སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པའི་དབུ་འབྱེད་མཛད་སྒོར་ལམ་སྟོན་གསུང་བཤད་ཕེབས་པ།

༢༠༡༥ ཕྱི་ཟླ་ ༦ ཚེས་ ༢༣ ཉིན་སྔ་དྲོ་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་རྒྱ་བལ་གཉིས་ཀྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པའི་དབུ་འབྱེད་མཛད་སྒོ་ཚུགས་ཡོད་ཅིང་། Samdhong Rinpoche AT TCV 2015.6.23 (1)ཐོག་མར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བློས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྗེས་དྲན་དུ་སྐར་མ་གཅིག་རིང་ངག་བཅད་གུས་འདུད་དང་། ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ཕེབས་བསུ་དང་རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་ངོ་སྤྲོད། དྷ་སྟེང་བོད་ཁྱིམ་སློབ་སྤྱི་རྣམ་གྲོལ་བཀྲ་ཤིས་ལགས་ནས་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་གསུང་བཤད།
ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་རིགས་ལམ་འདུ་འཛོམས་དང་འབྲེལ་བའི་ལམ་སྟོན་གསུང་བཤད། སློབ་ཁག་གསུམ་གྱི་སློབ་མ་གཉིས་རེ་ནས་དེང་རབས་ཤེས་ཡོན་ཐོག་རྟགས་གསལ་གཟིགས་འབུལ་བཅས་གྲུབ་མཚམས། Samdhong-Rinpoche-AT-TCV-2015.6.23-7སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རིགས་ལམ་གྱི་གལ་གནད་ལས་བརྩམས་ཏེ། རིགས་ལམ་སློབ་སྦྱོང་གནང་རྒྱུ་དེ་སློབ་སྦྱོང་ཐམས་ཅད་ཀྱི་གཞི་མའམ་འཇུག་སྒོ་ལྟ་བུ་དེ་ཡིན་ཚུལ་དང་། སློབ་སྦྱོང་སྐབས་གལ་གནད་ཆེ་ཆུང་བརྩི་སྟངས་མ་ནོར་བ་དགོས་ཚུལ། རྣམ་དཔྱོད་མེད་ན་སློབ་སྦྱོང་གནང་མི་ཐུབ་པ་དང་། གནང་ཐུབ་ཀྱང་གཏིང་ཟབ་མི་ཡོང་བ་དཔེར་ན། འདམ་ལ་ཕུར་པ་བཏབ་པ་བཞིན་ཆགས་ཚུལ། སློབ་སྦྱོང་སྐབས་ཤེས་པ་དེ་ཡོན་ཏན་དང་ཆ་བཞག་པ་དེ་སྐྱོན་ཡིན་ཚུལ། ཆ་བཞག་པ་ལས་རྨོངས་ཞེན་ཡོང་ཚུལ། དེ་ནི་ཤེས་ཡོན་གྱི་འགལ་ཟླ་ཡིན་ཚུལ། ཐོག་མར་ག་རེ་ (What) དང་། ཅིའི་ཕྱིར། (Why) ཇི་ལྟར་ (How) བཅས་གསུམ་ཤེས་ན་སོ་སོས་ཤེས་པ་ཡིན་ཚུལ། ཆོས་ཀྱིས་རྨོངས་དད་སྤེལ་ཡོད་ནའང་། དེང་རབས་ཤེས་ཡོན་དང་ཚན་རིག་གིས་དེ་ལས་ལྷག་པ་རྨོངས་དད་སྤེལ་ཚུལ། Samdhong-Rinpoche-AT-TCV-2015.6.23-6ནང་པའི་སྲོལ་རྒྱུན་གྱི་ཤེས་ཡོན་དེ་ཐོས་བསམ་སྒོམ་གསུམ་ཐོག་ནས་འགྲོ་དགོས་ཚུལ། རིགས་པ་བཞིའི་སྒོ་ནས་དཔྱད་པ་བྱེད་དགོས་ཚུལ་སོགས་དང་། སྤྱིར་རྒྱ་གར་ནང་ཚད་མ་རིག་པ་བྱུང་ཚུལ་དང་། ཁྱད་པར་ནང་པའི་ཚད་མ་རིག་པ་བྱུང་ཚུལ་དང་ཡར་རྒྱས་འགྲོ་ཚུལ། ཡང་སྒོས་བོད་ནང་ཚད་མ་རིག་པ་དར་སྟངས། བོད་ཀྱིས་ནང་པའི་ཚད་མ་རིག་པའི་ཐོག་བསྡུ་ཆ་འབུལ་ཚུལ། བོད་ཀྱི་ཐུན་མོང་མ་ཡིན་པའི་རྟགས་གསལ་གཏོང་སྟངས་དེ་ཡག་པོ་ཤེས་ན། རྐང་པ་དང་། ལག་པ། སྐེད་པ། མགོ་བཅས་ཡོངས་རྫོགས་ཀྱི་ལུས་རྩལ་དང་། ངག་རྩལ་ནི་རླུང་སྦྱོང་ལོགས་སུ་མི་དགོས་པ། བསམ་བློ་ནི་མྱུར་བའི་ཤེས་རབ་སྐྱེད་ཐབས་དེ་ལྷག་མེད་པ་བཅས། གང་ལྟར་ལུས་ངག་ཡིད་གསུམ་སེམས་ཚོར་དང་བཅས་པ་ལྷན་ཅིག་ཏུ་སྦྱོང་བདར་སྤྲོད་པའི་ཐབས་ལམ་རྟགས་གསལ་ལས་ལྷག་པ་མེད་ཚུལ་དང་འཕྲོད་བསྟེན་ལ་ཇི་ཙམ་ཕན་ཚུལ་སོགས་ལམ་སྟོན་གསུང་བཤད་ཕེབས་པ་དང་། མཐར་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲུབ་འདུག

སྐབས་དེར་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས། བོད་ཁྱིམ་གྱི་ལས་ཀྱི་སྣེ་མོ་བ་རྣམ་པ་སོགས་མི་སྣ་ཁག་དང་། དེ་བཞིན་སློབ་གྲྭ་ཁག་ ༣༢ ནས་ཆོས་དགེ་ ༣༢ དང་སློབ་ཕྲུག་ ༡༩༥ ཙམ་བཅས་ཁྱོན་མི་གྲངས་ ༢༤༠ ཙམ་འདུ་འཛོམས་བྱུང་བ་མ་ཟད། ད་ལམ་གྱི་རིགས་ལམ་འདུ་འཛོམས་རྒྱས་པ་འདི་བཞིན་ ༢༠༡༥ ཕྱི་ཟླ་ ༦ ཚེས་ ༢༣ ནས་ ༢༩ བར་གནང་རྒྱུ་རེད་འདུག