སྔོན་གླེང་དྲང་སྲོང་ཉི་ཟླ་ཆུན་པོ།

ཆབ་མདོ་ངག་དབང་ཕུན་ཚོགས།
དེ་ཡང་བོད་མི་རིགས་ལ་བཀའ་དྲིན་བླ་མེད་ཆེ་བའི་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དོན་ལྔར་ཕེབས་པའི་སྐལ་བཟང་གི་ཉིན་མོ་འདིར་མགོན་པོ་མཆོག་གི་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་པས། སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་མཚོན་སླད་དུ་རང་གི་སེམས་ངོགས་སུ་མཐོང་ཐོས་དྲན་རེག་རྣམས་ཡིག་ཐོག་ལ་གཡོ་ཟོལ་མེད་པར་རྒྱ་མཚོའི་ནང་ནས་ཆུ་ཐིགས་ཙམ་ཞིག་བདག་གི་འབྲི་རྒྱུར་སྤྲོ་བ་རབ་ཏུ་བརྟས།

རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སྔོན་ཆད་མ་བྱུང་པ་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།། དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད།། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས།། ཞེས་གསུང་པ་ལྟར་སྔོན་ཆད་གླེང་མ་མྱོང་བ་གསར་པ་ཞིག་གང་ཡང་གླེང་རྒྱུ་མེད་མོད། རིན་པོ་ཆེ་ཁོང་གི་བོད་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་སྐུ་ངལ་ཚད་མེད་གཅིག་སྐྱོན་གནང་མཛད་ཡོད་པས། ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ནི་ང་ཚོའི་འོས་འགན་ཉག་གཅིག་ཡིན་པས་ས་བཅད་མ་སྟོང་ཙམ་དུ་ཕྱི་རབས་བློ་གསར་དོན་གཉེར་ཅན་རྣམས་ཀྱི་མཁྱེན་རྟོགས་ཀྱི་ཆེད་དུ་དམིགས་ནས་བྲིས་པ་ཡིན་པ་ལས། ཕྲག་དོགས་ཁྲག་གིས་སྨྱོས་པའི་སྐྱེ་བོ་བློ་འཁྱོག་ཅན་རྣམས་ཀྱི་ཆེད་དུ་དེ་བས་མ་ཡིན་ནོ། ད་ནི་བཤད་པར་བྱ་བ་སྟེ་དང་ཐོག་རིན་པོ་ཆེ་ཁོང་སྐྱབས་རྗེ་ཡོངས་འཛིན་དམ་པ་རྣམ་གཉིས་ཀྱིས་གཙོས་པའི་སྐྱེ་ཆེན་དམ་པ་དུ་མའི་དྲུང་ནས་ལུང་རིག་དང་། རིག་གནས་ཁག་ལ་ཐོས་བསམ་མཐར་ཕྱིན་པ་མཛད། བོད་མི་རྣམས་དང་ཐོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་སླེབས་མ་ཐག་གནམ་སྔོན་པོ་དང་ས་སེར་པོ་ལས་ངོ་ཤེས་མེད་པ་ཧ་ཅང་གི་ཉག་ཕྲ་བའི་དུས་སྐབས་དེར། རིན་པོ་ཆེ་མཆོག་གིས་རང་དོན་བློས་བཏང་སྟེ་༸རྒྱལ་བ་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་དང་དུ་བཞེས་ནས་རིམ་གྱིས་སློབ་གྲྭ་ཁག་ལ་ཕེབས་ནས་སློབ་སྤྱི་དང་ཆོས་དགེ་སོགས་ཀྱི་ལས་རིགས་འདྲ་མིན་གྱི་མཛད་འགན་བཞེས་ནས་བོད་མི་རིགས་ཀྱི་རིག་གཞུང་རྒྱུན་གནས་ཡོང་ཐབས་ལ་བྱས་རྗེས་རླབས་ཆེན་བཞག་འདུག་སྙམ་ལ། སློབ་སྤྱི་སོགས་མཛད་འགན་བཞེས་མུར་སློབ་གཉེར་ཡང་མཇུག་སྐྱོང་གནང་ནས་དགེ་བཤེས་ལྷ་རམས་དང་། སྔགས་རིམ་དམ་འཇོག་གནང་བ་སོགས་མཛད་ནས་མཁས་པའི་དབང་པོ་ཞིག་ཏུ་གྱུར།
དེ་བཞིན་ཕྱིའི་མི་སྣ་ཁག་གིས་རིན་པོ་ཆེའི་རྣམ་དཔྱོད་དང་ལྷག་བསམ་ལ་མཁས་ཀུན་ཡིད་དབང་འཕྲོག་ནས་གདེང་འཇོག་དང་མི་སྣ་གལ་ཆེན་ཞིག་ལ་ངོས་འཛིན་གྱིས་ཤེས་རིག་དང་འབྲེལ་བ་ཡོད་པའི་ཚོགས་སྡེ་ཉེར་གསུམ་ཙམ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་མཛད་འགན་བཞེས་ནས་རླབས་ཆེན་གྱི་བྱ་བཞག་སྒྲུབ་གནང་མཛད་ཡོད་པ་དང་། ལྷག་པར་ཝཱཎ་མཐོ་སློབ་ཀྱི་སློབ་སྤྱིའི་ཐུགས་འགན་བཞེས་ཏེ་འཛུགས་སྐྲུན་སོགས་གནང་ནས་རིས་སུ་མ་མཆིས་པའི་སློབ་གཉེར་བྱེད་སའི་གཙུག་ལག་སློབ་གཉེར་ཁང་མིང་དོན་མཚུངས་པ་འདི་ཉིད་རྒྱ་གར་དབུས་གཞུང་གི་ངོས་ལེན་ཡོད་པའི་མཐོ་སློབ་ཏུ་བསྐྲུན་ཐུབ་པ་བྱུང་ཡོད་ལ། མཐོ་སློབ་དེ་ནས་ཐོན་པའི་སློབ་མ་རྣམས་ལ་ཕྱི་ནང་སྐྱེ་བོས་གདེང་འཇོག་གང་འཚམས་ཐོབ་བཞིན་ཡོད། དེང་སྐབས་རང་རེའི་སྤྱི་ཚོགས་ཚོགས་སྡེ་འདྲ་མིན་ནང་ལས་ཀྱི་སྣེ་མོ་བའི་འགན་ཁུར་ཡང་བཞེས་ནས་སྤྱི་ཚོགས་ཞབས་ཞུ་ཞུ་མཁན་བྱུང་བཞིན་ཡོད་པས་དེ་ནི་རླབས་ཆེན་འབྲས་བུ་བཟང་པོ་སྐྲུན་ཐུབ་པ་རེད་སྙམ།
༸རྒྱལ་བ་རིན་པོ་ཆེའི་བཀའ་ལྟར་བོད་མི་མང་སྤྱི་འཐུས་ཐད་བསྐོས་གནང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ཐུགས་འགན་བཞེས་ནས་དེང་རབས་དང་མཐུན་པའི་ཁྲིམས་བཟོ་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་ལུགས་ཚགས་ཚུད་མཛད་ཡོད། དེ་བཞིན་བཀའ་ཁྲི་ཐོག་མར་མི་མང་གིས་འོས་འདེམས་གནང་ནས་བཀའ་ཁྲིའི་ཐུགས་འགན་བཞེས་པ་དང་། མ་འོངས་པ་ཕུག་རྒྱང་རིང་པོ་ཐུགས་དགོངས་བླ་མེད་དུ་བཞེས་ནས་ཡུལ་ཁྲིམས་དང་མ་མཐུན་པའི་ལས་དོན་ཡོངས་རྫོགས་གནས་ཡུལ་གྱིས་ཡུལ་ཁྲིམས་དང་མཐུན་པར་མཛད་ཅིང་།
