སྔོན་གླེང༌། བོད་གཞུང་ཕྱི་དྲིལ་ལྷན་ཁང་གི་གསར་ཤོག་ཁག་གི་ལམ་སྟོན་པར་འགྲེམས་སྐབས་གནང་བའི་སྔོན་གླེང་

༄༅།། བདག་ཉིད་ཆེན་པོ་གཾའདྷཱིས་གསར་ཤོག་གི་དམིགས་ཡུལ་གཙོ་བོ་མང་ཚོགས་ཀྱི་བསམ་ཚུལ་དང༌། ཚོར་སྣང་གོ་རྟོགས་ཀྱི་སྒོ་ནས་དེ་དག་མངོན་པར་གསལ་བར་བྱེད་རྒྱུ་དང༌། འོས་འཚམས་ཀྱི་གནས་ཚུལ་འགྲེམས་སྤེལ་གྱིས་མང་ཚོགས་ནང་གོ་རྟོགས་དང་ཚོར་སྣང་གསར་པ་བསྐྲུན་རྒྱུ། དེ་བཞིན་མང་ཚོགས་ཀྱི་སྐྱོན་དང་ནོར་འཁྲུལ་རྣམས་འཇིགས་ཞུམ་མེད་པར་མཛུབ་སྟོན་བྱེད་རྒྱུ་དེ་གསུམ་ཡིན་པར་གསུངས་ཡོད། གཞུང་འབྲེལ་མིན་པའི་རང་དབང་ཅན་གྱི་གསར་ཤོག་ཁག་གིས་བསྒྲུབ་བྱ་དེ་གསུམ་ག་བསྒྲུབ་དགོས་ཀྱང༌། གཞུང་གིས་སྤེལ་བའི་གསར་ཤོག་ཁག་གོང་སྨོས་དང་ཅུང་ཟད་མི་འདྲ་བར་གཞུང་གི་སྲིད་བྱུས་དང་ལངས་ཕྱོགས། དེ་དག་གི་རྒྱབ་ལྗོངས་དང་རྒྱུ་མཚན་ཁག་མང་ཚོགས་སུ་མངོན་པར་གསལ་བར་བྱ་རྒྱུ་དང༌། མང་ཚོགས་ནང་གཞུང་གི་སྲིད་བྱུས་དང་ལངས་ཕྱོགས། ལས་དོན་རྣམས་ཀྱི་སྐོར་མ་རྟོགས་པ་དང་ལོག་པར་རྟོག་པ་བསལ་ནས་དངོས་དོན་གྱི་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན།

དེའང་དེང་རབས་ཀྱི་སྲིད་དོན་པས་བཟུང་བའི་གཞུང་ཁག་གིས་སྤེལ་བའི་བསྒྲགས་གཏམ་(Propaganda) ལྟ་བུ་རབ་བཏགས་ཀྱིས་མ་བསླད་པར་བདེན་པ་ཉིད་གཞིར་བཟུང་གིས་སྐྱོན་ཡོན་ཡོངས་རྫོགས་ཇི་ལྟ་བ་བཞིན་གསལ་བཤད་ཐུབ་པ་དང༌། གཞུང་གིས་ལས་དོན་ཇི་བྱས་མང་ཚོགས་ལ་འགན་ཁུར་ཡོད་པ་དང༌། ཕྱི་གསལ་ནང་གསལ་ཡོང་ཐབས་ལ་ཆེད་དམིགས་ཀྱིས་གནས་ཚུལ་རྣམས་དུས་ལས་མ་ཡོལ་བར་གསལ་བསྒྲགས་ཐུབ་པ་ཞིག་དགོས་པ་ནི་རང་རེའི་གཞི་རིམ་གྱི་ལྟ་གྲུབ་ཡིན།

བོད་གཞུང་ཕྱི་དྲིལ་ལྷན་ཁང་གི་གསར་ཤོག་ཁག་གི་ལམ་སྟོན་པར་འགྲེམས་སྐབས་གནང་བའི་སྔོན་གླེང་ཞིག་ཡིན་འདུག་ཀྱང༌། དུས་ཚོད་སོགས་གསལ་རྟོགས་མ་ཐུབ།