༌། མགོ་སྐོར། བསླུ་བྲིད། དངོས་བདེན་མ་ཡིན་པའི་དྲིལ་བསྒྲགས། ནག་འཚོང༌། གྲངས་དང་ལྗིད་ཚད་ལ་གཡོ་སྒྱུ་སོགས་མི་འབྱུང་བའི་ཆེད་སྤྱི་ཚོགས་ཀྱི་བཟང་སྤྱོད་དང་ཁྲིམས་ཀྱི་ལམ་ལུགས་གཉིས་ཐོག་ནས་སྔོན་འགོག་ཐུབ་པ་དང་ཡོང་ཐབས་དཀའ་བ་བཟོ་རྒྱུ། ཚོང་དང་མ་འཛུགས་ཀྱི་ལམ་སྲོལ་དང༌། ཁྲལ་གྱི་ཁྲིམས་གཞི་མཐའ་དག་གསལ་ཞིང་སླ་ལ། ཐད་ཀར་རྩིས་ཐུབ་པ། ཤེས་ཡོན་ཡོད་མེད་ཀུན་གྱིས་གོ་བདེ་བཟོ་རྒྱུ། དཔལ་འབྱོར་གྱི་སྒྲིག་ལམ་དང་ཁྲིམས་སྲོལ་རྣམས་ཀྱི་མཇུག་གནོན་ཞིབ་ནན་ཡོང་བའི་ཁྲིམས་ལུགས་དང༌། དེ་དང་མཐུན་པའི་ལས་བྱེད་པའི་ས་མིག་དང༌། དབང་ཚད། བསྐྱར་ཞིབ་མཇུག་གནོན་བཅས་ཀྱི་ཆ་རྐྱེན་ཡང་དག་པ་ཞིག་བསྐྲུན་རྒྱུ།

བཟང་སྤྱོད་ལ་བརྟེན་པའི་དཔལ་འབྱོར།

དབུལ་ཕྱུག་དབར་བར་རྒྱང་ཉུང་དུ་གཏོང་ཕྱིར་བཟང་སྤྱོད་ལ་བརྟེན་པའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང༌། དུས་ཚོད་ངེས་ཅན་ནང་ཡུལ་མི་རྣམས་ལ་དབུལ་ཕོངས་དང་ལས་མེད་ཀྱི་དཀའ་ངལ་སེལ་ཐབས་ཀྱི་དམིགས་ཡུལ་འཇོག་རྒྱུ། ལོ་ལྔའི་འཆར་གཞི་དང་པོ་གཉིས་གོང་གསལ་གྱི་ལས་རིམ་ཐོག་དམིགས་བཀར་རྩལ་བཏོན་བྱ་རྒྱུ་དང༌། དེ་བཞིན་ཡིད་བརྟན་ལྡན་པའི་ལམ་སྲོལ་ཞིག་གི་ཐོག་ནས་གང་ཟག་འགའ་ཞིག་གམ་ཚོགས་པ་འགའ་ཞིག་གིས་དཔལ་འབྱོར་དང་རྒྱུ་ནོར་མཐའ་མེད་གསོག་སྒྲུབ་ལ་དོ་དམ་བཏང་འཛིན་བྱ་རྒྱུ།

མཉམ་འབྲེལ་གྱི་ལས་འགུལ་གོང་སྤེལ་དང་གནའ་སྲོལ་གྲོང་སྡེའི་སྤྱི་ཚོགས་བསྐྱར་གསོ་བྱ་རྒྱུ།

མ་འོངས་བོད་ནི་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་རྭའི་སྒྲིག་འཛུགས་གང་དུའང་འཛུལ་ཞུགས་བྱ་རྒྱུ་མིན་ཞིང༌། རང་གི་ཡུལ་མིའི་ཁེ་ཕན་གྱི་དོན་དུ་ཕྱོགས་བསྒྲིལ་སྤངས་པའི་སྲིད་བྱུས་འཛིན་རྒྱུ། འོན་ཀྱང་ཕན་ཚུན་གཉིས་ཕན་ཡོད་པའི་ཕྱོགས་གཉིས་ཐད་ཀའི་ཚོང་འབྲེལ་རྒྱལ་ཁབ་གཞན་དག་སྤྱི་དང༌། ཁྱད་པར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང༌། བལ་ཡུལ། འབྲུག རྒྱ་ནག སོག་པོ་སོགས་མཉམ་བྱ་རྒྱུ། དུས་ཚོད་དང་ངལ་རྩོལ་ཆུད་ཟོས་ལས་སྲུང་བར་སྨྲ་བའི་འཕྲུལ་ཆས་ཆེ་རིགས་བོད་དུ་འཛུགས་སྐྲུན་མི་ཡོང་བའི་སྲིད་བྱུས་བརྟན་བཟུང་གིས་འཕྲུལ་འཁོར་ལ་མིའི་ལས་བསོད་གཏན་འབེབས་བྱེད་དུ་མ་འཇུག་པར། མིས་འཕྲུལ་འཁོར་ལ་དབང་སྒྱུར་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ།

ལེའུ་ལྔ་པ། ཤེས་ཡོན།མ་འོངས་བོད་ཀྱི་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་རྣམས་ཀྱི་བསམ་བློ་གོང་འཕེལ་དུ་བཏང་སྟེ་གང་ཟག་རང་ཉིད་ཀྱིས་རང་གི་ངོ་བོ་ངོ་མ་བསྐྱར་གསོ་དང༌། གང་ཟག་སོ་སོའི་གཞི་རྩའི་ནུས་མཐུ་དེ་བཟང་པོའི་རང་བཞིན་གྱི་རྒྱུར་འགྲོ་བ་དང༌། རྣམ་འབྱེད་ཀྱི་ཤེས་རབ་རྒྱས་སུ་འཇུག་རྒྱུ་དེ་ཡིན། འདི་ལ་ བྱམེ་ཏོག་རང་བཞད་བྱ ཅེས་ཐ་སྙད་སྦྱར་རྒྱུ་ཡིན། ཤེས་ཡོན་གྱི་དམིགས་ཡུལ་ནི་འཚོ་ཐབས་བཙལ་རྒྱུའམ་ཁེ་ཡོད་ལས་ཀ་འཐོབ་པར་བྱ་རྒྱུ་ཙམ་མ་ཡིན་པར་དེ་ལས་ཆེས་ལྷག་པ་ཞིག་དགོས།

བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་གང་དུ་བལྟམས་པའི་ཡུལ་ནས་དར་བའི་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་ལམ་སྲོལ་གྱིས་སྐྱེ་འགྲོ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་ལམ་སྟོན་བྱེད་ཀྱི་ཡོད། མིའི་མི་ཚེའི་དགོས་པ་གཙོ་བོ་ནི་བླ་ན་མེད་པའི་རང་དབང་འཐོབ་པར་བྱ་རྒྱུ་དེ་ཡིན་ལ། དེའི་ལམ་དུས་སུ་ཆོས་མཐུན་གྱི་མི་ཚེ་ཚད་ལྡན་ཞིག་བསྐྱལ་བའི་ཕྱིར་མ་རིག་པ་བསལ་རྒྱུ་དང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་ཐབས་ངེས་པར་དུ་བྱ་དགོས། དེས་ན་ཤེས་ཡོན་གྱི་དམིགས་ཡུལ་ནི་མ་རིག་པ་སྤོང་བ་དང་སྙིང་རྗེས་ཟིན་པའི་ཤེས་རབ་བསྐྱེད་པ་ཉིད་ཡིན། སྲོལ་རྒྱུན་གྱི་རིན་ཐང་ལྡན་པའི་གལ་ཆེའི་ཤེས་ཡོན་འདི་དེང་རབས་ཤེས་ཡོན་གྱི་ལམ་སྲོལ་དུ་གྲགས་པའི་སྒྲོམ་གཞི་ཙག་ཙིག་དང་ཐབས་ལམ་དཀྱུས་མའི་ནང་ཉམས་བརླག་མི་འགྲོ་བ་བྱ་གལ་ཆེ།

ཡུལ་མི་རྣམས་རྒྱལ་ཁབ་ཀྱི་སྲིད་བྱུས་དང་མཐུན་པ་ཡོང་ཆེད་སྲིད་གཞུང་གིས་ཤེས་ཡོན་ཐོག་དབང་སྒྱུར་དང་མིའི་འཐོན་ཁུངས་བཟོ་བ་བཅས་བྱེད་མི་འོས། ཤེས་ཡོན་ནི་གང་ཟག་རང་ཉིད་རྨོངས་ཞེན་དང་ཕྱོགས་འཛིན་གྱི་དབང་དུ་མ་སོང་བར་རང་སྟོབས་ཀྱིས་ཤེས་བྱ་གང་གི་ཐོག་ཏུའང་ཉམས་ཞིབ་རྟོག་དཔྱོད་ཐུབ་པའི་ནུས་པ་སྤྲོད་རྒྱུའི་ལག་ཆ་ཙམ་ཞིག་ཡིན། སྦྱང་འོས་ཀྱི་ཤེས་བྱའི་རིག་པ་སྣ་ཚོགས་བསླབ་རྒྱུ་དང་ཉམས་ཞིབ་བྱ་རྒྱུའི་གོ་སྐབས་བསྐྲུན་པ་དང་མཐུན་རྐྱེན་སྦྱར་རྒྱུ་ནི་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོ་ཞིག་ཡིན། རྒྱལ་ཁབ་ཀྱི་ལས་རིམ་ནང་ཤེས་ཡོན་གལ་ཆེ་ཤོས་སུ་བརྩིས་ཏེ་དེའི་དོན་དུ་དབུས་དང་ས་གནས་གཞུང་ཟུང་འབྲེལ་ཐོག་ནས་ལོ་འཁོར་གྱི་སྔོན་རྩིས་ནས་ལྔ་ཆ་གཅིག་ལས་མ་ཉུང་བ་ཞིག་འགྲོ་གྲོན་ངེས་པར་དུ་གཏོང་དགོས།

དགེ་རྒན་ནི་སྤྱི་ཚོགས་ནང་ཤེས་ཚད་རྩེ་གྲས་སུ་ཐོན་པ་རྣམས་འདེམས་སྒྲུག་བྱ་རྒྱུ་དང༌། རྣམ་དཔྱོད་ཅན་རྣམས་ཡིད་འགུགས་པའི་ཕྱིར་དུ་སྤྱི་ཚོགས་ནང་དགེ་རྒན་གྱི་མཚན་མཐོང་དང་ཞབས་ཞུའི་ཆ་རྐྱེན་གཞུང་ཞབས་ལས་རིགས་ཐམས་ཅད་ཀྱི་ནང་ནས་མཐོ་ཤོས་སུ་འཇོག་རྒྱུ། བོད་ཀྱི་ཤེས་ཡོན་ཞབས་ཞུའི་སྒྲིག་གྲལ་ཞིག་འཛུགས་དགོས་ཤིང༌། དེ་ནི་གཞུང་ཞབས་སྒྲིག་གྲལ་ཡོངས་ཀྱི་རྩེ་ཕུད་དེ་ཡིན་དགོས།

