ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་མཛད་སྒོའི་ཐོག་གནང་བའི་བཀའ་ཤག་གི་གཏམ་བཤད།

༄༅།། ཁམས་གསུམ་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་ཉག་གཅིག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་བཅུ་དགུ་འཁོར་བའི་རྗེས་དྲན་གྱི་དུས་ཆེན་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། ཧི་མཱ་ལ་ཡའི་དུས་སྟོན་བཅས་གལ་ཆེའི་དུས་ཚིགས་གསུམ་འཛོམས་ཀྱི་ཉིན་མོ་འདིར་གཞིས་བྱེས་བོད་མི་ཡོངས་དང༌། ཞི་བདེ་ལ་དགའ་བའི་འཛམ་གླིང་སྐྱེ་འགྲོ་ཚང་མར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གུས་བརྩི་དང་བཅས་ཏེ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་མཆོག་གིས་སྟོན་པ་ཐུབ་པའི་དབང་པོས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་དགོངས་དོན་བྱམས་བརྩེའི་སྙིང་པོ་ཅན་གྱི་འཚེ་མེད་ཞི་བའི་ལམ་བཟང་འཇིག་རྟེན་སྐྱེ་རྒུ་ཡོངས་ལ་དུས་རྟག་ཏུ་འདོམས་པར་མཛད་པ་མ་ཟད། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་ལམ་ཉག་གཅིག་ཏུ་བསྒྱུར་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་གཟུར་གནས་སྐྱེ་བོ་ཡོངས་ཀྱིས་བཅོས་མིན་དགའ་གུས་ཀྱི་བསམ་པ་མཚོན་པའི་སླད་ནོ་སྦེལ་ཞི་བའི་གཟེངས་རྟགས་ཞེས་པའི་གྲགས་ཅན་གྱི་ཆེ་བསྟོད་འབུལ་བཞེས་མཛད་དེ་ལོ་བཅུ་དགུ་འཁོར་བའི་དུས་ཚིགས་འདིའི་ཐོག བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྒོ་གསུམ་གུས་ཕྱག་དང་བཅས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་ཆབས་ཅིག མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་ཁ་བའི་ལྗོངས་ཀྱི་ཆེས་ཉམ་ཐག་པའི་སྐྱེ་འགྲོ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་ྋཞབས་ཟུང་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་རྟག་བརྟན་གཞོམ་ཞིག་བྲལ་བར་འཚོ་ཞིང་གཞེས་ནས་བསྟན་སྲིད་ཀྱི་མཛད་འཕྲིན་སྔར་བཞིན་རྒྱ་ཆེ་རྒྱུན་མི་ཆད་དུ་སྐྱོང་གནང་ཡོང་བའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན།

འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་ཆོལ་གསུམ་བོད་མིའི་ཞི་རྒོལ་ལ་དྲག་གནོན་ཚད་མེད་ཀྱིས་བོད་མི་བརྒྱ་ཕྲག་མང་པོ་དམར་བསད་དང༌། སྟོང་ཕྲག་མང་པོ་བཙོན་འཇུག་མནར་གཅོད་ཕོག་པ་དང༌། རྒྱ་ནག་དང་བོད་ས་འགའ་ཤས་སུ་གངས་ཞོད་དང༌། ཆུ་ལོག ས་ཡོམ་སོགས་འབྱུང་བའི་འཇིག་པ་བྱུང་བ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་བདེ་མིན་གྱིས་སྨན་བཅོས་འཕྲོད་བཞེས་མཛད་དགོས་བྱུང་བ་སོགས་བློ་འཚབ་ཚད་མེད་སྐྱེ་གཞིའི་གནས་ཚུལ་ངན་པ་ཇི་སྙེད་ཅིག་དང༌། ྋགོང་ས་མཆོག་སྐུ་ཁམས་གསལ་དྭངས་ཀྱིས་འཛམ་གླིང་ཡུལ་གྲུ་གང་སར་ྋཞབས་ཀྱིས་བཅགས་ཏེ་ཆོས་སྲིད་ཀྱི་མཛད་འཕྲིན་སྤྱི་དང༌། ཁྱད་པར་ཡོ་རོབ་གྲོས་ཚོགས་སུ་གསུང་བཤད་བཀའ་དྲིན་བསྩལ་བ། རྒྱལ་ཁབ་མང་པོའི་སྲིད་འཛིན་དང་སྲིད་བློན་སོགས་ཆེས་མཐོའི་དབུ་ཁྲིད་དུ་མར་མཇལ་འཕྲད་བསྐྱངས་པ། ཆེ་བསྟོད་ཀྱི་ཕྱག་འཁྱེར་དང་གཟེངས་རྟགས་རྣམ་མང་འབུལ་བཞེས་མཛད་པ་སོགས་ཡི་རངས་དང་བློ་སྤོབས་བྱེད་འོས་པའི་བཟང་ཕྱོགས་ཀྱི་གནས་ཚུལ་མང་དག་ཅིག་བྱུང་བ་མ་ཟད། ྋགོང་ས་ྋསྐྱབས་མགོན་ཆེན་པོས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་རྣམ་པར་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་བཀའ་ཡིག་སྔ་རྗེས་དང༌། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལའང་བཀའ་ཡིག དེ་བཞིན་བོད་རིགས་ཡོངས་དང༌། རྒྱ་རིགས་ཡོངས། རྒྱ་རིགས་ནང་པས་མཚོན་པའི་ཆོས་བྱེད་པ་ཡོངས་ལ་གསུང་འཕྲིན་བསྩལ་བ། ཨོ་ལམ་པིཀ་དཔལ་འབར་སྐོར་བསྐྱོད་སྐབས་རྒྱལ་སྤྱིའི་ནང་བོད་དོན་ཐོག་དོ་སྣང་དང་དྲིལ་བསྒྲགས་ཤུགས་ཆེ་བྱུང་བ། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་བརྒྱུད་འཛམ་གླིང་ཡོངས་སུ་འཚེ་མེད་ཞི་བའི་ལས་འགུལ་རྒྱ་ཆེར་སྤེལ་བ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་བ།

ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་ལ་ནང་ལུགས་ཀྱི་འབྲེལ་མོལ་ཐེངས་གཅིག་དང་འཆར་ཅན་འབྲེལ་མོལ་ཐེངས་གཉིས་གནང་བ། བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་བ་དང༌། དེའི་ཆེད་ྋགོང་ས་མཆོག་གིས་བོད་རིགས་ཡོངས་ལ་གསུང་འཕྲིན་དང༌། ཚོགས་ཆེན་གྲོལ་རྗེས་ལམ་སྟོན་བཀའ་སློབ་བསྩལ་བ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་བ་སོགས་ཆབ་སྲིད་ཀྱི་དོན་སྙིང་རླབས་ཆེན་ལྡན་པའི་ལས་དོན་རྣམ་མང་ཞིག་གྲུབ་པ་བཅས་འདས་པའི་ལོ་ཞེ་དགུའི་ནང་འཁྲུགས་ཆ་དོད་ཤོས་དང༌། གལ་འགངས་ཆེ་ཤོས་ཀྱི་ལོ་ཚིགས་ཤིག་ཆགས་ཡོད། ལྷག་པར་ལོ་འདིའི་ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་པ་དང༌། དམིགས་བསལ་ཚོགས་ཆེན་བརྒྱུད་བོད་ཕྱི་ནང་དུ་གནས་པའི་བོད་མི་རྣམས་ཀྱིས་ཧ་ཅང་ཚད་མཐོའི་མང་མོས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བསྐྱར་ནན་ཐོབ་པ་འདི་གཉིས་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གལ་ཆེའི་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཕྱི་ལོ་༢༠༠༢ ལོར་བོད་རྒྱའི་འབྲེལ་ལམ་བསྐྱར་གསོ་བྱུང་བ་ནས་བཟུང་གཞུང་འབྲེལ་གྱི་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་བརྟན་བཟུང་ཐོག་འབྱུང་འགྱུར་བོད་མིའི་མདུན་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བཙལ་རྒྱུའི་ཆོད་སེམས་ཀྱིས་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་འོག་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་དགོས་སྐོར་གྲོས་མོལ་གཏིང་ཟབ་ཕུར་ཚུགས་སུ་བྱས་པའི་མཐའ་དོན་དུ། འབྲེལ་མོལ་བདུན་པའི་སྐབས་རྒྱ་ཕྱོགས་ནས་ྋགོང་ས་མཆོག་གིས་མིང་དོན་མཚུངས་པའམ་དོན་སྙིང་ལྡན་པའི་རང་སྐྱོང་དགོས་ཚུལ་གསུངས་པའི་དགོངས་དོན་ངོ་མ་ཇི་ཡིན་འགྲེལ་བརྗོད་གསལ་པོ་དགོས་ལུགས་བརྗོད་པ་ལྟར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཏུ་གསལ་བའི་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་བོད་རིགས་ཡོངས་ལ་ཡོང་ཐབས་ཀྱི་འགྲེལ་བརྗོད་ཆ་ཚང་ཡིག་ཐོག་ཏུ་སྤྲད་དེ། རྒྱལ་སྤྱིའི་ནང་ཕྱོགས་གཉིས་ཀའི་ལངས་ཕྱོགས་གསལ་སྟོན་བྱས་པ་འདིས་འབྱུང་འགྱུར་གྲོས་མོལ་མུ་མཐུད་བྱུང་ན་དེའི་གྲོས་གཞི་ངེས་ཅན་དང༌། གནས་སྐབས་གྲོས་མོལ་མུ་མཐུད་མ་བྱུང་ཡང་རྒྱ་ནག་གི་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ཀར་ྋགོང་ས་མཆོག་གི་བཞེད་དགོངས་ཇི་ཡིན་ངོ་སྤྲོད་ཞིབ་གསལ་བྱུང་བའི་དབང་གིས་སུས་ཀྱང་ཚོད་དཔག་དང་སྒྲོ་སྐུར་བྱ་ཡུལ་མེད་པའི་དངོས་དོན་གཏན་འབེབས་བྱས་ཟིན་པས་འབྱུང་འགྱུར་གྲོས་མོལ་གྱི་གནས་བབ་ཇི་ཆགས་ཀྱི་འགན་ཁུར་ཆ་ཚང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་ཡོད་པ་དང༌། བོད་མིའི་ངོས་ནས་གསལ་བརྗོད་བྱ་དགོས་ཆ་ཚང་ཟིན་ཏེ་ཕྱི་ལོ་༢༠༠༢ ནས་འགོ་འཛུགས་བྱས་པའི་འབྲེལ་མོལ་གྱི་རིམ་པ་གཅིག་ཚུལ་མཐུན་མཐའ་བསྡོམས་བྱས་ཡོད།

