ྋསྐུའི་འཁྲུངས་སྐར་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། ། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་གནས། འཇིག་རྟེན་ཞི་བདེའི་དེད་དཔོན། རང་ཅག་གངས་ཅན་པ་རྣམས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་མཁའ་ཁྱབ་བསྟན་འགྲོའི་མགོན་དུ་མཚན་དཔེའི་ལང་ཚོ་གསར་དུ་བཞད་ནས་མི་ལོ་ ༦༨ འཁོར་བའི་འཁྲུངས་ཚེས་ཀྱི་དུས་ཆེན་ཁྱད་པར་ཅན་འདིའི་ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གུས་ཕྱག་སྔོན་དུ་འགྲོ་བས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག འཇིག་རྟེན་ཞི་བདེའི་དེད་དཔོན་མཆོག་ཏུ་བསྐལ་བརྒྱར་འཚོ་ཞིང་བཞེས་ཏེ་མུ་མཐའ་མེད་པའི་འཕྲིན་ལས་ཀྱི་རོལ་པ་མཁའ་ཁྱབ་སྐྱེ་རྒུའི་གསོས་སྨན་དམ་པར་ལྷུན་གྲུབ་རྒྱུན་མི་ཆད་དུ་སྤྲོ་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། དེ་རིང་གི་ཉིན་མོ་འདི་ནི་གངས་ཅན་པ་ཙམ་དུ་མ་ཟད། འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་སྙིགས་ལྔ་རྒུད་པའི་མུན་སྟུག་རྣམ་པར་བཅིལ་བའི་སྣང་བྱེད་ཉི་མའི་དཀྱིལ་འཁོར་ཞིག་གསར་དུ་འཆར་བའི་དུས་ཚེས་ཁྱད་པར་ཅན་ཡིན་སྟབས། ཕུན་སུམ་ཚོགས་པའི་གོ་སྐབས་འདི་བཟུང་སྟེ་མིའི་སྐྱེ་འགྲོ་སྤྱི་དང༌། བྱེ་བྲག་ཁ་བ་རི་པའི་གཞིས་བྱེས་མང་ཚོགས་ཡོངས་ལ་བྱམས་བརྩེའི་མཛའ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དུས་གསུམ་ཕྱོགས་བཅུའི་རྒྱལ་དང་རྒྱལ་སྲས་གཞན་གྱིས་གདུལ་བར་མ་ནུས་པའི་དམུ་རྒོད་པུར་རྒྱལ་བོད་ཀྱི་འགྲོ་བ་རྣམས་འཕགས་མཆོག་འཇིག་རྟེན་མགོན་པོས་དམིགས་པ་མེད་པའི་བརྩེ་བ་ཐུགས་རྗེ་ཆེན་པོས་གདུལ་ཞིང་དུ་བཟུང་སྟེ་ཆོས་སྲིད་ལུགས་གཉིས་ཀྱི་འཕྲིན་ལས་རླབས་པོ་ཆེས་བསྐྱངས་པར་མཛད་པའི་རྣམ་པར་ཐར་པ་སྤྱི་དང༌། ཁྱད་པར་དུས་ཀྱི་ཡང་མཐའ་འདིར་ནག་ཕྱོགས་ཀླ་ཀློའི་དཔུང་གིས་གངས་ལྗོངས་བསྟན་སྲིད་སྐྱེ་རྒུའི་བདེ་སྐྱིད་དང་བཅས་པ་རྨེག་མེད་དུ་བཅོམ་པའི་ཛ་དྲག་ཅན་གྱི་དུས་སུ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཐབས་མཁས་འཕྲུལ་མཛངས་འཕྲིན་ལས་ཀྱི་རོལ་པ་མུ་མཐའ་མེད་པས་ཇི་ལྟར་སྐྱོང་བར་མཛད་པའི་བཀྲིན་རྣམས་རྗེས་སུ་དྲན་པའི་སྒོ་ནས་གཞིས་བྱེས་བོད་འབངས་ཡོངས་ཀྱིས་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་ཟབ་མོ་དང་ཡོངས་སུ་མཐུན་པར་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཡ་རབས་བཟང་སྤྱོད་ཀྱི་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་བྱ་ཐབས་བཅས་ཀྱི་ཆེད་རང་རང་གི་སྐབས་བབ་ཁུར་འཁྲིའི་ལས་འགན་རྣམས་ལྷག་བསམ་རྣམ་དག་གིས་འབད་སྒྲུབ་ཞུ་རྒྱུའི་འགྱུར་བ་མེད་པའི་ཆོད་སེམས་ཀྱི་དམ་བཅའ་བརྟན་པོ་སྒྲུབ་པའི་མཆོད་པའི་ཚུལ་དུ་འབུལ་རྒྱུ་ཡིན།