ཤེས་ཡོན་གྱི་སྒྲོམ་གཞི་གཤམ་གསལ།

ཀ གཞི་རིམ་སློབ་སྦྱོང༌།

༡ སྔོན་འགྲོ ལོ་གཉིས། རང་ལོ་བཞི་ནས་ལྔ་བར།

༢ གཞི་རིམ་འོག་མ། ལོ་བརྒྱད། རང་ལོ་དྲུག་ཡན།

༣ མཚམས་སྦྱོར། ལོ་གཅིག

ཁ འབྲིང་རིམ་སློབ་སྦྱོང༌།

སྔོན་འགྲོའི་གཙུག་ལག་སློབ་སྦྱོང༌། ལོ་བཞི།

ག གཙུག་ལག་སློབ་སྦྱོང༌།

༡ མཐོ་རིམ། ལོ་གསུམ།

༢ ཆེས་མཐོ། ལོ་གཉིས།

༣ ཉམས་ཞིབ།

ཀ གཞི་རིམ་སློབ་སྦྱོང༌།

དབུས་གྲོས་ཚོགས་ནས་ལམ་སྟོན་གཏན་འབེབས་གཞིར་བཟུང་གཞི་རིམ་སློབ་སྦྱོང་ལོ་བརྒྱད་དང་མཚམས་སྦྱོར་སློབ་སྦྱོང་ལོ་གཅིག་གི་མཐུན་རྐྱེན་སྦྱར་རྒྱུ་མངའ་སྡེ་གཞུང་གི་ལས་འགན་ཡིན། ཤེས་ཡོན་ཚོང་དོན་དུ་བསྒྱུར་བ་དང༌། འབྱོར་ལྡན་མི་སྣས་དབང་སྒྱུར་བྱེད་འཇུག་རྒྱུ་མིན། མཚམས་སྦྱོར་འཛིན་གྲྭའི་བར་གཞི་རིམ་སློབ་སྦྱོང་ཡོངས་ཁྱབ་གཅིག་མཚུངས་བཟོ་རྒྱུ། ངོས་འཛིན་ལྡན་པའི་གྲྭ་བཙུན་གྱི་དགོན་པར་ཞུགས་པ་ཕུད། དེ་མིན་བོད་ཀྱི་ཡུལ་མི་སློབ་ལོ་སོན་པ་སློབ་གྲྭ་མ་འགྲིམས་པར་སྡོད་མི་ཆོག ཕྲུ་གུ་གཞི་རིམ་སློབ་གྲྭར་མི་གཏོང་མཁན་གྱི་ཕ་མ་རྣམས་ལ་ཁྲིམས་ཐོག་ནས་ཉེས་ཆད་འགེལ་རུང་བ་ཡིན།

དབང་པོ་སྐྱོན་ཅན་དང་ནུས་བྲལ་གྱི་ཕྲུ་གུ་རྣམས་ལ་གཞུང་གི་ངོས་ནས་དགོས་མཁོའི་མཐུན་རྐྱེན་འདང་ངེས་སྦྱར་རྒྱུ། སློབ་དེབ་ཀྱི་རིན་པ་ཐེ་བའི་གཞི་རིམ་སློབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་གཞུང་གིས་གཏོང་རྒྱུ། སློབ་ཕྲུག་གི་སྒྲིག་ཆས་དང༌། འགྲིམས་འགྲུལ། དེབ་ཆས་ཙམ་གྱི་རིན་འབབ་ཕ་མས་སྦྱར་དགོས། གཞུང་གི་གཞི་རྩའི་སྒྲོམ་གཞིའི་མཐུན་རྐྱེན་ཡོད་ཐོག་ཕ་མས་འགྲོ་གྲོན་ཆ་བསྡུས་བྱུང་ཚེ་དེང་རབས་ཀྱི་མཐུན་རྐྱེན་ཁག་ཀྱང་འཐོབ་ཐབས་བྱ་རྒྱུ།

ཀི་ལོ་མི་ཊར་ལྔའི་ཁྱབ་ཁོངས་སུ་གནས་པའི་སློབ་ཕྲུག་ཚོར་འཛིན་གྲྭ་ལྔ་པའི་བར་གྱི་སློབ་གྲྭ་རེ་འཛུགས་རྒྱུ། ཀི་ལོ་མི་ཊར་བཅུའི་ཁྱབ་ཁོངས་སུ་གནས་པའི་སློབ་ཕྲུག་ཚོར་མཚམས་སྦྱོར་འཛིན་གྲྭའི་བར་གྱི་སློབ་གྲྭ་རེ་འཛུགས་རྒྱུ། དམིགས་བསལ་ས་ཁུལ་མཐའ་འཁོབ་ཏུ་གནས་པའི་སློབ་ཕྲུག་རྣམས་ལ་སྐབས་བསྟུན་ཉལ་ཁང་ངམ་འགྲིམས་འགྲུལ་གྱི་མཐུན་རྐྱེན་སྦྱར་རྒྱུ།

བསླབ་བྱའི་སློབ་ཚན།

སྔོན་འགྲོ་ནས་མཚམས་སྦྱོར་འཛིན་གྲྭའི་བར་བོད་ཀྱི་སྐད་ཡིག་ངེས་ཅན་དུ་བསླབ་དགོས། འཛིན་རིམ་ལྔ་པ་ནས་བརྒྱད་པའི་བར་གདམ་ཁའི་སློབ་ཚན་དུ་ཕྱི་རྒྱལ་སྐད་ཡིག་བསླབ་རྒྱུ། བོད་ཀྱི་ལེགས་བྱང་ལ་མཁོ་གནད་ཆེ་བའི་གནའ་བོའི་སྐད་ཡིག་ཁག་སློབ་ཆེད་སྙིང་སྟོབས་སྤེལ་རྒྱུ། དེ་ལས་གཞན་པའི་ངེས་ཅན་གྱི་སློབ་ཚན་ཁོངས་སུ་སྔོན་འགྲོ་ནས་མཚམས་སྦྱོར་འཛིན་རིམ་བར་ཡུལ་མིའི་རིག་པ་དང༌། ཀུན་སྤྱོད་རིག་པ། ཨང་རྩིས། སྤྱིར་བཏང་ཚན་རིག་རྣམས་འཇོག་རྒྱུ། བློ་རིགས་དང་རྟགས་རིགས་རྣམས་སྤྱིར་བཏང་ཚན་རིག་ཁོངས་སུ་གཞག་རྒྱུ། འཛིན་གྲྭ་ལྔ་པ་ནས་བརྒྱད་པའི་བར་སློབ་ཚན་འཕར་མའི་ཁོངས་སུ་བཟོ་རིག་དང༌། ལག་ཤེས་བཟོ་རྩལ་སྦྱོང་བདར་ཆེད་འཇོག་རྒྱུ། ལས་རྩོལ་དང་ཐོན་སྐྱེད་ནུས་ཤུགས་ཀྱང་སློབ་གྲྭའི་སྒྲིག་ཁྲིམས་ཀྱི་ཆ་ཤས་སུ་གཏོགས་པ་བྱ་རྒྱུ།

སྲོལ་རྒྱུན་གྱི་ལུས་སྦྱོང་དང༌། ཕྱི་རོལ་གྱི་རྩེད་རིགས། སྲོལ་རྒྱུན་གྱི་རོལ་དབྱངས། འདོན་དབྱངས། གནའ་བོའི་གླུ་གཞས་བཅས་ཀྱང་སློབ་གྲྭའི་སློབ་ཚན་འཆར་གཞིའི་ནང་ངེས་ཅན་དུ་བཟོ་དགོས། འོན་ཀྱང་འདི་དག་འོས་ཤིང་འཚམས་པ་དང་ལག་ལེན་འཁེལ་བའི་རང་བཞིན་དུ་བཟོ་དགོས། མདོར་ན། འཛིན་རིམ་བརྒྱད་པ་ཐོན་སྐབས་སློབ་གཉེར་བ་འབྲི་ཀློག་ཐུབ་པ་དང༌། འཚོ་ཐབས་ལས་རིགས་གང་རུང་འདེམས་ཐུབ་པའམ། ཡང་ན་མཐོ་རིམ་སློབ་སྦྱོང་མུ་མཐུད་བྱེད་ཐུབ་པ་ཞིག་བཟོ་དགོས།

འཛིན་རིམ་བརྒྱད་པ་ཐོན་རྗེས་སློབ་གཉེར་བ་ཕལ་ཆེ་བ་སློབ་གྲྭ་བཞག་སྟེ་ཆེད་ལས་སམ་ལས་སྦྱོང་འགའ་ཞིག་ནང་ཞུགས་ནས་རང་གི་འཚོ་ཐབས་བཙལ་དགོས། ཁྱིམ་ཚང་གི་ལས་དོན་མུ་མཐུད་གནས་རྒྱུར་བློ་སྟོབས་སྤེལ་རྒྱུ་དང༌། དེ་འདྲར་བརྟེན་གཞི་རིམ་སློབ་སྦྱོང་ཐོན་རྗེས་སློབ་གཉེར་བ་གླེང་རྩེ་དཀར་པོའི་ལས་མི་བཟོས་ཏེ་ཁྱིམ་ཚང་རིགས་རྒྱུད་ཀྱི་འཚོ་ཐབས་ལས་ཁ་བྲལ་འགྲོ་བའི་རྒྱུ་རྐྱེན་དུ་མ་སོང་བ་དགོས།

འཛིན་གྲྭ་བརྒྱད་པའི་རྗེས་སུ་མ་མཐར་སློབ་གཉེར་བ་བརྒྱ་ཆ་ལྔ་བཅུ་ལོ་གཅིག་གི་མཚམས་སྦྱོར་འཛིན་གྲྭ་དང་ཆབས་ཅིག་སློབ་གྲྭ་འགྲིམ་མཚམས་འཇོག་རྒྱུ། ལྷག་མ་སློབ་གཉེར་བ་བརྒྱ་ཆ་ལྔ་བཅུ་སློབ་གཉེར་མུ་མཐུད་ཆེད་དྲག་འདེམས་བྱ་རྒྱུ། མཚམས་སྦྱོར་འཛིན་གྲྭའི་རྗེས་སློབ་སྦྱོང་མཚམས་འཇོག་བྱེད་མཁན་རྣམས་ལ་སོ་སོའི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་མཐུན་པའི་འདེམས་སྒྲུག་ཆོག་པའི་ལག་ཤེས་བཟོ་རིགས་གཉིས་གསུམ་ཐོག་གཞི་རིམ་སྦྱོང་བདར་སྤྲོད་རྒྱུ། འཛིན་རིམ་འདི་མཚམས་ནས་སློབ་གཉེར་བ་རྣམས་གོ་རྟོགས་དང༌། ཁམས་མོས་དབང་པོའི་ནུས་པ་གསལ་ཐོན་ཟིན་ངེས།

ཁ འབྲིང་རིམ་སློབ་སྦྱོང༌།

འབྲིང་རིམ་སློབ་སྦྱོང་ཆེད་འདེམས་སྒྲུག་བྱས་པའི་སློབ་གཉེར་བ་རྣམས་སྡེ་ཚན་གཉིས་སུ་དབྱེ་རྒྱུ་ཡིན།

ལག་ཤེས་བཟོ་རྩལ་གྱི་སྦྱོང་བདར་དང་འབྲེལ་ཡོད་ཀྱི་ཤེས་ཡོན།

ཤེས་ཡོན་གྱི་རིག་གཞུང༌། ཚན་རིག་དང༌། སྤྱི་ཚོགས་རིག་པ། ཚོང་དོན་སོགས།

༡ འབྲིང་རིམ་སློབ་སྦྱོང་ཆེད་འདེམས་ཐོན་བྱུང་བའི་སློབ་ཕྲུག་ཁྱོན་ཡོངས་ནས་བརྒྱ་ཆ་ལྔ་བཅུ་ལས་མི་ཉུང་བ་སྡེ་ཚན་དང་པོའི་འབྲིང་རིམ་ལོ་བཞིའི་སློབ་སྦྱོང་དུ་འཛུལ་ཞུགས་བྱ་རྒྱུ། སྡེ་ཚན་འདིའི་སློབ་ཚན་གྱི་ཁོངས་སུ་ལག་ཤེས་བཟོ་རྩལ་སྦྱོང་བདར་དང་འབྲེལ་ཡོད་ཀྱི་ཤེས་ཡོན་ཡང་སྤྲོད་རྒྱུ། ལག་ཤེས་བཟོ་རྩལ་གྱི་སློབ་ཚན་རི་མོ་དང༌། འཚེམ་བཟོ། ཤིང་བཟོ། མགར་རིག རྡོ་བཟོ། འཐག་ལས། དེ་མཚུངས་ལག་ཤེས་གཞན་དག་བཅས་ཡིན། སློབ་ཚན་དེ་དག་ཐོག་སློབ་སྦྱོང་གང་ལེགས་སྤྲོད་ཆེད་ཚན་རིག་ལག་རྩལ་སྣེ་མང་གི་སློབ་གྲྭ་འཛུགས་རྒྱུ། སྡེ་ཚན་འདིའི་སློབ་གཉེར་བ་རྣམས་ལ་ལོ་བཞིའི་རྗེས་སློབ་གྲྭ་མཚམས་བཞག་སྟེ་སོ་སོའི་མི་ཚེའི་འཚོ་ལས་འགོ་འཛུགས་དགོས་པའི་གོ་ཤེས་གསལ་པོ་བཟོ་རྒྱུ་མ་ཟད། དེ་རྣམས་ལ་མཐོ་སློབ་ཏུ་རྒྱུན་ལྡན་སློབ་སྦྱོང་བྱེད་པའི་ཁེ་དབང་ཡང་མེད།

