བོད་ཁྱིམ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་དྲུག་པའི་ཐོག་ལམ་སྟོན་གསུང་བཤད་གནང་བ།

༄༅།། ༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༨ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གོ་པཱལ་པུར་བོད་ཁྱིམ་སློབ་གྲྭར་ཧི་མཱ་ཅལ་ཁུལ་བོད་ཁྱིམ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་དྲུག་པའི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་རིགས་ལམ་སྦྱོང་བའི་དགོས་དམིགས་དང་ཕན་ཡོན་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་སོགས་གནང་ཞིང་།

སྐབས་དེར་བོད་ཁྱིམ་ཤེས་ཡོན་འགན་འཛིན་དང་། འབྲེལ་ཡོད་བོད་ཁྱིམ་ཁག་གི་འགན་འཛིན་ནམ་སློབ་སྤྱི། གོ་པཱལ་པུར་བོད་ཁྱིམ་འགན་འཛིན་དང་སློབ་སྤྱི། འབྲེལ་ཡོད་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན། འདུ་འཛོམས་ཆེན་པོའི་ནང་ཆ་ཤས་བཞེས་མཁན་སློབ་གྲྭ་ཁག་གི་སློབ་ཕྲུག དེ་བཞིན་གོ་པཱལ་པུར་བོད་ཁྱིམ་སློབ་གྲྭའི་དགེ་ལས་དང་སློབ་ཕྲུག་སོགས་ཕེབས་འདུག

srinpoche-at-tcv

          ཐོག་མར་འདུ་འཛོམས་པ་ཡོངས་ནས་གང་བློ་མ་དང་རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་ཞིང་། དེ་རྗེས་གོ་པཱལ་པུར་བོད་ཁྱིམ་ལྟ་གྲུབ་དགེ་རྒན་གྱིས་རིགས་ལམ་འདུ་འཛོམས་ཀྱི་དགོས་དམིགས་དང་བྱུང་རིམ་སོགས་ངོ་སྤྲོད་གནང་འཕྲལ། རིམ་བཞིན་སློབ་གྲྭ་ནང་ཁུལ་རིགས་ལམ་རྩོད་པ་སྤྱན་འབུལ་ཞུས་ཤིང་། དེ་རྗེས་སློབ་ཕྲུག་གི་སྐུ་ཚབ་ནས་རིགས་ལམ་སྦྱོང་བདར་དང་རིགས་ལམ་འདུ་འཛོམས་ཐོག་མྱོང་ཚོར་གསུངས་ཏེ་སྔོན་འགྲོའི་ལས་རིམ་ཁག་གྲུབ།

          དེ་ནས་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན། འགྲོ་བ་མིའི་རྒྱུད་ལ་རང་ཆས་སུ་ཡོད་པའི་རྣམ་དཔྱོད་དང་ཤེས་རབ་འཕེལ་བའི་ཆེད་དུ་རིགས་ལམ་བསླབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ནང་ཆོས་ཚན་རིག་དང་མཉམ་བསྐྱོད་ཐུབ་པ་དེ་རིགས་ལམ་ལ་བརྟེན་ནས་ཡིན། སྟོན་པ་འཇིག་རྟེན་དུ་མ་བྱོན་གོང་དུ་རྟོག་གེའི་གྲུབ་མཐའ་སྨྲ་བ་ཚོ་ཡོད་པ་ཡིན་སྟབས། རིགས་ལམ་དེ་ཕྱི་ནང་ཐུན་མོང་བ་ཡིན། འོན་ཀྱང་སངས་རྒྱས་ཀྱི་བསྟན་པ་དར་བའི་རྗེས་སུ་རྒྱ་གར་གྱི་གྲུབ་མཐའ་ཁག་གི་ནང་ཚད་མ་རིག་པའི་རྣམ་གཞག་ཧ་ཅང་ཡར་རྒྱས་ཕྱིན་པ་རེད། རིགས་པ་བཞིའི་ནང་གཙོ་ཆེ་བ་འཐད་སྒྲུབ་རིགས་པ་རེད། ཚུལ་གསུམ་གྱི་ལམ་ནས་ལོག་རྟོག་སུན་འབྱིན་པ་དང་། ཡང་དག་པའི་རྗེས་དཔག་བསྐྲུན་རྒྱུ་དེ་འཐད་སྒྲུབ་རིགས་པའི་ལམ་ནས་ཡོང་དགོས། ནང་པའི་ཚད་མ་རིག་པའི་སྐོར་སྟོན་པ་འཇིག་རྟེན་དུ་ཞལ་བཞུགས་སྐབས་ནས་མདོའི་ནང་མང་པོ་གསུངས་རུང་། རིག་གནས་ཁྱད་པར་བའི་ངོ་བོར་ཟུར་དུ་བཏོན་ནས་ཤིང་རྟའི་སྲོལ་འབྱེད་མཁན་དེ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། ཁོང་གིས་གསུངས་པའི་རིག་པའི་གཞུང་ལུགས་ལ་ཡང་དག་པའི་འགྲེལ་པ་གནང་མཁན་དེ་སློབ་དཔོན་ཆོས་ཀྱི་གྲགས་པ་རེད། རྗེས་སུ་ཕྱི་རོལ་པའི་རིགས་པ་སྨྲ་བ་ཚོས་ནང་པའི་ཚད་མ་རིག་པ་དང་བསྡུར་ནས་ཁོ་རང་ཚོའི་རིགས་ལམ་ལ་ཡར་རྒྱས་བཏང་བ་བྱུང་ཡོད་ཅེས་དང་།

