ྋགོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐུགས་སྣང་གཞེན་སྐུལ་གྲོས་འཆར་ཐོག་གསལ་བཤད།

བཀུར་འོས་སྤྱི་འཐུས་རྣམ་པ་གཉིས་ནས་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་གནང་མཁན་རང་གིས་འགྲེལ་བརྗོད་གནང་བ་ནང་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་གནས་དེ་རྒྱུན་གནས་དགོས་དང་མི་དགོས་བོད་མི་མང་ཚོགས་ཀྱིས་ཐག་བཅད་ཀྱི་རེད་ཅེས་དྲུག་ཅུ་རེ་གྲངས་ནས་ལན་མང་བཀའ་གནང་ཡོད་རེད། དེ་འདྲ་སོང་ཙང་མང་ཚོགས་ཀྱི་ངོས་ནས་དེའི་ཐོག་ལ་ྋགོང་ས་སྐུ་ཕྲེང་རིམ་བྱོན་གྱི་མཚན་གནས་རྒྱུན་གནས་དགོས་པའི་རྣམ་འགྱུར་གསལ་པོ་ཞིག་བསྟན་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་ངེས་པར་དུ་ཤེས་ཀྱི་ཡོད། ཡིན་ནའང་མང་ཚོགས་ཀྱི་རྣམ་འགྱུར་དེ་བཙན་བྱོལ་བོད་གཞུང་འཛིན་སྐྱོང་གི་ངོས་ནས་བརྒྱུད་སྐུལ་བྱས་ནས་སྟོན་པ་ཡིན་ན་ཕན་ཐོགས་གང་ཡང་ཡོད་ཀྱི་མ་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་ད་ལྟ་ཐུགས་སྣང་གཞེན་སྐུལ་གྱི་ནང་ལ་གསོལ་འདེབས་གཞུང་མང་ཐུན་མོང་ནས་ངེས་པར་ཞུ་རྒྱུའི་ཐུགས་ཁུར་རང་གཞུང་བཀའ་ཤག་ནས་དུས་འགྱངས་མེད་པའི་ཐོག་ནས་ཅེས་བཀའ་གནང་འདུག དེ་ཐུགས་སྣང་གཞེན་སྐུལ་གནང་བ་ནང་བཞིན་གྱི་བཀའ་ཤག་ནས་གཞུང་མང་གཉིས་ལ་གསོལ་འདེབས་ཞུ་དགོས་རེད་ཅེས་བརྒྱུད་སྐུལ་བྱ་རྒྱུའི་འགན་དེ་ཁས་ལེན་ཐུབ་ས་མ་རེད་ཅེས་མ་ཞུ་ཀ་མེད་ཆགས་ཀྱི་འདུག
དེ་བརྒྱུད་སྐུལ་བྱས་པ་ཡིན་ན་མི་མང་གི་གསོལ་འདེབས་དེ་བརྒྱུད་སྐུལ་བྱས་པ་ཞིག་ཆགས་ཀྱི་རེད་མ་གཏོགས། མི་མང་རང་གི་མ་སྐུལ་དྭང་བླང་གི་ཐོག་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཞུས་པའི་རྣམ་པ་ཞིག་ཐོན་ཐུབ་ཀྱི་ཡོད་མ་རེད། དེ་ལས་གཞན་པའི་བཙན་བྱོལ་གཞུང་གིས་འགན་འཁུར་དགོས་པ་ནི་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང༌། ལྷག་པར་དུ་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་ཡུན་རིང་དུ་བརྟན་རྒྱུ་དང༌། སྐུ་ཁམས་འཚོ་བཞུགས་ཀྱི་རིང་ལ་བོད་ནང་ཆིབས་བསྒྱུར་གནང་ཐུབ་རྒྱུ། བོད་མི་གཞིས་བྱེས་འཛོམས་རྒྱུ། ྋརྒྱལ་བ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་སྔར་རྒྱུན་ནང་བཞིན་བོད་མི་རང་གི་བོད་ནང་ལ་རང་དབང་གི་ཐོག་ནས་སུ་གང་གིས་ཀྱང་ཐེ་བྱུས་མེད་པར་བྱེད་ཐུབ་རྒྱུ། དེ་ཚོའི་ཐོག་ལ་ངེས་པར་དུ་ང་ཚོའི་འཆར་གཞི་བསྒྲིག་དགོས་པ་དང༌། འབད་བརྩོན་བྱེད་དགོས་པ་གལ་གནད་ཆེན་པོ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་རང་གི་ནང་ལ་ཞིང་གཞན་གཤེགས་རྒྱུའི་གནས་བབ་བྱུང་བ་ཡིན་ན་དེའི་སྐབས་ཀྱི་འགྲོ་སྟངས་ག་རེ་དགོས་ཀྱི་ཡོད་པ་ཆོས་དང་ཆབ་སྲིད་གཉིས་ཀའི་དགོས་མཁོ་ལ་གཞིགས་པའི་ལས་རིམ་འགྲོ་དགོས་པའི་རིགས་རྗེས་ལུས་མེད་པར་འགྲོ་བཞིན་པ་ཡིན་ཞུ་རྒྱུ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