སྔོན་གླེང༌། དྷ་ས་སྨན་རྩིས་ཁང་ནས་རྒྱུད་བཞིའི་ནང་ནས་ཕྱི་མ་རྒྱུད་ཨིན་བསྒྱུར་གྱིས་པར་སྐྲུན་སྐབས་གནང་བའི་ཆེད་བརྗོད་དོ།

༄༅།། སྨན་གྱི་རིག་པ་ནི་འཇིག་རྟེན་འདིར་རིག་གནས་ཁག་བྱུང་བ་དང་མཉམ་དུ་དར་བའི་ཆེས་གནའ་བོའི་རིག་གཞུང་ཡིན་པ་དང༌། དེ་ཡང་ས་ཁུལ་དང་ཡུལ་ལུང་མི་འདྲ་བའི་ནང་སྐད་ཡིག་འདྲ་མིན་དུ་ནད་གསོ་བའི་སྨན་གྱི་རིག་གནས་རྒྱས་བསྡུས་སྣ་ཚོགས་སུ་དར་བ་རྣམས་ཀྱི་ནང་ནས་འཕགས་ཡུལ་གྱི་ཚེའི་རིག་བྱེད་ནི་བྱུང་སྔ་ཤོས་དང༌། གཞུང་རྒྱས་ཤོས། ལག་ལེན་ཟབ་ཤོས་བྱུང་འདུག རིག་བྱེད་འདིའི་གཞུང་རྣམས་ཀྱི་ཁོག་འབུབས་པའི་སྐབས་ཕལ་ཆེར་ཡན་ལག་བརྒྱད་དུ་ཕྱེ་བས་འདིའི་རྩ་གཞུང་མང་པོར་ཡན་ལག་བརྒྱད་པ་ཞེས་འབོད།

བོད་དུ་ཡིག་གཟུགས་དང་བརྡ་སྤྲོད་རིག་གནས་མ་བྱུང་བའི་སྔོན་ནས་ངག་རྒྱུན་གསོ་རིག་ཅིག་ཡོད་པར་མངོན་ཡང༌། ད་ལྟ་མཐོང་ཆོས་སུ་མ་བཞུགས། ད་ཡོད་བོན་གྱི་སྨན་གཞུང་རྣམས་ནི་བོད་དུ་ནང་པའི་གསོ་རིག་དར་བའི་རྗེས་སུའམ་དུས་མཉམ་ལྟ་བུར་བྱུང་བ་དཔོག་ནུས། བོད་དུ་གསོ་རིག་དར་ཁྱབ་ཐོག་མ་ནི་ཕྱི་ལོ་བརྒྱ་ཕྲག་བརྒྱད་པའི་འགོ་སྟོད་དུ་བྱོན་པའི་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་རྒྱ་གར་དུ་ལན་མང་བྱོན་ཏེ་མཁས་པ་མང་པོ་བསྟེན་ནས་འཕགས་ཡུལ་གྱི་ཚེའི་རིག་བྱེད་ལ་བྱང་ཆུབ་པ་མ་ཟད། རྒྱ་ནག་དང་ཤར་གླིང་དབུས་མའི་ཡུལ་ལུང་ཁག་ཏུ་དར་བའི་སྨན་གྱི་རིག་གཞུང་གཞན་དག་ལའང་ཐུགས་སྣང་གིས་ལེགས་ཆ་བསྡུས་པའི་ཐོག བོད་ཀྱི་གནའ་བོའི་སྲོལ་རྒྱུན་ནས་ཀྱང་ཁ་བསྐངས་ཏེ་རྒྱ་གར་གྱི་ཚེའི་རིག་བྱེད་ལས་ལོགས་སུ་རང་རྐང་ཚུགས་པའི་གསོ་བ་རིག་པའི་ཤིང་རྟའི་སྲོལ་གསར་པ་ཞིག་ཕྱེ་བར་མཛད།

