ྋགོང་ས་མཆོག་གི་སྐུ་དབང་ཐོག་གྲོས་ཚོགས་སུ་བགྲོ་གླེང་གནང་མི་ཆོག

ངས་གྲོས་ཚོགས་སྐབས་བཅུ་གཅིག་ནས་བཟུང་སྟེ་སྐབས་བཅུ་གཉིས་ཀྱི་བར་དུ་ལན་འགའ་ཤས་གསལ་བཤད་ཞུས་ཡོད་ཀྱང༌། སྤྱི་འཐུས་རྣམ་པས་ཐུགས་དགོངས་སུ་མ་ངེས་པར་བརྟེན། བསྐྱར་ལྡབ་ཞུ་དགོས་བྱུང་སོང༌། ཕྱི་རྒྱལ་དོན་གཅོད་ཁང་ཁག་གི་སྐུ་ཚབ་ངོ་མ་རྣམས་ྋགོང་ས་མཆོག་གིས་ཐད་བསྐོ་གནང་བ་མ་གཏོགས་ལས་བྱེད་སྒྲིག་གཞི་གཞིར་བཟུང་གིས་བསྐོ་གཞག་གནང་གི་མེད། ྋགོང་ས་མཆོག་ནས་ཐད་བསྐོས་གནང་བ་འདི་རྒྱལ་ཁབ་ཀྱི་དབུ་འཛིན་དང་སྲིད་གཞུང་གི་དབུ་འཛིན་ཡིན་པའི་མཚན་གནས་རྗེས་འབྲེལ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ནང་གསལ་བའི་སྐུ་དབང་གི་ཐོག་ནས་བསྐོ་གཞག་གནང་གི་ཡོད། སྒྲིག་གཞིའི་ནང་དུ་བཀའ་ཤག་ནས་རྒྱབ་གཉེར་ཞུ་ཕྱོགས་འདི་ཐོག་མར་གསལ་གྱི་མེད་དེ། རྗེས་སུ་སྒྲིག་གཞི་བསྐྱར་བཅོས་ཤིག་གི་འོག་ནས་བཀའ་ཤག་གིས་མི་འགྲོ་གོ་སྒྲིག་ཞུ་རྒྱུའི་གནས་ཚུལ་འདི་དགོས་དབང་གིས་གསར་བཅུག་བྱས་པ་ཞིག་རེད། གང་ལྟར་ད་ལྟའི་གནས་སྐབས་སུ་ྋསྐྱབས་མགོན་རིན་པོ་ཆེས་ཐད་ཀར་བསྐོ་གཞག་གནང་རྒྱུའི་སྐུ་དབང་གི་ནང་དུ་སྐུ་ཚབ་དོན་གཅོད་ཁག་ཀྱང་ཚུད་ཡོད། ྋསྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཐད་བསྐོས་གནང་དགོས་ཀྱི་ལས་བྱེད་རྣམ་པའི་ལས་དོན་བྱེད་ཕྱོགས་དང་དེ་མིན་གྱི་གནས་ཚུལ་གཞན་གྱི་ཐོག་གྲོས་ཚོགས་སུ་བགྲོ་གླེང་གནང་ཆོག་གི་ཡོད་ཀྱང༌། བསྐོ་གཞག་གནང་ཕྱོགས་དང་འོས་ཆོས་ཚང་མིན་སྐོར་གྲོས་ཚོགས་སུ་བགྲོ་གླེང་བྱེད་རྒྱུའི་ཁྱབ་ཁོངས་ཀྱི་ནང་དུ་སླེབས་ཀྱི་མེད། དེ་ྋགོང་ས་མཆོག་གི་སྐུ་སྒེར་གྱི་སྐུ་དབང་བཅའ་ཁྲིམས་ནང་ཆ་རྐྱེན་ཟུར་གསལ་ཡོད་པའི་གྲས་རེད། གལ་སྲིད་སྤྱི་འཐུས་གང་ཡང་རུང་བ་ཞིག་ལ་སྐུ་ཚབ་དོན་གཅོད་སུ་རུང་འོས་ཆོས་མ་ཚང་བའི་དྭོགས་གཞི་ཆེན་པོ་ཞིག་གསུང་རྒྱུ་ཡོད་ཚེ་གསང་བའི་ཡིག་ལམ་གྱི་བརྒྱུད་ནས་ྋགོང་ས་མཆོག་ལ་ཐད་ཀར་སྙན་གསན་ཞུ་རྒྱུའི་ཐོབ་ཐང་དེ་སུ་ལའང་བཀག་འགོག་མེད། ཡིན་ནའང་གྲོས་ཚོགས་སུ་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་མ་གཏོགས་བསྐོ་གཞག་གནང་ཕྱོགས་སྐོར་བགྲོ་གླེང་གནང་ཆོག་གི་མེད་པར་བརྟེན། ད་ལྟ་གོང་གི་དྲི་བ་ཁག་གི་ནང་ནས་ལས་དོན་དང་འབྲེལ་བ་ཡོད་པའི་རིགས་ལ་འབྲེལ་ཡོད་བཀའ་བློན་མཆོག་ནས་ལན་འདེབས་གནང་དགོས་ཀྱང་བསྐོ་གཞག་དང་འབྲེལ་ཡོད་ཀྱི་དྲི་བ་དེ་ཚོར་ལན་གནང་མི་དགོས། སྤྱིར་བཏང་དྲི་བ་འདི་རིགས་ཐོག་མ་ནས་ཚོགས་གཙོས་བཀག་འགོག་བྱེད་དགོས་ཀྱི་ཡོད་ཀྱང་སྤྱི་འཐུས་རྣམ་པའི་བཀའ་མོལ་ཇི་གནང་ཚོད་མ་ཐིག་པས་དང་ཐོག་ནས་བཀག་འགོག་བྱེད་རྒྱུ་མ་བྱུང་ཡང༌། རྗེས་སུ་དེ་ལྟར་མི་ཡོང་བ་སྤྱི་འཐུས་ཚང་མས་ཐུགས་འཇགས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