སྔོན་གླེང༌། བོད་གངས་ཅན་ལྗོངས་ཀྱི་སྡེབ་སྦྱོར་རིག་པའི་གཞུང་ལུགས་གཏམ་འོད་ཟེར་བརྒྱ་པ་

༄༅།། སློབ་དཔོན་ཐུ་མིས་བོད་ཀྱི་ལུང་དུ་སྟོན་པའི་གཞུང་བརྒྱད་དམ་དེ་ལས་མང་བར་མཛད་ཡོད་ཀྱང་བསྟན་པའི་འཕར་འབུག་སྐབས་རྩ་བརླག་ཏུ་གྱུར་པའི་གཏམ་དེ་བྱུང་རབས་ཀྱི་བདེན་དོན་ཡིན་མིན་དཔྱད་དཀའ་ཡང༌། སུམ་རྟགས་གཉིས་སུ་བསྟན་པའི་རྣམ་དབྱེ་དང༌། ཕྲད། རྟགས་ཀྱི་འཇུག་ཚུལ་རྣམས་ལས་གཞན་པའི་བརྡ་སྤྲོད་ཀྱི་རྣམ་གཞག་མི་ཉུང་བ་ཞིག་ཡོད་པ་ནི་སྔོན་གྱི་རྩོམ་ཡིག་ཀློག་པ་དང༌། རྩོམ་ཡིག་གསར་དུ་འབྲི་བའི་སྐབས་མང་པོར་ཚོར་སྣང་ཡོང་བཞིན་པ་མ་ཟད། སྐད་ཡིག་གཞན་གྱི་བརྡ་སྤྲོད་དང་ལུང་སྟོན་གྱི་རྣམ་གཞག་དང་མཚུངས་བསྡུར་བྱེད་པའི་སྐབས་སུའང་དེ་དག་གི་དོད་ཐུབ་བོད་སྐད་དུ་ཡོད་ཀྱང་དེའི་མཚན་ཉིད་སྟོན་པའི་གཞུང་མེད་པ་དངོས་མཐོང་དུ་མཆིས། དེ་ལྟ་ནའང་འདས་པའི་ལོ་སྟོང་ཕྲག་བརྒལ་བའི་རིང་བོད་སྐད་དུ་སྒྲ་སྒྱུར་དང་གསར་རྩོམ་གྱི་ལེགས་བཤད་ངོ་མཚར་རྨད་དུ་བྱུང་བའི་ཡིག་འཇོག་གཏོས་ཆེ་སྐད་ཡིག་གཞན་དུ་གང་གིས་ཀྱང་དོ་ཟླར་མི་བཟོད་པ་ཞིག་བསྐྲུན་ཡོད་ཅིང༌། རྩོམ་པ་པོ་མཆོག་དམན་སུར་ཡང་བོད་ཀྱི་བརྡ་སྤྲོད་རིག་པས་མ་འདང་བའི་སྐུ་ངལ་བྱུང་མེད། དེ་ནི་སྐད་ཡིག་གི་རང་གཤིས་སུ་རྒྱུན་འཇགས་སོང་བའི་དངོས་པོ་མང་པོ་ཞིག་དེ་དག་སྟོན་པའི་གཞུང་ངམ་དམིགས་བསལ་སློབ་སྟོན་མ་བྱུང་ཡང་དམ་པའི་སྤྱོད་ཚུལ་གྱི་རྗེས་སུ་ཞུགས་པའམ་སྲོལ་ལུགས་རྒྱུན་འབྱམས་ཀྱི་འོག་རང་བཞིན་གྱིས་ཤེས་སྤྱོད་ཐུབ་པ་ཡོང་སྲིད། དཔེར་ན་པ་སྡེའི་ཡི་གེ་གསུམ་པ་བ་ལ་དས་འཕུལ་ཡོད་སྐབས་ཙ་སྡེའི་ཡི་གེ་བཞི་པའི་ཝ་སྒྲར་འགྱུར་བ་གཞུང་གང་དུ་མ་གསལ་ཞིང༌། སློབ་མཁན་མེད་ཀྱང་རང་བཞིན་གྱིས་རྒྱུན་གཤིས་