༢ འབྲིང་རིམ་སློབ་སྦྱོང་ཆེད་འདེམས་ཐོན་བྱུང་བའི་སློབ་ཕྲུག་ཁྱོན་ཡོངས་ནས་རྩེ་ཕུད་དུ་ངོས་འཛིན་བྱས་པའི་སློབ་གཉེར་བ་བརྒྱ་ཆ་ལྔ་བཅུ་ལས་མ་བརྒལ་བ་ཞིག་ནང་དོན་རིག་པའི་གཞུང་ལུགས་དང༌། ཚན་རིག སྒྱུ་རྩལ། ཚོང་དོན་སོགས་ཀྱི་སློབ་སྦྱོང་གཤའ་མ་བྱ་རྒྱུ། སློབ་གཉེར་བ་དེ་དག་མ་མཐར་གཙུག་ལག་སློབ་ཁང་དུ་འཛིན་རིམ་བཅོ་ལྔའི་བར་ངེས་ཅན་དུ་སློབ་སྦྱོང་བྱ་དགོས།

འབྲིང་རིམ་སློབ་གྲྭ་དེ་དག་གི་གཞི་རིམ་གྱི་བཀོད་པ་གཞུང་ནས་མཁོ་སྤྲོད་བྱ་རྒྱུ་དང༌། སློབ་ཁྲིད་ཡོན་དངུལ་དང་མི་རེའི་འབབ་ཁྲལ་སོགས་བསྡུ་ལེན་མི་བྱེད་ནའང་འགྲོ་གྲོན་གཞན་དག་སློབ་ཕྲུག་རང་ངོས་ནས་སྦྱར་དགོས། ཐུན་མིན་རིག་སྟོབས་ལྡན་པའི་སློབ་གཉེར་བའམ་དཔལ་འབྱོར་གྱིས་ཕོངས་པའི་སློབ་གཉེར་བ་རྣམས་ལ་འཚོ་རྟེན་སློབ་ཡོན་སྤྲོད་རྒྱུའི་སྒྲིག་གཞི་གཏན་འབེབས་བྱ་དགོས།

མངའ་སྡེ་གཞུང་གིས་བཙུགས་པའི་གཞི་རིམ་སློབ་གྲྭའི་ལྷན་ཚོགས་དང༌། དབུས་གཞུང་གིས་བཙུགས་པའི་འབྲིང་རིམ་སློབ་གྲྭའི་ལྷན་ཚོགས་ཀྱིས་སློབ་གྲྭ་ཚང་མའི་ཤེས་ཡོན་བཏང་འཛིན་བྱ་རྒྱུ།

ཚོང་དོན་དང་འབྱོར་ལྡན་མི་སྣའི་མ་ཡིན་པའི་དྭང་བླངས་ཚོགས་པ་ཁག་གིས་བཙུགས་པའི་སྒེར་གྱི་སློབ་གྲྭ་ཁག་ཀྱང་གཞུང་གིས་གཏན་འབེབས་བྱས་པའི་ལམ་སྟོན་གཞིར་བཟུང་སློབ་སྦྱོང་སྤྲོད་དགོས། དེ་བཞིན་རྒྱུགས་སྤྲོད་ཚད་འཛིན་ཡོང་བའི་དོན་དུ་འབྲེལ་ཡོད་རྒྱུགས་སྤྲོད་ལྷན་ཚོགས་ནང་སྒྲིག་ཞུགས་བྱ་དགོས།

ག གཙུག་ལག་སློབ་ཁང་གི་སློབ་སྦྱོང༌།

རྒྱལ་ཁབ་ནང་ཁྲིམས་ཐོག་ནས་བཙུགས་པའི་ཆེས་མཐོའི་གཙུག་ལག་སློབ་ཁང་གཅིག་དང༌། དེའི་ཡན་ལག་གཅིག་གམ་དེ་ལས་མང་བ་ས་གནས་དང་མངའ་སྡེ་སོ་སོར་མཐོ་སློབ་སློབ་སྦྱོང་སྤྲོད་ཕྱིར་འཛུགས་འཐུས།

གཙུག་ལག་སློབ་ཁང་ནས་ཁག་གཉིས་སུ་ཕྱེ་སྟེ་ཤེས་ཡོན་སྤྲོད་རྒྱུ།

༡ ཁྲིགས་ཆགས་དང༌། ༢ ཁྲིགས་ཆགས་མིན་པ།

ཁྲིགས་ཆགས་ཤེས་ཡོན་ནི་གཙུག་ལག་སློབ་ཁང་ངམ། གཙུག་ལག་སློབ་ཁང་དང་འབྲེལ་བའི་སློབ་ཁང་ཁག་གི་ཁོངས་སུ་སྒྲིག་ཞུགས་བྱས་ཏེ་སྤྲོད་རྒྱུ་དང༌། ཁྲིགས་ཆགས་མིན་པའི་ཤེས་ཡོན་ནི་གུ་ཡངས་གཙུག་ལག་སློབ་ཁང་གི་ལམ་སྲོལ་བརྒྱུད་ནས་སྤྲོད་རྒྱུ།

སྲོལ་རྒྱུན་གྱི་དགོན་སྡེའི་ཤེས་ཡོན་ནི་གཙུག་ལག་སློབ་ཁང་གི་ལམ་སྲོལ་ཐོག་ནས་འཛིན་སྐྱོང་བྱ་རྒྱུ་མིན།

དམག་འཐབ་དང༌། གོ་མཚོན་བཟོ་བསྐྲུན། དེ་བཞིན་ཚོད་བལྟའི་ཆེད་དུ་སྲོག་ཆགས་མནར་གཅོད་གཏོང་དགོས་ཀྱི་སློབ་ཚན་གང་ཡང་སློབ་ཁང་གང་དུའང་འཇོག་མི་ཆོག

དབུས་གཞུང་གིས་གཏན་འབེབས་སྒྲིག་གཞི་གཞིར་བཟུང་ཕྱི་རྒྱལ་སློབ་ཕྲུག་རྣམས་འཛུལ་ཞུགས་བྱ་རྒྱུ་དང༌། དེ་བཞིན་ཕྱི་རྒྱལ་གྱི་རབ་བྱུང་དགོན་སྡེའི་སློབ་ཁང་གང་དུའང་འཛུལ་ཞུགས་བྱ་རྒྱུར་དམིགས་བསལ་དགག་བྱ་ཡོད་རིགས་མ་གཏོགས་བཀག་འགོག་བྱ་རྒྱུ་མིན།

ལེའུ་དྲུག་པ། འཕྲོད་བསྟེན་དང་ཁྱིམ་ཚང་གི་བདེ་དོན།ཤེས་ཡོན་གྱི་རྗེས་ཡུལ་མིའི་འཕྲོད་བསྟེན་དང་ཁྱིམ་ཚང་གི་བདེ་དོན་ཐོག་གལ་ཆེ་དོན་ཆེ་བྱ་རྒྱུ། བོད་སྨན་ལམ་སྲོལ་གོང་འཕེལ་བཏང་སྟེ་གལ་ཆེ་ཤོས་སུ་འཛིན་རྒྱུ། དེ་མཚུངས་དེང་རབས་ཀྱི་ཉམས་ཞིབ་དང༌། སློབ་ཚན་ཕན་ཚུན་མཚུངས་བསྡུར་གྱི་ཉམས་ཞིབ་བྱ་རྒྱུ་ལའང་སྙིང་སྟོབས་སྤེལ་རྒྱུ། དེ་དང་འདྲ་བའི་སྲོལ་རྒྱུན་གྱི་ལམ་སྲོལ་ཁག་སྟེ་ཚེའི་རིག་བྱེད་དང༌། ཨཀུཔངྕར། ཨཀུཔྲེ་ཤར། ནེཅུརོཔེཐི། ཧོམིའོཔེཐི་རྣམས་ཀྱང་གལ་ཆེར་བརྩི་རྒྱུ། དེ་མཚུངས་དེང་རབས་ཀྱི་གསོས་སྨན་གྱི་ལམ་སྲོལ་ཡང་ལག་ལེན་བྱ་རྒྱུ།

སྨན་བཅོས་ཀྱི་མཐུན་རྐྱེན།

ཡུལ་མིའི་དགོས་མཁོ་དང་འཚམས་པའི་སྨན་བཅོས་མཐུན་རྐྱེན་ཆེད་ཡོ་བྱད་ཆ་ཚང་ལྡན་པའི་སྨན་ཁང་དང་འཕྲོད་བསྟེན་ཁང་འཛུགས་རྒྱུ།

རྒྱལ་ཁབ་འཆར་འགོད་ཀྱི་ལས་རིམ་དང་པོ་གཉིས་ཀྱི་ནང་མི་འབོར་ཉིས་སྟོང་ལྔ་བརྒྱ་ལ་འཕྲོད་བསྟེན་ཁང་གི་མཐུན་རྐྱེན་དང༌། དེ་བཞིན་མི་འབོར་ཉིས་ཁྲི་ལ་ཚད་ལྡན་སྨན་ཁང་གི་མཐུན་རྐྱེན་སྦྱར་རྒྱུ། དེའི་ཁར་མི་ཉིས་སྟོང་ལྔ་བརྒྱའི་སྡེ་ཚན་རེར་སྨན་པ་རེ་འཐོབ་རྒྱུ།

སྔོན་འགོག་གི་ཐབས་ལམ།

རིམས་ནད་དང་འགོས་ནད་སྔོན་འགོག་གི་ཐབས་ལམ་ལའང་གལ་ཆེ་དང་དོ་སྣང་གང་གཟབ་བྱ་རྒྱུ། བྱིས་པའི་འཕྲོད་བསྟེན་གང་གཟབ་ཆེད་སྔོན་འགོག་གི་སྨན་སྦྱིན་རྒྱུན་ལྡན་བྱ་རྒྱུ། བོད་ཀྱི་ད་ལྟའི་མི་འབོར་ལ་གཞིགས་པའི་སྐྱེ་སྒོ་བཀག་འགོག་གི་ལས་རིམ་འཕྲལ་དུ་དགོས་མཁོ་མ་མཐོང་ཡང༌། ཆང་ས་བརྒྱབ་རྒྱུའི་མ་མཐའི་ལོ་ཚད་དང༌། ཕྲུ་གུ་གཉིས་དབར་ལོ་ཁྱད་ཇི་འཇོག་སོགས་དགོས་གལ་དང་བསྟུན་ཁྲིམས་ཐོག་ནས་གཏན་འབེབས་བྱ་རྒྱུ།