རིག་གནས་ལྔའི་དབྱེ་བ་ཕྱེ་ཚུལ་འདི་ནང་པའི་ཐུན་མིན་བཞེད་སྲོལ་ཡིན་སྟབས། རྒྱུད་བཞི་རྩོམ་པ་པོས་ཀྱང་རིག་གནས་འདི་ལ་ཚེའི་རིག་བྱེད་དང༌། སྨན་དཔྱད་རིག་པ་སོགས་ཀྱི་ཐ་སྙད་མ་སྦྱར་བར་ནང་པའི་སྲོལ་དང་བསྟུན་ཏེ་གསོ་བ་རིག་པ་ཞེས་པའི་བརྡ་ཆད་འབའ་ཞིག་གཙོ་འདོན་མཛད་པས་དེང་སྐབས་སྤྱིར་གསོ་རིག་དང་བོད་ཀྱི་གསོ་རིག་རྣམ་གྲངས་པ་ལྟ་བུར་གྱུར།

བོད་ཀྱི་གསོ་བ་རིག་པའི་རྩ་གཞུང་དཔལ་ལྡན་རྒྱུད་བཞིར་གྲགས་པ་འདི་བོད་ཀྱི་རྩོམ་པ་པོས་བོད་སྐད་དུ་བརྩམས་པའི་བོད་གཞུང་འཁྲུལ་མེད་ཅིག་ཡིན་ནའང༌། གཞུང་ཁུངས་བཙུན་པར་སྟོན་པ་དང༌། ཉན་པ་པོ་སྤྲོ་བ་སྐྱེད་པའི་ཆེད་དུ་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་སྡེ་རྣམས་དང་མཚུངས་པར་མཚན་ལའང་རྒྱུད་ཀྱི་ཐ་སྙད་སྦྱར་ཞིང༌། གཞུང་གི་དབུར་ཡང་མཚན་སྨྲོས་པ་དང་མཚན་བསྒྱུར་བ་སོགས་མཛད་པ་མ་ཟད། གླེང་གཞིའི་ནང་དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་སྟོན་པ་ཤཱཀྱའི་རྒྱལ་པོ་སངས་རྒྱས་སྨན་བླའི་སྐུར་བཞེངས་ཏེ་གསུང་ཚུལ་སོགས་བཀོད་ཡོད་ཀྱང༌། དོན་དུ་གཞུང་འདི་སངས་རྒྱས་ཀྱི་བཀའ་མིན་པར་བསྟན་བཅོས་ཀྱི་ངོ་བོར་གནས་པ་དང༌། འདིའི་རྩོམ་པ་པོ་ཡང་གཡུ་ཐོག་ཡོན་ཏན་མགོན་པོ་གསར་རྙིང་གང་རུང་ཞིག་གམ་གང་ལྟར་བོད་ཀྱི་མཁས་པ་ཞིག་ཡིན་པར་ཚིག་ཐག་ཆོད་པོས་བརྗོད་ནུས། འོན་ཀྱང་གཞུང་འདི་རྩོམ་ཡིག་རང་བཞིན་པའི་ངོ་བོར་བརྩམས་པ་ཞིག་ཡིན་ནམ་གཏེར་མ་ཡིན། ཡང་ན་དག་སྣང་དགོངས་གཏེར་ལྟ་བུ་ཞིག་ཡིན་ཁ་ཚོན་གཅད་དཀའ་བར་སྣང༌།

བོད་ཀྱི་འགྲེལ་མཛད་མཁས་དབང་འགའ་རེས་གཞུང་འདི་བཀའ་ཡིན་པ་དང་རྒྱ་སྐད་ནས་བོད་དུ་བསྒྱུར་བ་ཉིད་དུ་འགྲེལ་འདུག་པ་ཇི་ལྟར་དྲང་སྙམ་ན། འགྲེལ་མཛད་དེ་དག་གི་གསུང་ཚུལ་རྣམས་དགོངས་གཞི་དགོངས་པས་དྲང་དོན་དུ་འགྲེལ་རྒྱུ་ལས་སྒྲ་ཇི་བཞིན་པར་བཟུང་ན་རིགས་པའི་གནོད་པ་མི་ཁེབས།