སུ་འཇགས་འགྲོ་བ་ཡིན། དེ་ལྟ་ནའང་ཤེས་བྱའི་གནས་ཇི་འདྲ་ཞིག་ཡིན་རུང་དེའི་མཚན་ཉིད་སྟོན་པའི་གཞུང་ཞིག་ཡོད་ན་འཇུག་པ་བདེ་བ་མ་ཟད། རིག་པ་དེའི་ཉམས་ཆག་འགོག་པ་དང་སློབ་སྟོན་བདེ་བའི་ཕན་ཁྱད་ཆེན་པོ་ཡོད་པ་ནི་བརྗོད་མ་དགོས།

སྨྲ་དབང་བསོད་ནམས་དབང་ལྡན་གྱིས་བརྩམས་པའི་༼བོད་གངས་ཅན་ལྗོངས་ཀྱི་སྡེབ་སྦྱོར་རིག་པའི་གཞུང་ལུགས་གཏམ་འོད་ཟེར་བརྒྱ་པ།༽ཞེས་བྱ་བ་འདིའི་ནང་སྦྱར་བྱའི་ཡི་གེའི་རྣམ་གཞག་དང༌། སྦྱོར་ཚུལ་སྡེབ་སྦྱོར་གྱི་རིག་པ་རྣམས་ནང་དོན་སྲོལ་རྒྱུན་གྱི་གཞུང་ལུགས་དང་མི་འགལ་ཞིང༌། ཕྱི་ཚུལ་སྔོན་མེད་གསར་གཏོད་ཀྱི་ངོ་བོར་བསྐྲུན་འདུག་པ་འདིས་བོད་ཀྱི་སྐད་ཡིག་ལ་དོན་གཉེར་ཡོད་པའི་བློ་གསལ་སྤྱི་དང༌། ཁྱད་པར་བོད་སྐད་རང་སྐད་མིན་པའི་ཕྱི་རྒྱལ་གྱི་སློབ་གཉེར་བ་ཚོར་ཕན་ཐོགས་རླབས་ཆེན་འབྱུང་བ་གདོན་མི་ཟ། དེ་མཚུངས་བསྟན་བཅོས་འདིའི་ནང་འཛམ་གླིང་སྤྱིའི་ཡི་གེ་དང༌། སྐད་ཀྱི་ཚན་རིག སྐད་ཁྱིམ་སོགས་ཀྱི་སྐོར་ཉེར་མཁོའི་ཤེས་བྱ་མང་པོ་ཞིག་དོན་བསྡུ་གོ་བདེར་བཀོད་འདུག་པ་འདི་དག་སྐད་ཡིག་གཞན་གྱི་གོ་རྟོགས་ཉུང་བའི་བོད་རིགས་རྣམས་ལ་རྣམ་དཔྱོད་ཀྱི་སྒོ་འབྱེད་ལྟ་བུར་དོན་ཕན་ཆེན་པོ་ཡོང་ངེས།

སྤྱིར་ཡི་གེ་ཡན་ག་བ་མིང་དང་ཚིག་ཏུ་སྦྱོར་ཚུལ་གྱི་རྣམ་གཞག་ལ་”སྡེབ་སྦྱོར་”གྱི་ཐ་སྙད་འདོགས་མི་ཆོག་པ་མེད་ནའང་བོད་ཀྱི་སྲོལ་རྒྱུན་དུ་རིག་གནས་ཆུང་བ་ལྔའམ་བཞིའི་གྲངས་སུ་འདྲེན་པའི་”སྡེབ་སྦྱོར་”གྱི་རིག་གནས་ནི་ལེགས་སྦྱར་གྱི་ཚིགས་བཅད་སྦྱོར་ཚུལ་ལ་མཁོ་བའི་ཡི་གེ་བགྲང་བ་དང༌། ཕྱི་མོ་བགྲང་བའི་ལམ་ནས་”བྲྀཏ྄ཏི་”དང་”ཛཱཏིའི་”མིང་གིས་བསྙད་པའི་ཚིགས་བཅད་སྦྱོར་ཚུལ་གྱི་རིག་གནས་ཤིག་སྟེ། རྩ་གཞུང་གྲོག་མཁར་བས་བྱས་པར་