རང་གཞུང་གི་བཟོ་ཚོང་ཁག་ལོ་མང་རིང་ཁེ་འབབ་མེད་པའི་གྱོང་གུད་ཀྱིས་བུན་ལོན་ནང་དུ་འཐིམ་ནས་རང་གཞུང་དཔལ་འབྱོར་དཀའ་ངལ་གནས་སུ་ལྷུང་ཡོད་པས་གྲོས་ཚོགས་ཀྱིས་བཀའ་ལུང་ཐོབ་པ་ལྟར་བཟོ་ཚོང་ཡོངས་རྫོགས་སྒེར་བདག་ཅན་ལ་བསྒྱུར་གནང་མཛད་ནས་རང་གཞུང་བུན་ལོན་གྱི་གནས་ལས་གྲོལ་ཐུབ་པ་བྱུང་ཡོད་ལ། བོད་མི་རིགས་འདི་ཉིད་ཇི་སྲིད་བདེན་མཐའ་མ་གསལ་བར་དུ་དེ་སྲིད་བོད་མིའི་སྒྲིག་འཛུགས་གནས་དགོས་པ་ཡིན་དུས་ཕུག་རྒྱང་རིང་པོར་དགོངས་པ་བཞེས་ནས་རང་གཞུང་གི་མ་དངུལ་ཐེབས་རྩ་ཁང་གསར་འཛུགས་གནང་ནས་ལས་དོན་རླབས་ཆེན་མཛད་ཡོད།
རང་གཞུང་གི་ལས་ཁུངས་ཡོངས་རྫོགས་ལ་དོན་མེད་རྒྱུན་གྲོན་མང་པོ་འགྲོ་གི་ཡོད་པར་འགྲོ་གྲོན་བསྲི་ཚགས་དགོས་པའི་བཀའ་ཁྱབ་གནང་ནས་ལོ་གཅིག་གི་ནང་ལ་རང་གཞུང་ལ་དངུལ་སྒོར་འབུམ་དུ་མ་ཞིག་བསྲི་ཚགས་གནང་ཐུབ་པ་བྱུང་ཡོད། བོད་མི་རིགས་རྒྱུན་རིང་གནས་དང་མི་གནས་དེ་བོད་མི་རིགས་ཀྱི་སྐད་ཡིག་ལ་ཐུག་ཡོད་པས། ཤེས་ཡོན་སྲིད་བྱུས་ཟིན་བྲིས་རྒྱ་ཆེ་མི་མང་ཡོངས་རྫོགས་ལ་བཀྲམ་ནས་སྣོན་འཕྲི་སྤོར་གཅོག་གང་དགོས་བསམ་ཚུལ་བསྡུ་ལེན་མཛད་ཅིང་། མཁས་དབང་དུ་མ་ཞིག་ཀྱང་རིམ་པས་གདན་འདྲེན་ཞུས་ནས་བགྲོ་གླེང་མཐར་ཕྱིན་པ་གནང་ཞིང་། མཐའ་མ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཁྲིམས་ལུགས་གཏན་འབེབས་མཛད་ཡོད། གོ་རིམ་ལྡན་པའི་ཐོག་ནས་ཁྲིམས་ལུགས་གཏན་འབེབས་མཛད་པ་དང་ཤེས་ཡོན་སྲིད་བྱུས་དེ་འདྲ་ཞིག་བོད་མིའི་དགོས་འདོད་དང་མཐུན་པའི་གཏན་འབེབས་གནང་བ་དེ་དག་ནི་ཆེས་རྨད་བྱུང་གི་བྱས་རྗེས་རླབས་ཆེན་དང་ལོ་རྒྱུས་ནང་གསེར་གྱི་བྲིས་ནའང་འབྲི་རིན་ཡོད་པ་ཞིག་རེད་སྙམ་ལ།