བཻ་དཀར་དུའང་“ཇ། དཀར་ཡོལ། མ་བུ་དགྲ་གྲོགས་སོགས་ཚིག་གི་ཡས་མས་མང་པོར་རྒྱ་གར་གྱི་མིན་པ་ཡོད་པར་བརྟེན་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་སྟག་ལོ་སོགས་མཁས་པ་ཁ་ཅིག་ཀྱང་བོད་ཀྱི་བསྟན་བཅོས་སུ་འཁྲུལ་པ་དང༌།” ཞེས་རྒྱུད་བཞིའི་ནང་རྒྱ་གར་དུ་མ་གྲགས་པའི་ཚིག་མང་པོ་ཡོད་པ་ཞལ་གྱིས་བཞེས་པའི་ཐོག སྙིགས་དུས་ཀྱི་སྐྱེ་བོ་ཚིག་ལ་བལྟ་བ་རྣམས་དྲང་ཕྱིར་ཐམས་ཅད་བཀའ་ལྟར་མཛད་པ་ལས་ཁ་སྐོང་བསྟན་བཅོས་ཀྱི་ཚིག་མང་པོ་གཡུ་ཐོག་པས་བསྣན་པ་ཡིན་ཚུལ་ཞལ་བཞེས་མ་གནང་མཐུ་མེད་བྱུང་འདུག རྒྱུད་བཞིའི་ནང་བཀའ་ཡིན་པའི་ཚིག་ཡོད་དུ་ཟིན་ནའང༌། དེ་དག་གང་ནས་དྲངས་པའི་གཞུང་བཀའ་འགྱུར་དུ་མ་བཞུགས་ཤིང༌། རྒྱ་དཔེའང་མཇལ་དུ་མེད། ལར་ནས་གཞུང་དཀྱུས་སུ་བཀའ་ཡིན་པའི་ཚིག་ཡོད་པ་ཙམ་གྱིས་གཞུང་དེ་བཀར་མི་འགྲུབ་སྟེ། བསྟན་བཅོས་ཕལ་མོ་ཆེའི་ནང་མདོ་རྒྱུད་ཀྱི་ལུང་དུ་མ་དྲངས་པ་མཐོང་ཆོས་སུ་ཡོད་པས་སོ།།

གོང་སྨོས་ཀྱི་བོད་ཚིག་དེ་དག་མ་ཟད། གླེང་གཞིའི་སྐབས་༼ཐང་ལ་འབར་བྱཞེས་པ་དང༌། དགྲ་ཕྱཱ་སྲོག་ཕྱཱ་སོགས་༼ཕྱཱ་༽ཡིག་དང༌། མཛུབ་གུང་སྲིན་གསུམ་ལ་༼མཚོན་ཀན་ཆག་’ གསུམ་གྱི་ཐ་སྙད་སྦྱར་བ་དང༌།༼འབྲི་མར་༽ཞེས་པ་སོགས་ལེའུ་བཞི་གའི་ནང་རྒྱ་སྐད་ལ་མ་གྲགས་པའི་བོད་ཚིག་ཇི་སྙེད་ཅིག་སྣང་བ་མ་ཟད། འདིའི་རྒྱ་གར་སྐད་ཀྱི་མཚན་སྨོས་སྐབས་ལེགས་སྦྱར་སྤྱི་འགྲོས་དང་མི་མཐུན་པར་ཨངྒཨཥ྄ཊ་ཞེས་འབྱུང་བའང་ཆེད་གཉེར་བརྡ་ཐབས་ཤིག་མིན་ནམ་སྙམ་པ་བཅས་ལ་བརྟེན་གཞུང་འདི་བཀའ་ཡིན་པ་དང༌། རྒྱ་སྐད་ནས་བསྒྱུར་བ་ཡིན་པའི་ཨུ་ཚུགས་བྱ་རྒྱུར་དགོས་པ་མ་མཐོང༌། སཱརནཱཐར་སྨན་གྱི་རི་བོ་ད་ལྟའང་ཡོད་པར་གསུངས་པ་སོགས་ནི་བྱིས་པ་ངོ་མཚར་སྐྱེད་བྱེད་ཙམ་དུ་ཟད་དོ།།