      srinpoche-at-gopal-pur-tcv-1

   རིགས་ལམ་གྱི་རྣམ་གཞག་འདི་ལ་རྒྱུའམ་གཏན་ཚིགས་རིག་པ་དང་། དེ་བཞིན་རྩོད་པའི་རིག་པ། རྟོག་གེའི་རིག་པ་སོགས་འབོད་ཚུལ་ཁ་ཤས་ཡོད་ཅིང་། དོན་དུ་མངོན་སུམ་ཚད་མས་དངོས་སུ་རྟོགས་མི་ནུས་པའི་ཅུང་ཟད་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་རྣམས་རྒྱུ་མཚན་ནམ་རྟགས་ལ་བརྟེན་ནས་རྟོགས་པར་བྱེད་པ་ཞིག་ལ་རིགས་ལམ་ཞེས་བརྗོད། ༧སྤྱི་ནོར་༧གོང་ས་༧སྐྱབས་མགན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྐྱ་སེར་ཕོ་མོ་དབྱེར་མེད་ལ་རིགས་ལམ་ལ་སྦྱོང་བའི་གོ་སྐབས་བྱུང་བ་འདི་སྐལ་བ་བཟང་པོ་རེད། རིགས་ལམ་ཤེས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་གང་ཡིན་རུང་ཤེས་སླ་བ་དང་། ནོར་འཁྲུལ་མི་ཡོང་བའི་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་ཅེས་དང་། རིགས་ལམ་སྦྱོང་བའི་སྐབས་སུ་ཁ་ནས་ལབ་ཤེས་པ་མགྱོགས་པོ་ཤེས་ཀྱང་། བསམ་བློའི་ནང་གོ་བ་ཆགས་རྒྱུ་ཧ་ཅང་ཁག་པོ་ཡོད། དེར་བརྟེན་གོ་བ་ཆགས་ཐུབ་པ་བྱེད་རྒྱུ་གལ་ཆེ། དེ་མིན་རིགས་པ་སྨྲ་བའི་ཚབ་ཏུ་རྟོག་གེ་མགོ་མཁྲེགས་ཆགས་རྒྱུའི་ཉེན་ཁ་ཡོད་ཚུལ་སོགས་རྒྱས་པར་གསུངས།

          སྐུ་མགྲོན་གཙོ་བོ་མཆོག་ནས་སློབ་གྲྭ་ཁག་གི་སྐུ་ཚབ་རྣམས་དང་། ལྟ་གྲུབ་རྒན་ལགས་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་དང་ཕྱག་རྟགས་གནང་བ་མ་ཟད། དགེ་རྒན་ཁག་ཅིག་ལ་བོད་ཁྱིམ་གྱི་གཞི་རིམ་འོག་མའི་སློབ་དགེའི་བོད་ཡིག་ཟུར་སྦྱོང་ཕྱག་འཁྱེར་དང་། ཁྱིམ་སྡེ་འདིའི་ནང་རིགས་ལམ་ཐོག་ཕྱག་རོགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྩལ།

          གོ་པཱལ་པུར་ཁྱིམ་སྡེའི་ངེས་སྟོན་པ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཞིང་། དེ་རྗེས་གོ་པཱལ་པུར་སློབ་གྲྭའི་དགེ་ལས་ཡོངས་ནས་སྐུ་མགྲོན་གཙོ་བོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་སྐུ་ཚེ་ཡུན་རིང་བརྟན་ཕྱིར་ཚེ་དཔག་མེད་ཀྱི་སྐུ་ཐང་ཞིག་སློབ་གྲྭའི་ངེས་སྟོན་པ་མཆོག་ནས་འབུལ་གནང་མཛད་པ་སོགས་ཀྱི་གནས་ཚུལ་དུ།