བཟའ་བཏུང་གཡོས་སྐོལ་གྱི་མྱུར་ལམ་དང་རྒྱུན་ཉར་སྣོད་འཇོག་རིགས་བཀག་འགོག་བྱ་རྒྱུ་དང་ལམ་ལུགས་ལྡན་པ་ཞིག་བཟོ་རྒྱུ། ཟ་ཆས་རིགས་ཚད་ལྡན་དང་བཟའ་བཏུང་མཁོ་སྒྲུབ་ཀྱི་བཏང་འཛིན་བྱ་རྒྱུ་སོགས་འཕྲོད་བསྟེན་ལྷན་ཁང་གི་ལྟ་རྟོག་འོག་ཏུ་འཇོག་རྒྱུ། རང་བྱུང་གི་རྒྱུག་ཆུ་དང་ཁྲོན་པའི་འཐུང་ཆུ་བེད་སྤྱོད་བྱ་རྒྱུའི་འབད་བརྩོན་གང་ཐུབ་བྱ་རྒྱུ། འཐུང་ཆུའི་མཐུན་རྐྱེན་རྒྱུན་ལྡན་ལ་སྐྱོན་ཤོར་བྱུང་སྐབས་སུ་ཐབས་ལམ་གཞན་པའི་སྒོ་ནས་འཐུང་ཆུའི་མཐུན་རྐྱེན་བཟོ་དགོས། རྫས་སྦྱོར་གྱིས་དུག་སེལ་དང་འབུ་ཕྲན་འགོག་ཐབས་རིགས་གང་ཐུབ་སྤང་རྒྱུ། སོ་ནམ་དང༌། ཚལ་ཞིང༌། ཤིང་རྟོག་འདེབས་ལས་སུ་རྫས་ལུད་དང་དེ་མཚུངས་ཀྱི་ལུད་གང་ཡང་བེད་སྤྱོད་བྱ་རྒྱུ་མིན།

ཆུ་བཙོག་སིམ་དོང་དང་ཡུར་ལམ་རྣམས་ཁྲིམས་ཐོག་ནས་ཚད་ལྡན་བཟོ་རྒྱུ། གད་སྙིགས་ལུད་དུ་བསྒྱུར་རྒྱུའི་ལས་ཐབས་སྤེལ་རྒྱུ། རླུང་བཙོག་དང་སུན་སྣང་ཇེ་ཉུང་དུ་གཏོང་རྒྱུའི་སླད་དུ་མི་མང་གི་འགྲུལ་བཞུད་མཐུན་རྐྱེན་འཆར་འགོད་ཚད་ལྡན་བྱ་རྒྱུ།

ལེའུ་བདུན་པ། ཆོས། བོད་ནི་འཛམ་གླིང་འདིར་འདས་པའི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་རིང་ཆོས་ལྡན་གྱི་ཞིང་ཞིག་ཏུ་ཡོངས་སུ་གྲགས་པ་མ་ཟད། བོད་ཀྱི་ནུས་ཤུགས་ཕལ་ཆེ་བ་ནང་སེམས་ཀྱི་བདེ་སྐྱིད་བསྒྲུབ་པའི་སླད་དུ་འབད་སྤུངས་བྱས་ཡོད། དེ་དག་གི་གྲུབ་འབྲས་བོད་ཀྱི་ཐུན་མིན་ལེགས་བྱང་གི་གཟུགས་སུ་ཡོད་པ་འདི་ནི་སྐྱེ་འགྲོ་ཡོངས་ཀྱི་ཆེད་དུ་རིན་ཐང་རླབས་ཆེན་དང་ལྡན་པ་ཞིག་ཡིན། རྒྱལ་ཁབ་དང་མི་མང་ཐུན་མོང་ནས་འདས་པའི་ལོ་རྒྱུས་སུ་ནང་དོན་རིག་པའི་སྲུང་སྐྱོབ་དང་གོང་སྤེལ་བྱ་རྒྱུའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་ལས་དོན་གཞན་དག་མང་ཆེ་བ་ནང་སེམས་ཀྱི་ཉམས་རྟོགས་སྤེལ་བའི་ཆེད་དུ་ཁ་བསྒྱུར་བྱས་ཡོད།

བོད་ཀྱི་ཆོས་རྒྱལ་རིམ་བྱོན་རྣམས་ཀྱིས་སྐུ་ངལ་ཁྱད་བསད་ཀྱིས་ནང་པ་སངས་རྒྱས་པའི་བསྟན་པ་བོད་དུ་སྲོལ་བཏོད་པ་ནས་བཟུང་ཡོངས་སུ་གྲགས་པ་དང་ཐུན་མོང་མ་ཡིན་པའི་ བྱཆོས་སྲིད་ཟུང་འབྲེལ་བྱ ཞེས་པའི་ཚིག་རྒྱལ་ཁབ་ཀྱི་ཆབ་སྲིད་མཚོན་བྱེད་དུ་བེད་སྤྱོད་བྱས་ཡོད། དེར་བརྟེན་གཞུང་གི་སྲིད་དབང་དང་དཔལ་འབྱོར་གྱི་ཡོང་འབབ་ཕོན་ཆེ་བ་ཡོངས་ཁྱབ་རྩ་ཆེའི་རིག་གཞུང་གི་གཅེས་སྐྱོང་དང་དགེ་འདུན་པ་རྣམས་ཀྱི་བདེ་དོན། དགོན་སྡེ་ཁག་དང་གཙུག་ལག་ཁང༌། བཤད་གྲྭ་དང་སྒྲུབ་གྲྭ་སོགས་སྲུང་སྐྱོབ་དང་མི་ཉམས་གོང་སྤེལ་གྱི་སླད་དུ་འགྲོ་གྲོན་བཏང་ཡོད།

ནུབ་ཕྱོགས་པ་མང་པོ་ཞིག་གིས་གནའ་བོའི་བོད་དང་དེའི་སྲིད་གཞུང་ཐིའོ་ཀེ་རེ་ཊིཀ་ (Theocratic) རིང་ལུགས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནི་བདེན་པ་མིན། གང་ལེགས་ཤེ་ན། ནང་ཆོས་ནི་འཇིག་རྟེན་གྱི་བྱེད་པ་པོ་ཁས་མི་ལེན་པའི་ཆོས་ཤིག་ཡིན།

ནང་ཆོས་མ་དར་གོང་དུ་བོད་གཞུང་དེ་བོན་ཆོས་ཀྱི་དབང་ཤུགས་འོག་གནས་ཡོད་ཅིང༌། རིམ་བཞིན་ནང་ཆོས་ལ་དད་མོས་ཞུས་པ་ནས་བཟུང་དེ་ཉིད་གཞུང་གི་ཆོས་སུ་གནས་ཡོད། དེ་ལྟ་ནའང་བོད་དུ་ཆེས་གྲངས་ཉུང་མི་རིགས་དཔེར་ན། བོན་དང༌། སྟོན་པ་ཡེ་ཤུའི་རྗེས་འབྲང༌། ཁ་ཆེ་རྣམས་ཀྱང་ཆོས་ཀྱི་རང་དབང་ཆ་ཚང་ལོངས་སུ་སྤྱོད་ཅིང་ཞི་བདེ་བག་ཕེབས་སུ་གནས་ཡོད། ནང་པའི་མི་ཚེ་སྐྱེལ་ལུགས་དེས་ཕྱོགས་རིས་དང་དབྱེ་འབྱེད་མེད་པའི་ལེགས་བྱང་བཟང་ཤོས་ཤིག་སྦྱིན་ཡོད།

ཆོས་ཀྱི་སྲོལ་རྒྱུན་སྲུང་སྐྱོབ་དང་གོང་སྤེལ།

རང་དབང་ཅན་གྱི་བོད་དུ་ནང་ཆོས་ཀྱི་སྲོལ་རྒྱུན་སྲུང་སྐྱོབ་དང་གོང་སྤེལ་བྱ་རྒྱུར་གཞུང་ནས་དོ་ཁུར་ཆེ་ཤོས་བྱ་རྒྱུ། འགྲོ་བ་སྤྱི་ཡོངས་ཀྱི་དོན་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཀྱི་སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་བོད་མིའི་ཁུར་དུ་འཁྲི་བའི་རྩ་ཆེན་གྱི་ལས་འགན་ཞིག་ཡིན་པ་མ་ཟད། ལྷག་པར་བོད་མི་གང་འཚམས་བཙན་བྱོལ་དུ་འབྱོར་ཏེ་དེང་རབས་ཀྱི་འཇིག་རྟེན་དང་འབྲེལ་ལམ་ཆགས་ཟིན་པས་བོད་མིའི་འགན་ཁུར་ཆེ་རུ་ཕྱིན་ཡོད། བསྒྲུབ་བྱ་དེ་བསྒྲུབ་པའི་སླད་དུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་ལྟ་རྟོག་བྱ་རྒྱུ་ནི་གཞུང་གི་ལས་འགན་ཡིན། དེ་ནི་དངོས་ཡོད་དུ་གཞུང་གི་ཆབ་སྲིད་ཀྱི་ངོ་བོ་ངེས་པར་དུ་ བྱཆོས་ལུགས་རིས་མེད་བྱ (Secularism) ཅེས་པའི་ཚིག་དེའི་བརྗོད་དོན་ངོ་མ་ཇི་བཞིན་དུ་བསྒྱུར་རྒྱུར་མཚོན་པ་ཡིན།

ཆོས་ལུགས་རིས་མེད་ཅེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་ཉེས་སམ། ལོག་པར་བེད་སྤྱོད་བྱས་པ་ལ་བརྟེན་ནས་ཐ་སྙད་དེའི་གོ་བ་ནོར་བ་དང་ལོག་པ་ཞིག་ཏུ་བླངས་ཏེ་ཆོས་མེད་རིང་ལུགས་སམ། ཆོས་ལ་དགག་བྱ་བྱེད་མཁན་གྱི་གྲུབ་མཐའ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག ཡིན་ནའང་རང་དབང་ཅན་གྱི་བོད་དུ་ཆོས་ལུགས་རིས་མེད་ཅེས་པ་སྲིད་གཞུང་གིས་རང་གི་དབང་ཚད་གྱི་མཐའ་མཚམས་ཤེས་པའི་ཐོག་ནས་སྤྱིར་མི་མང་དང༌། བྱེ་བྲག་ཏུ་སྐྱེ་བོ་སྒེར་སོ་སོའི་ཆོས་ཕྱོགས་ཀྱི་མི་ཚེའི་ནང་ཐེ་བྱུས་མི་བྱེད་པ་ཞིག་ལ་གོ་དགོས་པ་ཡིན།