གལ་ཏེ་རྒྱུད་བཞི་གཙོ་བོ་རྒྱ་གར་གྱི་སྐད་ནས་བསྒྱུར་བར་འདོད་ན་བོད་ཀྱི་གསོ་བ་རིག་པའང་འཕགས་ཡུལ་གྱི་ཚེའི་རིག་བྱེད་ཀྱི་ཆ་ཤས་ཙམ་ལས་བོད་ཀྱི་ཐུན་མིན་རིག་གནས་ཡིན་པ་ནམ་ཡང་མི་འགྲུབ།

དེང་དུས་ཀྱི་མཁས་པ་འགས་རྒྱུད་བཞི་ཡོན་ཏན་མགོན་པོ་རྙིང་མས་བརྩམས་ཚུལ་གསུངས་པའང་བྱུང་བ་རིག་པ་དང་མཐུན་དཀའ་ཞིང༌། ཅི་སྟེ་དེ་འདྲ་ཞིག་ཏུ་ངེས་པར་བསྒྲུབ་འདོད་ན་རྒྱུད་བཞི་ཆ་ཚང་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་བརྩམས་ཏེ་ཡོངས་གྲགས་མ་གནང་བར་གཏེར་དུ་སྦས་པ་ཕྱིས་སུ་གྲྭ་པ་མངོན་ཤེས་སམ། ཡང་ན་གཡུ་ཐོག་ཡོན་ཏན་མགོན་པོ་གསར་མ་སུ་རུང་ཞིག་གིས་གཏེར་ནས་བཞེས་ཞེས་བཤད་ན་རིགས་པའི་གནོད་པ་ཉུང་ངམ་སྙམ།

དེ་ལྟར་རྒྱུད་བཞི་བོད་གཞུང་ཡིན་ཡང་གཞུང་སྤྱིའི་ཁོག་འབུབས་སྟངས་རྒྱུད་དང་རྒྱ་གཞུང་ལ་གང་མཐུན་གནང་འདུག་པ་ནི་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་སམ་གཞི་རྟེན་གཙོ་བོ་རྒྱ་གར་གྱི་ཚེའི་རིག་བྱེད་ཡིན་པ་གསལ་བར་བྱ་བའི་ཕྱིར་དེའི་རྩོམ་འགྲོས་༨༢༡

དང་མཐུན་པར་མཛད་དམ་སྙམ། གཞུང་འདིའི་མཚན་ལའང་“བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་” ཅེས་གསུངས་ཏེ་མི་ན་བར་གནས་པ་དང༌། ན་བ་གསོ་བའི་ཐབས་སུ་འཕགས་ཡུལ་གྱི་སྨན་གཞུང་མང་ཆེ་བ་ཡན་ལག་བརྒྱད་དུ་བསྡུས་ནས་གསུངས་པ་ལྟར་འདིར་ཡང་ཡན་ལག་བརྒྱད་དུ་བསྡུས་ཤིང༌། སྣོད་མིན་ལ་གསང་བའི་མན་ངག་གི་རྒྱུན་རྫོགས་པར་ཡོད་པས་མན་ངག་གི་རྒྱུད་ཀྱི་མཚན་འདོགས་པར་སྣང༌། དེ་བཞིན་གསང་སྔགས་ཀྱི་རྒྱུད་སྡེ་གཞན་དང་མཐུན་པར་རྩ་རྒྱུད་དང་བཤད་རྒྱུད། ཕྱི་མ་རྒྱུད་ཅེས་མཚན་འདོགས་ཀྱང་དོན་དུ་རྒྱུད་བཞི་ག་རྒྱུད་གཅིག་གི་ཆ་ཤས་ཡིན་པ་ལས་རྒྱུད་རང་རྐྱ་བ་བཞི་མིན་པ་དང༌། བརྗོད་དོན་ཁ་ཤས་ཟློས་པ་ལྟ་བུར་སྣང་ཡང་དེ་དག་མདོར་བསྟན་རྒྱས་བཤད་དམ། ཡང་ན་དོགས་སེལ་བོགས་འདོན་གྱི་ཚུལ་དུ་རབ་ཏུ་བྱེད་པ་འདྲ་མིན་གྱིས་བསྟན་པ་ལས་ཟློས་སྐྱོན་མིན། གསོ་བ་རིག་པ་མཐར་ཕྱིན་པ་ཞིག་སྦྱང་བར་རྒྱུད་བཞི་གར་ཐོས་བསམ་མ་བྱེད་པར་མི་འགྲུབ་པས་རྒྱུད་བཞི་དུམ་བུ་ཐ་དད་དང་ལེའུའི་གྲངས་སོ་སོར་བཞུགས་ཀྱང་མཚན་གཅིག་དང༌། བརྗོད་དོན་མཐར་ཆགས་སུ་གནས་སོ།།

