སྲོལ་རྒྱུན་སོ་ནམ་དང་ཟས་བཅུད་སྐོར་ངོ་སྤྲོད་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

༄༅། ། དུས་ཡུན་རིང་པོའི་རྗེས་སུ་རྡ་རམ་ས་ལར་བཙན་བྱོལ་གཞུང་གི་སྲི་ཞུ་བ་རྣམས་ལ་སྲོལ་རྒྱུན་གྱི་སོ་ནམ་དང༌། སྲོལ་རྒྱུན་སོ་ནམ་གྱི་ཟས་བཅུད་སྐོར་ངོ་སྤྲོད་དང༌། དངོས་སུ་ཞལ་ལག་ཕུལ་རྒྱུའི་གོ་སྐབས་བྱུང་བར་བཀའ་ཤག་གིས་ཧ་ཅང་གནད་འགག་དང་རྩ་ཆེན་པོ་བརྩི་གི་ཡོད། དེར་བརྟེན་གོ་སྒྲིག་གནང་མཁན་ལས་ཁུངས་ཁག་དང༌། འབྲེལ་ཡོད་ལས་བྱེད་རྣམ་པ། ལྷག་པར་དུ་བིའཇ་བིདཡ་པཱིཋ་ Bija Vidyapeeth ནས་མཐུན་འགྱུར་ཆ་ཚང་གནང་སྟེ་ཌོག་ཊར་བྷཊ་དངོས་སུ་ཕེབས་པར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་སོང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གོང་དུ་གསུང་བཤད་གནང་མཁན་ཚོས་སྲོལ་རྒྱུན་སོ་ནམ་གྱི་དགོས་མཁོ་དང༌། ལྷག་པར་དུ་སྲོལ་རྒྱུན་སོ་ནམ་ལས་བྱུང་བའི་ཟས་བཅུད་ཀྱིས་མིའི་གཟུགས་གཞིའི་འཕྲོད་བསྟེན་ལ་ཕན་ཐོགས་ག་རེ་ཡོད་པ་རྒྱས་ཤིང་རྒྱས་པ་བཀའ་གནང་གྲུབ་པར་བརྟེན་ངས་བསྐྱར་ལྡབ་ཞུ་དགོས་པའི་གནས་ཚུལ་མཐོང་གི་མི་འདུག ངས་མདོར་བསྡུས་ནས་ཞུ་རྒྱུར། སྐབས་བཅུ་གཉིས་པའི་བཀའ་ཤག་གིས་སོ་ནམ་གཞིས་ཆགས་ཡོངས་སུ་རྫོགས་པའི་སོ་ནམ་ལས་གཞི་རྫས་སྦྱོར་གྱི་ལས་གཞི་མཚམས་བཅད་ནས་སྐྱེ་ལྡན་གྱི་སོ་ནམ་དང༌། རང་བཞིན་གྱི་སོ་ནམ། སྲོལ་རྒྱུན་གྱི་སོ་ནམ་ཐོག་ལ་འགྲོ་ཐུབ་པ་བཟོ་དགོས་རྒྱུ་གལ་ཆེན་པོ་རྩིས་པ་རེད། ཡིན་ཡང་དེའི་ཐོག་ལོ་དང་པོ་གཉིས་པར་ལས་ཀ་བྱེད་མཁན་ངོས་ནས་ཤུགས་ཆེན་པོ་འགོ་འཛུགས་བྱེད་མི་ཐུབ་པ་དང༌། ལྷག་པར་དུ་སོ་ནམ་པ་ཚོའི་བསམ་བློའི་འཁྱེར་ཕྱོགས་ལ་འགྱུར་བ་གཏོང་ཁག་པོའི་དབང་གིས་གྲུབ་འབྲས་ཐོན་མེད་ཀྱང༌། མུ་མཐུད་དེ་སྲིད་བྱུུས་འདི་ཧ་ཅང་གལ་གནད་ཆེན་པོ་ད་ལྟ་ཙམ་མ་ཡིན་པར་མ་འོངས་བོད་གཞིས་བྱེས་ལྷན་འཛོམས་སྐབས་སུའང་ཕན་ཐོགས་ཡོད་པའི་ལས་གཞི་ཞིག་ཡིན་པ་དང༌། བོད་མི་ཙམ་མ་ཡིན་པར་འགྲོ་བ་མི་རིགས་སྤྱི་ཡོངས་དང༌། སེམས་ཅན་སྤྱི་ཡོངས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་ཡིན།

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་གདམས་ངག་འགྲོ་བ་སྤྱི་ལ་འཁྲི་བའི་ལས་འགན་སྒྲུབ་ཕྱོགས་ཐོག་མེད་དུ་མི་རུང་བ་ཞིག་ཡིན་པས་ང་ཚོས་མུ་མཐུད་དེ་ཨུ་ཚུགས་བརྒྱབས་ཏེ་བསྡད་པ་རེད། ད་ལྟ་གང་ལ་གང་འཚམས་ཀྱིས་ལག་ལེན་འཁེལ་བ་ཡོང་རྒྱུ་འགོ་ཚུགས་ཀྱི་ཡོད། དེར་བརྟེན་མ་འོངས་པར་ངེས་པར་དུ་ལག་ལེན་དུ་འཁེལ་བ་ཡོང་མདོག་ཁ་པོ་རེད་བསམ་གྱི་འདུག ང་ཚོ་བོད་རིགས་དེ་དག་རང་གི་འཚོ་གོས་ཙམ་དང༌། སོ་སོའི་མི་ཚེ་བསྐྱལ་རྒྱུ་ཙམ་བསམ་བློ་བཏང་བས་འགྲིགས་ཀྱི་མེད། རྒྱལ་ཁབ་གཅིག་དང༌། མི་རིགས་གཅིག་གི་བདེན་དོན་གྱི་སྒྲུབ་པ་ཉམས་ལེན་མུ་མཐུད་དེ་མི་རབས་ནས་མི་རབས་བརྒྱུད་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། བོད་པ་མི་ཧ་ཅང་ཉུང་ཉུང་ཡིན། ད་ལྟ་ང་ཚོ་སོ་སོའི་ལུང་པའི་ནང་ཆེས་གྲངས་ཉུང་མི་རིགས་ཀྱི་ངོ་བོར་གནས་ཡོད། དེར་བརྟེན་ང་ཚོ་གྲངས་འབོར་གྱི་ཐོག་ནས་སོ་སོའི་ངོ་བོ་འཛིན་ཐུབ་རྒྱུ་མེད། གྲངས་འབོར་གྱི་ཐོག་ནས་ངོ་བོ་འཛིན་མ་ཐུབ་པ་ཡིན་ན། སྤུས་ཚད་ཐོག་ནས་འཛིན་ཐུབ་པ་ཞིག་ཆགས་དགོས་ཀྱི་རེད། འདས་པའི་མི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས་ལ་ཕྱི་བལྟས་སློག་ན། བོད་མི་རིགས་ཀྱིས་འཛམ་གླིང་ཁྱོན་ཡོངས་ལ་སོ་སོའི་ངོས་འཛིན་འབུར་དུ་ཐོན་ཐུབ་པ་སྤུས་ཚད་ཀྱི་ཐོག་ནས་བྱས་པ་ལས་གྲངས་འབོར་གྱི་ཐོག་ནས་བྱས་མེད། མ་འོངས་པར་ང་ཚོའི་མི་རིགས་ཀྱི་ངོས་འཛིན་སྤུས་ཚད་ཐོག་ནས་བྱེད་རྒྱུ་ལས་གྲངས་འབོར་གྱི་ཐོག་ནས་བྱེད་ཐུབ་ཐབས་མེད། དེར་བརྟེན་སྤུས་ཚད་ལྡན་པའི་མི་རིགས་ཡག་པོ་ཞིག་མུ་མཐུད་དེ་བསྐྲུན་རྒྱུར་གཟུགས་པོའི་འཕྲོད་བསྟེན་དང༌། རྣམ་འབྱེད་ཀྱི་ཤེས་རབ་གཉིས་ཡག་པོ་དགོས་ཀྱི་ཡོད། དེང་སྐབས་བཤད་སྟངས་བྱས་ན། གཟུགས་པོ་ཐང་པོ་དང༌། ཀླད་པ་ཡག་པོ་དགོས་ཀྱི་ཡོད། མི་ལྐུགས་པ་རྐྱང་རྐྱང་བསྐྲུན་པས་ཕན་ཐོགས་མེད། ང་ཚོར་སོ་སོའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ལ་མཁས་པ་དགོས་པ་ཙམ་མ་ཟད། དེང་རབས་ཀྱི་རིག་གཞུང་ནང་ལའང་ཕུལ་དུ་བྱུང་བའི་མཁས་པ་ཚན་རིག་པ་དང༌། འཕྲུལ་ལས་པ། རྩིས་པ། ཁྲིམས་རྩོད་པ་སོགས་མང་པོ་དགོས་ཀྱི་ཡོད།

འདས་པའི་ལོ་ ༤༦ གི་ཉམས་མྱོང་ལ་བལྟས་ན་ད་ལྟའི་བོད་མི་རིགས་ཀྱི་རྣམ་འབྱེད་ཀྱི་ཤེས་རབ་སྔོན་མ་ང་ཚོ་བོད་ལ་ཡོད་པ་ནང་བཞིན་ད་ལྟ་རྒྱུན་འཁྱོངས་བྱེད་མི་ཐུབ་པ་མཐོང་གི་ཡོད། དེ་ལ་རྒྱུ་རྐྱེན་མང་པོ་ཡོད་པ་ལས་གལ་ཆེ་བ་གཅིག་ང་ཚོའི་གཟུགས་པོའི་འཕྲོད་བསྟེན་དབང་གིས་བྱུང་བ་རེད་བསམ་གྱི་ཡོད། ད་ལྟའི་གནས་སྐབས་སུ་ང་ཚོའི་ཟས་ཀྱི་བརྒྱ་ཆ་ ༩༩ རྫས་སྦྱོར་དང་དུག་དང་འདྲེས་པ་ཤ་སྟག་རེད། ད་དུང་ང་ཚོ་ན་ཚ་མེད་པར་ལས་ཀ་བྱེད་ཐུབ་པ་ཙམ་ཡང་ཡ་མཚན་དངོས་བྱུང་གི་ལྟ་བུ་རེད། ང་ཚོའི་རྒྱུན་ལྡན་གྱི་ཟས་བཅུད་ལ་བལྟས་པ་ཡིན་ན། ཧ་ལམ་གོམ་པ་བརྒྱབས་ཏེ་འགྲོ་མི་ཐུབ་པའི་གནས་སྟངས་ཡོད་ཀྱང་ང་ཚོ་འགྲོ་བསྡད་ཀྱི་ཡོད། འོན་ཀྱང་མ་འོངས་པར་འབྱུང་འགྱུར་གྱི་མི་རབས་དེ་དག་ད་ལྟའི་འཕྲོད་བསྟེན་འདི་འདྲ་ཞིག་དང༌། གཟུགས་གཞིའི་འཕྲོད་བསྟེན་འདི་འདྲ་ཞིག་གི་ཐོག་ཕྱིན་ན་རྩ་བ་ནས་འགྲིགས་ཀྱི་མེད་པར་བརྟེན། དེ་ཧ་ཅང་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་པ་ཚང་མས་མཁྱེན་དགོས། གཟུགས་པོ་ཐང་པོ་མེད་ན། ཀླད་པ་ཡག་པོ་ཡོང་རྒྱུ་མེད། ཀླད་པ་ཡག་པོ་མེད་ན་གང་ཡང་འབྱོན་ཐབས་མེད། ད་ལྟ་ནང་བཞིན་བར་མ་དོ་ཤ་སྟག་ཅིག་དབྱིན་ཇིའི་སྐད་ལ་ Mediocre ཆགས་རྒྱུའི་ཉེན་ཁ་ཡོད། ང་ཚོ་ལ་ Excellence ཤ་སྟག་དགོས་ཀྱི་ཡོད། Mediocre དགོས་ཀྱི་མེད། མི་ཉུང་ཉུང་ཡིན་ཙང་གཅིག་ཡིན་ནའང་ Excellence དང༌། གཉིས་ཡིན་ནའང་ Par Excellence དགོས་ཀྱི་ཡོད། དེ་ཡོང་བར་ང་ཚོའི་གཟུགས་གཞིའི་འཕྲོད་བསྟེན་དང༌། ཀླད་པ་ཡག་པོ་བཟོ་རྒྱུ།

དེའི་ཆེད་དུ་ཐབས་ཤེས་ག་རེ་ཡིན་ཡང་བསྐྲུན་དགོས་པ་ཞིག་ཡིན། ངའི་གྲོགས་པོ་ཁ་ཤས་ཀྱིས་བཀའ་བློན་ཁྲི་པ་ཆབ་སྲིད་ཀྱི་ལས་དོན་བྱེད་དགོས་པ་ལས། ལུད་བཟོ་དགོས་མ་རེད་ཅེས་ལབ་མཁན་བྱུང༌། ངའི་ངོས་ནས་བལྟས་པ་ཡིན་ན་ཆབ་སྲིད་ཀྱི་ལས་དོན་བྱེད་རྒྱུ་གལ་ཆེན་པོ་རེད་ལ། དེ་ལས་གལ་ཆུང་བ་གཅིག་ལུད་བཟོ་རྒྱུ་ཡིན་པར་ངོས་འཛིན་རྩ་བ་ནས་བྱེད་ཀྱི་མེད། སྦྱར་ལུད་བཟོ་རྒྱུ་དང༌། སྐྱེ་ལྡན་སོ་ནམ་གྱི་ལས་དོན་ཐོག་འགྲོ་རྒྱུ་བཀའ་ཤག་གིས་རྒྱ་མི་དང་མཉམ་དུ་སྐད་ཆ་ཤོད་རྒྱུའི་ལས་དོན་དང་མཚུངས་པར་གལ་ཆེན་པོར་བརྩི་གི་ཡོད། གང་ལགས་ཤེ་ན། བཙན་བྱོལ་ནང་ཡོད་པའི་བོད་པའི་སྤྱི་ཚོགས་སྤྱི་དང༌། ལྷག་པར་དུ་འབྱུང་འགྱུར་གྱི་མི་རབས་གསར་པ་རྣམས་ཚད་ལྡན་བཟོ་རྒྱུ་གཅིག་གྱུར་གྱིས་གལ་ཆེ་བ་ལོས་ཡིན། དེའི་ཆེད་དུ་ད་ལྟ་ནང་སྲིད་སོ་ནམ་སྡེ་ཚན་གྱིས་ངོ་སྤྲོད་གནང་བ་བཞིན་མ་འོངས་པར་སོ་ནམ་གྱི་གཞིས་ཆགས་ཡོངས་རྫོགས་སྐྱེ་ལྡན་དང༌། རང་བཞིན་སོ་ནམ་ཐོག་འགྲོ་རྒྱུའི་འབད་བརྩོན་མུ་མཐུད་དེ་ང་ཚོས་བྱེད་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱུན་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་གནང་བ་དང༌། ང་ཚོས་བཤད་བསྡད་རྒྱུའི་འཐབ་རྩོད་དེ་ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་དང༌། མི་རིགས་ཀྱི་འཐབ་རྩོད། ཆབ་སྲིད་ཀྱི་དབང་ཆའི་འཐབ་རྩོད་གང་ཡང་མིན་པར། བདེན་པ་དང་རྫུན་པའི་འཐབ་རྩོད་དང༌། དྲང་བདེན་དང་དྲང་བདེན་མ་ཡིན་པའི་དབར་གྱི་འཐབ་རྩོད་ཅིག་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོའི་འཐབ་རྩོད་འདི་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཆེད་དུ་བྱེད་དགོས་པའི་འཐབ་རྩོད་ཅིག་རེད། དེ་ལས་གསལ་ཙམ་བཤད་ན། དེང་རབས་དང་མཐའ་གསལ་བྱེད་ཐུབ་པའི་འཐབ་རྩོད་དང༌། མ་རྩའི་རིང་ལུགས་དང་གུང་བྲན་རིང་ལུགས་གཉིས་ཀར་ཁ་གཏད་གཅོག་མཁན་གྱི་འཐབ་རྩོད་ཅིག་རེད། མདོར་བསྡུས་ན། ང་ཚོས་སའི་གོ་ལ་ཆུང་ངུ་འདི་དུས་མ་ཡིན་པར་འཕྲོ་བརླག་མ་ཕྱིན་པར་ད་དུང་ཡང་ལོ་འབུམ་ཕྲག་ཁ་ཤས་ཤིག་སྲོག་ཆགས་འཚོ་བའི་རྟེན་དུ་ཉར་རྒྱུའི་ཆེད་དུ་འབད་རྩོལ་བྱེད་རྒྱུའི་གནས་སྟངས་ཤིག་རེད། བོད་ལྗོངས་ཡོངས་རྫོགས་འཚེ་མེད་ཞི་བའི་བསྟི་གནས་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བར་བསྒྱུར་དགོས་པ་དེ་ང་ཚོའི་དམིགས་བསལ་གྱི་ཕུགས་དམིགས་བྱེ་བྲག་པ་ཞིག་རེད།