གྲགས་པ་དེ་ཡིན། ལེགས་སྦྱར་གྱི་སྐད་ཡིག་ཏུ་ལྕི་ཡང་དང༌། རིང་ཐུང༌། སྲོག་ལྡན་སྲོག་མེད་ཀྱི་རྣམ་གཞག་མང་བས་ཚིགས་བཅད་དུ་སྦྱོར་སྐབས་དེ་དག་བང་སྒྲིག་ཚུལ་ཚད་ལྡན་མ་བྱུང་ན་ཀློག་མི་བདེ་བ་དང༌། སྒྲ་མི་གསལ་བ། ཁྱད་པར་དབྱངས་ཀྱིས་བསྙད་སྐབས་འགྱུར་ཁུགས་དང་མི་འཚམས་པར་འགྱུར་བས་སྡེབ་སྦྱོར་གྱི་མཚན་ཉིད་སྟོན་པའི་གཞུང་མེད་དུ་མི་རུང་བར་གྱུར་པ་དང༌། དེའི་དབང་གིས་རྒྱལ་བའི་ལྷ་དང༌། དམར་སེར་ཅན། ཕྱིས་ཀྱི་ནང་པའི་མཁས་དབང་རིན་ཆེན་འབྱུང་གནས་ཞི་བ་སོགས་ཀྱི་གཞུང་ལུགས་ལས་སྡེབ་སྦྱོར་རིག་པ་ཡར་རྒྱས་ཀྱི་རྩེ་མོར་སོན། འོན་ཀྱང་རིག་གནས་འདི་ལེགས་སྦྱར་ཁོ་ནར་མ་གཏོགས། རྒྱ་གར་གྱི་སྐད་ཡིག་གཞན་ལའང་དར་ཁྱབ་མ་བྱུང་ཞིང༌། བོད་ཡིག་ལ་ལྕི་ཡང་དང་རིང་ཐུང༌། སྲོག་ལྡན་སྲོག་མེད་ཀྱི་རྣམ་གཞག་མེད་པས་ལེགས་སྦྱར་གྱི་སྡེབ་སྦྱོར་རིག་པས་བོད་སྐད་ལ་རྒྱས་འགེབས་ཐབས་མེད་པ་ཤིན་ཏུ་གསལ། བར་སྐབས་བོད་༧༢༢

ཀྱི་མཁས་པ་མང་པོས་སྡེབ་སྦྱོར་རིག་པའི་མཁྱེན་རྩལ་སྟོན་པའི་ཆེད་དུའམ། ཡང་ན་དེ་ལ་བག་ཆགས་འཇོག་ཆེད་སོགས་དགོས་དམིགས་ཇི་ལྟར་ཡང༌། གཞུང་ལུགས་རྩོམ་སྐབས་ཐོག་མའི་མཆོད་བརྗོད་ཀྱི་ཚིགས་བཅད་རེ་ཟུང་ལེགས་སྦྱར་དུ་བསྒྱུར་ཏེ། སྡེབ་སྦྱོར་གྱི་རྣམ་གྲངས་གང་དུ་གཏོགས་པའི་ངོས་འཛིན་གྱི་མིང་བྱང་དང༌། སྐད་གཉིས་ཡི་གེ་གསུམ་གྱིས་མཛེས་པར་བྱས་ཏེ་གསུམ་བིད་ཅེས་གྲགས་པ་རི་མོའི་རྒྱན་སྤྲོས་དང་བཅས་འབྲི་སྲོལ་དར་ཁྱབ་ཆེན་པོ་བྱུང་འདུག་ཀྱང༌། བོད་སྐད་ལེགས་སྦྱར་དུ་བསྒྱུར་བའི་ཤ྄ལོཀ་དེའི་ལེགས་སྦྱར་སྐད་ཡིག་གཞིར་བཟུང་སྡེབ་སྦྱོར་སྡེ་ཚན་གང་དུ་གཏོགས་པའི་ངོས་འཛིན་དེས་བོད་སྐད་ལའང་སྡེབ་སྦྱོར་དེས་ཁྱབ་པར་འདོད་ན་ཧ་ཅང་ཐལ། ལེགས་སྦྱར་ལ་བྱང་ཆ་མེད་མཁན་ཚོས་ཀྱང་ཤན་སྦྱར་ཚིག་མཛོད་ལ་བསྟེན་ནས་བསྒྱུར་བ་མང་པོ་ལེགས་སྦྱར་མཁས་པའི་བཞད་གད་ཀྱི་གནས་སུ་གྱུར་པའང་ཡོད། དེ་ལྟ་བས་ན་ལེགས་སྦྱར་གྱི་སྡེབ་སྦྱོར་རིག་པས་བོད་སྐད་ལ་མ་ཁྱབ་པའི་དངོས་དོན་ངོས་ལེན་བྱ་རྒྱུར་ཞུམ་འཚེར་བྱེད་དགོས་དོན་མེད།

ཁོ་བོས་སྔ་མོ་ནས་ཡང་ཡང་བརྗོད་ཟིན་པ་ལྟར་བོད་སྐད་དུའང་ཚིགས་བཅད་ཀྱི་རྩོམ་སྲོལ་ཚིག་ལྷུག་གི་རྩོམ་ཚུལ་དང་མི་འདྲ་བ་ནི་མངོན་སུམ་དུ་གྲུབ་སྟེ། ཚིག་ལྷུག་ཏུ་ཡོད་པའི་བརྗོད་པ་རིང་པོ་ཞིག་ལ་ཚེག་ཁྱིམ་བདུན་རེའམ་དགུ་རེའི་མཚམས་སུ་ཤད་རེ་བརྒྱབས་ཏེ་བཅད་པས་ཚིགས་བཅད་དུ་མི་འགྲུབ། དེས་ན་བོད་ཀྱི་ཚིགས་བཅད་རྩོམ་ཚུལ་ལ་དམིགས་བསལ་ལམ་སྲོལ་ཞིག་ཡོད་པ་གདོན་མི་ཟའང༌། ཐུ་མིས། དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས།། སྨྲ་བ་ཀུན་ལ་གནས་གྱུར་ཀྱང༌།། རང་ཚུལ་དེ་ཉིད་མི་ཤེས་པས།། དོན་ལ་སྦྱོར་བ་ག་ལ་ཤེས།། ཞེས་གསུངས་པ་ལྟར་རྟོགས་དཀའ་བས་དེའི་མཚན་ཉིད་དང་དབྱེ་བ་སྟོན་པའི་གཞུང་ཞིག་བྱུང་ན་ཕན་ཐོགས་ཡོང་བར་རེ་བ་ཡིན། ད་ལྟའི་བསྟན་བཅོས་འདིས་མཚོན་རྩོལ་བ་རེ་ཟུང་བྱུང་འདུག་པར་སྤྲོ་བ་བརྟས། ཉེ་དུས་ཀྱི་མཁས་དབང་ཞིག་གིས་བོད་སྐད་ཀྱི་དབང་དུ་བྱས་པའི་སྡེབ་སྦྱོར་ནི་ཚིགས་བཅད་ལ་རྐང་པ་དྲུག་པ་ནས་སོ་ལྔའི་བར་དུ་ཡོད་པ་དང༌། དེ་དག་སྡེབ་སྦྱོར་བྱེད་སྐབས་ཚིག་ཕྲད་དང་རྣམ་དབྱེ་སོགས་སྦྱོར་བའི་ཚུལ་དང༌། ཚེག་བར་མང་ཉུང་སོགས་ཀྱི་རྣམ་གཞག་བརྩམས་ཡོད་ཚུལ་གསལ་འདུག་ཀྱང་རྩོམ་ཡིག་དེ་མ་མཇལ། ཚིགས་བཅད་ལ་རྐང་པ་སོ་ལྔའི་མཚམས་བཟུང་བ་ནི་གཞུང་ལུགས་གཞན་ནས་གཞུང་ཚད་བཤད་པའི་སྐབས་དོན་ལས་བྱུང་བ་ཡིན་པས་སྡེབ་སྦྱོར་རིག་པར་སྦྱར་རུང་མ་མཐོང་ཞིང༌། ཚིགས་བཅད་དང་ཚིག་ལྷུག་རྩོམ་འགྲོས་ཀྱི་དབང་གིས་དབྱེ་རྒྱུ་ལས་བར་མཚམས་གཅོད་མིན་གྱིས་ཡིན་པར་མ་མངོན་ཏེ། རྒྱུན་ཆགས་མ་བཅད་པའི་སྡེབ་སྦྱོར་ཡོད་པ་གཞུང་དུ་གསལ་ལ། འོད་ཟེར་བརྒྱ་པ་འདིའི་ནང་དུའང་ཚེག་ཁྱིམ་ཉིས་བརྒྱ་ང་གཅིག་བར་གྱི་ཚིགས་བཅད་དཔེར་བརྗོད་དུ་བཀོད་འདུག་ཅིང༌། དེ་ལས་མང་པ་ཚེག་ཁྱིམ་ལྔ་བརྒྱ་སོ་གཉིས་ཙམ་ཡོད་པ་རྗེ་དགེ་འདུན་གྲུབ་ཀྱི་འདུལ་བའི་གླེང་འབུམ་གྱི་མཇུག་བྱང་ལྟ་བུ་ཇི་སྙེད་ཅིག་མཆིས།

དེ་ལྟར་བརྗོད་པར་བྱ་བ་མཐའ་ཀླས་ཀྱང་སྔོན་གྱི་མཁས་དབང་ཞིག་གིས། ཕལ་ཆེར་སྐལ་བ་མེད་ཉིད་དང༌།། དུས་ཀྱང་སྡོད་པ་མེད་པའི་ཕྱིར།། ཞེས་གསུངས་པ་ལྟར། དུས་ཀྱིས་གཏུགས་པས་འདིར་མཚམས་འཇོག་དགོས་བྱུང་ཞིང༌། རང་ཉིད་མི་ཁོམ་པ་དགུ་པའི་གཞན་དབང་དུ་སོང་སྟེ་གཞུང་འདི་ཞིབ་ལྟ་བྱ་རྒྱུའི་གོ་སྐབས་ཀྱང་མ་བྱུང་བར་དཀར་ཆག་ཙམ་བཀླགས་ཏེ་གང་དྲན་ཐོལ་བྱུང་དུ་བརྗོད་པ་འདི་སྐབས་དོན་ལ་མ་འཁེལ་བའི་ངག་འཁྱལ་དུའང་འགྱུར་ལས་ཆེ་སྙམ་ཞིང༌། ཁོ་བོས་སྐབས་གཞན་ཞིག་ཏུ། ལས་བྲེལ་ལྷན་དུམ་མང་བརྩེགས་བེམ་པོའི་འོག། སྒྱིད་ལུག་གཉིད་ཀྱིས་མྱོས་པའི་རྒས་པོ་ལ།། ཆེད་རྩོམ་གར་སྟབས་འཁྱུག་པོར་བསྒྱུར་དགོས་བཀའ།། ཉ་མོར་བལ་ཁྲལ་འགེལ་བའི་ཚུལ་དུ་སྣང༌།། ཞེས་བརྗོད་པ་འདིར་ཡང་མཚུངས་པས་དོ་ཞག་སྔོན་གླེང་འབྲི་རྒྱུའི་གོ་སྐབས་རྙེད་ཐབས་དཀའ་ཡང༌།”གྲྭ་རྐྱང་ཞིག་གི་ཞུ་འབོད་”ཅེས་པའི་ཐ་ཚིག་ལ་གཡོལ་མ་བཟོད་པར་ཟམ་གདོང་པས་ཕྱི་ལོ་༢༠༡༠ ཟླ་༥ ཚེས་༡༨ ལ་གྱ་ཚོམ་དུ་སྨྲས་པ་དགེ་བར་གྱུར་ཅིག ཇཡཇགཏ྄།། །།

སྐུ་ཞབས་བསོད་ནམས་དབང་ལྡན་གྱིས་བརྩམས་པའི་༼བོད་གངས་ཅན་ལྗོངས་ཀྱི་སྡེབ་སྦྱོར་རིག་པའི་གཞུང་ལུགས་གཏམ་འོད་ཟེར་བརྒྱ་པ་༽ཞེས་བྱ་བའི་སྔོན་གླེང་དུ་བྲིས་པའོ།།