འོ་ན་གཞུང་ལས་བློ་རབ་འབྲིང་མཐའ་གསུམ་དང་ཤིན་ཏུ་རྨོངས་པ་བཅས་བཞི་ལ་རྒྱུད་བཞི་གསུངས་པར་བཤད་ན་རྒྱུད་རེ་རེས་ཀྱང་གསོ་བ་རིག་པའི་བརྗོད་བྱ་ཚང་བར་བསྟན་མི་དགོས་སམ་ཞེ་ན། རྒྱུད་ཀྱི་དུམ་བུ་སོ་སོའི་ཆེད་དུ་བྱ་བའི་གདུལ་བྱའི་བློ་རབ་འབྲིང་ཡོད་སྲིད་ཀྱང་གསོ་བ་རིག་པའི་རྒྱུད་བཞི་ཡུམ་རྒྱས་འབྲིང་ལྟ་བུར་རྗོད་བྱེད་རྒྱས་བསྡུས་ལས་བརྗོད་བྱ་གཅིག་ཡིན་པ་ཁོ་བོ་མི་འདོད། གསོ་རིག་གི་དོན་ས་བོན་གྱི་ཚུལ་དུ་སྟོན་པ་རྩ་རྒྱུད་དང༌། དེ་དག་བཤད་ཐབས་ཀྱི་སྒོ་ནས་བསྟན་པའི་བཤད་རྒྱུད། ལག་ལེན་གྱི་སྒོ་ནས་བསྟན་པའི་མན་ངག་གི་རྒྱུད། དེ་དག་ལ་དོགས་སེལ་བོགས་འདོན་དང་ཁྱེར་བདེ་བར་བསྟན་པའི་ཕྱི་མ་རྒྱུད་དེ་རྒྱུད་བཞི་རྗོད་བྱེད་རྒྱས་བསྡུས་ཙམ་མིན་པར་བརྗོད་བྱ་དང་བསྟན་ཚུལ་མཚུངས་པ་ལས་མི་མཚུངས་པ་མང་བ་ཤིན་ཏུ་གསལ་ལོ།། དེ་ཡང་རྩ་རྒྱུད་རང་དུ་གསོ་བ་རིག་པའི་ངོ་བོ་དང་དེ་ལ་བསླབ་ཚུལ་བསྟན་པའི་སྐབས་མི་ན་བར་གནས་པ་དང༌། ན་བ་གསོ་བའི་ཐབས་ལ་གསོ་རིག་ཏུ་བསྟན་ཏེ་དེ་ཇི་ལྟར་བསླབ་པའི་ཚུལ་ལ་རྒྱུད་དང༌། ཡན་ལག གནས། སྐབས། མདོ། ལེའུ་བཅས་ལ་བསླབ་པར་གསུངས་པས་དེ་དག་རྒྱུད་བཞི་གར་མ་བསླབ་པར་མི་འགྲུབ་བོ།། དེ་ཡང་རྒྱུད་ལ་སློབ་ཚུལ་དུ་རྒྱུད་བཞི་གར་བསླབ་དགོས་པར་གསུངས་པ་མ་ཟད། ཡན་ལག་དང༌། སྐབས་ལ་སློབ་ཚུལ་དུའང་ཡན་ལག་བརྒྱད་ཀ་དང༌། སྐབས་བཅོ་ལྔ་ཡོངས་ལ་བསླབ་དགོས་པར་གསུངས་པས་དེ་རྣམས་རྒྱུད་གཅིག་ཏུ་ཚང་བར་མ་བསྟན་ནོ།།