ཆོས་དད་རང་དབང༌།

རྣམ་དཔྱོད་ཀྱི་རང་དབང་དང༌། ཆོས་དད་རང་དབང༌། དེ་བཞིན་ཆོས་ལུགས་བྱེ་བྲག་པ་གང་ཞིག་ལ་དད་མོས་བྱེད་ཆོག་པ་དང༌། མ་བྱེད་ཆོག་པའི་རང་དབང་བཅས་ནི་རྩ་ཁྲིམས་སུ་གཞི་རྩའི་ཐོབ་ཐང་གྲས་སུ་བཀོད་དེ་སྲུང་སྐྱོབ་ཀྱི་འགན་ལེན་དགོས། རྒྱལ་ཁབ་ཀྱི་ཁྲིམས་ནི་ནང་དོན་རིག་པའི་སྲོལ་རྒྱུན་དང༌། གསུང་རབ། ཆོས་ལུགས་སམ། ཡང་ན་སྒྲིག་འཛུགས་གང་གིའང་ཤུགས་ནུས་འོག་བཟོ་རྒྱུ་མིན་པ་དང༌། རྒྱལ་ཁབ་ཡོངས་རྫོགས་ཆ་སྙོམས་གཅིག་གྱུར་གྱི་ཡུལ་མིའི་ཁྲིམས་ལུགས་བཟོ་རྒྱུ་དང་དེ་ལ་སྲུང་རྩི་ཞུ་རྒྱུ། ཆོས་ལུགས་རིས་མེད་ཀྱི་ཡ་རབས་བཟང་སྤྱོད་དང་གཞི་རྩའི་ཚུལ་ཁྲིམས་ནི་ཁྲིམས་བཟོའི་ལས་རིམ་གྱི་གཞི་རྩར་འཛིན་དགོས། ཁྲིམས་སུ་བཅས་པའི་སྒྲིག་གཞི་ནི་དབྱེ་འབྱེད་མེད་པར་ཡུལ་མི་ཀུན་ལ་གཅིག་གྱུར་དུ་ཁྱབ་པ་ཡིན། སྲིད་གཞུང་ནས་ཆོས་ལུགས་ཀུན་ལ་དོ་སྣང་བརྩི་འཇོག་ཆ་སྙོམས་བྱེད་དགོས་པ་དང༌། རྗེས་འབྲང་མང་ཉུང་ལ་མ་ལྟོས་པར་ཆོས་ལུགས་ཚང་མར་རང་དབང་འདྲ་མཉམ་ཡོད་དགོས།

ཆོས་དོན་འཛིན་སྐྱོང༌།

ཆོས་དང་འབྲེལ་བའི་ལས་དོན་འཛིན་སྐྱོང་ཆེད་ཁྲིམས་ལུགས་ཀྱི་དབང་ཚད་ལྡན་པའི་ཆོས་དོན་ལྷན་ཁང་ཞིག་དགོས་པ་དང༌། ལྷན་ཁང་དེའི་བླ་ན་མེད་པའི་དབུ་ཁྲིད་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཡིན་དགོས། ྋགོང་ས་མཆོག་འཚོ་གཞེས་མེད་སྐབས་ཁོང་གི་སྐུ་ཚབ་བསྐོ་གཞག་གནང་ཕྱོགས་དང༌། ལྷན་ཁང་གི་བྱེད་སྒོ་རྣམ་གཞག་རྣམས་སྒྲིག་མཐུན་གྱི་སྒོ་ནས་བསྐྱང་ཕྱོགས་བཅས་ཁྲིམས་ཐོག་ནས་ཆ་རྐྱེན་གཏན་འབེབས་བྱ་རྒྱུ།

དགོན་སྡེ་ཁག་དང་ཆོས་སྡེ་ཁག་ཡོངས་རྫོགས་ཆོས་དོན་ལྷན་ཁང་གི་སྒྲིག་འཛུགས་དང་འཛིན་སྐྱོང་འོག་གནས་དགོས། དེ་དག་འཛིན་སྐྱོང་གི་སྒྲིག་གཞི་ལག་བསྟར་བྱེད་ཕྱོགས་ཀྱང་ཆོས་དོན་ལྷན་ཁང་ནས་གཏན་འབེབས་བྱ་རྒྱུ། དགོན་སྡེ་ཁག་གི་སྒྲིག་ཁྲིམས་སྲུང་སྐྱོབ་བྱ་རྒྱུ་དང༌། དགེ་འདུན་པ་དང་བཙུན་མ། དེ་བཞིན་ཆོས་ཀྱི་ཉམས་ལེན་པའི་གྲངས་འབོར་དང་སྤུས་ཚད་གོང་སྤེལ་གཏོང་རྒྱུའི་དམིགས་ཡུལ་གཙོ་བཟུང་གིས་ཆོས་སྒོར་ཞུགས་མཁན་གྱི་འོས་ཆོས་དང་ལས་སྣེ་ཁག་གི་གནས་རིམ་དང་འགན་དབང་གཏན་འབེབས་བྱ་རྒྱུ་ཆོས་དོན་ལྷན་ཁང་གིས་འགན་ལེན་དགོས་པ་ཡིན།

ཡུལ་མི་གང་ཞིག་རང་ལོ་བཅོ་བརྒྱད་ལོན་སྐབས་ཆོས་ལུགས་གང་ཞིག་གི་རྗེས་འབྲང་པའམ་དད་ཅན་དུ་ངོས་ལེན་བྱས་མཚམས་དུས་ནས་དུས་སུ་ཁྲིམས་ཐོག་ནས་གཏན་འབེབས་གཞིར་བཟུང་ཆོས་ཁྲལ་འབུལ་དགོས་པ་དང༌། ཆོས་ཁྲལ་འདིའི་ཡོང་འབབ་ཆ་ཚང་ཆོས་དོན་ལྷན་ཁང་གི་ལྟ་རྟོག་བཏང་འཛིན་འོག་ཆོས་དོན་ཁོ་ནའི་དོན་དུ་བེད་སྤྱོད་བྱ་རྒྱུ། ཆོས་ལུགས་ཀྱི་རྗེས་འབྲང་བ་མང་ཉུང་ལ་དཔགས་ཏེ་ཆོས་ཕྱོགས་ཀྱི་དོན་དུ་དཔལ་འབྱོར་མཐུན་རྐྱེན་རོགས་རམ་གནང་རྒྱུ།

ལེའུ་བརྒྱད་པ། ལེགས་བྱང༌།དེང་སྐབས་ཀྱི་༼ལེགས་བྱང་༽(Culture)གི་གོ་དོན་དང་བསམ་ཚུལ་ནི་ནུབ་ཕྱོགས་པའི་ལྟ་ཚུལ་གྱི་འགྲོས་ཤིག་ལས། ནང་ཆོས་ཀྱི་ཐོག་ནས་ཉེ་དུས་བར་མ་གཏོགས་ བྱལེགས་བྱང་བྱ སྐོར་འགྲེལ་བརྗོད་གང་ཡང་བྱས་མེད། དེང་དུས་ཀྱི་ལེགས་བྱང་གི་གོ་དོན་དེ་ནི་ཉེ་བའི་བརྒྱ་ཕྲག་རེ་ཟུང་ནང་ནུབ་ཕྱོགས་པའི་ལྟ་གྲུབ་དང་རྒྱ་གར་གྱི་སྲོལ་རྒྱུན་གཉིས་ཀྱི་ཕན་ཚུན་ཤན་ཤུགས་འབྲེལ་ལམ་ལས་བྱུང་བ་ཞིག་ཡིན། སྐབས་བབས་ཀྱི་སཾསྐྲྀཏི་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལེགས་བྱང་(Culture)ལ་སྦྱར་བ་ཡིན་ཡང༌། ནུབ་ཕྱོགས་པའི་ལེགས་བྱང་གི་གོ་དོན་གྱི་འགྲེལ་བརྗོད་དུས་དང་གནས་སྐབས་ལ་བསྟུན་ཏཻ་འགྱུར་བ་སྣ་ཚོགས་ཤིག་ཕྱིན་ཡོད། དེར་བརྟེན་བོད་པའི་ལྟ་ཚུལ་དང་མཚུངས་པའི་ལེགས་བྱང་གི་གོ་དོན་འགྲཻལ་བརྗོད་བྱེད་བདེ་པོ་ཡོད།

བོད་མིའི་ལེགས་བྱང་གི་གོ་དོན།

འགྱུར་བ་མཚོན་པར་བྱེད་པའི་རིམ་པ་གསུམ་སྟེ་རང་བཞིན་ནས་ལེགས་པར་བྱང་བའམ་ཡར་རྒྱས་སུ་ཕྱིན་པ་དང༌། དེ་ནས་ཉམས་རྒུད་དུ་སོང་བ་སྟེ་ཧིན་སྐད་དུ་པྲཀྲྀཏི་དང༌། སཾསྐྲྀཏི། ཝིཀྲྀཏི་བཅས་པའི་འགྲེལ་ཚུལ་དེ་ནི་ང་ཚོའི་ལེགས་བྱང་གི་གོ་དོན་དང་ཉེ་བ་ཡོད། དེས་ན་སྐབས་དོན་འདིར་ང་ཚོས་ལེགས་བྱང་ཞེས་པ་ཡུལ་མིའི་ལེགས་སྤྱོད་ཡོངས་སུ་སྨིན་པ་དང༌། རྟག་ཏུ་དང་མཐའ་གཅིག་ཏུ་ལེགས་པའི་ཆ་དང་གསར་བསྐྲུན་གྱི་ཕྱོགས་ཤིག་ལ་ངོས་འཛིན་བྱས་ཡོད། དེའི་ལྡོག་ཕྱོགས་ཀྱི་ཆ་དཔེར་ན། དམག་འཐབ་དང༌། འཁྲུག་འཛིངས། འཚེ་བའི་ལེགས་བྱང་ཟེར་བ་ལ་སོགས་པ་ནུབ་ཕྱོགས་པའི་ལྟ་སྟངས་དེ་ནི་བོད་མིའི་ལེགས་བྱང་གི་བསམ་ཚུལ་ལས་མཐའ་གཅིག་ཏུ་ཐ་དད་ཡིན།

ལེགས་བྱང་དང་ཆོས་ཀྱི་ཤེས་ཡོན།

དངོས་དོན་ལྟར་བརྗོད་ན་ལེགས་བྱང་ནི་གསར་བསྐྲུན་རིག་པའི་འབྱུང་རྩ་ཚུལ་ཁྲིམས་ཀྱི་བསླབ་པའི་ཤེས་ཡོན་དང་ཉམས་ལེན་ལས་གྲུབ་པའི་ནང་སེམས་ཀྱི་གནས་བབས་ཤིག་ཡིན། དེར་བརྟེན་ལེགས་བྱང་ནི་མི་ཚེའི་གོམས་གཤིས་དང་གསར་བསྐྲུན་གྱི་རྣམ་འགྱུར་རམ་མངོན་སུམ་དུ་སྣང་བའི་སྒྱུ་རྩལ་གྱི་གཟུགས་སུ་མངོན་པར་གསལ་བ་ཞིག་ཡིན། དེ་འདྲའི་གཞི་རྩའི་ཐོག་ང་ཚོའི་བསམ་བློར་མ་འོངས་བོད་དུ་ཆོས་ཀྱི་ཤེས་ཡོན་སློབ་གསོ་ལེགས་པར་བྱས་ཏེ་བོད་མི་སྒེར་དང་མཉམ་འདུས་སྤྱི་ཚོགས་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་དག་པ་སྲུང་སྐྱོབ་བྱ་རྒྱུར་འབད་སྒྲུབ་སྒོ་ཀུན་ནས་བྱ་རྒྱུ། དེའང་འདིར་ཆོས་ཀྱི་སློབ་གསོ་ཞེས་པ་ནི་ཆོས་ལུགས་རིས་མེད་མིན་པའི་སློབ་གསོ་ལ་གོ་རྒྱུ་མིན། ཚོང་དོན་དང་བཅོས་མའི་དྲིལ་བསྒྲགས་ཀྱིས་ཀླད་པ་མ་བཀྲུས་ཤིང༌། ཕྱོགས་ལྷུང་དང་རྨོངས་དད་ཀྱིས་མ་བསླད་པའི་བློ་གྲོས་ཀྱི་ནུས་ཤུགས་ལས་ཐོན་པའི་ཤེས་ཡོན་སློབ་སྟོན་གྱི་ལས་རིམ་ལམ་སྲོལ་དང་ནང་དོན་གཉིས་ཀ་ནང་གི་ཡར་རྒྱས་ལ་སྨན་པའི་སློབ་གསོ་ཞིག་ལ་གོ་དགོས། དེའི་ཆེད་སྤྱི་ཡོངས་སློབ་སྟོན་དང་ནུས་ཤུགས་ལྡན་པའི་དྲིལ་བསྒྲགས་ཀྱི་ལམ་ནས་སྤྱི་ཚོགས་ནང་རེ་འདུན་དང་མཐུན་པའི་ཁོར་ཡུག་གི་ཆ་རྐྱེན་བསྐྲུན་རྒྱུ་དང༌། མང་ཚོགས་སུ་སྲོལ་རྒྱུན་དང་མཐུན་པའི་མི་ཚེའི་འཚོ་བ་ཐ་ན་བཟའ་བཏུང་གི་གོམས་གཤིས་དང༌། གྱོན་ཆས། རྒྱན་ཆ། ནང་གི་འཛིན་ཆས་བཀོད་བསྒྲིགས་ཡན་ཆད་ལ་དོ་སྣང་དང་སྤྲོ་སེམས་སྤེལ་རྒྱུ།

