སློབ་དཔོན་ཟམ་གདོང་རིན་པོ་ཆེས་རྒྱ་གར་ནང་མཛད་འཕྲིན་བསྐྱངས་པ།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༦ ཕྱི་ཟླ་ ༡ ཚེས་ ༣༡ སྔ་དྲོ་བཞུགས་སྒར་དྷརྨཤཱལཱ་ནས་ཕྱོགས་ཐོན་གྱིས་ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་དིལླཱིའི་རཱཇ་གྷཱཊ་ཉེ་འགྲམ་དུ་གནས་པའི་གཱཾདྷཱི་དརྴན་གྱི་བདེན་པའི་ཨུ་ཚུགས་ཚོགས་ཁང་དུ་Gandhi Darshanརཱམ་ཀཐཱ་འདོན་མཁན་གྲགས་ཅན་མུརཱརཱི་བཱཔཱུ་མཆོག་ནས་བསྐོང་ཚོགས་གནང་བའི་འཛམ་གླིང་ཞི་བདེའི་ཚོགས་ཆེན་དུ་གསུང་བཤད་གནང་ཞིང་། སྐབས་དེར་ཆོས་བརྒྱུད་གཙོ་ཆེ་ཁག་གི་བླ་ཆེན་རྣམས་ཀྱིས་གསུང་བཤད་གནང་བ་དང་། ཟུར་ཉན་པ་མང་པོའང་ཕེབས་འདུག
ཕྱི་ཟླ་ ༢ ཚེས་ ༡ ནས་ ༣ བར་དིལླཱི་ཨ་པོ་ལོ་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་ཀྱང་གནང་།

Buddhism and Indian Cultureཚེས་ ༦ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཨི་ལཱ་ཧཱ་བཱད་ནང་གནས་པའི་བལ་རམ་མཐོ་སློབ་ཀྱི་གོ་སྒྲིག་འོག་ནང་ཆོས་དང་རྒྱ་གར་གྱི་ལེགས་བྱང་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཕེབས་ཏེ་སྐུ་མགྲོན་གཙོ་བོའི་ཚུལ་དུ་གསུང་བཤད་གནང་། སྐབས་དེར་གཙུག་ལག་སློབ་ཁང་ཁག་གི་སློབ་དཔོན་རྣམ་པ་དང་། དེ་བཞིན་དགེ་རྒན། ཉམས་ཞིབ་སློབ་གཉེར་བ་སོགས་གང་མང་འདུ་འཛོམས་འདུག

SIDH Instituteཚེས་ ༡༢ ནས་ ༡༦ བར་མ་སཱུ་རཱི་ཉེ་འགྲམ་དུ་གནས་པའི་སིདྡྷ་ཞེས་པའི་སློབ་གཉེར་བསྟི་གནས་ཁང་དུ་བསམ་ཞིབ་པ་དང་། ཤེས་ཡོན་པ། སྤྱི་ཚོགས་ཞབས་ཞུ་བ་ཁག་གཅིག་ལ་ལམ་སྟོན་གསུང་བཤད་དང་བགྲོ་གླེང་བཅས་གནང་ཞིང་། དེ་ཡང་སྔ་དྲོ་སློབ་དཔོན་ཆེན་པོ་ཨེ་ཀེ་སརཎ་མཆོག་གི་དཔེ་དེབ་འོད་སྣང་དུ་འདེམས་སྒྲུག་གིས་དྲངས་པའི་དུམ་བུ་ཁག་གི་ཐོག་བགྲོ་གླེང་དང་། ཕྱི་དྲོ་དེང་རབས་དང་སྲོལ་རྒྱུན་སོགས་ཀྱི་ཐོག་བགྲོ་གླེང་། དེ་རྗེས་བློ་སྦྱོང་ཐོག་རིན་པོ་ཆེའི་ལམ་སྟོན་བཅས་གནང་མཐར་སྒོམ་ཡུད་ཙམ་གནང་སྟེ་ཉིན་དེའི་མཛད་རིམ་གྲུབ་ཀྱི་ཡོད་འདུག