དེ་ལ་སོགས་པའི་རིན་པོ་ཆེ་མཆོག་གི་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་ཐད་ཕྱག་ལས་གནང་ཡོད་པས། ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་ནི་ཡ་རབས་བཟང་སྤྱོད་དང་འཇིག་རྟེན་ལུགས་དང་མཐུན་པ་ཞིག་རེད་ལ། གཏམ་དཔེ་ལས། དྲིན་ལ་དྲིན་ལན་མ་འཇལ་ན། །བསམ་ཤེས་མེད་པའི་ཁྱི་དང་འདྲ། །ཞེས་པ་ལྟར་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་བོད་མི་རིགས་ཡོངས་ཀྱི་འོས་འགན་ཞིག་ཀྱང་རེད་སྙམ། བོད་མི་རིགས་ཀྱི་ཤེས་ཡོན་དང་རྩ་དོན་ལ་མི་ཚེ་བློས་བཏང་གནང་ནས་ཕྱག་ལས་མཛད་མཁན་དུ་མ་བྱུང་ཡོད་པའི་ནང་ནས་རིན་པོ་ཆེ་མཆོག་ནི་ཆེས་ཕུལ་བྱུང་གི་མི་སྣ་མཆོག་ཏུ་གྱུར་པ་གཅིག་ལ་བགྲང་ན་མི་ཆོག་རྒྱུ་གང་ཡང་མེད། ཁོང་ནི་མཁྱེན་དཔྱོད་དང་བློ་གྲོས་རབ་ཏུ་རྒྱས་ཤིང་། བཀའ་སློབ་ཀྱི་ཚིག་འབྲུ་རེ་རེའི་ནང་ལོ་རྒྱུས་ཀྱི་གསོན་ཉམས་ལྡན་ལ། ནང་དོན་ཕུན་སུམ་ཚོགས་ཤིང་། ཆེས་རླབས་ཆེན་གྱི་རིན་ཐང་ལྡན་ཡོད་ན། ང་ཚོ་བོད་རིགས་ཡོངས་ཀྱི་བཀའ་སློབ་དེ་དག་སློབ་སྦྱོང་བྱེད་དགོས་རྒྱུ་དེ་ནི་ཧ་ཅང་གལ་ཆེ། ལྷག་པར་སློབ་གྲྭ་ཁག་གི་གཞི་རིམ་བར་མ་དང་གཞི་རིམ་གོང་མའི་རྩ་འཛིན་སློབ་དེབ་ནང་ལ་བཀའ་སློབ་དེ་རིགས་འདེམས་བཀོད་ཐུབ་ཚེ་རང་རེའི་ན་གཞོན་བློ་གསར་རྣམས་ལ་ཕན་ཐོགས་རླབས་ཆེན་ཡོང་ངེས་སྙམ།
ལྷག་པར་རིན་པོ་ཆེའི་བཀའ་སློབ་དེ་དག་ཟུར་ལྟའི་སློབ་དེབ་ཁོངས་སུ་བཞག་ན་ཆོས་དང་ཆབ་སྲིད་གང་གི་ཐོག་ནས་ཕན་ཐོགས་ཡོང་བ་འདུག་སྙམ། གང་ལྟར་མདོ་བསྡུས་ནས་བཤད་ན་རིན་པོ་ཆེ་མཆོག་ནི་བོད་མི་རིགས་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་མཁས་མཆོག་ཉག་ཡིན་པས། ད་རེས་ཀྱི་གོ་སྐབས་རྩ་ཆེན་འདི་བརྒྱུད་དེ་བོད་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གིས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམ་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཞིང་། ཐུགས་ཀྱིབཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང། མ་ཟད་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་གནས་ཤིང། མཛད་འཕྲིན་ཡར་ངོའེ་ཟླ་ལྟར་རྒྱས་ཤིང་བོད་དོན་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་ཤུགས་དང་བཅས་ཕུལ།
རྟོགས་བརྗོད་དུང་ཟླ་དྲི་མེད་ཤེལ་དཀར།