ལེགས་བྱང་བློན་ཆེན་ལྷན་ཁང༌།

ལེགས་བྱང་བློན་ཆེན་ལྷན་ཁང་ཞིག་གི་འོག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ས་ཁུལ་ཁག་གི་གནའ་བོའི་དངོས་རྫས་འཚོལ་ཞིབ་དང་བསྔོག་འདོན། དྲན་རྟེན་དངོས་μས་དང་བཟོ་རིག་སྒྱུ་རྩལ་སོགས་སྲུང་སྐྱོབ་གཅེས་སྐྱོང་དང༌། ས་ཁུལ་དང༌། རྫོང་གཞིས། མངའ་སྡེ། རྒྱལ་ཡོངས་སོགས་གནས་རིམ་སོ་སོར་དཔེ་མཛོད་དང༌། འགྲེམས་སྟོན་ཁང༌། དངོས་རྙིང་གཅེས་སྐྱོང་ཁང་སོགས་འཛུགས་སྐྲུན་བྱ་རྒྱུ་དང༌། དེ་དག་གི་འཛིན་སྐྱོང་གཅིག་གྱུར་ཡོང་ཆེད་དབུས་གཞུང་གིས་ཁྲིམས་ལུགས་བཟོ་འགོད་བྱ་རྒྱུ། དངོས་རྫས་རྙིང་རིགས་རྐུ་འཁྱེར་ནག་ཚོང་སོགས་འགོག་ཆེད་ཁྲིམས་ལུགས་དམ་པོ་བཟོ་རྒྱུ་དང༌། དེ་དག་ལག་ལེན་བསྟར་ཆེད་འདང་ངེས་ཀྱི་ལས་བྱེད་བསྐོ་འཛུགས་སོགས་ཀྱི་ལས་རིམ་ལ་གལ་ཆེར་བརྩི་རྒྱུ། ལེགས་བྱང་གི་རིན་ཐང་དང་ལྡན་པའི་དངོས་ཟོག་རྙིང་རིགས་དང༌། སྒྱུ་རྩལ་བཟོ་བཀོད་སྒེར་བདག་ཡོད་མཁན་རྣམས་ལུགས་མཐུན་དེབ་སྐྱེལ་དང་དཀར་ཆག་ཐོ་འགོད་དགོས་པའི་འོས་འཚམས་ཀྱི་ཁྲིམས་ལུགས་བཟོ་རྒྱུ། རོལ་དབྱངས་དང༌། ཞབས་གཞས། ཟློས་གར། ཡུལ་ལུང་སོ་སོའི་ཐུན་མིན་ཞབས་རིགས་ལ་སྲིད་གཞུང་ནས་དོ་སྣང་དང་མཐུན་འགྱུར་བྱ་རྒྱུ།

སྲོལ་རྒྱུན་ལག་ཤེས་བཟོ་རིགས་གོང་སྤེལ།

གསེར་དངུལ་ཟངས་ལྕགས་ཤིང་རྡོ་རྫ་མ་འབྲི་འབུར་འཐག་འཚེམ་ཀོ་རིགས་ཀྱི་དངོས་ཆས་སོགས་བོད་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་ལག་རྩལ་བཟོ་རིགས་མཐའ་དག་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལེགས་བྱང་གི་ལས་འགུལ་ལ་བརྩོན་རིགས་རྣམས་ལ་སྲིད་གཞུང་གིས་རྒྱབ་སྐྱོར་མཐུན་འགྱུར་བྱ་རྒྱུ་དང༌། སྤྱི་ཚོགས་དང༌། སྲིད་དོན། དཔལ་འབྱོར་གང་ཐད་ནས་རྒྱ་དམར་གྱི་བཙན་གནོན་དབང་གིས་བོད་ནང་ཕལ་ཆེར་ནུབ་ལ་ཉེ་བའི་ས་ཁུལ་སོ་སོའི་སྒྱུ་རྩལ་དང༌། ལག་ཤེས་བཟོ་རིགས་ཁག་ལ་སྲིད་གཞུང་གིས་དམིགས་བསལ་དོ་སྣང་དང་རྒྱབ་སྐྱོར་མཐུན་འགྱུར་གྱི་སྒོ་ནས་གོང་འཕེལ་གཏོང་རྒྱུ།

སྲོལ་རྒྱུན་གྱི་དུས་ཆེན་ཁག་དང་མཛད་སྒོ་ཁག་བོད་མིའི་ལེགས་བྱང་གི་ཆ་ཤས་ཐུན་མོང་མིན་པ་ཞིག་ཡིན་སྟབས། བོད་དུ་རྒྱ་དམར་གྱི་བཙན་འཛུལ་མ་བྱུང་གོང་གི་ཡུལ་གོམས་གཤིས་ལུགས་སུ་ཡོད་པའི་དུས་ཆེན་དང་མཛད་སྒོ་དགའ་སྟོན་སོགས་ཀྱི་རིགས་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུ། དབུས་དང་མངའ་སྡེ་གཞུང་བསྡོམས་པའི་ལོ་འཁོར་སྔོན་རྩིས་འགྲོ་གྲོན་རྩ་འབོར་གྱི་བཞི་ཆ་གཅིག་ལས་མི་ཉུང་བ་ལེགས་བྱང་གི་གཅེས་སྐྱོང་དང༌། སྲུང་སྐྱོབ། ཡར་རྒྱས་བཅས་ཀྱི་ཆེད་དུ་ངེས་པར་གཏོང་རྒྱུ། ལས་འགུལ་འདི་རིགས་ཁྲིགས་ཆགས་མིན་པའི་ཤེས་ཡོན་གྱི་བརྒྱུད་ལམ་ནུས་ཤུགས་ལྡན་པ་ཞིག་ཀྱང་ཡིན།

 ལེའུ་དགུ་པ། རྒྱལ་སྤྱིའི་འབྲེལ་ལམ།འབྱུང་འགྱུར་བོད་ནི་འཚེ་མེད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་རང་རེའི་གཞི་རིམ་གྱི་ལས་འཆར་དུ་ཡོད་པ་ལྟར་དེའི་གོ་དོན་བོད་ནི་དམག་མི་མེད་པའི་ས་ཁུལ་དང༌། སྟོབས་ཆེན་རྒྱལ་ཁབ་བམ། སྟོབས་ཆེན་གྱི་ཤོག་ཁག་གང་དང་ཡང་ཕྱོགས་བསྒྲིལ་མི་བྱེད་པ་དང༌། མཚོན་ཆའི་རིགས་གང་ཡང་བཟོ་བསྐྲུན་མི་བྱེད་པའི་རྒྱལ་ཁབ་ཅིག་ཆགས་རྒྱུ་ཡིན་པ་བརྗོད་མ་དགོས།

གལ་སྲིད་རྒྱ་ནག་དང་མཉམ་དུ་མཉམ་མཐུན་དུ་གནས་རྒྱུའི་གནས་སྐབས་ཤིག་བྱུང་བ་ཡིན་ན། གཞུང་ཚབ་གཏོང་ལེན་གྱི་ཕྱི་འབྲེལ་ནི་རྒྱ་ནག་དབུས་གཞུང་གིས་འགན་ཁུར་བྱ་རྒྱུ་ཡིན་ནའང༌། བོད་པར་རྒྱལ་ཁབ་གཞན་དང་ཐད་ཀར་ཚོང་དོན་དང༌། ཤེས་ཡོན། ལེགས་བྱང་བརྗེ་ལེན་སོགས་ཀྱི་འབྲེལ་བ་བྱ་རྒྱུའི་ཐོབ་ཐང་ཡོད་དགོས། དེ་ཙམ་མ་ཟད་རྒྱལ་ཁབ་གཞན་སུ་ཞིག་གི་སྐོར་ལའང་ཁོ་ཚོའི་རྒྱ་ནག་དབུས་གཞུང་དང་འབྲེལ་ལམ་བཟང་ངན་ཇི་ཡོད་ལ་མ་ལྟོས་པར་རང་དབང་གི་བསམ་ཚུལ་བསྐྱང་རྒྱུའི་ཐོབ་དབང་བོད་པར་ཡོད་དགོས། དམག་དང་མཚོན་ཆའི་བཟོ་བསྐྲུན། དེའི་ཉོ་འཚོང་དང་སྐྱེལ་འདྲེན་སོགས་ཀྱི་ནང་ནམ་ཡང་ཐེ་བྱུས་མི་བྱེད་པའི་ཐབས་ལམ་བཟོ་རྒྱུ་དང་འཛིན་སྐྱོང་བྱ་རྒྱུ་བཅས་བོད་པ་རང་གིས་བྱ་རྒྱུ།

གལ་སྲིད་བོད་རང་བཙན་བསྐྱར་གསོ་བྱུང་བ་ཡིན་ནའང་བོད་ནི་ཕྱོགས་བསྒྲིལ་སྤངས་པའི་བར་ཞུགས་ཀྱི་རྒྱལ་ཁབ་ཀྱི་ངོ་བོར་མཐའ་གཅིག་ཏུ་གནས་པར་བྱ་རྒྱུ། སྙིང་རྗེ་དང༌། སྤུན་ཟླའི་འདུ་ཤེས། མཉམ་གནས་བཅས་ཀྱི་ལྟ་གྲུབ་ཀྱི་གཞི་རྩར་བརྟེན་པའི་ཐེ་བྱུས་མེད་པའི་སྲིད་བྱུས་ཀྱི་ཐོག་ནས་རྒྱལ་ཁབ་ཀུན་དང་ཧ་ཅང་མཛའ་བརྩེ་ལྡན་པའི་མཆེད་གྲོགས་ཀྱི་འབྲེལ་ལམ་བསྐྱང་རྒྱུ། རྒྱལ་ཁབ་ཚང་མའི་མཉམ་དུ་འབྲེལ་མཐུད་ཀྱི་འཇུག་ལམ་ངོ་ལྐོག་མེད་པའི་ཕྱི་གསལ་ནང་གསལ་དང་བདེན་པའི་གཞི་རྩར་བརྟེན་པའི་ཕན་ཚུན་བརྟེན་ལྟོས་དང༌། འཇིག་རྟེན་སྤྱི་ཡོངས་ལ་འགན་ཁུར་བའི་ལྷག་བསམ་ལ་བརྟེན་ནས་འབྲེལ་ལམ་གཞག་རྒྱུ་མ་གཏོགས། རང་དོན་དང་གཉིས་ཕྱོགས་ཀྱི་ཁེ་ཕན་ཆུང་ཙག་དཔེར་ན། ཚོང་འབྲེལ་དང༌། སྲིད་དོན་གྱི་ཁེ་ཕན་ལྟ་བུའི་འཕྲལ་སེལ་གྱི་དོན་གནད་ཀྱི་ཐོག་ནས་འབྲེལ་ལམ་གཞག་རྒྱུ་མིན།