ཚེས་ ༡༧ ཉིན་སྔ་དྲོ་དེཧརཱ་དཱུན་དུ་ཕེབས་ཐོན་གྱིས་བཀྲས་རབ་གླིང་གི་དཔེ་མཛོད་ཁང་གི་རབ་གནས་དང་། ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་དིལླཱིའི་ཕྱོགས་སུ་ཐོན།

ཚེས་ ༡༨ ཉིན་མི་སྣ་མང་པོ་ཞིག་ལ་མཇལ་འཕྲད་ཀྱི་གོ་སྐབས་གནང་སྟེ་དྲི་བ་དང་ལམ་སྟོན་ཞུ་མཁན་རྣམས་ཀྱི་ཐུགས་དགོངས་རྫོགས་པར་མཛད།

India International Centreཚེས་ ༡༩ སྔ་དྲོ་མི་སྣ་མཇལ་འཕྲད་དང་། ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་དིལླཱི་གསར་པར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཀྱི་ཚོགས་ཁང་ཞིག་ཏུ་སློབ་དཔོན་ཆེན་པོ་དྷརྨ་པཱལ་གྱི་འབྲི་རྩོམ་གལ་ཆེའི་དཔེ་དེབ་ཐོག་བགྲོ་གླེང་གི་ཚོགས་གཙོ་གནང་སྟེ་གསུང་བཤད་གནང་ཞིང་། བགྲོ་གླེང་ཆ་ཤས་བཞེས་མཁན་ནང་སློབ་དཔོན་ཆེན་པོ་དང་། འབྲི་རྩོམ་པ། ཤེས་ཡོན་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་དང་། དེ་བཞིན་ཟུར་ཉན་གྲས་སུའང་མཁས་པ་མང་པོ་ཕེབས་འདུག དེ་ནི་སྐུ་གཤེགས་སློབ་དཔོན་ཆེན་པོ་དྷརྨ་པཱལ་གྱི་བུ་མོ་སློབ་དཔོན་ཆེན་མོ་གིཏཱ་དྷརྨ་པཱལ་ནས་གོ་སྒྲིག་གནང་བ་ཞིག་རེད།

India International Centre 2ཚེས་ ༢༠ སྔ་དྲོ་ཧོ་མིའོ་པེ་ཐིའི་ལུགས་ཀྱི་སྨན་པ་གྲགས་ཅན་ཀལྱན་བནརྗཱི་མཆོག་མཇལ་ཏེ་བརྟག་དཔྱད་དང་གསོལ་སྨན་བླངས་ཤིང་། ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་དིལླཱི་གསར་པར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཀྱི་ཚོགས་ཁང་ཞིག་ཏུ་རྒྱ་གར་གྱི་ཚོགས་པ་བཞིའི་གོ་སྒྲིག་འོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མི་ཚེའི་གོ་དོན་དང་མི་ཚེ་དོན་ལྡན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་རྗེས་དྲི་བར་ལན་འདེབས་ཀྱང་གནང་ཞིང་། སྐབས་དེར་མཁས་པ་མང་པོ་ཞིག་ཀྱང་འདུ་འཛོམས་བྱུང་འདུག

ཚེས་ ༢༡ ཉིན་ཆ་ཚང་ཚེའི་ཡེ་ཤེས་ཐེབས་རྩ་ཁང་གི་གོ་སྒྲིག་འོག་སྦྱོང་བདར་སྤྲོད་མཁན་རྣམས་ལ་སྦྱོང་བདར་ཞེས་པའི་ལས་གྲྭར་གསུང་བཤད་དང་། ཕྱི་དྲོ་ཚོགས་པ་དེའི་འཛིན་སྐྱོང་ལྷན་ཚོགས་སུ་མཉམ་ཞུགས་གནང་།

ཚེས་ ༢༢ ཉིན་མི་སྣ་མང་པོ་ཞིག་ལ་དུས་ཚོད་གནང་སྟེ་དྲི་བ་དང་ལམ་སྟོན་ཞུ་མཁན་རྣམས་ཀྱི་བསམ་དོན་གྲུབ་པར་མཛད།

ཚེས་ ༢༣ ཉིན་དྷ་སར་བདེ་འབྱོར་བྱུང་བ་བཅས་ཀྱི་གནས་ཚུལ་དུ།