ཆོས་ལྡན་ཁ་བའི་ལྗོངས་ཀྱི་གནས་ཀྱི་མཆོག།།
ཞི་བདེའི་རང་དབང་ཁོ་ནར་བརྩོན་པའི་སྐབས།།
ཤར་ཕྱོགས་དམར་པོའི་རིང་ལུགས་བཙན་གྱིས་འཛུལ།།
ཞི་བདེའི་རང་དབང་ཡོངས་རྫོགས་བཙན་གྱིས་འཕྲོག།།

ཞི་བདེར་དགའ་བའི་གངས་ལྗོངས་མི་དམངས་ཀྱིས།།
མི་ལོ་དགུ་ཙམ་བཟོད་སྲན་བྱས་ན་ཡང་།།
དམར་པོས་གདུག་ལྕེ་གངས་ལྗོངས་ཡོངས་སུ་ཁྱབ།།
དེང་རབས་གོ་ཆས་གངས་ལྗོངས་ཁྲག་ལ་བསྒྱུར།།

ཤེས་རིག་ལོ་འདབ་སྔོན་མོ་སད་ཀྱིས་བཅོམ།།
གནའ་བོའི་མེས་པོས་བཞེངས་པའི་དགོན་རྙིང་རྣམས།།
མིང་ཙམ་ལྷག་མེད་གཏོར་བཤིགས་ཐལ་རྡུལ་བཏང་།།
གངས་ལྗོངས་མི་རྣམས་སྡུག་བསྔལ་མུན་པ་རུབ།།

མ་འོངས་མི་རིགས་འདི་ཉིད་འཚོ་གནས་ཆེད།།
ལེ་བར་བརྒྱ་ཕྲག་བརྒལ་ཏེ་བཙན་བྱོལ་ཕེབས།།
རང་དོན་དོར་ཏེ་གཞན་དོན་གཅེས་སུ་འཛིན།།
༸རྒྱལ་བའི་བཀའ་གསུང་སྤྱི་བོའི་གཙུག་ཏུ་བཀུར།།

ལུང་རིག་འབུམ་པ་གང་བྱོལ་ཚུལ་དུ་མཛད།།
གངས་ལྗོངས་མཁས་དབང་བརྒྱ་ཕྲག་འཛོམས་པའི་དབུས།།
དགེ་བཤེས་ལྷ་རམས་དམ་འཇོག་ཡོངས་མཛད་པས།།
མཁྱེན་དཔྱོད་མཁས་ཀུན་ཡིད་དབང་བཙན་གྱིས་འཕྲོག།།

༸རྒྱལ་བའི་བཀའ་ལྟར་གངས་ལྗོངས་སོན་རྩ་ལ།།
ངལ་བ་ལྷོད་མེད་ཤེས་རིག་འཆད་འཁྲིད་གནང་།།
ཤེས་རིག་བཅུད་ཀྱི་གངས་ལྗོངས་ན་གཞོན་ལ།།
ལེགས་བཤད་འབྲས་བཟང་བཅུད་ཀྱི་འོད་སྣང་སྦྱིན།།

མི་ཡུལ་ས་ཆ་ལག་མཐིལ་ཙམ་མེད་ཀྱང་།།
ངལ་མེད་ཤེས་རིག་སྦྱོང་སའི་མཐོ་སློབ་བསྐྲུན།།
ཆོལ་གསུམ་ཆོས་བརྒྱུད་རིས་མེད་གངས་ཕྲུག་ལ།།
གནའ་དེང་ཤེས་རིག་ལོ་འདབ་རྒྱས་པར་མཛད།།

༸རྒྱལ་བའི་བཀའ་ལྟར་སྲིད་ཀྱི་སྣེ་མོར་ཕེབས།།
སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡོངས་བཞེས་ནས།།
དེང་རབས་མཐུན་པའི་ཁྲིམས་ལུགས་སྲ་བརྟན་མཛད།།
མཁས་དབང་ཟམ་གདོང་ཞེས་བྱ་ཀུན་གྱིས་བསྟོད།།