བོད་ཀྱི་རྒྱལ་སྤྱིའི་ས་མཚམས་ཁག་དྭོགས་གཞི་དང་ཐེ་ཚོམ་བྲལ་བའི་དབྱེ་འབྱེད་ཧ་ཅང་གསལ་པོ་བཟོ་རྒྱུ་དང༌། དེ་འདྲའི་ས་མཚམས་ཀྱི་རེ་ཁ་བཀོད་སྐབས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མཐོང་ཚུལ་དང་རེ་འདོད་ལ་བསྟུན་མཁས་བྱེད་པ་མ་གཏོགས། རང་འདོད་མཁྲེགས་བཟུང་བྱ་རྒྱུ་མིན། ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་ས་མཚམས་ཁག་གང་ཐུབ་ཀྱིས་སྲུང་སྐྱོབ་བྱ་རྒྱུ། བྱེ་བྲག་འཕགས་བོད་གཉིས་ཀྱི་ས་མཚམས་ནི་ཕྱི་ལོ་ ༡༩༡༤ སིམ་ལའི་ཆིངས་ཡིག་སྐབས་མོས་མཐུན་བྱུང་བ་ལྟར་མེཀ་མོ་ཧན་རེ་ཁ་ལ་ཆ་འཇོག་བྱ་རྒྱུ་ཡིན།

བོད་པས་རྒྱལ་ཁབ་སུ་ལའང་གྲོགས་པོ་མིན་པའི་འདུ་ཤེས་གཟུང་རྒྱུ་མིན་ནའང༌། འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་དང༌། མང་གཙོའི་རིང་ལུགས་ལ་གནོད་སྐྱོན། འཚེ་བའི་བྱ་བ་དངོས་བྱུང་དང་འབྱུང་བའི་འཇིགས་བསྐུལ། དེ་བཞིན་འཇིགས་བསྐུལ་རིང་ལུགས་དང༌། ཆོས་ལུགས་འཐེན་འཁྱཻར། ལེགས་བྱང་གི་དབང་གནོན། སྐད་ཡིག་དང་ཆོས་ཀྱི་ཉམས་ལེན་བཙན་བཀོལ། དཔལ་འབྱོར་དང་སྲིད་དོན་གྱི་གཉའ་གནོན། རྡུལ་ཕྲན་དང་རྫས་སྦྱོར་གྱི་མཚོན་ཆའི་རིགས་བཟོ་བསྐྲུན་དང་ཚོད་བལྟ་བདག་ཉར་བྱེད་རིགས་བཅས་ལ་དབྱེ་འབྱེད་མེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན།

གནས་ཆེན་ཁག་ལ་རང་དབང་གིས་འགྲོ་བསྐྱོད།

བོད་དུ་ཡོད་པའི་གནས་ཆེན་གྲགས་ཅན་གངས་ཏི་སེ་དང༌། མཚོ་མ་ཕམ། ལྷ་ལྡན་གཙུག་ལག་ཁང་ཁག བསམ་ཡས་བཅས་སུ་གཏན་འབེབས་བྱས་པའི་ས་ཁྱོན་གྱི་ནང་དད་འདུན་ཅན་གྱི་གནས་མཇལ་བ་སུ་འདྲ་ཞིག་ཡོང་རུང༌། བཀག་འགོག་དང་ཐོངས་མཆན་ཞུ་སྤྲོད་ཀྱི་དགོས་གལ་མེད་པར་འགྲོ་བསྐྱོད་ཆོག་པའི་གུ་ཡངས་སྤྲད་རྒྱུ་ཡིན། འོན་ཀྱང་ལེགས་བྱང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུ་མཚན་གནད་ཆེ་ལ་བརྟེན་ནས་དམིགས་བསལ་ས་ཁུལ་ཉུང་ཤས་ཤིག་མ་གཏོགས། བོད་ལྗོངས་ས་ཁུལ་ཡོངས་རྫོགས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་སྒོ་ཕྱེ་རྒྱུ་མིན།

རྩོད་རྙོག་སངས་ཐབས་ཀྱི་ལས་འགུལ།

མི་རིགས་ཤོག་ཁག་དང༌། རྒྱལ་ཁབ་ཕན་ཚུན་དབར་རྩོད་རྙོག་ཡོད་པ་རྣམས་འཚེ་བ་མེད་པའི་ཐབས་ལམ་དང༌། ཞི་བའི་གྲོས་མོལ་གྱི་ཐོག་ནས་སངས་ཐབས་བྱ་རྒྱུའི་ལས་འགུལ་ཁག་ལ་བོད་པས་རྒྱུན་དུ་སྤྲོ་ཤུགས་ཆེན་པོས་མདུན་བསྐྱོད་བྱ་རྒྱུ་དང༌། ལེགས་བྱང་དང༌། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་འཛམ་གླིང་རྒྱལ་ཚོགས་དང༌། དེ་མཚུངས་སྒྲིག་འཛུགས་གཞན་པའི་ལས་འགུལ་ཁག་ནང་རྒྱུན་དུ་མཐུན་འགྱུར་དང་མཉམ་ཞུགས་བྱ་རྒྱུ་ཡིན། དགོས་གལ་གར་བྱུང་སར་ལེགས་བྱང་དང་ནང་དོན་རིག་པའི་སྲོལ་རྒྱུན་ཁྱབ་སྤེལ་བྱ་རྒྱུ་ལ་རོགས་རམ་དང་མཐུན་འགྱུར་བྱ་རྒྱུ། ཕྱི་མི་སུ་འདྲ་ཞིག་ལའང་བོད་ཀྱི་ས་ཁུལ་ནང་དངོས་བརྒྱུད་གང་རུང་ནས་འཚེ་བ་དང་འབྲེལ་བ་དང༌། ཡང་ན་རྒྱལ་ཁབ་གཞན་དང་མི་མང་གཞན་གྱི་ཁེ་ཕན་ལ་གནོད་རིགས་ཀྱི་ལས་འགུལ་གང་ཡང་བྱེད་དུ་འཇུག་རྒྱུ་མིན། ལུགས་མཐུན་རྒྱུ་མཚན་ལྡན་པའི་སྐྱབས་བཅོལ་ཞུ་མཁན་སུ་འདྲ་ཞིག་ལའང་དམིགས་བསལ་སྲུང་སྐྱོབ་དང་ཁེ་ཕན་སྤྲད་རྒྱུ། ནག་ཉེས་ཅན་དང་འཇིགས་བསྐུལ་རིང་ལུགས་པ་ཡིན་པར་ར་འཕྲོད་བྱུང་བའི་སྐྱེ་བོ་སུ་ལའང་བོད་སའི་ནང་སྐྱབས་བཅོལ་སྤྲད་རྒྱུ་མིན།

རྒྱལ་ཁབ་ཕན་ཚུན་དབར་གྱི་མཐུན་ལམ།

རྒྱལ་ཁབ་ཆུང་ཁག་ནང་ཕན་ཚུན་དང༌། ས་ཁུལ་ཕྱོགས་གཏོགས་ཀྱི་རྒྱལ་ཁབ་ཕན་ཚུན་དབར་མཐུན་ལམ་དང་མཉམ་འབྲེལ་བྱ་རྒྱུར་སེམས་ཤུགས་སྤེལ་རྒྱུ་དང༌། དེའི་ཆེད་བོད་པས་རང་འགུལ་གྱིས་ཁུར་འགན་བླང་རྒྱུ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ ༼རྒྱལ་ཁབ་ཐ་དད་ཕན་ཚུན་ནང་རྒྱལ་ཁབ་ཆུང་ཤོས་ཡན་ཆད་ཀྱི་བདེ་དོན་ལ་འདྲ་མཉམ་གྱི་སེམས་ཁུར་ཡོད་དགོས། སྐྱེ་བོ་ཚང་མར་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་རང་རང་གི་སྲིད་དོན་དང༌། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ལམ་སྲོལ་ཡར་རྒྱས་གཏང་རྒྱུའི་རང་དབང་ཡོད་པ་དེ་སྲིད་དུ་སྲིད་དོན་གྱི་རིང་ལུགས་དང༌། ལྟ་གྲུབ་འདྲ་མིན་སྣ་ཚོགས་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཆེད་ཡོད་དགོས་པ་ནི་འོས་འཚམས་ཤིག་རེད། གལ་སྲིད་རྒྱལ་ཁབ་དབུལ་ཕོངས་ཅན་གྱི་མང་ཚོགས་ལ་ཁོ་ཚོར་འོས་ཤིང་འཚམས་པ་དང་རེ་འདོད་བྱས་པའི་བདེ་སྐྱིད་བཀག་པ་ཡིན་ན། ཁོ་ཚོ་རང་བཞིན་གྱིས་འདོད་པ་མ་ཁེངས་པ་ཡོང་རྒྱུ་དང༌། རྒྱལ་ཁབ་ཕྱུག་པོ་རྣམས་ལ་དཀའ་རྙོག་བཟོས་ཡོང༌། གལ་སྲིད་རྒྱལ་ཁབ་གཅིག་གིས་གཞན་དག་ལ་འདོད་པ་མེད་པའི་གཉའ་གནོན་མུ་མཐུད་དེ་གནས་པ་ཡིན་ན། འབྱུང་འགྱུར་འཇིག་རྟེན་ཞི་བདེ་ཡོང་མིན་དྭོགས་པའི་གནས་ཤིག་རེད་༽ཅེས་གསུངས་ཡོད།

འཇིག་རྟེན་གྱི་དཀའ་རྙོག་རྣམས་ལ་ཡོངས་ཁྱབ་མི་ཆོས་ཀྱི་ལམ་ནས་བལྟ་རྒྱུ་དེ་འཇིག་རྟེན་ཞི་བདེའི་གཞི་རྩ་བརྟན་པོ་གཅིག་ཉིད་དེ་ཡིན་པར་མཐོང་ཞིང༌། འཇིག་རྟེན་ཡོངས་ལ་ལས་འགན་ཁུར་བའི་ལྷག་བསམ་མཉམ་བསྐྱེད་བྱ་རྒྱུ་དེ་མ་འོངས་བོད་ཀྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་འཇུག་ངོགས་བླ་ན་མེད་པ་དེ་ཡིན།

 ལེའུ་བཅུ་པ། ཁོར་ཡུགབོད་མིས་འཇིག་རྟེན་ལ་ལྟ་ཚུལ་ལྟར་ན་ཁོར་ཡུག་གི་གནས་ཚུལ་ནི་ཟུར་བཀོལ་སྒྲོམ་བཅད་ཀྱི་བསམ་ཚུལ་ཞིག་མིན་པར། མི་ཚེའི་འགྲོ་སྟངས་སྤྱིའི་ནང་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། སྤྱི་ཚོགས་དང༌། ལེགས་བྱང༌། དཔལ་འབྱོར། ཆོས་ལུགས། སྲོལ་རྒྱུན་བཅས་ཀྱི་སྤྱི་ཡོངས་བཀོད་པའི་ནང་ཆ་ཚང་ཞིང་འགལ་ཟླ་མེད་ལ། རང་བྱུང་ཁམས་དང་མཐུན་པའི་ཁོར་ཡུག་གི་ལམ་སྲོལ་ཞིག་མཐོང་ཐུབ། མི་དང་དུད་འགྲོའི་དབར་གྱི་འབྲེལ་ལམ་དང༌། མི་དང་རང་བྱུང་ཁམས་དབར་གྱི་འབྲེལ་ལམ་བཅས་ནི་ཆོས་དང་དངོས་པོའི་གནས་ཚུལ་གཉིས་ཐད་ནས་ཤིན་ཏུ་གཏིང་ཟབ་ཀྱི་གཅིག་འབྲེལ་དུ་གནས་ཡོད།