རྒྱུད་འདིའི་མཚན་ལ་༼ཡན་ལག་བརྒྱད་པ་༽ཞེས་གསུངས་པ་མ་ཟད། བསླབ་ཚུལ་དུའང་ཡན་ལག་བརྒྱད་གཙོ་བོར་བསྟན་པ་འདི་རྒྱ་གར་གྱི་ཚེའི་རིག་བྱེད་ཀྱི་གཞུང་ལུགས་སྤྱི་དང༌། ཁྱད་པར་ནང་པའི་མཁས་པ་སློབ་དཔོན་ཕ་ཁོལ་གྱིས་བརྩམས་པའི་ཡན་ལག་བརྒྱད་པའི་སྙིང་པོ་དང་དེའི་འགྲེལ་པ་འགྲེལ་བཤད་སོགས་ལ་གཙོ་བོ་ཁུངས་བཅོལ་བར་གསལ་ཞིང༌། ཡན་ལག་བརྒྱད་ཐད་ཀར་བགྲངས་སྐབས་རྩ་རྒྱུད་དང་ཡན་ལག་བརྒྱད་པའི་སྙིང་པོ་གཉིས་ཡན་ལག་གཅིག་གི་དོན་མི་མཚུངས་ཀྱང་སྐབས་བཅོ་ལྔ་བཤད་སྐབས་གོང་དུ་མ་གསལ་བའི་ཡན་ལག་དེ་ཡང་གསལ་བས་རྒྱུད་བཞིས་ཡན་ལག་བརྒྱད་པའི་སྙིང་པོའི་བརྗོད་བྱ་ཆ་ཚང་བ་བསྟན་པའི་ཐོག་ད་དུང་ལྷག་མ་མང་པོ་སྟོན་པ་བདེ་བླག་ཏུ་རྟོགས་ནུས་སོ།།

དེ་ལྟར་གལ་གནད་ཆེ་བའི་རྒྱུད་བཞི་འདིའི་རྩ་རྒྱུད་དང༌། བཤད་རྒྱུད་གཉིས་དྷ་ས་སྨན་རྩིས་ཁང་ནས་ཨིན་སྐད་དུ་སྒྲ་བསྒྱུར་གྱིས་པར་བསྐྲུན་ཟིན་རྗེས། ད་ཆ་ཕྱི་མ་རྒྱུད་ཀྱང་ཨིན་བསྒྱུར་གྱིས་རྒྱུད་གསུམ་ཆ་ཚང་ཨིན་སྐད་དུ་པར་སྐྲུན་གནང་བ་འདིས་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་དང་ཁྱབ་སྤེལ། དེང་རབས་ཀྱི་མཁས་པ་ཚོས་ཉམས་ཞིབ་དང་མཚུངས་བསྡུར་བྱ་གཞི་སོགས་ལ་ཕན་རླབས་ཧ་ཅང་ཆེ་བ་ཡོང་རྒྱུ་གདོན་མི་ཟ་ཞིང༌། འབྱུང་འགྱུར་མན་ངག་ཡོན་ཏན་རྒྱུད་ཀྱང་བསྒྱུར་ཐུབ་ན་གསོ་རིག་བསྟན་པའི་གསོས་སྨན་དུ་འགྱུར་ངེས། ཕྱི་རྒྱུད་འདིར་ཤིན་ཏུ་གལ་གནད་ཆེ་བའི་རེག་པ་རྩ་དང་མཐོང་བ་ཆུ་ལ་བརྟགས་ཐབས་རྒྱས་པར་བསྟན་པའི་ལེའུ་གཉིས། སྨན་སྦྱོར་སྡེ་ཚན་བཅུའི་རྒྱས་བཤད་ལ་ལེའུ་བཅུ། ལས་ལྔ་སྔོན་འགྲོ་ལོག་གནོན་བཅས་ལ་ལེའུ་བདུན། དཔྱད་ལྔ་ལོག་གནོན་བཅས་ལ་ལེའུ་དྲུག རྒྱུད་བཞི་མཇུག་དོན་བསྡུས་པའི་ལེའུ་གཅིག རྒྱུད་ཡོངས་སུ་གཏད་པའི་ལེའུ་གཅིག་བཅས་ཁྱོན་ལེའུ་ཉེར་བདུན་བཞུགས་པ་ལས་མཇུག་དོན་དང་ཡོངས་གཏད་རྒྱུད་བཞིའི་སྤྱི་ཁྱབ་དང༌། དེ་འཕྲོས་ཕྱི་མའི་རྒྱུད་ཉིད་ཀྱི་ཐུན་མིན་བརྗོད་བྱ་བསྟན་པའི་ལེའུ་ཡིན་པས། སྨན་པ་སུ་ཞིག་འཚོ་བྱེད་ཀྱི་ལས་སུ་ཞུགས་པ་ལ་ཕྱི་མའི་རྒྱུད་ཀྱི་བསྟན་དོན་ཡོངས་རྫོགས་ལ་ངེས་པར་བྱང་ཆུབ་དགོས་པ་ཡིན་ནོ།།

དེ་ལྟ་བུའི་རྩ་ཆེའི་རྒྱུད་འདི་ཨིན་སྐད་དུ་སྒྱུར་བ་པོ་ལོ་ཙཱ་བ་རྣམས་ཀྱིས་གུས་རྟག་གི་བརྩོན་ཤུགས་ཆེན་པོས་གཞུང་དོན་རྣམས་ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་བྲལ་བར་བསྒྱུར་འདུག་པ་ཡི་རངས་བསྔགས་བརྗོད་ཀྱི་གནས་སུ་གྱུར་ཅིང༌། བོད་སྐད་ནས་ཨིན་སྐད་དུ་སྒྱུར་ཐབས་བཀས་བཅད་ལམ་སྟོན་སོགས་མེད་པས་ལོ་ཙཱ་བ་སོ་སོའི་རང་འདོད་ལྟར་སྐད་དོད་དང་ཚིག་འགྲོས་གང་སར་མཐུན་མིན་ཇི་སྙེད་ཅིག་ཡོད་སྟབས་མཐའ་གཅིག་ཏུ་ཞུས་ཤིང་དག་པའི་ཚད་གཟུང་དཀའ་ནའང༌། འགྱུར་འདིས་ལོག་རྟོག་སྤེལ་བའི་ཉེན་ཁ་མེད་པ་ཚིག་ཐག་ཆོད་པོས་སྨྲ་ནུས་སོ།། དེ་སྐད་དུ་ཤཱཀྱའི་དགེ་སློང་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་ཕྱི་ལོ་༢༠༡༡ ཟླ་༢ ཚེས་༨ ཉིན་ཆེད་དུ་བརྗོད་པ་དགེ་བར་གྱུར་ཅིག། ཇཡ་ཇགཏ྄།། །།

དྷ་ས་སྨན་རྩིས་ཁང་ནས་རྒྱུད་བཞིའི་ནང་ནས་ཕྱི་མ་རྒྱུད་ཨིན་བསྒྱུར་གྱིས་པར་སྐྲུན་སྐབས་གནང་བའི་ཆེད་བརྗོད་དོ།།