མི་མང་འོས་འདེམས་བཀའ་ཁྲི་ཐོག་མར་ཕེབས།།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཆེད།།
ཡུལ་ཁྲིམས་མཐུན་པའི་ལྷན་ཁང་དེབ་བཀོད་ཅིང་།།
དངོས་བྱུང་མཛད་རྗེས་དེ་དག་ཨེ་ཧོ་རྨད།།

བོད་མིའི་ལྟ་གྲུབ་འཚེ་མེད་ཞི་བ་ཡིན།།
ལྟ་གྲུབ་མ་མཐུན་ལས་རིགས་ཕྱིར་བསྡུས་ནས།།
ལྟ་གྲུབ་མཐུན་པའི་སྲིད་ཇུས་གཏན་ལ་ཕབ།།
རྣམ་དཔྱོད་མཁས་དབང་ཁྱེད་ཉིད་ཨེ་ཧོ་རྨད།།

བཙན་བྱོལ་བོད་མིའི་ཚོང་གཞིའི་བསྟི་གནས་ཁག།
ཡར་རྒྱས་མེད་པའི་བུན་ལོན་གནས་སུ་ལྷུང་།།
བཟོ་ཚོང་སྒེར་བདག་བསྒྱུར་ནས་བུན་འཇལ་སྒྲུབ།།
བུན་ལོན་གནས་ལས་གྲོལ་མཛད་ཨེ་ཧོ་རྨད།།

སློབ་གྲྭ་བཙུགས་ནས་ལོ་མང་ཕྱིན་ན་ཡང་།།
ཤེས་ཡོན་སྲིད་བྱུས་འདི་ཡིན་སྟོན་རྒྱུ་མེད།།
གནའ་དེང་མཐུན་པའི་ཤེས་ཡོན་ཟིན་བཏབ་ནས།།
མཁས་དབང་གདན་འདྲེན་བགྲོ་གླེང་རིམ་པར་མཛད།།

ཤེས་ཡོན་སྲིད་བྱུས་གཏན་འབེབས་མཛད་ན་ཡང་།།
མིག་རྒྱང་འཐུང་བའི་བོད་མི་བསམ་མེད་འགས།།
མི་འདོད་རྣམ་འགྱུར་ཀུ་ཅོ་འདོན་ན་ཡང་།།
བློ་སྟོབས་ཆེན་པོའི་ཁྲིམས་ལུགས་གཏན་ལ་ཕབ།།

བོད་ཀྱི་ཤེས་རིག་མུན་ནག་འགྱུར་ཉེ་སྐབས།།
གནའ་དེང་ཟུང་འབྲེལ་ཤེས་ཡོན་སྒྲོན་མེ་སྦར།།
གངས་ཅན་ཤེས་རིག་འོད་སྣང་ཁྱབ་མགོ་ཚུགས།།
མཁྱེན་པའི་གཏེར་ཆེན་ཁྱེད་ཉིད་ཨེ་ཧོ་རྨད།།

དེང་རབས་རྫས་ལུད་སྣ་མང་ལ་བརྟེན་ནས།།
སྐྱེ་དངོས་འཕེལ་རྒྱས་མྱུར་ཚད་ཆེ་ན་ཡང་།།
འཇིག་རྟེན་ཁམས་དང་སྐྱེ་འགྲོའི་ལུས་ཁམས་ལ།།
གནོད་ཚབས་ཆེ་བས་སྲོལ་རྒྱུན་འདེབས་ལས་བཏོད།།

གོ་ལའི་སྟེང་ལ་སྲོལ་བཟང་གསར་བཏོད་ཀྱང་།།
ཕུག་འདུན་ཐུང་ཞིང་གནས་སྐབས་འདོད་རྔམ་ཅན།།
ཁེ་ཕན་ཆུང་བརྗོད་དེང་རབས་རྫས་ལུད་སྤྱད།།
སྐྱེ་བོ་དེ་དག་མཐོང་དུས་ཡིད་རེ་མུག།།