བོད་ཀྱི་ཐུན་མོང་མ་ཡིན་པའི་ས་ཁྱོན་གྱི་བཀོད་པ།

འཇིག་རྟེན་ཡོངས་ཀྱི་ཁོར་ཡུག་གི་གནས་སྟངས་སྤྱི་དང༌། བྱེ་བྲག་ཤར་གླིང་ས་ཁུལ་གྱི་ཁོར་ཡུག་གི་གནས་སྟངས་ནང་ཐུན་མིན་ས་ཁྱོན་གནས་བབས་ཀྱི་དབང་གིས་བོད་ལྗོངས་ས་ཁུལ་གྱིས་ཕན་གནོད་ཤུགས་ཆེ་ཞིག་འདྲེས་ཀྱི་ཡོད། འཇིག་རྟེན་གྱི་སའི་ཡང་ཐོག་ཡིན་པ་ཙམ་དུ་མ་ཟད། གྲགས་ཅན་གྱི་ཆུ་བོ་ཆེན་པོ་ཧ་ཅང་མང་པོ་བོད་ས་ནས་འབབ་པ་བཅས་ལ་བརྟེན། ཁོར་ཡུག་གི་གནས་སྟངས་དང༌། གནམ་གཤིས་འགྱུར་ལྡོག་བཅས་ལ་བོད་ཀྱི་ས་ཁྱོན་ནི་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད། དེའི་ཕྱིར་ྋ་གོང་ས་ྋསྐྱབས་མགོན་ཆེན་པོས་བོད་དེ་འཚེ་མེད་ཞི་བདེའི་བསྟི་གནས་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བར་བསྒྱུར་རྒྱུར་ནན་ཏན་མཛད་པ་དེ་རྒྱུ་མཚན་ཡང་དག་པ་དང་ལྡན་པ་ཞིག་ཡིན།

ཁོར་ཡུག་ཉམས་ཆག་བསྐྱར་གསོ།

ཉམས་ཆག་ཚབས་ཆེ་ཕྱིན་པའི་བོད་ལྗོངས་ཀྱི་ཁོར་ཡུག་དང༌། འབྱུང་བཅུད་བསྐྱར་གསོ་བྱ་རྒྱུ་བཅས་ནི་རང་དབང་བོད་ཀྱི་ཛ་དྲག་དང་གལ་འགངས་ཆེ་བའི་ལས་འགན་ཞིག་ལ་ངོས་ལེན་བྱེད་དགོས། རང་དབང་གི་གོ་སྐབས་བྱུང་འཕྲལ་བོད་ལྗོངས་རྒྱ་ཁྱབ་ཏུ་ཡོད་པའི་བཟོ་གྲྭ་ཁག་དང༌། ཐོན་སྐྱེད་འཛུགས་སྐྲུན་ཁང་ཁག སོ་ནམ་ཞིང་ལས། འགྲིམས་འགྲུལ་འཕྲུལ་འཁོར། གྲོང་ཁྱེར་དང་མིའི་སྡོད་གནས་ཁག་གི་འཆར་གཞི་འགོད་སྟངས། ས་ཆ་བེད་སྤྱོད་བྱེད་སྟངས་བཅས་ཀྱི་གནས་ཚུལ་གང་སར་བསྐྱར་ཞིབ་མཐིལ་ཕྱིན་ཞིག་བྱས་ཏེ་བཟོ་གྲྭ་ཁག་དང༌། ལས་རིགས་ཇི་འདྲ་ཞིག་ཡིན་རུང༌། ཁོར་ཡུག་ལ་གནོད་སྐྱོན་ཡོད་པ་ར་འཕྲོད་བྱུང་བའི་རིགས་དཔལ་འབྱོར་གྱི་གྱོང་གུན་ལ་མ་ལྟོས་པར་ཕྱིར་བསྡུ་བྱ་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནི་རང་དབང་བོད་ཀྱི་ལས་དོན་གལ་ཆེ་ཤོས་ཤིག་ཏུ་ཆ་འཇོག་བྱེད་དགོས།

ཁོར་ཡུག་ཡར་རྒྱས།

བོད་ལྗོངས་ས་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༣༣ ལས་མ་ཉུང་བ་ཞིག་རྟག་ཏུ་ཤིང་ནགས་ཀྱིས་ཁྱབ་པའམ། ཤིང་ནགས་འདེབས་འཛུགས་ཆེད་ཟུར་བཅད་ཀྱིས་འཇོག་རྒྱུ། གྲོང་ཁྱེར་ཡར་རྒྱས་དང་འཆར་འགོད་ཀྱི་ལས་དོན་རྣམས་ཁྲིམས་ཀྱི་བཏང་འཛིན་འོག་མི་འབོར་ཕོན་ཆེ་ས་གནས་གཅིག་ཏུ་གཞིས་ཆགས་བྱ་རྒྱུ་དང༌། འཆར་གཞི་མེད་པའི་སྡོད་གནས་དང་ཁང་པ་བརྒྱབ་རྒྱུ་བཀག་འགོག་བྱེད་དགོས། མི་མང་གི་འགྲུལ་བཞུད་ཀྱི་འགྲིམས་འགྲུལ་འཕྲུལ་འཁོར་དགོས་མཁོ་དང་མཐུན་པར་འདང་ངེས་དང་ཚད་ལྡན་བཟོ་རྒྱུ་མ་ཟད། འགྲིམས་འགྲུལ་འཕྲུལ་འཁོར་གྱི་ལམ་སྲོལ་ཁོར་ཡུག་ལ་མི་གནོད་པ་ཁག་འཛུགས་སྐྲུན་བྱ་རྒྱུ། ཉི་འོད་གློག་ཤུགས་བེད་སྤྱོད་མང་ཤོས་བྱ་རྒྱུ་དང༌། གློག་ཤུགས་ཐོན་སྐྱེད་དང་འགྲིམས་འགྲུལ་འཕྲུལ་འཁོར་སོགས་ཀྱི་ཆེད་ཤིང་དང་རྡོ་སོལ་རྡོ་སྣུམ་ལྟ་བུའི་མེ་རྫས་བེད་སྤྱོད་ལ་དོ་དམ་ཤུགས་ཆེ་བྱ་རྒྱུ།

སྲོལ་རྒྱུན་གྱི་སོ་ནམ་ཞིང་ལས།

སོ་ནམ་ཞིང་ལས་ཡོངས་རྫོགས་སྒྲིག་འཛུགས་བསྐྱར་བཅོས་ཀྱི་ལམ་ནས་སྲོལ་རྒྱུན་གྱི་ཞིང་ལས་ཐབས་ལམ་དུ་ཕྱིར་ལོག་བྱ་རྒྱུ་དང༌། μས་ལུད་དང༌། འབུ་སྲིན་འགོག་པའི་དུག་རྫས་རྣམས་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ། ས་གནམ་ཆུ་གསུམ་དུ་གནས་པའི་སྲོག་ཆགས་ཀྱི་རིགས་རྒྱ་མིའི་བཙན་འཛུལ་མ་བྱུང་གོང་གི་སྲོལ་རྒྱུན་གི་གནས་སྟངས་ཇི་བཞིན་སྲུང་སྐྱོབ་བྱ་རྒྱུ་དང༌། སྲོག་ཆགས་སྣ་ཚོགས་ཀྱི་རང་བཞིན་སྐྱེ་འཕེལ་ལ་སྒོ་ཀུན་ནས་གཅེས་སྐྱོང་བྱ་རྒྱུ། ཁོར་ཡུུག་སྲུང་སྐྱོབ་དང་འབྱུང་ཁམས་སྙོམས་གནས་ལ་དམིགས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་ཆོ་གའི་རིགས་སྔོན་སྲོལ་བཞིན་བསྐྱར་གསོ་བྱ་རྒྱུ། མཚོ་དང་རྫིང་བུ། ཆུ་ཀླུང་དང་འབབ་ཆུ་ལ་སོགས་པ་གནའ་སྲོལ་བཞིན་གཅེས་སྐྱོང་སྲུང་སྐྱོབ་བྱ་རྒྱུ། གཏེར་ཁ་དང་རང་བྱུང་གཏེར་རྫས་ཀྱི་རིགས་བེད་སྤྱོད་བྱེད་སྟངས་བཏང་འཛིན་ཚད་ལྡན་ཡོང་སླད་ཁྲིམས་ལུགས་དམ་པོ་བཟོ་རྒྱུ། བཟོ་གྲྭའི་རིགས་ཆེ་ཆུང་ཇི་འདྲ་ཞིག་ཡིན་རུང༌། ཁོར་ཡུག་གི་ཁྱད་མཁས་རྣམས་ནས་རྒྱབ་གཉེར་ཁ་གསལ་མ་བྱུང་བར་འཛུགས་སྐྲུན་ཆོག་མཆན་སྤྲད་མི་ཆོག་པ་བཟོ་རྒྱུ། བཟོ་གྲྭའི་འཛུགས་སྐྲུན་ཆེད་དམིགས་པའི་ས་ཁུལ་ཡོངས་རྫོགས་ཞིབ་འཇུག་ནན་ཏན་བྱས་རྗེས་ཁོར་ཡུག་དང་འབྱུང་ཁམས་ལ་གནོད་སྐྱོན་ཆུང་བའི་ས་ཁུལ་ཁག་ཏུ་ཟུར་བཅད་བྱ་རྒྱུ། གུ་གུ་ཤ་དང་འགྱིག་ཤོག་ཏུ་གྲགས་པའི་སྣོད་སྤྱད་ཀྱི་གོམས་གཤིས་ལ་འགོག་ཐབས་ནུས་ལྡན་བྱ་རྒྱུ།

འགྲིམས་འགྲུལ་གྱི་བརྒྱུད་ལམ་གནམ་ས་གང་ཡིན་ཞིབ་ཚགས་པོས་འཆར་འགོད་བཏང་འཛིན་བྱ་རྒྱུ་དང༌། ཆུ་བོ་ཆེན་པོ་རྣམས་འགྲིམས་འགྲུལ་དང་འོར་འདྲེན་གྱི་ལམ་དུ་བེད་སྤྱོད་གང་ཐུབ་བཏང་སྟེ་ས་ལམ་ཐོག་འོར་འདྲེན་ཇེ་ཉུང་བཟོ་རྒྱུ། བཙོག་ཆུ་ཁག་ཆུ་ཀླུང་དུ་འབབ་པར་བཀག་འགོག་དང༌། དེ་མཚུངས་ཆུའི་འབྱུང་ཁུངས་གཞན་དག་ལའང་ལྟ་སྐྱོང་བཏང་འཛིན་ནན་ཏན་བྱ་རྒྱུ། གད་སྙིགས་བསལ་དོར་གྱི་ལས་དོན་ལའང་གལ་གནད་ཆེན་པོ་བརྩི་རྒྱུ་བཅས། མདོར་ན་དངོས་ཤུག་བརྒྱུད་གསུམ་ནས་ཁོར་ཡུག་ལ་གནོད་པའི་རིགས་འགོག་ཐབས་དང༌། ཁོར་ཡུག་བདག་གཅེས་དང་སྲུང་སྐྱོབ་ཀྱི་ལས་རིམ་ནི་རང་དབང་བོད་ཀྱི་ནང་དོ་སྣང་ཆེ་ཤོས་སྤྲད་དགོས་པའི་དོན་གནད་ཅིག་ཏུ་བརྩི་རྒྱུ་ཡིན།།

འབྱུང་འགྱུར་བོད་ཀྱི་སྐོར་བསམ་པའི་འཆར་སྣང་འདི་ནི་ཐོག་མར་དབྱིན་ཡིག་ནང་ Tibet: A Future Vision ཞེས་པ་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༡༨ ཉིན་བྲིས་པ་དེ་པདྨ་རྡོ་རྗེ་དང་བསྟན་འཛིན་དོན་ཡོད་གཉིས་ཀྱིས་ ༡༩༩༧ ཕྱི་ཟླ་ ༤ ཚེས་ ༡༨ ཉིན་བོད་བསྒྱུར་དང༌། དིལླི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་པར་སྐྲུན་གནང་བ་ཞིག་རེད།