གནའ་བོའི་རྒྱལ་བློན་དང་ྋགོང་ས་སྐུ་ཕྲེང་གོང་མ་ན་རིམ་གྱིས་ཐུགས་ལ་བརྣགས་ཀྱང༌། ཕྱག་བཞེས་སུ་མ་འཁེལ་བའི་རླབས་པོ་ཆེའི་མཛད་བཟང་བོད་མྀའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་བསྒྱུར་གནང་མཛད་པ་དང༌། རྒྱལ་ཁབ་དང་མི་རིགས་ཀྱི་ལས་འགུལ་མཐའ་དག་འཚེ་བ་མཻད་པའི་ལམ་དུ་བསྒྱུར་བར་མཛད་པ་འདི་གཉིས་ནི་མགོན་པོ་གང་གི་བླ་ན་མེད་པའི་འཕྲིན་ལས་ཀྱི་མཛད་རྗེས་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས། དེ་རིང་གི་སྐལ་བཟང་དུས་སྟོན་འདིའི་ཐོག་གཞིས་བྱེས་བོད་མི་ཡོངས་ནས་འཚེ་མེད་ཞི་བའི་ལམ་དང༌། ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་ཉམས་ལེན་ལ་གཅིག་ཏུ་འགྲུས་པར་བྱ་རྒྱུའི་དམ་བཅའ་མཛད་རྒྱུ་ནི་ྋགོང་ས་མཆོག་གི་བཀྲིན་གསབ་པ་དང༌། ཐུགས་བཞེད་སྒྲུབ་པའི་ཐབས་ལམ་བླ་ན་མེད་པ་ཞིག་ཡིན་སྟབས། ཚང་མར་དྲན་གསོ་དང༌། འབོད་སྐུལ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༧༩ ནས་བཟུང་ད་ལྟའི་བར་བོད་ཀྱི་རྩ་དོན་སྒྲུབ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་བཟང་པོ་འགྱུར་བ་མེད་པ་རྒྱུན་ཆགས་སུ་སྐྱོང་གནང་མཛད་པའི་བཀྲིན་ལས་སྔ་ལོ་ཕྱི་ཟླ་དགུ་པ་ནས་བཟུང་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཐུབ་པ་བྱུང་བ་དང༌། འདི་ལོ་ཕྱི་ཟླ་ལྔ་པ་དྲུག་པའི་ནང་ྋགོང་ས་མཆོག་གི་སྐུ་ཚབ་ཚོགས་ཆུང་ཐེངས་གཉིས་པ་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁ་ཤས་སུ་ཆེད་ཕེབས་ཐུབ་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་གསར་པ་རྣམས་དང་གྲོས་མོལ་ལྷུག་པོ་བྱུང་འདུག་པ་འདི་ནི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཕྱོགས་སུ་ས་ཆོད་ཡོད་པའི་གོམ་སྟབས་ཤིག་ཡིན་པ་མ་ཟད། སྔ་ལོ་ནས་བཟུང་བཙན་བྱོལ་བོད་གཞུང་གིས་རེ་སྐུལ་ཇི་ལྟར་ཞུས་པ་བཞིན་བོད་རྒྱ་ཞི་མོལ་ལ་སྨན་པའི་ཁོར་ཡུག་སྐྲུན་ཐབས་སུ་བོད་མི་དང༌། བོད་དོན་རྒྱབ་སྐྱོར་བ་ཚང་མས་ཕྱར་གྲུ་མཉམ་འདེགས་མཛད་པ་ལ་ད་ལམ་རྒྱ་ཕྱོགས་ནས་ངོས་འཛིན་གསལ་པོ་བྱུང་བ་མ་ཟད། འབྱུང་འགྱུར་ཕྱོགས་གཉིས་ཀ་ནས་ཁོར་ཡུག་ཉམས་ཆག་མི་འགྲོ་བ་དང༌། ཕན་ཚུན་ཡིད་ཆེས་སྤེལ་ཐབས་ཀྱི་ལས་དོན་ཐོག་མཉམ་རུབ་དགོས་པའི་བསམ་ཚུལ་བྱུང་བ་དེའང་གྲུབ་འབྲས་ངེས་ཅན་ཞིག་ཡིན་པས་བཙན་བྱོལ་བོད་མི་རྣམས་དང༌། བོད་དོན་རྒྱབ་སྐྱོར་བ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ད་དུང་བཟང་ཕྱོགས་སུ་གོམ་པ་རིམ་སྤོས་ཡོང་ཐབས་ལ་ཚང་མས་ཕྱར་གྲུ་མཉམ་འདེགས་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