འབྲེལ་མོལ་གྱི་ལས་རིམ་ལ་བརྟེན་ནས་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་བྱུང་བའི་ཁར། བོད་ནང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་སོང་བའི་དབང་གིས་བོད་མིའི་སྤྱི་ཚོགས་སུ་བློ་འཚབ་དང་ཡིད་ཞུམ་ཇེ་ཆེར་སོང་བ་མ་ཟད། འབྲེལ་མོལ་གྱི་ལས་རིམ་ལ་སྐྱོན་བརྗོད་ཀྱང་ཕྱོགས་གང་ས་ནས་ཡོང་བཞིན་པར་བརྟེན། མང་ཚོགས་ཀྱི་བཀའ་ལུང་བསྐྱར་དུ་བླང་དགོས་ཀྱི་དུས་མཚམས་སུ་སླེབས་པར་གཟིགས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྡུ་བསྐོང་མཛད་པ་དང༌། ཚོགས་ཆེན་དེའི་ནང་བཙན་བྱོལ་བོད་མིའི་གནས་ཡུལ་ཡོངས་ནས་སྐུ་ཚབ་འཐུས་མི་༥༦༠ ལ་ཉེ་བ་ཆེད་ཕེབས་ཀྱིས་ཉིན་གྲངས་དྲུག་རིང་བགྲོ་གླེང་སྦྱང་ཤད་མཐིལ་ཕྱིན་གནང་རྗེས་ཚོགས་ཆུང་བཅོ་ལྔ་ནས་བརྒྱད་ཀྱིས་མང་མོས་དང༌། གསུམ་གྱིས་སྤྱི་མོས་ཐོག་དབུ་མའི་ལམ་ལ་རྒྱབ་སྐྱོར་དང༌། ཚོགས་ཆུང་བཞིས་སྤྱི་མོས་མང་མོས་གསལ་ཁ་མེད་ནའང་དབུ་མའི་ལམ་ལ་རྒྱབ་གཉེར་ཡོད་པ་དང༌། བོད་མིའི་གནས་ཡུལ་གཞིས་ཆགས་གྲངས་༥༠ དང་དགོན་སྡེ་གྲངས་༢༠ ཤེས་རིག་སྒྲིག་འཛུགས་གྲངས་༤༤ བོད་རིགས་མཐུན་ཚོགས་གྲངས་༢༥ གཞུང་འབྲེལ་མིན་པའི་ཚོགས་སྐྱིད་གྲངས་༢༢ བཅས་ཁྱོན་བསམ་ཤོག་གྲངས་༡༦༡ འབྱོར་བ་ནས་བསམ་ཤོག་ཁག་༡༠༣ གྱིས་དབུ་མའི་ལམ་ལ་སྤྱི་མོས་དང༌། གྲངས་༢༨ ཀྱིས་མང་མོས། དེ་བཞིན་བོད་ཀྱི་ས་ཁུལ་གང་ས་ནས་བསམ་འཆར་བསྡུ་རུབ་ཐུབ་པ་བྱུང་བ་བཅས་ཁྱོན་ཡོངས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུར་སྤྱི་མོས་དང༌། དབུ་མའི་ལམ་ལ་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པ་དང༌། དེ་ལས་གཞན་པའི་དགོངས་ཚུལ་ཡོད་པ་རྣམས་ཀྱང་གསལ་སྟོན་བྱུང་བ་བཅས་ནི་བོད་མིའི་གཞི་རིམ་མང་ཚོགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་དང༌། ཕུགས་རྒྱང་གི་མཐོང་སྣང་ཡོངས་སུ་སྨིན་ཞིང༌། ལངས་ཕྱོགས་སྲ་བརྟན་དང་ཆིག་བསྒྲིལ་གྱི་ནུས་པ་འགྱུར་མེད་ཡོད་པ་བཅས་གསལ་སྟོན་བྱུང་བ་མ་ཟད། མང་ཚོགས་ནས་འགན་ཁུར་ཡོད་པའི་ཐོག་ནས་ཆ་ཤས་བླངས་པར་བརྟེན་མང་གཙོའི་ལམ་སྲོལ་གྱི་འཕེལ་རིམ་ཡང་ཚད་མཐོར་སོན་པ་མཚོན་ཡོད།

དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་བྱས་པའི་ནང་དུའང་གོང་མཚུངས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་དང༌། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་བཅས་ལ་བརྟེན། ད་ཆ་བཙན་བྱོལ་གཞུང་གིས་གདེང་ཚོད་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་དམ་འཛིན་ཐུབ་རྒྱུ་མ་ཟད། རྒྱལ་སྤྱིའི་ནང་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང༌། ཁྱད་པར་རྒྱ་ནག་མང་ཚོགས་དང་འབྲེལ་མོལ་གོང་མཐོར་སྤེལ་དགོས་པའི་གོ་སྐབས་སུ་སླེབས་ཡོད། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་ང་ཚོའི་བསམ་འཆར་ཡིག་ཆའི་ཐོག་གྲོས་མོལ་རྒྱུན་སྐྱོང་གནང་འདོད་ཡོད་ཚེ་ང་ཚོའི་ངོས་ནས་གྲོས་མོལ་གྱི་སྒོ་མོ་རྒྱུན་དུ་ཕྱེ་ཡོད།