ཕུགས་དམིགས་བྱེ་བྲག་པ་དེའང་བོད་མི་རིགས་རྐྱང་པ་དང༌། བོད་ཀྱི་ས་ཐོག་ཏུ་ཡོད་པའི་སྲོག་ཆགས་རྐྱང་པའི་ཆེད་དུ་མིན། འཛམ་གླིང་ཡོངས་རྫོགས་དང་སའི་གོ་ལ་ཧྲིལ་པོའི་ཆེད་དུ་ཡིན། དེའི་ཆེད་དུ་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་བསྐྲུན་གྱི་ཡིན་ཟེར་གྱི་ཡོད་པ་ལས། འཛམ་གླིང་ཚང་མ་རྩ་མེད་ཕྱིན་ཚར་ནས་བོད་རྐྱང་པ་ལུང་པ་ཆུས་ཁེངས་ན་རྡོ་ལེབ་སྐམ་པོ་མ་ལྷག་ཟེར་བ་ལྟར་ལྷག་རྒྱུ་གང་ཡང་མེད། དེར་བརྟེན་བོད་འདི་འཚོ་དགོས་ན་སའི་གོ་ལ་ཧྲིལ་པོ་ཆ་ཚང་འཚོ་དགོས་ཀྱི་ཡོད། དེའི་ཆེད་དུ་ང་ཚོར་འགན་ཡོད། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་དེ་བོད་པའི་མི་རིགས་ཀྱི་ཐོག་དམིགས་ཀྱིས་བཀར་ནས་ཡོད་པའི་ལས་འགན་ཞིག་རེད། དེར་བརྟེན་བདག་ཉིད་ཆེན་པོ་གཱན་དྷིས་ཧིནྡ་སྭརཱཇ་ནང་གསུངས་པ་བཞིན་ང་ཚོའི་འབད་བརྩོན་དང༌། སྒྲུབ་པ་ཉམས་ལེན། འཐབ་རྩོད་འདི་གཞི་རྒྱ་ཆེ་བ་དང༌། འཚེ་བ་མེད་པ། ཀུན་ལ་སྨན་པ་དེ་འདྲ་ཞིག་གི་ཐོག་ནས་འགྲོ་དགོས་ཀྱི་ཡོད།

དེ་འགྲོ་བར་ཐོག་མར་གོང་དུ་གསུང་བཤད་གནང་མཁན་གྱིས་གསུངས་པ་བཞིན་ཁྱེད་རང་གང་ཡིན་མིན་འདི་ཁྱེད་རང་གང་ཟ་གི་ཡོད་མེད་དེས་ཐག་གཅོད་བྱེད་འགྲོ་རྒྱུ་ཞིག་ཡིན་པར་བརྟེན། ང་ཚོས་ཁ་ལག་ཡག་པོ་དང་རྒྱས་པོ་ཡོད་མེད་ཀྱི་ཁྱད་པར་མེད་ཀྱང༌། ཁ་ལག་གཙང་མ་དང་གཟུགས་པོར་མི་གནོད་པ་ཡོད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་གར་རང་དབང་སྲུང་སྐྱོབ་བྱེད་མཁན་གྱི་སྡེ་ཚན་ཞིག་ཡོད། ཕྱི་ལོ་ ༡༩༨༧ ལོར་ཁོང་ཚོས་ཉིན་བདུན་གྱི་རིང་རྡོ་རྗེ་གདན་དུ་ཟབ་སྦྱོང་ཞིག་བྱས་པ་དེའི་རིང་ཚང་མར་ཟབ་སྦྱོང་བྱེད་སའི་ས་ཆ་རང་ནས་སྐྱེས་པའི་ཁ་ལག་བཏང་ཡོད། ཉིན་བདུན་གྱི་ནང་གཟུགས་པོའི་འཕྲོད་བསྟེན་གྱི་གནས་བབ་ལ་ཁྱད་པར་ཧ་ཅང་ཕྱིན་འདུག་ཅེས་སྨན་པས་ཐོག་མར་བརྟག་དཔྱད་དང༌། ཉིན་བདུན་ཕྱིན་པའི་རྗེས་བརྟག་དཔྱད་བྱས་པའི་ཉམས་ཞིབ་ཀྱི་ཡིག་ཆ་དེ་ཚོའི་ནང་གསལ་པོ་མཐོང་རྒྱུ་ཡོད། ང་དེར་ཉིན་གསུམ་མ་གཏོགས་བསྡད་རྒྱུ་བྱུང་མེད། ཉིན་གསུམ་ནང་ཁྱད་པར་ཆེན་པོ་ཕྱིན་སོང་བསམ་པའི་ཚོར་སྣང་མ་བྱུང༌། འོན་ཀྱང་ཁོང་ཚོ་ཉིན་བདུན་སྡོད་མཁན་དེ་དག་ལ་ཁྱད་པར་ཆེན་པོ་ཕྱིན་སོང་ཞེས་ཉམས་མྱོང་ཐོག་ནས་བཤད་ཀྱི་འདུག ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་པའི་གནས་སྟངས་ད་ལྟ་གོང་དུ་གསུང་བཤད་གནང་མཁན་གྱིས་གསུངས་པ་དེ་དག་རེད། དེ་ཚན་རིག་གི་སྐད་ཆ་ཡིན་པ་ལས་ང་ཚོ་སྲོལ་རྒྱུན་པའི་སྐད་ཆ་མ་རེད་ལ། གྲུབ་མཐའ་སྨྲ་བའི་སྐད་ཆ་ཡང་མ་རེད། ཚན་རིག་པས་བརྟག་དཔྱད་ཁང་ནས་བརྟག་དཔྱད་བྱས་པ་ལས་ཐོན་པ་ད་ལྟ་ཁྱེད་ཚོར་བསྟན་པ་དེ་རེད། ང་ཚོས་སངས་རྒྱས་ཀྱིས་གསུངས་པ་རེད་ཅེས་ལབ་པ་ཡིན་ན། གཅིག་བྱས་ན་ཁྱེད་རང་ཚོས་ཡིད་ཆེས་བྱེད་དཀའ། འོན་ཀྱང་དཔལ་ལྡན་ཚན་རིག་པས་གསུངས་པ་རེད་ཅེས་ལབ་པ་ཡིན་ན། ཕལ་ཆེར་ཡིད་ཆེས་མི་བྱེད་མཁན་ཡོད་ཀྱི་མ་རེད། ད་ལྟ་འདིར་བཤད་པ་ཚང་མ་ཚན་རིག་པའི་སྐད་ཆ་རེད་མ་གཏོགས། ཆོས་དང་ལྟ་གྲུབ་ཀྱི་སྐད་ཆ་གང་ཡང་ཆགས་ཀྱི་མེད།

དེར་བརྟེན་དེའི་ཐོག་དགོངས་པ་བཞེས་ནས་དེ་རིང་སྔ་དྲོ་ནང་སྲིད་སོ་ནམ་སྡེ་ཚན་ནས་ཞུས་པ་བཞིན་གཞུང་གི་སྲི་ཞུ་བ་ཡོངས་རྫོགས་ཀྱིས་བཙན་བྱོལ་གཞུང་གི་སྲིད་བྱུས་ག་འདྲ་ཞིག་ཡིན་ཡང་དེའི་གནས་ཚུལ་ཆ་ཚང་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། སྲིད་བྱུས་འདི་འདྲ་ཞིག་རེད་ཅེས་ཐག་ཆོད་པ་ཙམ་གྱིས་འགྲིགས་ཀྱི་མེད། དེའི་རྒྱབ་ལྗོངས་ཀྱི་གནས་སྟངས་དང༌། དགོས་པ་རྒྱུ་མཚན། རིགས་པའི་སྒྲུབ་བྱེད། རིག་པའི་གཞུང་ལུགས་དེ་དག་ཆ་ཚང་ཤེས་རྒྱུ་གལ་ཆེན་པོ་ཡིན། དེར་བརྟེན་ཁ་སྔོན་ང་ཚོས་བསྐྱར་དུ་དབུ་མའི་ལམ་གྱི་སྐོར་ལ་ཟབ་སྦྱོང་སྤྲད་པ་རེད། དེ་བཞིན་དུ་སྐྱེ་ལྡན་དང་རང་བཞིན་སོ་ནམ་དུ་བསྒྱུར་རྒྱུའི་སྲིད་བྱུས་འདི་ཡང་གཞུང་ཞབས་ཡོངས་སུ་རྫོགས་པས་ཆ་ཚང་གསུང་རྒྱུ་མེད་ན་འགྲིགས་ཀྱི་མེད་པར་བརྟེན། ཐུགས་ལ་འཇགས་རྒྱུའི་ཆེད་དེ་རིང་འདི་གོ་སྒྲིག་ཞུས་པ་རེད། ད་དུང་མུ་མཐུད་མཚམས་རེ་ང་ཚོས་འདི་འདྲའི་ལས་འགུལ་སྤེལ་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག