སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་གིས་དྲི་བ་ཞུས་པར་ལན་འདེབས་གནང་བ་ཁག

དྲི་བ། ༡     བོད་ཀྱི་ལོ་རྒྱུས་ཀྱི་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མི་སྣ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་སམ།

ལན།         བོད་ཀྱི་གཉན་འཕྲང་ཅན་གྱི་དུས་རབས་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་ཆོས་སྲིད་གཉིས་ཐད་ནས་རླབས་ཆེན་མཛད་རྗེས་ཅན་གྱི་སེམས་དཔའ་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་དགོས།  ལྷག་པར་གཞིས་བཞུགས་བོད་མི་རྣམས་ཀྱི་འདྲེན་མཆོག་དམ་པར་བོད་ས་རང་དུ་གཏན་བཞུགས་ཀྱིས་སྐུ་ངལ་དང་ཉེན་ཁ་དངོས་ཡོད་ཁག་ལ་འཛེམས་ཟོན་དང་ཞུམ་པ་མེད་པར་བོད་མི་རིགས་ཀྱི་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་སྒྲུབ་པ་ལ་ལུས་སྲོག་ལོངས་སྤྱོད་གང་ལའང་ཇི་མི་སྙམ་པར་བློས་གཏོང་ཐུབ་པའི་དཔའ་བོ་བོད་ཀྱི་བྱུང་རབས་ནང་འབུར་དུ་དོད་པའི་སྐྱེས་བུ་དམ་པ་ཁོང་གི་སྙིང་སྟོབས་ནི་འབྱུང་འགྱུར་མི་རབས་ཡོངས་ལ་སྐུལ་འདེགས་ཀྱི་ཆ་རྐྱེན་ཞིག་ཏུ་འགྱུར་བ་གདོན་མི་ཟ་ཞིང་།  འཇིག་རྟེན་སྐྱེ་བོ་ཡོངས་ཀྱིས་ཡི་རངས་བསྔགས་བརྗོད་ཞུ་ཡུལ་དང་།  མིག་དཔེ་བལྟ་ས་ཞིག་ཏུ་གྱུར་ཡོད།

དྲི་བ། ༢     ད་ལྟ་རིན་པོ་ཆེའི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པས་གཞུང་དང་གཞུང་འབྲེལ་མ་ཡིན་པ།  བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་རིན་པོ་ཆེ་མཆོག་སྨན་བཅོས་ཀྱི་ཆེད་གློད་གྲོལ་ཡོང་བར་རེ་སྐུལ་ཞུ་བཞིན་ཡོད་པས་འདི་ཡོང་སྲིད་པ་ཞིག་རེད་དམ།  དེ་ལྟར་ཡོང་བའི་ཐབས་ལམ་ཆེས་བཟང་ཤོས་དེ་གང་ཡིན་ནམ།

ལན།         ད་ལྟ་རིན་པོ་ཆེའི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་པས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་།  བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རིན་པོ་ཆེ་མཆོག་སྨན་བཅོས་ཆེད་གློད་བཀྲོལ་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་པ་དེ་སྤྱིར་མིའི་བཟང་སྤྱོད་དང་།  རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ཞིག་ཡིན་པས།  ལྟ་གྲུབ་ཀྱི་ཆ་ནས་བལྟས་ན་རེ་འདུན་འགྲུབ་དགོས་པ་དང་འགྲུབ་ཐུབ་པ་ཞིག་ཡིན་པ་མ་ཟད།  འདས་པའི་བྱུང་རབས་ལ་བལྟས་ནའང་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་མི་ཉུང་བ་ཞིག་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབད་རྩོལ་ལ་བརྟེན་ནས་བཙོན་གྲོལ་ཐོབ་པ་དང་།  རང་དབང་ཅན་གྱི་ཡུལ་ལུང་དུ་བདེ་འབྱོར་ཐུབ་པ་བྱུང་ཡོད།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཀྱང་དེ་ལྟར་ཡོང་བའི་ཐབས་ལམ་བཟང་ཤོས་ནི་འབད་བརྩོན་མུ་མཐུད་བྱ་རྒྱུ་དང་།  དེ་ཡང་གསར་འགྱུར་བརྒྱུད་ལམ་སོགས་སུ་སྦིར་གྲགས་མེད་པར་མངོན་ཚན་ཆུང་བའི་ཐབས་ལམ་ལ་བརྟེན་དགོས་ཤིང་།  ལྷག་པར་ཐབས་ཤེས་བྱེད་མཁན་གྱི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་འདེམས་སྒྲུག་བྱེད་ཕྱོགས་མ་ནོར་བ་དང་།  ཐབས་ཤེས་དང་འབྲེལ་ལམ་བྱ་ཡུལ་རྒྱ་གཞུང་གི་དབང་འཛིན་པ་འདེམས་སྒྲུག་བྱེད་ཕྱོགས་མ་ནོར་བ།  དེ་བཞིན་རྒྱལ་སྤྱི་དང་རྒྱ་ནག་ནང་ཁུལ་གཉིས་ཀར་དམིགས་བསལ་དུས་ཚོད་ཀྱི་གོ་སྐབས་བཙལ་ཕྱོགས་མ་ནོར་བའི་འཆར་གཞི་ལྡན་པའི་ཐབས་བྱུས་ལ་བརྟེན་ནས་རྒྱུན་སྲིང་འབད་བརྩོན་གནང་གལ་ཆེ་སྙམ།

དྲི་བ། ༣     རིན་པོ་ཆེ་མཆོག་གི་གནས་སྟངས་འདི་འདྲ་ཞིག་ཆགས་པའི་སྐབས་བོད་ཕྱི་ནང་གང་སར་གནས་པའི་རིན་པོ་ཆེའི་སློབ་མ་དང་།  ཁོང་གི་གདུལ་བྱ་རྣམས་སེམས་ཁམས་མ་བདེ་བ་དང་བྱེད་ཐབས་བྲལ་བའི་གནས་སུ་ལྷུང་ཡོད་པ་རྣམས་ཀྱིས་དཀའ་ངལ་འདི་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་དང་།  མ་འོངས་པའི་བསམ་བློ་གཏོང་ཕྱོགས་ཐད་བཀའ་སློབ་ལམ་སྟོན་ཞིག་གནང་རོགས་ཞུ་ཞུ་ཞུ།

ལན།         རིན་པོ་ཆེ་མཆོག་གི་གནས་སྟངས་འདི་འདྲ་ཞིག་ཆགས་པའི་སྐབས་བོད་ཕྱི་ནང་དུ་གནས་པའི་རིན་པོ་ཆེའི་སློབ་མ་དང་གདུལ་བྱ་རྣམས་སེམས་ཁམས་མ་བདེ་བ་དང་།  བྱེད་ཐབས་བྲལ་བའི་གནས་སུ་ལྷུང་ཡོད་པ་རྣམས་ཀྱིས་དཀའ་ངལ་འདི་ལ་གདོང་ལེན་བྱེད་ཕྱོགས་དང་།  འབྱུང་འགྱུར་ཐུགས་བསམ་བཞེས་ཕྱོགས་ཐད་ལམ་སྟོན་དགོས་ཚུལ་གསལ་བར།  འཕྲལ་འཕྲལ་ལག་ལེན་འཁེལ་ངེས་དང་།  གྲུབ་འབྲས་འཐོན་ངེས་ཀྱི་ཐབས་ལམ་དམིགས་བཀར་ཞུ་ཐབས་དཀའ་ཡང་།  སྤྱིར་བཏང་ནས་ཞུ་ན་བླང་དོར་གྱི་གནས་ཇི་འདྲ་ཞིག་ཡིན་རུང་།  ཕྱོགས་རེ་བ་དང་རགས་པ་རེ་ཙམ་མ་ཡིན་པར།  ཡུལ་དུས་གནས་སྟངས་ཕྱོགས་ཡོངས་ནས་དཔྱད་ཞིབ་ཀྱིས་ཡོངས་ཁྱབ་ཀྱི་འཆར་སྣང་ཞིག་སྐྲུན་ཐབས་བྱ་གལ་ཆེ།  རང་ཅག་སངས་རྒྱས་པ་རྣམས་ཀྱིས་བདེན་བཞིའི་འཇུག་ལྡོག་གི་རིམ་པ་ནི་འཁོར་འདས་གཉིས་ཀའམ་ཆོས་སྲིད་གཉིས་ཀར་ཁྱབ་པའི་གདམས་ངག་ཅིག་ཡིན་པར་བརྟེན།  དེའི་འགྲོ་སྟངས་ཀྱི་ཐོག་ནས་གཟིགས་ན་བོད་མི་རིགས་ཀྱིས་ད་ལྟ་མྱོང་བཞིན་པའི་དཀའ་རྙོག་འདི་དག་ཀྱང་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར།  མཐུན་པའི་རྒྱུ་ལས་བྱུང་བ་ཡིན་པ་དང་།  དེ་ཡང་བོད་མི་སྒེར་གྱི་ཟུར་བཅད་དཀའ་རྙོག་ཅིག་མ་ཡིན་པར།  འཇིག་རྟེན་ཡོངས་ཀྱི་གཞི་རྒྱ་ཆེ་བའི་དཀའ་རྙོག་ཅིག་གི་ཆ་ཤས་སམ་ཤན་ཤུགས་ཀྱིས་ད་ལྟའི་ང་ཚོའི་གནས་བབ་འདི་བྱུང་བ་མཁྱེན་དགོས་ཤིང་།  