ྋསྐུའི་འཁྲུངས་སྐར་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨྲོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་རྡོ་རྗེའི་སྐུ་མཆོག་མངོན་དུ་མཛད་ཟིན་ནའང༌། ཉམ་ཐག་འགྲོ་ཁམས་རྒྱ་མཚོའི་རྒྱུད་ཀྱིས་རྗེས་སུ་སོང་བའི་བརྩེ་བ་ཐུགས་རྗེ་ཆེན་པོས་བསྐུལ་བས་འགྲོ་བ་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་སྒྲོལ་བ་རྣམས་སྒྲོལ་བ་དང༌། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་མཛད་པའི་ཕྱིར། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་མདོ་སྨད་ས་ཡི་ཐིག་ལེར་སྐུ་འབུམ་བྱམས་པ་གླིང་དུ་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་རྒྱུད་དུ་སྐུུ་འཁྲུངས་ཏེ་ད་རེས་དགུང་གྲངས་དྲུག་ཅུ་རེ་བདུན་ལ་ཕེབས་པའི་ྋསྐུའི་འཁྲུངས་སྐར་དུས་ཆེན་ཁྱད་དུ་འཕགས་པའི་དགའ་སྟོན་གྱི་ཉིན་མོ་འདིར་ངས་བོད་གཞུུང་བཀའ་ཤག་གི་སྐུ་ཚབ་ཞུས་ཏེ་རྒྱ་ཆེའི་གཞིས་གཞེས་བོད་མི་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་གི་ཡོད།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་འདིའི་ནང་གི་དབུ་ཁྲིད་གཞན་དང་མི་འདྲ་བར་ྋསྐུ་ན་ཆེས་ཤིན་ཏུ་ཕྲ་བ་དགུང་གྲངས་བཅུ་དྲུག་གི་ཐོག་ཆོས་ཀྱི་གསན་བཞེས་གནང་བཞིན་པའི་མུར་སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུས་བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་ཛ་དྲག་དང་ཡ་ངའི་གནས་སྟངས་སྐྱེ་བོ་ཕལ་པས་འགན་བློས་མི་བཟོད་པའི་ཆེས་ཛ་དྲག་གི་དུས་སྐབས་སུ་སྔོན་གྱི་ཐུགས་བསྐྱེད་ཟབ་མོས་བག་ཚ་བ་དང༌། ཞུམ་པ་མི་མངའ་བར། མེའི་ནང་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང༌། ། སྙིང་རྗེས་མི་སྐྱཽ་’ ཞེས་གསུངས་པ་བཞིན་བོད་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐྱེ་རྒུའི་བདེ་ཐབས་ཁོ་ནར་ཆོས་སྲིད་ཐུགས་འགན་ཡོངས་རྫོགས་བདག་གིར་བཞེས་ཤིང༌། གངས་ལྗོངས་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས། བོད་མི་ས་ཡ་དྲུག་བསྟན་སྲིད་མི་རིགས་དང་བཅས་པའི་འཕྲལ་ཕུགས་བདེ་ཐབས་སུ་བོད་ནང་གང་ཅིའི་ཐོག་བསྒྱུར་བཅོས་གནང་རྒྱུའི་དགོངས་བཞེད་ཀྱིས་ཁྲལ་དང༌། རྫོང༌། སྒེར་གཞིས། བུན་ལོན་སྒྲུབ་འཇལ་ཐོག་བཅས་ནས་མང་ཚོགས་ལ་དཀའ་ངལ་ཤུགས་ཆེ་འཕྲད་ཀྱི་ཡོད་སྟབས་དེ་དག་ལ་ལེགས་བཅོས་བསྒྱུར་བཀོད་དང༌། བོད་ནང་ཕྱིའི་བཙན་འཛུལ་བྱེད་མཁན་སུ་ཡང་མེད་ཀྱང༌། ༡༩༤༩ ལོར་བོད་ཤར་ཕྱོགས་ནས་རྒྱ་མིས་བཙན་འཛུལ་བྱེད་འགོ་བཙུགས་ཏེ་བོད་ལ་ཕྱིའི་རྒྱལ་ཁབ་ཀྱིས་བཙན་འཛུལ་གྱིས་བཅིངས་ཡོད་པ་ནས་བཀྲོལ་སླད་བཅིངས་བཀྲོལ་དམག་མི་བོད་ནང་བཏང་བ་དང༌། བཅིངས་བཀྲོལ་ལས་དོན་ཟིན་མཚམས་བཅིངས་བཀྲོལ་དམག་མི་བོད་ནས་ཕྱིར་ལོག་བྱེད་རྒྱུ་ཡིན་ལུགས་བཤད་ཡོད་ཀྱང་དེ་ལས་ལྡོག་སྟེ་རྒྱ་མིའི་དབང་དུ་བསྡུ་རྒྱུའི་ངན་འཆར་དྲག་པོའི་དཔུང་དམག་བོད་ནང་ལྷགས་འབྱོར་བྱུང་སྟེ་དུས་ད་ལྟའང་རྒྱ་མིའི་བཅིངས་བཀྲོལ་དམག་མིས་གཙོས་རྒྱ་མིའི་མི་འབོར་བོད་མིའི་མི་འབོར་ལས་མང་བ་བོད་ནང་གནས་སྡོད་བྱེད་བཞིན་པ་རེད། སྐབས་དེར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུས་ནང་མ་གྲགས་པའི་དངངས་འཚབ་ཛ་དྲག་ཆེ་བའི་གནས་ཚུལ་ཧ་ཅང་ཚབས་ཆེ་བྱུང་ནའང་ྋགོང་ས་ཆེན་པོའི་ཟབ་ཅིང་དཀྱེལ་ཆེའི་མཛད་བྱུས་ལ་བརྟེན་པས་ལན་དགུ་ཆད་མཐུད་དཔེ་ལྟར་རྒྱ་མིར་ཞི་འགྲིགས་ཡོང་ཐབས་སུ་མེས་ཚིག་མེར་གཏུགས་ཀྱི་བཀའ་མོལ་དང་འབྲཻལ་བ་རིམ་བསྟུད་གནང་ཡོད་ཅིང༌། མཐར་བརྩེ་མེད་ཀླ་ཀློའི་དཔུང་གིས་བོད་ལྗོངས་དམིགས་མེད་དུ་བཅོམ་ནའང༌། མགོན་པོ་མཆོག་ནི་ཐུགས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་བཞེས་ཏེ། བོད་འབངས་སྐྱེ་རྒུའི་བདེ་ཐབས་སུ་འཕགས་ཡུལ་རྒྱ་གར་ཆོས་ཀྱི་ཞིང་སར་བཙན་བྱོལ་དུ་༧ཞབས་སོར་འཁོད་མ་ཐག་བོད་ཀྱི་བསྟན་སྲིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་གནང་རྒྱུར་གཙོ་ཆེ་བོད་མིར་ཕྱི་ནང་ཤེས་ཡོན་ཚད་ལྡན་གནང་རྒྱུ་གནད་ཀྱི་སྙིང་པོར་གཟིགས་ཏེ་རྒྱ་གར་གཞུང་ལ་བཀའ་མོལ་གནང་སྟེ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་རྫོགས་ནང་གཏན་ཉིན་སློབ་གྲྭ་ཆེད་བཙུགས་ཀྱིས་དུས་ད་ལྟའང་རྒྱ་གར་གཞུང་གིས་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་ལོ་ལྟར་འགྲོ་སོང་ཁྱོན་ཆེ་གནང་དང་གནང་མུས་སུ་ཡོད། དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡི་གེ་འབྲི་ཀློག་མ་ཤེས་མཁན་མེད་པ་ལྟ་བུ་ཆགས་ཡོད། བོད་ནང་རྒྱ་མིས་བོད་མིར་ཤེས་ཡོན་གོ་སྐབས་ཚུལ་བཞིན་སྤྲོད་ཀྱི་མེད་སྟབས་བོད་ནས་སྤྱིར་བཏང་སློབ་སྦྱོང་དང་ནང་ཆོས་སློབ་གཉེར་ཆེད་ལོ་ལྟར་ཕྲུ་གུ་དང་ན་གཞོན་མང་པོ་བྲོས་བྱོལ་དུ་འབྱོར་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ལགས། རང་རིགས་གཞོན་སྐྱེས་རྣམ་པས་ཕྱི་ནང་གི་སློབ་སྦྱོང་གང་དང་གང་བྱེད་ཀྱང་མཐར་ཕྱིན་པ་དང༌། རང་རེའི་འཕྲལ་ཕུགས་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་སློབ་ཚན་བྱེ་བྲག་པའི་ཐོག་ཕུལ་དུ་ཕྱིན་པའི་ཁྱད་མཁས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག འདིའི་ཐོག་སློབ་གྲྭའི་དགེ་ལས་དང༌། ཕ་མ། ཕྲུ་གུ སྤྱི་ཚོགས་བཅས་པས་ཐུགས་སྣང་ཆེན་པོ་གནང་གལ། ཤེས་ཡོན་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་ཆབས་ཅིག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་གི་ཀུན་སྤྱོད་ཀྱང་བཟང་མཐོར་གཏོང་རྒྱུ་ནི་དེང་སྐབས་སྤྱི་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཆགས་ཡོད། འཛམ་གླིང་ཡུལ་གྲུ་གང་སར་ཉལ་ཐག་གི་དཀའ་ངལ་ཆེན་པོ་འཕྲད་མུས་སུ་ཡོད་པ་བཞིན་ང་ཚོའི་སྤྱི་ཚོགས་ཆུང་ཆུང་ནང་ལའང་དེའི་དཀའ་ངལ་འཕྲད་མུས་སུ་ཡོད། ལྷག་དོན་སློབ་གྲྭའི་ནང་ལའང་འདིའི་དཀའ་ངལ་སླེབས་ཀྱི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་པ་སློབ་གྲྭའི་དབུ་འཛིན་རྣམ་པས་གནས་ཚུལ་ཆུང་དུས་ཐུགས་སྣང་དང་འབྲེལ་དམ་བཙུན་གནང་མ་ཐུབ་ན་ཕྲུ་གུའི་ཤེས་ཡོན་ལྟ་ཞོག ཕྲུ་གུ་སྒེར་གྱི་མི་ཚེ་དང་སྤྱི་ཚོགས་བཅས་པ་འཕྲོ་བརླག་འགྲོ་གཞིར་བརྟེན་ངེས་པར་དུ་གཟབ་གྲུང་གནང་དགོས་ཀྱི་འབོད་སྐུལ་ནན་པོ་ཞུ་གི་ཡོད།

རྒྱ་གར་དང༌། བལ་ཡུལ། འབྲུག སུད་སི། ཁེ་ཎ་ཌ། ཨ་རི་སོགས་སུ་བཙན་བྱོལ་བོད་མི་གང་འཚམས་ཤིག་ ༡༩༥༩ ཙམ་ནས་གནས་སྡོད་བྱཻད་མུས་ཡོད་པ་རྒྱལ་ཁབ་སོ་སོའི་གཞུང་དང་མི་མང་གཉིས་ཀའི་ཐོག་ནས་གཟིགས་རྟོག་དང་མཐུན་འགྱུར་རོགས་ཕན་གང་ལེགས་གནང་བ་ལ་བརྟེན་པས་བོད་མི་རྣམས་སྐྱབས་བཅོལ་གཞན་དང་མི་འདྲ་བར་གཟེངས་ཐོན་པ་ཆགས་པ་འདི་ནི་གཙོ་ཆེ་ྋགོང་ས་མཆོག་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུར་སྔོན་གྱི་དམ་པ་རྣམས་ཀྱིས་ཞབས་ཀྱིས་མ་བཅགས་པའི་ས་ཕྱོགས་དུ་མར་༧ཞབས་སོར་ཕན་བདེའི་ལུགས་ཟུང་གི་འཕྲིན་ལས་ཉག་ཅིག་དང༌། བྱེ་བྲག་ཏུ་བོད་མི་རང་སོ་སོའི་ངོས་ནས་ས་གནས་ཀྱི་ཡུལ་ཁྲིམས་ལ་སྲུང་རྩི་དང་གནས་ཡུལ་གཞུང་མང་ལ་མཐུན་བསྒྲིལ་བསྟུན་མཁས་གནང་བ་ལ་བརྟེན་ནས་བྱུང་བ་ཡིན་པས། སླད་ནས་ཀྱང་བོད་མིའི་གནད་དོན་འདི་གཙང་མ་ཐག་ཆོད་མ་བྱུང་བར་བཙན་བྱོལ་དུ་གནས་དགོས་ཡོང་རྒྱུར་བརྟེན་བོད་མི་ཚང་མས་ས་གནས་གཞུང་གི་ཡུལ་ཁྲིམས་དང་མ་འགལ་ཞིང༌། བོད་མི་དང་ཡུལ་མིའི་དབར་མཐུན་བསྒྲིལ་གང་ཟབ་གནང་རྒྱུ་ཤིན་ཏུ་ནས་གལ་གནད་ཆེ་བས་ཚང་མས་ཐུགས་སྣང་ཆེན་པོ་གནང་དགོས་མ་ཟད། ས་གནས་འགོ་འཛིན་དང་སྒྲིག་འཛུགས་སྡེ་ཚན་སོ་སོས་ཁྱབ་ཁོངས་མང་ཚོགས་ལ་ཡང་ནས་ཡང་དུ་ལམ་སྟོན་གནང་དགོས་གལ་ཆེ་བ་ཡིན།

རྒྱ་མིའི་ངོས་ནས་བོད་མི་བཙན་བྱཽལ་དུ་ཡོད་པའི་སྒྲིག་འཛུགས་འདི་འཐོར་ཞིག་དང༌། ཁ་འཐོར་དུ་འགྲོ་ཐབས་སུ་ཆ་རྐྱེན་སོགས་གང་ཡང་མེད་པར་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་བོད་ནང་རང་དགར་ལོག་རེས་འཆར་ཅན་བཤད་པ་ལྟར་ལོ་འདིར་ཡང་བོད་མི་རྣམས་བོད་ནང་ལོག་ན་དགའ་བསུ་ཡོད་པ་ས་མཚམས་ནས་བསུ་ལེན་གྱིས་མཚོན་མཐུན་འགྱུར་སོགས་ཟབ་རྒྱས་ཞུ་ལུགས་ཁྱབ་བསྒྲགས་བྱས་ཀྱང་བོད་མིའི་ངོས་ནས་རྒྱ་མིའི་ཐོག་ནས་ཁ་ཞེ་མ་མཚུངས་པའི་སྤྱོད་ཚུལ་འཛེམས་ཟོན་དང་ངོ་ཚ་སྤངས་ཏེ་སྡིག་པ་མིག་བཙུམ་གྱིས་ལས་ཐབས་བྱས་དང་བྱེད་བཞིན་པ་སོ་སོའི་མི་ཐོག་ཏུ་མྱོང་ཚོར་བྱུང་བའི་ཐོག་ནས་དེར་རེ་དྭོགས་མ་གནང་བར་རང་ཚུགས་བརྟན་པོར་གནང་སྟེ་བཞུགས་པ་ནི་རྒྱ་མིའི་སྲིད་བྱུས་དང་བྱཻད་སྟང?་ལ་ནམ་ཡང་ཡིད་ཆེས་མི་ཐུབ་པའི་རྡོ་རིས་ཤིག་ཆགས་ཡོད་པ་འཛམ་གླིང་ཡོངས་ཀྱིས་མངོན་ཐུབ་པ་ཞིག་ཡིན།

རྒྱ་ནག་ནང་དཔལ་འབྱོར་ཐོག་འགྱུར་བ་འགྲོ་བ་ལྟར་བོད་ནང་ལའང་དེང་སྐབས་དཔལ་འབྱོར་སྲིད་བྱུུས་ཕྲན་བུའི་གུ་ཡངས་བྱུང་དབང་གིས་བོད་མིའི་འཚོ་རྟེན་གནས་བབས་དང་འཛུགས་སྐྲུན་དང་ཤེས་ཡོན་སློབ་གསོ་སོགས་ཡར་རྒྱས་ཆེན་པོ་གཏོང་སྐོར་ཤོད་ཀྱི་ཡོད་ཀྱང༌། བོད་མིའི་ངོ་བོ་མཚོན་བྱཻད་ནང་པ་སངས་རྒྱས་པའི་ཆོས་དང་སྐད་ཡིག་གནའ་རབས་ནས་མཆེད་པའི་རྩ་ཆེའི་རིག་གཞུང༌། གོམས་གཤིས་བཟང་པོ་རྣམས་རྒྱ་མིའི་ངོས་ནས་འཆར་གཞི་དང་ལྡན་པའི་ཐོག་ནས་རྩ་མེད་བཟོས་དང་བཟོ་བཞིན་ཁར། བོད་མི་རྣམས་སོ་སོའི་ལུང་པའི་ནང་གྲངས་ཉུང་མི་རིགས་ཆགས་པ། བོད་ནང་གི་རིན་ཐང་བྲལ་བའི་རིན་ཆེན་གཏེར་དངོས་གྲངས་ལས་འདས་པ་སྔོག་འདོན་གྱིས་རྒྱ་ནག་ལ་འོར་འདྲེན་བྱས་ཏེ་བོད་ལུང་པ་དབུལ་པོ་བཟོ་བཞིན་ཡིན་པ་ཡོངས་གྲགས་རེད། རྒྱ་མིས་བོད་ནང་རྒྱ་སྒོར་དུང་ཕྱུར་མང་པོའི་ཡར་རྒྱས་བཏང་སྐོར་ཁྱབ་བསྒྲགས་ཡང་ནས་ཡང་དུ་བྱཻད་བཞིན་ཡོད་རུང་དོན་དངོས་ལ་དེ་ལས་མང་བ་བོད་ནས་རྒྱ་ནག་ཏུ་འོར་འདྲེན་བྱཻད་བཞིན་པ་རེད། དེའི་ཐོག་རྒྱ་ནག་ནས་བོད་ནང་རྒྱ་མི་སྤོ་ཤུགས་ཆེ་རུ་གཏོང་རྒྱུ་དང༌། བོད་ནས་རྒྱ་ནག་ཏུ་བོད་མིའི་རིན་ཆེན་གཏེར་དངོས་རྣམས་འོར་འདྲེན་རླབས་ཆེ་བ་དང་སྟབས་བདེ་ཡོང་རྒྱུར་གོར་མོ་ནས་ལྷ་སའི་བར་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱེད་བཞིན་ཡོད། ཕྱོགས་གཅིག་ནས་རྒྱ་མིའི་ངོས་ནས་བོད་མི་རིགས་དང་རྒྱལ་ཁབ་ལ་མནར་གཅོད་ཐུབ་ཚོད་བཤུ་གཞོག་ཚད་ལས་བརྒལ་བ་གཏོང་བ། བོད་ས་ཁུལ་གང་སར་རྒྱ་མིས་ཁེངས་ཏེ་གནས་སྟངས་གང་ཐད་ནས་ཡ་ངའི་གནས་སུ་གྱུར་ཡོད་ཀྱང༌། ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྩ་དོན་འགྲིགས་ཆགས་ཀྱི་ཐབས་ལམ་དུ་ཞི་བའི་དོན་ཚན་ལྔའི་འཆར་གཞི་དང༌། ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་གྲོས་འཆར་བཅས་ལ་འཇིག་རྟེན་གྱི་སྐྱེ་རྒུ་བློ་གཟུ་བོར་གནས་པ་མཐའ་དག་གིས་སྙིང་ནས་མགུ་བ་བསྐྱེད་ནུས་པའི་ཆབ་སྲིད་ཀྱི་གྲོས་འཆར་འདོན་པར་མཛད་པ་སོགས་མདོར་ན་དུས་དང་རྣམ་པ་ཀུན་ཏུ་ཕ་རོལ་པོས་གདུག་རྩུབ་ཇི་ཙམ་བདོ་བ་དེ་ཙམ་དུ་མགོན་པོ་གང་གིས་བྱམས་བརྩེ་དང་སྙིང་རྗེ་མཐུ་སྟོབས་ལྷག་པར་སྤེལ་བ་དང༌། རིང་མོའི་དུས་ནས་བོད་ནང་གི་ནང་ཆོས་ཀྱི་གནས་ཚུལ་མིང་ཙམ་རྣ་བར་མ་སོན་པའི་འགྲོ་བ་གྲངས་ལས་འདས་པ་དད་པའི་ས་ལ་བཀོད་ཅིང༌། བོད་ཀྱི་མཛའ་གྲོགས་སུ་བསྒྱུར་བར་མཛད་པ་དང༌། འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བོད་མི་རྣམས་བཀྲི་བར་མཛད་པའི་རླབས་ཆེན་གྱི་མཛད་བཟང་ལ་བརྟེན་ནས་བོད་མིའི་དངོས་ཡོད་ཀྱི་གནས་སྟངས་འཛམ་གླིང་ཡུལ་གྲུ་ཁག་གི་གཞི་རིམ་མང་ཚོགས་དང་རྒྱལ་ཁབ་ཁག་གི་གྲོས་ཚོགས། རིག་གནས་ལ་མཁས་སྙན། གཞུང་གི་དཔོན་རིགས། རྒྱལ་སྤྱིའི་སྒྲིག་འཛུགས། ལྷག་པར་རྒྱ་མི་རིགས་བཅས་པ་ནས་རྒྱ་མི་དང་བོད་མི་གཉིས་ཀར་ད་ལྟ་དང་མ་འོངས་ཀུན་ཏུ་ཕན་པའི་མཛད་བྱུས་དབུ་མའི་ལམ་ཐོག་ནས་བོད་མིའི་གནད་དོན་འདི་འཚེ་མེད་ཞི་བའི་ལམ་ནས་འགྲིགས་ཐབས་གནང་རྒྱུར་རྒྱབ་སྐྱོར་དང་འབྲེལ་དེ་ཐོག་ནས་རྒྱ་མིའི་ངོས་ནས་ྋགོང་ས་མཆོག་གམ་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་བཀའ་མོལ་གནང་དགོས་རྒྱ་ནག་ལ་གནོན་ཤུགས་ཕྱོགས་གང་ས་ནས་སྤྲོད་བཞིན་ཡོད།

རང་རིགས་བོད་མི་ཡོངས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་ལམ་སྟོན་བཀྲིན་ཆེ་བ་ལྟར་འཚེ་མེད་ཞི་བའི་ཐབས་ལམ་ལ་ཞི་བཅོལ་བའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བློ་ཡིད་བརྟན་པོའི་ཐོག་ནས་རང་རང་འཁོས་དཔགས་ལ་གཞིགས་པའི་ལས་འགུལ་གང་ཐུབ་གནང་དགོས་ཧ་ཅང་གལ་ཆེ་བ་དེ་ཐོག་ཚང་མས་ཐུགས་འཁུར་ཆེ་བསྐྱེད་ཡོང་བའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག་མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།