ཉེ་ཆར་འདི་ཟླའི་ཚེས་༤ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཡོ་རོབ་གྲོས་ཚོགས་སུ་བསྩལ་བའི་སྦར་སིལ་གསུང་བཤད་དེ་ནི་འབྱུང་འགྱུར་ཆབ་སྲིད་ཀྱི་ལམ་སྟོན་བླ་མེད་ཅིག་ཡིན་པས་དེ་ལ་ཚང་མས་ཐུགས་སྣང་དང་གསན་སྦྱོང་གནང་དགོས། གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན། བཙན་བྱོལ་བོད་གཞུང་གིས་རྒྱལ་སྤྱིའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་འགྲེམས་སྤེལ་དྲིལ་བསྒྲགས་དང་སྦྲགས། གོ་རྟོགས་སྤེལ་བའི་ལས་འགུལ་དང༌། རྒྱ་རིགས་མང་ཚོགས་དང་འབྲེལ་མོལ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འགུལ་བཅས་འཆར་གཞི་ལྡན་པའི་ལས་འགུལ་ཁག་གཉིས་ཤུགས་ནུས་བསྐྱེད་དེ་བརྩམ་རྒྱུ་ཡིན་པས་བོད་རིགས་ཡོངས་ནས་ཐུགས་སྣང་དང་མཐུན་འགྱུར་ཤུགས་ཆེ་གནང་བའི་རེ་སྐུལ་བྱེད་ཀྱི་ཡོད། དེ་བཞིན་རྗེས་ལོར་དུས་ཚེས་དང་ས་གནས་གང་འོས་ཤིག་ཏུ་རྒྱ་རིགས་གྲོགས་པོ་རྣམས་ཀྱི་ཚོགས་ཆེན་ཞིག་ཀྱང་བསྐོང་འཆར་ཡོད། མདོ་དོན་འདི་ལོ་བོད་དུ་བྱུང་བའི་ཞི་རྒོལ་གྱི་ནུས་པ་དང༌། བོད་རྒྱ་འབྲེལ་མོལ་གྱི་མཇུག་འབྲས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་བཅས་གང་གི་ཆ་ནས་ཀྱང་བོད་ཀྱི་གནད་དོན་གལ་འགངས་དང་ཛ་དྲག་ཆེ་བའི་གོ་སྐབས་ཤིག་ཏུ་སླེབས་ཡོད་ན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྙིང་ལ་རུས་པ་བཅུག་སྟེ་བོད་ནང་ཡོད་པའི་བོད་མི་བརྒྱ་ཕྲག་མང་པོས་ལུས་སྲོག་བློས་བཏང་བྱས་པ་རྣམས་ཆུད་ཟོས་སུ་མི་འགྲོ་བའི་ཆེད་སྒྲུབ་ཕྱོགས་ཀྱི་ལས་འགུལ་རྒྱུན་སྤེལ་དགོས་པ་དང༌། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་བའི་ཐབས་ཚུལ་ལ་སྒོ་ཀུན་ནས་འབད་འབུང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

དེ་བཞིན་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་དང༌། གཞིས་ཆགས་བརྟན་ལྷིང་ཡོང་ཐབས་བཅས་ཀྱི་ཐད་བར་སྐབས་འཐུས་ཤོར་ཅི་ཆེ་ཡོད་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཉེ་ཆར་བཀའ་གསལ་ནན་ལྕི་སྔ་རྗེས་ཕེབས་དགོངས་རྣམས་སྙིང་བཅངས་ཀྱིས་འབྲེལ་ཡོད་ལས་ཁུངས་སོ་སོས་བསམ་ཞིབ་གོ་བསྡུར་ཞུ་བཞིན་ཡོད་པ་ལྟར། འཕྲལ་ཕུགས་ཀྱི་བྱེད་སྒོ་ཅི་མཆིས་ལག་བསྟར་སྐབས་གཞི་རིམ་མང་ཚོགས་ནས་ཀྱང་ཐུགས་སྣང་དང༌། མཐུན་འགྱུར་ཕྱར་གྲུ་མཉམ་འདེགས་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

འདས་པའི་ལོ་ངོ་ལྔ་བཅུར་ཉེ་བའི་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་བོད་མི་འབུམ་ཕྲག་བརྒལ་བ་ཞིག་རང་དབང་གི་ཐོག་ནས་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང༌། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་མུ་མཐུད་ཐུབ་པའི་མཐུན་འགྱུར་གནང་མཁན་རྒྱ་གར་གཞུང་མང་དང༌། རྒྱལ་སྤྱིའི་རྒྱབ་སྐྱོར་བ་ཡོངས་ལ་སྙིང་ནས་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།

མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་དང་བཅས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་༢༠༠༨ ཕྱི་ཟླ་༡༢ ཚེས་༡༠ ལ།། །།

ཕྱི་ལོ་༢༠༠༨ ཟླ་༡༢ ཚེས་༡༠ ཉིན་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་མཛད་སྒོའི་ཐོག་གནང་བའི་བཀའ་ཤག་གི་གཏམ་བཤད།