བོད་རྒྱ་འབྲེལ་མཐུད་མཛད་ཅིང་དབུ་མའི་ལམ།།
ཞི་འགྲིག་ཡོང་བའི་གྲོས་བསྡུར་རིམ་མཛད་དེ།།
བོད་མིའི་མངོན་འདོད་ཡིག་ཆ་གཙང་མ་སྤྲད།།
གཟུར་གནས་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག།།

ཕུགས་རྒྱང་རིང་པོའི་ཐུགས་དགོངས་ཆེར་བཞེས་ཀྱིས།།
ཡུལ་ཁྲིམས་མཐུན་པའི་བཙན་བྱོལ་མཚན་བྱང་ཡང་།།
ཁྲིམས་བཟོ་ལྷན་ཚོགས་ཐོག་ནས་གཏན་ལ་ཕབ།།
གཞུང་མང་ཉེན་ཁའི་གནས་ལས་གྲོལ་བར་མཛད།།

ཟམ་གདོང་བླ་མའི་རླབས་ཆེན་བཞེད་དགོངས་འོ་མཚོ་ལས།།
ཕན་བདེ་མ་ལུས་འབྱུང་གནས་ལེགས་བཤད་གཏེར།།
སྐལ་ལྡན་བུང་བའི་ཁྱུ་ཚོགས་བཅུད་ལྡན་ལེགས་བཤད་ལ།།
བློ་རྩེ་གཉིས་མེད་བདེན་པའི་རྟ་མཆོག་བཞོན་ནས་བསྐྱོད།།

ཁྱེད་ཀྱི་སྙིང་སྟོབས་ཞུམ་མེད་རབ་རྒྱས་ནས།།
སྨག་རུབ་འཐིམ་ཉེའི་གངས་ལྗོངས་འོད་གསལ་མཛད།།
ཡོད་ཚད་མི་རིགས་དོན་དུ་ཕམ་མེད་བཏང་།།
མཁྱེན་པའི་གཏེར་ཆེན་ཁྱེད་ཉིད་ཨེ་ཧོ་རྨད།།

ཁྱེད་ཀྱི་མཁྱེན་པའི་རླབས་ཕྲེང་ཐུགས་སྟོབས་ལས།།
འཚེ་མེད་ཞི་བའི་ཐབས་ལམ་མུན་སེལ་སྒྲོན།།
ལེགས་གསུང་བདུད་རྩིའི་བཅུད་ཀྱི་འབྲས་བཟང་འདིས།།
སྡང་དགྲ་ཡིན་ཡང་ཞི་ཞིང་འདུལ་བར་གྱུར།།

དོན་གཉེར་ཅན་ལ་ལུང་རིག་ཆར་པ་འབབ།།
མ་རིག་མུན་པ་སྒྲོན་མེ་གསལ་བར་མཛད།།
ཀུན་རྣམས་ཡིད་ཀྱི་དབང་པོ་ཡོངས་སུ་འཕྲོག།།
མཁས་པའི་གཙུག་རྒྱན་ཁྱེད་ལ་གུས་ཕྱག་འཚལ།།

ཁྱེད་ཀྱི་རིན་བྲལ་གསུང་བཤད་རེ་རེ་ནས།།
ལེགས་བཤད་བདུད་རྩིའི་སྦྲང་ཆར་ས་ལ་འབབ།།
ཞིང་ས་གཤིན་པོར་ལོ་ཡག་སྙེ་མ་སྨིན།།
འགྲོ་ཀུན་མུན་པའི་གནས་ལས་གྲོལ་བར་མཛད།།
ཅེས་པ་འདི་ནི་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་དུ་བྲིས་པ་ན་དེ་དོན་ཀུན་གྱིས་རྟོགས་པར་ཤོག་ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་ཟླ་ཚེས་ཉིན་མོར་གུས་འདུད་དང་བཅས་ཏེ་ཕུལ།