དེ་ལས་གྲོལ་བའི་ཐབས་ཤེས་ཀྱང་ཡོངས་ཁྱབ་ཏུ་བཙལ་དགོས་པ་ལས།  ཟུར་འཚོལ་བྱེད་ཐབས་མེད།  བདག་ཉིད་ཆེན་པོ་གཱཾནྡྷཱིས་ད་ལྟའི་འཇིག་རྟེན་གྱི་རྒུད་ཚོགས་མཐའ་དག་དེང་རབས་ཀྱི་བསམ་སྤྱོད་ལས་བྱུང་བར་གསུངས་པ་བདེན་དོན་ཚད་མ་ཡིན།  དེར་བརྟེན་ད་ལྟ་བོད་མིའི་སྤྱི་སྒེར་ཡོངས་ཀྱི་གནས་བབ་གང་ལ་གཞིགས་ཀྱང་ཡིད་རྨོངས་ཤིང་།  རེ་བ་ཆད་པའི་གནས་ཚུལ་ཞིག་ཏུ་མངོན་མོད།  དངོས་དོན་དུ་དཀའ་ངལ་དེ་དག་འབྱུང་བའི་རྒྱུ་ལ་གནོད་བྱེད་ཀྱི་གཉེན་པོ་མེད་པ་མིན་པ་དང་།  གཉེན་པོ་སྒྲུབ་ཐབས་མེད་པའང་མིན་པ།  སྤྱིར་འདུ་བྱེད་སོ་ན་མི་གནས་པའི་ངང་ཚུལ་བཅས་ལ་ཞིབ་ཏུ་དཔྱད་ན་བོད་དོན་བདེན་མཐའ་གསལ་བའི་རེ་བ་འདོར་མི་དགོས་པ་མཐོང་ཐུབ།  འོན་ཀྱང་བཅོམ་ལྡན་འདས་ཀྱིས།  བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ནི་སུ་ཞིག་མགོན་དུ་འགྱུར།།  ཞེས་གསུངས་པ་ལྟར་གཞན་གྱིས་བསགས་པ་གཞན་གྱིས་མི་ཟ་བའི་རྒྱུ་འབྲས་རྟེན་འབྱུང་སླུ་བ་མེད་པའི་ངང་ཚུལ་ལ་ངེས་པ་དྲངས་ཏེ་གཞན་བརྟེན་གྱི་བསམ་པ་དོར་ནས་རང་གི་སྡུག་བསྔལ་གྱི་རྒྱུའི་གཉེན་པོ་རང་ཉིད་ཀྱིས་བསྒྲུབ་དགོས་པའི་ཚུལ་ལུགས་ལ་བོད་མི་ཡོངས་ཀྱིས་ངེས་པ་རྙེད་ཐབས་བྱ་གལ་དུ་མཐོང་།  ཡིག་ཚོགས་ཀྱིས་འཇིགས་པས་རྒྱས་སྤྲོས་མ་ཐུབ་ཀྱང་།  རྣམ་དཔྱོད་ཅན་ལ་ཕྱོགས་ཙམ་བསྟན་པས་ཆོག།  ཅེས་པ་ལྟར་འདིར་ས་བོན་ལྟ་བུར་མགོ་སྨོས་པ་ཙམ་ཞུས་པ་ལགས་ཤིང་།  མདོ་དོན་བོད་མི་རིགས་ཀྱི་ད་ལྟའི་དཀའ་རྙོག་གི་ངོ་བོ་ངོ་ཤེས་པ་དང་།  དེའི་རྒྱུ་སྤོང་བའི་ཐབས་ལ་འབད་དེ།  དེ་ལས་གྲོལ་བའི་ཐར་པ་སྒྲུབ་ཐབས་བཅས་ཚང་ལ་མ་ནོར་བའི་བྱེད་ཕྱོགས་ཤིག་མ་བྱུང་ན་གནོད་ལན་གནོད་པས་འཇལ་བ་ཙམ་གྱིས་རང་གཞན་སུའི་ཡང་ཕན་བདེ་སྒྲུབ་མི་ནུས་པ་དངོས་གསལ་རེད།