བོད་རྒྱ་ཞི་མོལ་གྱི་ཕྱོགས་སུ་འབད་བརྩོན་བྱེད་བཞིན་པའི་སྐབས་ཆེས་བློ་ཕམ་དང་ཡ་མཚན་སྐྱེ་དགོས་པ་ཞིག་ལ། ཉེ་ཆར་ཕྱི་ཟླ་ལྔ་པའི་ཟླ་འཇུག་ཏུ་བཙན་བྱོལ་བོད་མི་བཅུ་ཕྲག་གཉིས་ལ་ཉེ་བ་ཞིག་བལ་གཞུང་གིས་འཛིན་བཟུང་དང༌། བོད་མི་དེ་ཚོའི་མངོན་འདོད་དང་གཏན་ནས་མི་མཐུན་པར་བོད་དུ་ཕྱིར་སློག་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་སྲོལ་དང༌། འགྲོ་བ་མིའི་ཐོབ་ཐང་གཉིས་ཀར་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་ཕྱིར་སློག་སོང་བའི་བོད་མི་ཕོ་མོ་རྒན་བྱིས་དེ་དག་ཚང་མ་ལ་གདུང་སེམས་མཉམ་བསྐྱེད་དང༌། ཁོ་ཚོ་འཕྲལ་མྱུར་གློད་བཀྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་མ་ཟད། དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་མི་རིགས་ཡོངས་ལ་ཁོ་ཚོའི་དོན་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ལ་རེ་སྐུལ་རྒྱབ་གཉེར་གནང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། ད་རེས་ཀྱི་རྐྱེན་ངན་འདི་ནི་གློ་བུར་བའི་བྱུང་རྐྱེན་ཞིག་མ་གཏོགས། བལ་ཡུལ་གཞུང་གིས་བོད་མིར་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། འབྱུང་འགྱུར་གནས་ཚུལ་འདི་རིགས་བསྐྱར་ལྡབ་མི་ཡོང་བའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། འདས་པའི་ལོ་ངོ་ ༤༣ རིང་བལ་ཡུལ་གཞུང་མང་གཉིས་ནས་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་མང་པོར་བལ་ཡུལ་དུ་གནས་སྡོད་ཆོག་པ་དང༌། ཕྱོགས་མཚུངས་བོད་མི་ཁྲི་ཚོ་མང་པོ་ལོ་ལྟར་བལ་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་དང༌། གནས་མཇལ། གཉེན་འཕྲད་སོགས་སུ་འགྲོ་བསྐྱོད་ཆོག་པའི་མཐུན་འགྱུར་མཛད་པ་བཅས་ཀྱི་བཀྲིན་ངོ་ཤེས་ཡོད་པ་ཡིན་སྟབས། ད་ལན་གྱི་བྱུང་རྐྱེན་དམིགས་བསལ་བ་འདི་ལ་བརྟེན་ནས་བལ་ཡུལ་གཞུང་དང་མང་ཚོགས་བཅས་ལ་ཁ་གཏད་གདོང་ཐུག་བྱེད་རྒྱུའི་བསམ་ཚུལ་གཏན་ནས་མེད།

དེ་བཞིན་ཟླ་བ་སྔོན་མར་ལྷ་སར་བོད་མི་འགའ་ཤས་འཛིན་བཟུང་བྱས་པ་སོགས་ད་ལྟའང་བོད་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་དང་གཉའ་གནོན་གདུག་རྩུབ་ཀྱི་བྱ་བ་མུ་མཐུད་ཡོང་བཞིན་པ་དེ་དག་ལ་བློ་ཕམ་ཆེན་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་དབང་འཛིན་པ་རྣམས་ལ་སྐྱོན་བརྗོད་དང་འཕྲལ་མྱུར་མཚམས་འཇོག་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

ཉེ་བའི་ཆར་རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཏུ་འཚམས་གཟིགས་ལེགས་གྲུབ་བྱུང་སྟེ་རྒྱ་དཀར་ནག་དབར་འབྲེལ་ལམ་ཡར་རྒྱས་གང་ལེགས་བྱུང་བ་དེས་སྤྱིར་ཤར་གླིང་གི་ཞི་བདེ་བརྟན་ལྷིང་དང༌། ལྷག་པར་བོད་ཀྱི་དཀའ་རྙོག་སེལ་བ་ལ་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཡིན་སྟབས་དགའ་བསུ་ཞུ་རྒྱུ་དང༌། ཁྱད་པར་ཞིང་ཧྭ་གསར་ཁང་གིས་བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་ལ་དྭོགས་སེལ་ནན་པོ་དང་སྦྲགས། རྒྱ་གར་གཞུང་གིས་བོད་དང་བོད་མིར་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏན་ནས་མེད་ཚུལ་ཕྱི་སྲིད་བློན་ཆེན་དང༌། སྲིད་བློན་གཉིས་ཀས་ཡང་ཡང་གསལ་བཤད་གནང་སྟེ་འཛམ་གླིང་ཡོངས་ལ་བློ་དྭོགས་དང་འཁྱོག་བཤད་བྱ་གཞི་མེད་པ་བཟོ་གནང་མཛད་པ་དེར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བོད་དང་བོད་ཀྱི་གྲོགས་པོ་ཚང་མར་ཐུགས་དྭོགས་གཙང་སེལ་བྱུང་ཟིན་པའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད།

མཐའ་དོན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་བསྐལ་བཟང་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན།