སྐུ་ཞབས་རེ་མདོ་སེངྒེས་ཤེས་ཡོན་སྲིད་བྱུས་ཀྱི་བྱུང་རིམ་དང་ནང་དོན་སོགས་ཀྱི་ཐད་ཞུས་པའི་བཅར་འདྲི་ཁག་ལ་གནང་བའི་ལན་འདེབས།

དྲི་བ། གང་ཟག་སོ་སོར་མི་ཚེའི་རིན་ཐང་ངོས་འཛིན་བྱེད་སྟངས་མི་འདྲ་བ་རེ་ཡོད་པའི་དབང་གིས་ཤེས་ཡོན་གྱི་ངོ་བོ་དང༌། དགོས་དོན་ངོས་འཛིན་བྱེད་སྟངས་ལ་ཡང་རང་བཞིན་གྱིས་མི་འདྲ་བ་སྣ་ཚོགས་ཤིག་ཡོང་གི་ཡོད། རིན་པོ་ཆེའི་གཟིགས་ཚུལ་ལ་བོད་མི་རིགས་ཀྱི་ངོས་ནས་བཤད་ན་ཤེས་ཡོན་གང་འདྲ་ཞིག་ཐོབ་པར་བྱ་དགོས་པ་རེད་དགོངས་ཀྱི་ཡོད།

ལན། གང་ཟག་སོ་སོར་མི་ཚེའི་རིན་ཐང་ངོས་འཛིན་མི་འདྲ་བ་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། ཕྱོགས་གཅིག་ནས་གང་ཟག་སྒེར་སོ་སོར་མི་ཚེའི་རིན་ཐང་ངོས་འཛིན་མི་འདྲ་བ་ཡོད་པ་བཤད་མ་དགོས་པའི་ཐོག སྤྱི་ཚོགས་ལ་བལྟས་པ་ཡིན་ན་ཡང༌། སྤྱི་ཚོགས་དང་མི་རིགས་སོ་སོར་མི་ཚེའི་རིན་ཐང་ངོས་འཛིན་མི་འདྲ་བ་རེ་ཡོད་པ་ཤིན་ཏུ་གསལ་པོ་རེད། དེ་ཙམ་དུ་མ་ཟད་ཕྱིའི་ཤུགས་རྐྱེན་དང་དུས་རབས་ཀྱི་དབང་གིས་མི་ཚེའི་རིན་ཐང་ངོས་འཛིན་མི་འདྲ་བ་ཡོང་གི་ཡོད། དེར་བརྟེན་བོད་མིའི་ངོས་ནས་བཤད་ན་ཞེས་དྲིས་སྐབས་བོད་རིགས་ཁྱོན་ཡོངས་ཀྱི་མི་ཚེའི་རིན་ཐང་ངོས་འཛིན་གཅིག་གྱུར་ཅིག་ཡོད་པ་ལ་ཆ་བཞག་ན། ནང་དོན་རིག་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་བོད་མི་རིགས་ཀྱི་མི་ཚེའི་རིན་ཐང་ཡིན་དགོས་ཀྱི་རེད་བསམ་གྱི་འདུག གང་ཡིན་ཟེར་ན། བོད་མི་རིགས་དང་བོད་ཀྱི་ས་ཁྱོན་ལ་ཆོས་ལྡན་གྱི་ཞིང་ངམ་ཆོས་ལྡན་གྱི་རྒྱལ་ཁབ་ཅེས་ཐོག་མ་ནས་མིང་ཐོགས་པ་ཞིག་རེད་ལ། བོད་ཀྱི་བྱུང་རབས་ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན་སངས་རྒྱས་ཀྱི་ཆོས་ལུགས་བོད་དུ་མ་དར་བའི་གོང་ནས་བོད་མི་རིགས་ཀྱི་འཛུགས་སྐྲུན་བྱེད་སྟངས་དེ་ཆོས་འཛུགས་སྐྲུན་ཆེད་ཡིན་པ་ལྟ་བུ་ཞིག་ཡོད། སྤྱན་རས་གཟིགས་ཀྱིས་གདུལ་ཞིང་དུ་བཟུང་བའི་ཆོས་ཕྱོགས་ཀྱི་ལྟ་སྟངས་དེ་ལ་བལྟས་པ་ཡིན་ནའང་དེ་རང་ཡིན་པ་བཤད་མ་དགོས་ཤིང༌། མ་འོངས་པར་ཆོས་སྤེལ་བའི་ཆེད་དུ་བོད་ནང་འགྲོ་བ་མི་རིགས་སྤེལ་བ་ཞིག་ཡིན་པ་ང་ཚོས་བསམ་བློ་གཏོང་གི་ཡོད། ཆོས་ལ་དད་པ་མེད་པ་ཞིག་གི་ངོས་ནས་བལྟས་ཀྱང༌། མི་རིགས་སོ་སོར་ཐུན་མོང་མིན་པའི་ཁྱད་ཆོས་དང་ལག་རྗེས་རེ་ཡོད་ཅིང༌། ཁ་ཤས་ལ་དམག་དང༌། ཁ་ཤས་ལ་དཔལ་འབྱོར། ཁ་ཤས་ལ་སྒྱུ་རྩལ་དང་རྩོམ་རིག་བཅས་ཀྱི་ལག་རྗེས་ཡོད་པ་དེའི་ངོས་ནས་བལྟས་ན། བོད་ཀྱི་འདས་པའི་ལོ་སུམ་སྟོང་ཙམ་གྱི་བྱུང་རབས་ནང་བོད་མི་རིགས་ཀྱི་ལག་རྗེས་ཆེ་ཤོས་དེ་སྤྱིར་ནང་དོན་རིག་པ་དང༌། ལྷག་པར་དུ་སངས་རྒྱས་ཀྱི་ཆོས་ལུགས་འཛིན་སྐྱོང་སྤེལ་གསུམ་ཐོག་བཞག་ཡོད། བོད་དུ་སངས་རྒྱས་ཀྱི་ཆོས་ལུགས་མ་དར་གོང་དམག་དང་སྟོབས་ཤུགས་ཀྱི་ནུས་པ་ཕྲན་བུ་ཡོད་ཀྱང༌། དུས་རབས་བདུན་པ་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་བོད་དུ་བསྒྱུར་འགོ་ཚུགས་པ་ཚུན་ཆད་ནས་བོད་མི་རིགས་ཀྱི་ལག་རྗེས་ཆེ་ཤོས་རྒྱ་གར་ནས་དར་བའི་ནང་དོན་རིག་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ཡིན་པ་བཤད་མ་དགོས། ྋསྐྱབས་མགོན་རིན་པོ་ཆེའི་གསུང་སྟངས་ལྟར་ན་དཔལ་ན་ལེན་དྲའི་ཤེས་ཡོན་གྱི་བརྒྱུད་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཞེས་པ་དེ་རེད། ད་ལྟ་ཕན་ལ་བོད་མི་རིགས་ཀྱི་འགྲོ་སྟངས་དེ་ལྟར་ཕྱིན་པ་རེད། དེར་བརྟེན་ད་ལྟའི་གནས་སྐབས་ལ་བོད་མི་རིགས་ས་ཡ་དྲུག་ཡས་མས་ལས་མེད་པའི་གྲངས་འབོར་ཉུང་ངུ་འདི་ལ་འཇིག་རྟེན་ཡོངས་ལ་ངོས་འཛིན་དང་བརྩི་མཐོང་ཞིག་རག་གི་ཡོད། དེ་ཡང་ང་ཚོར་ནང་དོན་རིག་པའི་ཐོག་ལ་ལག་རྗེས་དམིགས་བསལ་བ་ཞིག་ཡོད་པ་དང༌། འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་པའི་རིག་གནས་ཤིག་དང་རིག་གཞུང་ཞིག་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད་པ་དེས་རེད། མ་འོངས་པར་ཡང་བོད་མི་རིགས་ཀྱི་ངོས་འཛིན་འདི་གནས་དགོས་ན། བོད་མི་རིགས་ཀྱི་མི་ཚེའི་རིན་ཐང་དེ་ནང་དོན་རིག་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ལས་འོས་མེད། གལ་ཏེ་ང་ཚོས་ངོས་འཛིན་འདི་བཞག་ནས་མི་ཚེའི་རིན་ཐང་གཞན་ཞིག་ངོས་འཛིན་བྱེད་ན་བོད་མི་རིགས་ཀྱི་ངོས་འཛིན་འདི་གནས་མི་ཐུབ། ས་ཡ་སྟོང་ཕྲག་ཡོད་པའི་མིའི་ནང་ས་ཡ་དྲུག་ནི་ཁ་ལག་ནང་ཚ་བརྒྱབས་པའི་ཚོད་ཀྱང་མེད་ཅིང༌། གྲངས་མང་མི་རིགས་ནང་ཐིམས་འགྲོ་བ་མ་གཏོགས།

ད་ལྟའི་བོད་མི་རིགས་ཀྱི་ངོས་འཛིན་འདི་བསྡད་ཐུབ་ཐབས་མེད། གལ་ཏེ་བོད་མི་རིགས་ཀྱི་ངོས་འཛིན་འདི་མུ་མཐུད་གནས་དགོས་པའི་གལ་གནད་ཅིག་ཡོད་ན། ང་ཚོའི་མི་ཚེའི་རིན་ཐང་ངམ། ཡང་ན་ཕྱོགས་གཞན་ནས་བཤད་ན་ང་ཚོའི་འགྲོ་བ་མི་རིགས་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཐུན་མོང་མ་ཡིན་པའི་ནང་དོན་རིག་པ་དཔལ་ན་ལེན་དྲའི་བརྒྱུད་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ཡིན་དགོས། འདི་མི་ཚེའི་རིན་ཐང་ལ་ངོས་འཛིན་བྱེད་ན། ཤེས་ཡོན་དེ་ངེས་པར་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྒྱས་ཐུབ་པ་ཞིག་དགོས། གང་ལྟར་མིའི་ལད་ཟློས་མི་བྱེད་པར་རང་གིས་བརྟག་དཔྱད་ཐུབ་པའི་བསམ་བློའི་ནུས་པ་ཞིག་བསྐྲུན་དགོས། སངས་རྒྱས་ཀྱིས་ཆོས་བསྟན་པའི་སྐབས། བསྲེགས་བཅད་བདར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་དད་པའི་ཐོག་ནས་སངས་རྒྱས་ཀྱིས་གང་གསུངས་པ་ལ་ཡིད་ཆེས་ཀྱིས་ཁས་ལེན་བྱེད་ན་མི་འགྲིགས་པ་དེ་ཐག་བཅད་ནས་གསུངས་ཡོད། དེ་མི་འགྲིགས་ན་རང་སྟོབས་ཀྱིས་དཔྱད་པ་བྱེད་ཤེས་པ་ཞིག་དང་བྱེད་ཐུབ་ངེས་ཤིག་དགོས་ཀྱི་ཡོད། དེ་ལ་ཚད་མ་རིག་པའི་རྣམ་གཞག་དེ་ཡང་དག་པར་ཤེས་དགོས་པ་མ་ཟད། བསམ་བློ་ལ་རང་དབང་ཡོད་པ་ཞིག་དགོས། མིས་ཡར་བཤད་ན་ཡར་དང༌། མར་བཤད་ན་མར་རེད་བསམས་ནས་ཆ་མི་བཞག་པར། རིགས་པས་བདར་ཤ་བཅད་དེ་རང་ལ་ཚད་མས་ངེས་པ་རྙེད་པ་ཞིག་མ་བྱུང་བར་དུ་བླུན་པོ་ཆུ་སྣ་གར་ཁྲིད་མི་བྱེད་མཁན་ཞིག་དང༌། གཞན་ཟེར་གྱི་རྗེས་སུ་མི་འབྲང་མཁན་ཞིག་དགོས། དེས་ན་ཤེས་ཡོན་སྲིད་བྱུས་ནང་བསམ་བློའི་རང་དབང་དེ་ཧ་ཅང་གལ་ཆེན་པོ་བརྩིས་ཡོད། བསམ་བློའི་རང་དབང་མེད་པ་ཤུགས་ཆེ་ཤོས་དེ་ལོ་དྲུག་ནས་བཅོ་ལྔ་ཉི་ཤུའི་བར་ཡོང་གི་ཡོད། དེ་སྐབས་གཞི་རིམ་འཛིན་གྲྭ་བཅུ་གཉིས་དང༌། དེ་ནས་མཐོ་རིམ་འཛིན་གྲྭ་གཉིས་གསུམ་ལྔ་སོགས་མི་ཚེ་ཕྱེད་ཀ་སློབ་གྲྭའི་ནང་སྐྱེལ་སྐབས་སློབ་མའི་བསམ་བློ་ནི་ཁོང་ཚོར་གང་བསླབ་རྒྱུའི་སློབ་ཚན་གྱི་གནོན་ཤུགས་འོག་ཕྱིན་པ་མ་གཏོགས། སོ་སོ་རང་ངོས་ནས་རྣམ་པར་འབྱེད་པའི་ནུས་པ་དང་འདུན་པ་གཉིས་ཀ་ཆུང་དུ་ཕྱིན་ཏེ། གང་དུ་ཁྲིད་ཁྲིད་ལྟ་བུར་ཆགས་ཀྱི་ཡོད། ལྷག་པར་དུ་མི་ཚེའི་རིན་ཐང་སོ་སོས་བརྟག་དཔྱད་བྱེད་མ་ཤེས་པར་བརྟེན།

མི་མང་བ་ཞིག་གིས་མི་ཚེའི་རིན་ཐང་བརྩི་སྟངས་དང༌། སྤྱི་ཚོགས་དང་ཤེས་ཡོན་གྱི་ཐོག་ནས་མི་ཚེའི་རིན་ཐང་ག་རེ་སློབ་མིན་ལ་ཆ་བཞག་པ་མ་གཏོགས་རང་གི་ཁམས་དང༌། བསམ་པ། བག་ལ་ཉལ། བློའི་ནུས་པ། སྔོན་གྱི་གོམས་པ་ལ་སོགས་པར་ལྟ་མ་ཤེས་པ་ཞིག་ཆགས་འགྲོ་གི་ཡོད། དེས་ན་ང་ཚོའི་ཤེས་ཡོན་དེ་བསམ་བློ་ལ་རང་དབང་ཡོད་པར་བཟོ་ཐུབ་པའི་ཤེས་ཡོན་ཞིག་ངེས་པར་དགོས་ཀྱི་ཡོད།

དྲི་བ། སྔ་མོ་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་སྐྱོ་བའི་གནས་སྐབས་ཀྱི་གྲུབ་འབྲས་དང༌། དེང་སང་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་ཡར་རྒྱས་སུ་ཕྱིན་པའི་སྐབས་ཀྱི་གྲུབ་འབྲས་གཉིས་བསྡུར་བ་ཡིན་ན། སྔ་མོ་ལས་དེང་སང་མཐུན་རྐྱེན་བཟང་པོའི་འོག་ནས་སློབ་སྦྱོང་བྱས་པའི་གྲུབ་འབྲས་སྐྱོ་བར་ཆགས་ཀྱི་ཡོད། དེ་རྐྱེན་རྩ་གང་འདྲ་ཞིག་ལ་ཐུག་པ་རེད་དགོངས་ཀྱི་ཡོད།

ལན། སྔོན་གྱི་མཁས་པ་དང་ལོ་ཙཱ་བ་དེ་ཚོ་སྤྱི་ཚོགས་དང་མཐུན་རྐྱེན་གྱི་གནས་སྟངས་གང་འདྲ་ཞིག་གི་འོག་ནས་སློབ་སྦྱོང་གི་གྲུབ་འབྲས་ཡག་པོ་དེ་ཙམ་ཐོན་པ་རེད་ཅེས་བཀའ་འདྲི་གནང་གི་ཡོད། གྲུབ་འབྲས་དེ་དག་གང་ཟག་སོ་སོ་སློབ་སྦྱོང་ལ་འཇུག་སྟངས་དང༌། དགེ་རྒན་ནམ་བླ་མས་སློབ་སྦྱོང་ལ་ཁྲིད་སྟངས་འདི་གཉིས་ཁོ་ནའི་སྟེང་ནས་ཡོང་བ་མ་གཏོགས། སྔ་མོ་ཡིན་ན་སྤྱི་ཚོགས་དང་ཁོར་ཡུག་ལ་དེ་ཙམ་བསྟུན་དགོས་པའི་གནས་སྟངས་ཤིག་མེད། སྤྱི་ཚོགས་དང་ཁོར་ཡུག་གི་གནས་སྟངས་ཇི་ཙམ་སྐྱོ་ཡང༌། བླ་མ་ཚད་ལྡན་ཞིག་གིས་སློབ་མ་ཚད་ལྡན་ཞིག་རྗེས་སུ་བཟུང་ན། དཔེར་ན། ལྷོ་བྲག་མར་པའི་རྣམ་ཐར་ལ་བལྟས་ཀྱང༌། ཁོང་ཚོ་བཞུགས་སའི་ཁོར་ཡུག་དེ་ཞིང་པ་དང་གྲོང་གསེབ་པའི་གནས་སྟངས་ཤིག་ལས་སློབ་སྦྱོང་གི་གནས་ཚད་མཐོ་བའི་སྤྱི་ཚོགས་ཤིག་མིན། ཁོང་ཚོའི་རྒྱུན་ལྡན་གྱི་འཚོ་ཐབས་ཀྱང་ངལ་རྩོལ་ལ་བརྟེན་པ་ཡིན། མི་ལ་རས་པས་མར་པ་མཇལ་སྐབས་ཞིང་རྨོ་བ་ཞིག་ཏུ་གཟིགས་པ་དེའི་ཐོག་ནས་གསལ་པོ་ཤེས་ཐུབ། འོན་ཀྱང་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་འགྲུབ་པའི་ཤེས་ཡོན་རྙེད་རྒྱུ་དེ་བླ་མའི་ནུས་པ་དང་སློབ་མའི་བརྩོན་འགྲུས་གཉིས་ལ་ཐུག་པ་རེད།

དེས་ན་སྐབས་དེ་དུས་བླ་སློབ་ཀྱི་འབྲེལ་བ་དང་བཤེས་གཉེན་བསྟེན་ཚུལ་གྱི་ཐོག་ནས་ཡོང་བ་དེའི་དབང་གིས་བྱུང་བ་རེད་བསམ་གྱི་འདུག

དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་དགེ་རྒན་ནི་ཕོགས་བརྒྱབས་པའི་གཡོག་པོ་རེད། ཕོགས་རྒྱག་མཁན་ནི་དགེ་ཕྲུག་རེད། དེར་བརྟེན་དགེ་རྒན་གྱིས་དགེ་ཕྲུག་ལ་ཕོགས་བརྒྱབས་པའི་རིན་དུ་ཤེས་ཡོན་ཕུལ་བ་མ་གཏོགས། སློབ་མས་བླ་མ་ལ་དད་པ་མེད་ལ། བླ་མས་སློབ་མ་ལ་བརྩེ་བ་ཡང་མེད། ཕྱོགས་གཉིས་ཀ་ཚོང་གི་འདུ་ཤེས་ཐོག་ནས་འགྲོ་བར་བརྟེན། ཤེས་ཡོན་ལམ་སྲོལ་དང་ཁོར་ཡུག་མི་འདྲ་བ་ཆགས་པ་རེད་བསམ་གྱི་འདུག ཤེས་ཡོན་གྱི་ལམ་སྲོལ་ནང་ཤེས་ཡོན་ལ་འཇུག་པའི་རིམ་པ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དང༌། ཤེས་ཡོན་ལ་འཇུག་པའི་ཆེད་དུ་བླ་སློབ་ཀྱི་འབྲེལ་བ་ཡོད་དགོས་པའི་གནས་སྟངས་དེ་མེད་པ་ཆགས་འགྲོ་བའི་སྐབས། ཤེས་ཡོན་གྱི་ལམ་སྲོལ་གང་འདྲ་ཞིག་བྱུང་ནའང༌། དེ་ནི་གནས་ཚུལ་ཤེས་རྟོགས་དང་གནས་ཚུལ་ལན་བསྐྱལ་རྒྱུ་ལས་ལྷག་པའི་བསམ་བློའི་ནང་ཡོན་ཏན་འཐོབ་རྒྱུ་ཞིག་མེད་པར་ཆགས་འགྲོ་གི་ཡོད། གནས་ཚུལ་ཤེས་རྟོགས་དེ་ཡང་གསར་འགྱུར་དང༌། གཟུགས་མཐོང་རླུང་འཕྲིན། འཛིན་གྲྭ དྲྭ་རྒྱ་སོགས་ནས་ཤེས་ཐུབ་ཀྱི་ཡོད། འདི་དག་ནི་སྔར་གནས་ཚུལ་མ་གོ་བ་ཞིག་གོ་བ་མ་གཏོགས། གནས་ཚུལ་གོ་བ་ལ་བརྟེན་ནས་གང་ཟག་དེའི་བསམ་བློ་ལ་བཟང་ངན་གྱི་ཁྱད་པར་རམ་ཡར་རྒྱས་གང་ཡང་འགྲོ་གི་མེད། གཅིག་བྱས་ན་ཉམས་ཆག་འགྲོ་གི་ཡོད་འགྲོ ཁྱད་པར་འདི་འདྲ་ཞིག་གི་ཐོག་ནས་ཡོང་བ་རེད་བསམ་གྱི་འདུག

དྲི་བ། གནའ་སྔ་མོ་བོད་ལ་ཁྲིམས་ལུགས་ཀྱི་རྒྱབ་གནོན་ཡོད་པའི་ཤེས་ཡོན་ལམ་སྲོལ་ཞིག་མེད་པ་བདེན་པ་ལྟ་བུ་རེད། ཡིན་ན་ཡང་ངའི་མཐོང་ཚུལ་དངོས་ཡོད་ལག་ལེན་གྱི་ཐོག་ནས་བལྟས་ན། དུས་སྐབས་མི་འདྲ་བ་སོ་སོར་བྱོན་པའི་སྐྱེས་བུ་དམ་པ་ཚོའི་རྣམ་ཐར་རྣམས་དུས་སྐབས་དེ་དང་དེའི་ཤེས་ཡོན་ལམ་སྲོལ་གསལ་ཤོས་དེ་རེད་བསམ་གྱི་ཡོད། འདིའི་ཐད་རིན་པོ་ཆེར་དགོངས་ཚུལ་གང་ཡོད་དམ།

ལན། དེ་ཁྱེད་རང་གི་དྲི་བ་དང་ངའི་བསམ་ཚུལ་གཅིག་པ་རེད། འདིའི་སྐོར་ངས་ཤེས་ཡོན་སྲིད་བྱུས་ཀྱི་སྔོན་གླེང་ནང་གསལ་པོ་ངོ་སྤྲོད་བྱས་ཡོད། དེ་ལ་ངས་ལན་གསར་པ་བརྒྱབ་དགོས་དོན་མི་འདུག ཤེས་ཡོན་སྲིད་བྱུས་ནང་གང་བཤད་ཡོད་ཅེ་ན། གཞུང་གི་ངོས་ནས་ཡུལ་མིར་ཤེས་ཡོན་སྲིད་བྱུས་སམ་འཆར་གཞི་མེད་པ་མ་གཏོགས། དབྱིག་གཉེན་གྱིས། ཚུལ་གནས་ཐོས་བསམ་དང་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་ལྟར་སློབ་སྦྱོང་གི་ལམ་སྲོལ་རྨད་དུ་བྱུང་བ་ཞིག་བོད་པའི་སྤྱི་ཚོགས་ནང་རང་བཞིན་གྱིས་ཡོད་མུས་རེད། དེར་བརྟེན་ཤེས་ཡོན་ལམ་སྲོལ་ཞེས་མིང་མ་བཏགས་པ་མ་གཏོགས། སྔ་མོ་བོད་ཀྱི་སྲོལ་རྒྱུན་ལམ་སྲོལ་ནང་ཡོད་པ་ལྟ་བུ་ཡག་པོ་ཞིག་གང་དུ་བཙལ་ཡང་རྙེད་ཁག་པོ་རེད། དེས་ན་སྔ་མོ་བོད་ཀྱི་སྤྱི་ཚོགས་ནང་ཤེས་ཡོན་ལམ་སྲོལ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

དྲི་བ། གནའ་སྔ་མོའི་ཤེས་ཡོན་ལམ་སྲོལ་དེ་གང་འདྲ་ཞིག་ཡིན་ཡང༌། ད་ལྟའི་མི་རྣམས་དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་སྤྱི་ཚོགས་ནང་འཚོ་དགོས་སྟབས། ང་ཚོའི་ཤེས་ཡོན་གྱི་སློབ་ཚན་དང་ལམ་སྲོལ་གཉིས་ཆ་ལ་དུས་དང་མཐུན་པའི་གསར་བརྗེ་གང་འདྲ་ཞིག་གནང་དགོས་པ་རེད་དགོངས་ཀྱི་ཡོད།

ལན། དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་སྤྱི་ཚོགས་ནང་འཚོ་དགོས་གསུངས་པ་དེ་གསལ་པོ་ཞིག་བཟོ་དགོས། ག་རེ་བྱས་ནས་འཚོ་དགོས་སམ། ཤེས་ཡོན་གྱི་སློབ་ཚན་དང༌། ཤེས་ཡོན་གྱི་ལམ་སྲོལ་བཅས་ལ་འགྱུར་བ་མ་བཏང་ཡང་ཤེས་ཡོན་ཡོད་མཁན་ཞིག་ཡིན་ན། དུས་རབས་གང་དུ་ཡིན་ཡང་འཚོ་མི་ཐུབ་པ་ཞིག་གཏན་ནས་མེད། ད་ལྟ་དུས་རབས་ཉེར་གཅིག་པའི་བཅུ་ཚན་དང་པོ་རྫོགས་ལ་ཉེ་བ་ཡིན། དུས་རབས་ཉེར་གཅིག་ནང་འཚོ་བའི་བོད་མི་ཚོ་ལ་བལྟས་ན། འཚོ་བ་ཡག་ཤོས་སྐྱེལ་མཁན་སྔ་མོའི་ཤེས་ཡོན་ལམ་སྲོལ་ཐོག་ནས་ཡོང་བའི་བླ་མ་དགེ་བཤེས་རྒན་གྲས་དེ་ཚོ་རེད། ཁོང་ཚོ་མི་ཚོས་གདན་འདྲེན་ཞུས་པ་མ་གཏོགས། ཁྲིམས་འགལ་གྱིས་ཕྱི་རྒྱལ་ཞིག་ལ་འགྲོ་ཨེ་ཐུབ་ལྟ་དགོས་ཀྱི་མེད། ང་ཚོས་དུས་རབས་ཉེར་གཅིག་དང་མཐུན་པའི་ཤེས་ཡོན་སློབ་སྦྱོང་ཞིག་བྱས་མེད།

འོན་ཀྱང་དུས་རབས་ཉེར་གཅིག་པའི་འཚོ་བའི་ནང་ང་ཚོ་མདུན་ལ་མ་སླེབས་པ་ཡིན་ཡང་རྗེས་ལུས་ཐེབས་ཀྱི་མི་འདུག དེར་བརྟེན་མི་ལ་གཞི་རིམ་གྱི་ཤེས་ཡོན་ཞིག་ཡོད་ན་དུས་རབས་འདིའི་ཤེས་ཡོན་འདི་རེད་ཅེས་ཐ་དད་ཅིག་མེད།

ལྟ་ཚུལ་གཞན་གྱི་ཐོག་ནས་བསམ་བློ་བཏང་ན། ད་ལྟ་ང་ཚོའི་མི་ཚེའི་འགྲོ་སྟངས་འདིས་བློ་ཁ་མ་ཁེངས་པར་དེང་སང་དུས་རབས་ཉེར་གཅིག་པའི་མི་ཚོས་མི་ཚེ་སྐྱེལ་སྟངས་ལྟར་མི་ཚེ་སྐྱེལ་དགོས་བསམ་པ་ཡིན་ན། ད་ལྟ་ང་ཚོ་ལ་ཡོད་པའི་ཤེས་ཡོན་སློབ་ཚན་དེ་དག་དགོས་ཀྱི་མེད། དེང་སང་གི་མིས་གང་སློབ་བཞིན་པའི་སློབ་ཚན་དེ་དག་བསླབ་དགོས་ཀྱི་རེད། དེ་ལྟར་མ་ཡིན་པར་སྲོལ་རྒྱུན་གྱི་ཤེས་ཡོན་ཚད་ལྡན་ཡོད་པའི་མི་ཞིག་དུས་རབས་ཉེར་གཅིག་པའི་གནས་བབ་དང་འཚམས་པའི་ཤེས་ཡོན་སློབ་སྦྱོང་བྱས་མྱོང་མེད་སྟབས་འཚོ་ཐུབ་ཀྱི་མ་རེད་ཟེར་ན། དེ་ངས་བདེན་པར་ངོས་འཛིན་བྱེད་ཀྱི་མེད། ཤེས་ཡོན་རྩ་བ་ནས་མེད་པ་ཞིག་ཡིན་ན་ནི་ངེས་པར་དུ་ཤེས་ཡོན་ཞིག་དགོས། ང་ཚོར་སྔར་དུས་རབས་བདུན་པའི་སྐབས་ཀྱི་མི་ཚོས་ཤེས་ཡོན་སློབ་སྦྱོང་བྱས་པ་ལྟ་བུ་ཞིག་ཡོད་ན། དུས་རབས་ཉེར་གཅིག་སོགས་གང་དུ་ཡིན་ཡང་འཚོ་ཐུབ་པ་མ་གཏོགས། འཚོ་མ་ཐུབ་པའི་དཀའ་ངལ་གཏན་ནས་མེད།

དྲི་བ། ཤེས་ཡོན་སྲིད་བྱུས་ཀྱང་སྤྱི་ཚོགས་ཀྱི་འགྱུར་བ་དང་བསྟུན་ཏེ་དུས་ནས་དུས་སུ་འགྱུར་བ་གཏོང་དགོས་པ་འདོད་མཁན་གྱི་རིགས་ཤིག་དང༌། ཡང་ཤེས་ཡོན་ལམ་སྲོལ་གྱིས་མིའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་དེ་བསམ་བློ་དང་ཀུན་སྤྱོད་ལ་བཏང་འཛིན་བྱ་དགོས་པ་མ་གཏོགས། ཤེས་ཡོན་ལམ་སྲོལ་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འགྱུར་བ་གཏོང་དགོས་པའི་ངེས་པ་མེད་ཟེར་བའི་བཤད་ཚུལ་གཉིས་ལས་རིན་པོ་ཆེས་གང་ཞིག་འཐད་པར་ངོས་འཛིན་གནང་གི་ཡོད།

ལན། ངས་གཉིས་པ་དེ་རྒྱུ་མཚན་ལྡན་པར་མཐོང་གི་ཡོད། སྤྱི་ཚོགས་ཀྱི་འགྱུར་བ་དང་བསྟུན་ནས་ཤེས་ཡོན་ལམ་སྲོལ་ལ་འགྱུར་བ་གཏོང་དགོས་ན་ཤེས་ཡོན་སྲིད་བྱུས་བཟོ་མི་ཐུབ། སྤྱི་ཚོགས་ཉིན་རེ་བཞིན་འགྱུར་བ་འགྲོ་བ་ཡིན། ཤེས་ཡོན་སྲིད་བྱུས་ཀྱིས་སྤྱི་ཚོགས་ལ་འགྱུར་བ་གཏོང་མ་ཐུབ་པ་དང༌། སྤྱི་ཚོགས་ལ་སྲུང་སྐྱོབ་བྱེད་མ་ཐུབ་པར། སྤྱི་ཚོགས་ཀྱི་འགྱུར་བ་བཞིན་ཤེས་ཡོན་ལམ་སྲོལ་འགྱུར་བ་ཕྱིན་ན་ཤེས་ཡོན་སྲིད་བྱུས་ཀྱི་དགོས་མཁོ་མེད། གང་ལྟར་ཤེས་ཡོན་ཐབས་ལམ་གྱི་སྟེང་ནས་མིའི་སྤྱི་ཚོགས་བཟང་པོ་བཟོ་ཐུབ་པ་ཞིག་དགོས་པར་བརྟེན། མིས་དུས་ཚོད་ལ་འགྱུར་བ་གཏོང་དགོས་པ་མ་གཏོགས། དུས་ཚོད་ཀྱིས་མི་ལ་འགྱུར་བ་བཏང་ན་དེ་ནི་ཕན་ཐོགས་ཀྱི་མེད། དཔེར་ན། མི་ཀུན་གྱིས་གུས་ཞབས་དང་བརྩི་མཐོང་ཆེན་པོ་ཞུ་བའི་སྐྱེས་བུ་དམ་པ་བྱུང་རབས་ནང་འཁོད་པ་དེ་དག་ཐམས་ཅད་ཀྱིས་དུས་ལ་འགྱུར་བ་བཏང་བ་མ་གཏོགས། དུས་ཀྱིས་ཁོང་ཚོར་འགྱུར་བ་བཏང་བ་བྱུང་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐབས་དེར་དུས་དང་མི་མཐུན་པའི་ཆོས་ཤིག་གསུངས་པ་མ་ཟད། སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱིས་ཀྱང་སྐབས་དེའི་ཡོངས་གྲགས་ཀྱི་བཤད་པ་དང་མི་མཐུན་པ་ཞིག་གསུངས་ཡོད། དེས་ན་མིའི་དབང་གིས་དུས་ཚོད་ལ་འགྱུར་བ་འགྲོ་དགོས། ཉེ་བའི་ཆ་ལ་བདག་ཉིད་ཆེན་པོ་གཱཾདྷཱི་སོགས་ཀྱང་དུས་ཚོད་ལ་རྒྱབ་ཕྱོགས་ནས་ཕེབས་ཡོད། དེས་ན་དུས་ཚོད་ལ་རྒྱབ་ཕྱོགས་ནས་ཕེབས་མཁན་ཚོ་སྐྱེས་བུ་དམ་པ་དང༌། དུས་ཚོད་ལྟར་འགྲོ་མཁན་ཚོ་སྐྱེས་བུ་ཕལ་པའི་རིགས་སུ་གཏོགས། ཤེས་ཡོན་དེ་དུས་ཀྱི་དགོས་མཁོ་དང་བསྟུན་ནས་འགྱུར་བ་འགྲོ་དགོས་ན་ཤེས་ཡོན་སྲིད་བྱུས་དགོས་ཀྱི་མེད། ཤེས་ཡོན་སྲིད་བྱུས་ཤིག་དགོས་ན་ཤེས་ཡོན་གྱིས་དུས་ལ་བཟང་ཕྱོགས་སུ་འགྱུར་བ་གཏོང་ཐུབ་དགོས།

དྲི་བ། བོད་ཀྱི་སྣོད་བཅུད་གཉིས་ཆ་རྒྱ་ལག་ཏུ་ཤོར་དགོས་པར་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་སྲིད་ཀྱང་རིན་པོ་ཆེའི་ངོས་ནས་རྒྱུ་རྐྱེན་གཙོ་བོ་གང་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད། རྒྱ་མི་བཙན་ཤུགས་ཆེ་བ་རྒྱུ་རྐྱེན་གཅིག་ཡིན་ངེས་པ་རེད། བོད་མི་རིགས་རང་ཉིད་ཀྱི་ངོས་ནས་ཤེས་ཡོན་ལས་དོན་ཐོག་ནོར་འཁྲུལ་དང་འཐུས་ཤོར་གང་འདྲ་ཞིག་བཏང་ཡོད་པ་རེད་དགོངས་ཀྱི་ཡོད།

ལན། རྒྱ་མི་སྟོབས་ཤུགས་ཆེན་པོ་ཡིན་པ་དེ་གནའ་སྔ་མོ་ནས་མ་གཏོགས་ལྔ་བཅུ་ང་གཅིག་ལོར་གློ་བུར་དུ་ཆགས་པ་དེ་འདྲ་མིན། སྔ་མོ་བོད་སྟོབས་ཤུགས་ཆེ་སྐབས་རྒྱ་མིའི་ས་ཆ་མང་པོ་བཟུང་མྱོང་ཡོད། ཡིན་ཡང་རྒྱུན་དུ་དབང་བསྒྱུར་ནས་བསྡད་མེད། སོག་པོས་བོད་ལ་དབང་བསྒྱུར་བ་དེ་ཡང་ལོ་ཉི་ཤུ་ཡས་མས་མ་གཏོགས་གནས་ཐུབ་མེད། ཕྱི་ལོ་༡༩༥༡ ལོར་བོད་རྒྱ་ནག་གི་དབང་བསྒྱུར་འོག་འགྲོ་དགོས་བྱུང་བ་དེ་བོད་པས་ནོར་མེད་ཅེས་ངས་བཤད་ཀྱི་མེད། བོད་པའི་ངོས་ནས་མང་པོ་ནོར་ཡོད། ཡིན་ཡང་བོད་པ་ལ་དེང་རབས་ཀྱི་ཤེས་ཡོན་མེད་པ་དེ་གཅིག་པུའི་དབང་གིས་རེད་ཅེས་ངས་བཤད་ཀྱི་མེད། དེང་རབས་ཀྱི་ཤེས་ཡོན་སྐབས་དེ་དུས་འབྲུག་པའི་རྒྱལ་ཁབ་ལ་ཡང་མེད། ཕྱི་ལོ་༡༩༥༡ ལོར་བོད་དང་འབྲུག་པ་གཉིས་བསྡུར་ན་དེང་རབས་ཤེས་ཡོན་བོད་པ་ལ་མང་བ་མ་གཏོགས་འབྲུག་པ་ལ་ལྷག་པ་མེད། དེ་དུས་བོད་པའི་སྐུ་དྲག་གི་སྲས་ཚོ་རྡོ་རྗེ་གླིང་དང༌། ཀ་ལོན་སྦུག་སོགས་སུ་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་མཁན་མང་པོ་ཡོད། དེ་དུས་འབྲུག་པའི་མི་དེང་རབས་ཤེས་ཡོན་སློབ་སྦྱོང་བྱེད་མཁན་ཕལ་ཆེར་མཐོང་རྒྱུ་མེད། ཡིན་ཡང་འབྲུག་པའི་རྒྱལ་ཁབ་ཤོར་མེད་ཀྱང་བོད་ཀྱི་རྒྱལ་ཁབ་ཤོར་བ་རེད། དེ་ནི་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་འགྱུར་འགྲོས་ཤིག་ལ་ལྟ་དགོས་པ་ལས། བོད་པ་རྐྱང་པས་བྱེད་སྟངས་འགྲིག་མ་འགྲིག་ལ་བལྟས་ནས་བཤད་མི་ཐུབ་སྙམ།

དུས་རབས་ཉི་ཤུ་པའི་ནང་དུ་འཛམ་གླིང་དམག་ཆེན་གཉིས་བྱུང༌། དེའི་གོང་དུ་འཛམ་གླིང་དམག་ཆེན་ཟེར་བ་ཞིག་བྱུང་མེད། དེ་བཞིན་དུས་རབས་ཉི་ཤུ་པའི་ནང་ཨུ་རུ་སུ་དང་རྒྱ་ནག་ནང་དུ་དམར་པོའི་ལྟ་བ་དར་བ་རེད། དེ་ལ་བརྟེན་ནས་རིག་གནས་གསར་བརྗེ་ཆེན་པོ་སོགས་གནས་ཚུལ་ངན་པ་མང་པོ་བྱུང༌། མི་ས་ཡ་མང་པོ་ཁྲིམས་ཀྱི་འོག་ཏུ་དམར་གསོད་བཏང་བ་དང་ལྟོགས་ཤི་ཐེབས་པ་བྱུང༌། དམག་ཆེན་གཉིས་པའི་གོང་དུ་ཇར་མ་ནིའི་ནང་དུ་འཇིའུ་མི་རིགས་ས་ཡ་མང་པོ་སྡེབ་གསོད་བཏང་ནས་མི་རིགས་གཙང་སེལ་གྱི་གནས་ཚུལ་ངན་པ་དེ་བྱུང་བ་རེད། གང་ལྟར་དུས་རབས་ཉི་ཤུ་པའི་ནང་དེ་སྔ་བྱུང་མ་མྱོང་བའི་གནས་ཚུལ་དམག་དང་མཚོན་གྱི་བསྐལ་པ་ལྟ་བུ་ཞིག་བྱུང༌། འདི་དག་གི་འབྱུང་རྩ་གཙོ་བོ་དེང་རབས་ཀྱི་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་སོང་བའི་དབང་གིས་རེད།

ནུབ་ཕྱོགས་ཀྱི་ཡུལ་ལུང་འཕྲུལ་ལས་ཅན་དུ་གྱུར་པ་ནས་བཟུང་མིའི་དགོས་མཁོ་ལས་མང་བའི་བཅའ་དངོས་ཐོན་སྐྱེད་བྱེད་པའི་གནས་ཚུལ་གསར་པ་དེ་བྱུང༌། སྔ་མོ་མིའི་དགོས་མཁོ་ཡོད་པའི་བཅའ་དངོས་རྣམས་མིའི་ལག་པས་ཐོན་སྐྱེད་བྱེད་ཀྱི་ཡོད་སྟབས་མིའི་དགོས་མཁོ་ལས་བརྒལ་བ་ཞིག་བཟོ་བསྐྲུན་བྱེད་ཀྱི་མེད། མི་ཞིག་གིས་ཉིན་གཉིས་གསུམ་རིང་དཀའ་ལས་བརྒྱབས་ནས་ལྷམ་ལྟ་བུ་གཅིག་མ་གཏོགས་བཟོ་མི་ཐུབ་པའི་གནས་སྟངས་དེ་ད་ཆ་འཕྲུལ་འཁོར་ནང་དུ་ཆུ་ཚོད་སྐར་མ་འགའ་ཤས་ནང་ཉིས་བརྒྱ་སུམ་བརྒྱ་བཟོ་ཐུབ་ཅིང༌། དེ་ལྟར་ཚོང་ལས་ཡར་རྒྱས་ཀྱིས་མ་རྩའི་རིང་ལུགས་མངོན་གསལ་དོད་དུ་ཆགས་སྐབས་མ་རྩའི་རིང་ལུགས་ཀྱིས་བཤུ་གཞོག་གཏང་སའི་བཟོ་ལས་གྲལ་རིམ་རྣམས་དཀའ་བའི་གནས་སུ་གྱུར། དམར་པོའི་ལྟ་བ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་མ་རྩ་བདག་པོའི་ཁེ་བཟང་ལྷག་མ་དེ་དངོས་གནས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་པའི་གྲལ་རིམ་ལ་མ་ཐོབ་པ་དེའི་དབང་གིས་རེད། དྷཱས་ཀེ་པི་ཊལ་ཟེར་བའི་མ་ཁེ་སིའི་གཞུང་ལུགས་གྲགས་ཅན་དེའི་ནང་དོན་གཙོ་བོ་ནི་དཔལ་འབྱོར་བགོ་བཤའ་འདྲ་མཉམ་དང༌། བཟོ་པ་དང་ཞིང་པ་ལ་ཐོབ་ཐང་གང་ཡོད་པ་དེ་རག་དགོས་པའི་སྐོར་རེད། མ་རྩའི་རིང་ལུགས་སྐབས་བཤུ་གཞོག་ཡོང་དགོས་པའི་རྐྱེན་རྩ་གཅིག་ནི་དགོས་མཁོ་ལས་བརྒལ་བའི་དངོས་པོ་ཐོན་སྐྱེད་བྱེད་སྐབས་བཅའ་དངོས་དེ་དག་ཉོ་མཁན་གྱི་ཁྲོམ་རྭ་ཞིག་དགོས་ཤིང༌། དེ་ཡང་མིའི་སེམས་རྒྱུད་ཀྱི་འདོད་སྲེད་ཤུགས་ཆེ་སྤེལ་ནས་རང་ལ་དགོས་མཁོ་གང་ཡིན་དབྱེ་འབྱེད་ཐུབ་པའི་ནུས་པ་དེ་མེད་པ་བཟོ་དགོས། དེའི་ཆེད་ཁྱབ་བསྒྲགས་དང་འགྲན་བསྡུར་བྱེད་པ་མ་ཟད། ཤེས་ཡོན་སློབ་གསོའི་ནང་དུ་ཡང་གནད་དོན་དེ་བཅུག་གི་ཡོད། དེར་བརྟེན་མིའི་འདོད་པ་ཇེ་ཆེར་སོང་ནས་མི་གཅིག་ལ་ལྷམ་གཅིག་གིས་འགྲིག་ས་ལ་བཅོ་ལྔ་དང༌། སྟོད་ཐུང་གཅིག་གིས་འགྲིག་ས་ལ་ཉི་ཤུ་དགོས་ཀྱི་ཡོད། སྤྱི་ཚོགས་ནང་དབུལ་ཕྱུག་གི་ཁྱད་པར་ཆེ་རུ་འགྲོ་དགོས་པའི་རྒྱུ་མཚན་གཙོ་བོ་འཕྲུལ་ལས་ཀྱི་ཐོན་སྐྱེད་མང་དུ་ཕྱིན་པར་བརྟེན། མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་དབར་འགལ་ཟླ་དེ་བྱུང༌། དེས་འཛམ་བུའི་གླིང་ལ་འགྱུར་བ་ཧ་ཅང་མང་པོ་ཕྱིན་པ་རེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་སོ་ཝི་ཡཏ་ཡུ་ནི་ཡན་ཟེར་བའི་འོག་ཏུ་གོང་བུ་བྱས་ནས་བསྡད་པ་རེད།

འོན་ཀྱང་དེང་སང་ཐོར་ནས་སོ་སོར་གྱུར་ཟིན། འགྱུར་འགྲོས་དེའི་འོག་ནས་རྒྱ་ནག་དམར་ཤོག་ཏུ་ཕྱིན་པ་མ་ཟད། བོད་དང་ཤིང་ཅང་སོགས་ཀྱང་དེའི་འོག་ལ་ཕྱིན་པ་རེད། དེ་སྐབས་ང་ཚོས་སྲུང་སྐྱོབ་མ་ཐུབ་པ་ནི། སྐབས་དེ་དུས་བོད་ཀྱི་ཆབ་སྲིད་དབང་འཛིན་པ་ཚོར་ཆབ་སྲིད་ཀྱི་བསམ་ཚུལ་མེད་པ་དང༌། ཆབ་སྲིད་ཀྱི་བསམ་ཚུལ་ཡོང་ཐུབ་པའི་ཤེས་ཡོན་གྱི་གནས་ཚད་མེད་པ་དེས་དབང་གིས་ཡིན་པ་དེ་དངོས་ཡོད་རེད། ལྷག་པར་དུ་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་ཆབ་སྲིད་སྲ་བརྟན་ཆེད་འཆར་གཞི་གང་བཏིང་བ་ཡོངས་རྫོགས་ལམ་ལྷོང་མ་བྱུང་བ་དང༌། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་རྫོགས་ནས་ཕྱི་ལོ་༡༩༥༡ བར་དུ་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་མཐའ་དག་གཏན་ནས་ཡག་པོ་བྱེད་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ནས་བྱུང༌། གལ་སྲིད་ང་ཚོའི་ཆབ་སྲིད་དབང་འཛིན་པ་ཚོ་ཕྲན་བུ་བོད་རྒྱལ་ཁབ་ཀྱི་དོན་དུ་བསམ་བློ་གཏོང་ཐུབ་མཁན་ཞིག་དང༌། རྒྱལ་སྤྱིའི་གནས་བབ་ཀྱི་ཆབ་སྲིད་འགྲོ་སྟངས་ཤེས་མཁན་ཕྲན་བུ་ཞིག་ཡིན་ན་ད་ལྟའི་གནས་སྟངས་འདི་ཡོང་མི་ཤེས་པ་ལྟ་བུ་རེད། དེ་བོད་པའི་ཤེས་ཡོན་ལམ་སྲོལ་གྱིས་མ་འགྲིག་པ་གང་ཡང་མིན། བོད་ཀྱི་ཤེས་ཡོན་ལམ་སྲོལ་དེ་རང་ཐོག་ནས་བོད་རང་བཙན་བྱས་ནས་ལོ་སྟོང་ཕྲག་མང་པོ་བསྡད་པ་རེད། ལྷག་པར་དུ་རྒྱ་ནག་ལ་དབང་སྒྱུར་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་སོག་པོ་ལྟ་བུའི་འོག་ཏུ་ཡང་ལོ་ཉི་ཤུ་ལྷག་ལས་བསྡད་དགོས་མ་བྱུང༌། སྐབས་དེ་དུས་ཆབ་སྲིད་ཀྱི་བསམ་ཚུལ་མེད་པ་དེ་དེང་རབས་ཀྱི་ཤེས་ཡོན་མེད་པའི་དབང་གིས་བྱུང་བ་རེད་ཅེས་མཐའ་འཕུལ་གྱི་རིགས་པས་བསྒྲུབ་ན་བསྒྲུབ་མི་ཐུབ་པ་མིན་རུང༌། ལར་ནས་བོད་དུ་དེ་སྔ་དེང་རབས་ཀྱི་ཤེས་ཡོན་སླེབས་ཐུབ་ན་དེ་ལས་ཕྲན་བུ་དྲག་པ་ཡོང་སྲིད། ཡིན་ཡང་བརྒྱ་ཆ་བརྒྱ་ཐམ་པ་དེང་རབས་ཀྱི་ཤེས་ཡོན་ཐོག་ལ་ཁག་བཞག་ཐུབ་ཀྱི་མ་རེད་བསམ་གྱི་འདུག

དྲི་བ། བཙན་བྱོལ་བོད་གཞུང་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་ཤེས་ཡོན་སྲིད་བྱུས་འདི་དབྱིན་ཇིས་ཁོ་རང་ཚོའི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བཟོས་པ་ཞིག་ཡིན་སྟབས་ང་ཚོ་ལ་འཚམས་པོ་མེད་གསུངས་པ་འདི་རེད། རིན་པོ་ཆེའི་ངོས་ནས་རྒྱ་གར་དབྱིན་ཇིའི་སྲིད་གཞུང་གིས་བཟོས་པའི་ཤེས་ཡོན་སྲིད་བྱུས་དེའི་ལག་ལེན་དང་ལྟ་བའི་དོན་ཚན་གང་དང་གང་ང་ཚོ་ལ་མི་འཚམས་པའི་སྐྱོན་གནད་ཅན་དུ་གཟིགས་ཀྱི་ཡོད།

ལན། གང་དང་གང་སྐྱོན་གནད་ཅན་དུ་མཐོང་གི་ཡོད་ཅེས་དྲིས་ན་མཐའ་མེད་པ་ལྟ་བུ་རེད། རེ་རེ་གྲངས་ཀ་བརྒྱབས་ནས་ད་ལྟ་དུས་ཚོད་ཐུང་ངུའི་ནང་བགྲོ་གླེང་བྱེད་མི་ཐུབ། མདོར་བསྡུས་ན། རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་དེ་ནས་ཐོན་པའི་མི་དེ་ཚོའི་བསམ་སྤྱོད་ནི་གཡོག་པོ་རྒྱུག་མཁན་ཞིག་དང༌། གཞན་བརྟེན་གྱི་བསམ་བློ་ཡོད་མཁན་ཞིག་ཡོང༌། ལྷག་པར་དུ་རང་གི་ཚེ་འདིའི་འཚོ་ཐབས་རྐྱང་པ་ལ་བསམ་བློ་གཏོང་མཁན་ཞིག་བསྐྲུན་པ་རེད། གང་ལགས་ཤེ་ན། རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་བཟོ་སྐབས་ནས་རྒྱ་གར་དེ་དབྱིན་ཇིའི་མངའ་འོག་ཏུ་ཡག་པོ་བསྡད་ཐུབ་པའི་ཆེད་དུ་བསམ་བློ་བཏང་ནས་བཟོས་པ་ཞིག་རེད། དེར་བརྟེན་ལམ་སྲོལ་དེ་ནས་ཐོན་པའི་སྐབས་སུ་སོ་སོ་རང་གིས་ལས་ཀ་བྱེད་པའི་བསམ་བློ་དེ་ཧ་ལམ་མེད་པ་ལྟ་བུ་རེད། ང་ལ་ཕོགས་རྒྱག་མཁན་དང་གཡོག་བཀོལ་མཁན་ཞིག་བྱུང་ན་དེའི་གཡོག་པོ་རྒྱུག་གི་ཡིན་བསམ་པ་མ་གཏོགས། ང་མི་གཞན་གྱི་གཡོག་པོ་རྒྱུག་གི་མིན། རང་དབང་བྱས་ནས་བསྡད་ཀྱི་ཡིན་སྙམ་པའི་བསམ་ཚུལ་དེ་བརླགས་འགྲོ་བ་རེད། དེ་སྐབས་མི་གཞན་ལ་མ་བརྟེན་ན་རང་གི་མི་ཚེ་འཚོ་མི་ཐུབ་པ་ལྟ་བུ་ཆགས་འགྲོ ད་ལྟ་སློབ་གྲྭ་ཁག་ནས་འཐོན་བཞིན་པའི་ང་ཚོའི་བོད་པའི་གཞོན་སྐྱེས་ཚོ་ལ་བལྟས་ན་ཧ་ཅང་གསལ་པོ་རེད། ཁོང་ཚོ་ཕོགས་རྒྱག་མཁན་ཞིག་གི་སར་གཡོག་པོ་རྒྱུག་ས་ཨེ་རག་ལྟ་བ་མ་གཏོགས། རང་གིས་བདག་པོ་བྱས་ནས་སོ་སོས་འཚོ་བ་བསྐྱལ་བསམ་པ་ཞིག་ཧ་ལམ་མེད། དཔེར་ན། ཞིང་པ་ཡིན་ན་ཞིང་ལས་དང༌། བཟོ་པ་ཡིན་ན་བཟོ་ལས་བྱེད་འདོད་ཀྱི་བསམ་བློ་དེ་གཏན་མེད་དུ་ཆགས་འགྲོ་བ་ཡིན། དེས་ན་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་པོ་ཡོང་རྒྱུ་འདི་རྒྱ་གར་དབྱིན་ཇིའི་སྲིད་གཞུང་གིས་བཟོས་པའི་ཤེས་ཡོན་སྲིད་བྱུས་ཀྱི་ཞན་ཆ་ཆེ་ཤོས་ཤིག་རེད།

གཉིས་པ་ནི། ཤེས་ཡོན་སྲིད་བྱུས་འདིས་མིའི་རྩ་བ་དེ་བཀོག་པ་རེད། དེ་ནི་མི་རིགས་ཀུན་ལ་སོ་སོར་ཐུན་མོང་མིན་པའི་བསམ་བློའི་བརྒྱུད་རིམ་ཞིག་ཡོད། བོད་མི་རིགས་ཀྱི་ཐུན་མོང་མིན་པའི་བསམ་བློའི་བརྒྱུད་རིམ་ནི་ཆོས་ལ་དད་པ་བྱེད་རྒྱུ་དེ་རེད། འོན་ཀྱང་མཁས་པ་ཚོ་མ་གཏོགས་ཕལ་ཆེ་བ་རྨོངས་དད་ལྟ་བུ་ཞིག་རེད། རང་ངོས་ནས་རྒྱུ་མཚན་ཤེས་པའི་ཐོག་ནས་བླང་དོར་འབྱེད་ཐུབ་པ་ཞིག་ཏུ་བཟོས་ནས་རྨོངས་དད་མེད་པ་བཟོ་དགོས། འོན་ཀྱང་རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་གྱིས་སྔ་མོ་ནས་མིའི་བསམ་བློའི་ནང་ཡོད་པའི་རྨོངས་དད་དེ་མེད་པར་བཟོས་རུང༌། དེའི་ཚབ་ཏུ་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་རྐང་པ་བཙུག་ས་གསར་པ་ཞིག་བཙལ་མ་ཤེས་པར་གཞི་རྩ་མེད་པ་ཞིག་ཏུ་འགྱུར་བ་ཡིན། དེས་ན་རང་གི་རྣམ་དཔྱོད་ཀྱིས་གང་ཡང་བྱེད་མ་ཤེས་ཤིང༌། སློབ་མཁན་དེས་ཀྱང་གང་ཡང་བསླབ་ཐུབ་ཀྱི་མེད་སྟབས། གཞན་བརྟེན་དང་གཞི་རྩ་མེད་པ་ཞིག་ཏུ་འགྱུར་འགྲོ་བ་ཡིན། དེར་བརྟེན་རང་གི་འཕྲལ་ཕུགས་ཀྱི་འདུན་མ་ལ་བླང་དོར་འབྱེད་ཐུབ་པའི་ནུས་པ་ཡོངས་སུ་ཉམས་རྒྱུ་ལས་འོས་མེད། བོད་པའི་གཞོན་སྐྱེས་ཚོའང་འདི་ལྟར་ཆགས་ན་མ་འོངས་པའི་མི་རབས་ལ་གོད་ཆགས་ཆེན་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག

དྲི་བ། དབྱིན་ཇིས་རྒྱ་གར་བའི་ཆེད་དུ་བཟོས་པའི་ཤེས་ཡོན་སྲིད་བྱུས་དེ་དང༌། དབྱིན་ཇི་ཁོ་རང་ཚོའི་ལུང་པར་ལག་བསྟར་བྱེད་པའི་ཤེས་ཡོན་སྲིད་བྱུས་གཉིས་ལ་ལྟ་གྲུབ་དང་ལག་ལེན་གྱི་ཐོག་ནས་མི་འདྲ་བའི་ཁྱད་པར་ཡོད་དམ།

ལན། ཧ་ཅང་མི་འདྲ་བའི་ཁྱད་པར་ཆེན་པོ་མེད། ལོར་ཌ་མེ་ཀོ་ལེས་Lord Macaulay སྣེ་ཁྲིད་པའི་ཤེས་ཡོན་ཚོགས་ཆུང་གི་གྲོས་ཆོད་དང་བགྲོ་གླེང་གི་ཚིག་ཐོ་དེ་ཚོའི་ནང་དུ་གང་བཤད་ཡོད་ཅེ་ན། རྒྱ་གར་བའི་གཞོན་སྐྱེས་ཚོར་ཤེས་ཡོན་སློབ་སྦྱོང་སྤྲད་ནས་ཤེས་ཡོན་ཅན་གྱི་གྲལ་རིམ་ཞིག་བཟོ་དགོས། གྲལ་རིམ་དེ་གང་འདྲ་ཞིག་དགོས་ཤེ་ན། པགས་པ་དེ་རྒྱ་གར་བའི་ཤ་མདོག་ནག་པོ་མ་གཏོགས།

གཞན་བསམ་བློ་གཏོང་སྟངས་དང༌། མི་ཚེ་སྐྱེལ་སྟངས། དགའ་མི་དགའ་བྱེད་སྟངས་སོགས་ཡོངས་རྫོགས་དབྱིན་ཇི་དང་ཁྱད་པར་མེད་པ་བཟོ་རྒྱུ་དེ་རེད། དེ་ལྟར་བཟོ་ཐུབ་ན་ང་ཚོ་དངོས་སུ་མདུན་ལ་འཐོན་མ་དགོས་པར་ཁོ་ཚོའི་བརྒྱུད་ནས་དབང་བསྒྱུར་ཐུབ་ཀྱི་རེད་ཅེས་དམིགས་ཡུལ་དེའི་ཐོག་ནས་བཟོས་པ་ཞིག་རེད། དབྱིན་ཇིའི་ལུང་པར་ཡང་ཤེས་ཡོན་སློབ་སྦྱོང་དེ་རང་བེད་སྤྱོད་བྱེད་ཀྱི་ཡོད། དེས་ན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་ལམ་སྲོལ་ནང་རང་དབང་གི་བསམ་བློ་མི་སླེབས་པ་དང༌། ཇི་སྲིད་འཚོའི་བར་དུ་དབྱིན་ཇིའི་མངའ་འོག་ཏུ་བསྡད་པ་མ་གཏོགས། དེ་ལ་གྱེན་ལོག་བྱེད་པའི་རེ་བ་གཏན་ནས་མེད་པའི་བསམ་ཚུལ་ཞིག་ཀླད་པ་བཀྲུས་ནས་བླུག་རྒྱུ་དེ་རྒྱ་གར་ནང་ལག་བསྟར་བྱེད་པའི་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་གཙོ་བོ་ཡིན། རྗེས་མ་ཤེས་ཡོན་ལམ་སྲོལ་དེ་ནས་ཐོན་པའི་མི་བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག་ལུས་ངག་ཡིད་གསུམ་དབྱིན་ཇིའི་གཞན་དབང་དུ་ཤོར་བ་བྱུང༌།

དྲི་བ། རིན་པོ་ཆེའི་གསུང་བཤད་སྔ་ཕྱི་འགའ་ཤས་ནང་དུ་དབྱིན་ཇིས་ཐོག་མར་རྒྱ་གར་ལ་བཙན་འཛུལ་བྱེད་སྐབས་རྒྱ་གར་བའི་ཤེས་ཡོན་ཁྱབ་རྒྱ་དང་གནས་ཚད་གཉིས་ཀ་ཤིན་ཏུ་མཐོན་པོ་ཡིན་སྐོར་གསུངས་འདུག དེ་ལྟར་ཡིན་ན་ཁྱབ་རྒྱ་དང་གནས་ཚད་མཐོ་པོ་ཡིན་པའི་རྒྱལ་ཁབ་དང་མི་རིགས་དེས་གཞན་གྱི་བཙན་འཛུལ་ལས་ཇི་ལྟར་སྐྱོབ་མ་ཐུབ་པ་རེད།

ལན། ཤེས་ཡོན་གནས་ཚད་རྗེས་སུ་དམའ་རུ་ཕྱིན་པ་མ་གཏོགས་ཐོག་མའི་སྐབས་སུ་ཧ་ཅང་མཐོ་པོ་རེད། ཧ་ལམ་བོད་པ་དང་གཅིག་པ་རེད། སྐབས་དེར་ཤེས་ཡོན་དེ་རྒྱ་གར་དུ་མི་མང་ཡོངས་ཁྱབ་ཆགས་མེད། ཚང་མར་སློབ་གྲྭ་ཡོད་པ་དང༌། བུ་ཕྲུག་ཡོངས་རྫོགས་སློབ་གྲྭར་འགྲོ་ཐུབ་པའི་གནས་སྟངས་དེ་འདྲ་མེད། ཡིན་ཡང་གྲོང་གསེབ་ཚང་མའི་ནང་ཤེས་ཡོན་ཡོད་པའི་མིའི་གྲལ་རིམ་མེད་པ་ཧ་ལམ་མེད། ཤེས་ཡོན་ཡོད་པ་ཚང་མའི་ཁྱིམ་དུ་གནའ་སྔ་མོ་བོད་དུ་ཡོད་པ་ལྟར་བུ་ཕྲུག་རྣམས་ཤེས་ཡོན་སློབ་སྦྱོང་ཆེད་ཡོང་གི་ཡོད། གྲོང་གསེབ་ཆུང་ཆུང་ཞིག་ཡིན་ཡང་དེའི་ནང་ཡི་གེ་འབྲི་ཀློག་ཤེས་མཁན་དང༌།

ཆོས་ཤེས་མཁན། རིག་བྱེད་ཤེས་མཁན་སོགས་མང་པོ་ཡོད་ལ། དེ་དག་གིས་མི་རབས་ནས་མི་རབས་བརྒྱུད་དེ་ཆ་ཚང་ལ་ཤེས་ཡོན་སློབ་སྟོན་བྱེད་ཀྱི་ཡོད། ཤེས་ཡོན་གྱི་གནས་ཚད་དེ་རྒྱ་གར་རང་བཙན་ཤོར་རྗེས་དམའ་རུ་ཕྱིན་ནས་རིམ་པས་དེང་རབས་ཤེས་ཡོན་གྱི་འོག་ཏུ་ཤོར་ཏེ་སྲོལ་རྒྱུན་ཤེས་ཡོན་མུ་མཐུད་རྒྱུན་འཛིན་བྱེད་མཁན་དཀོན་པོར་གྱུར། རྒྱ་ཁྱབ་ཆེན་པོ་ཡོད་ཅེས་པ་དེ་སྲོལ་རྒྱུན་གྱི་ཤེས་ཡོན་ཡོད་མཁན་རེ་རེས་ཕལ་ཆེར་དགེ་ཕྲུག་བཅོ་ལྔ་ཉི་ཤུ་ལ་མ་བསླབ་མཁན་ཧ་ལམ་མེད་པ་ལྟ་བུ་རེད། ཤེས་ཡོན་ཡོད་མཁན་གྱི་མི་ཚང་ཚང་མ་ཤེས་ཡོན་སློབ་སྦྱོང་གི་ལྟེ་གནས་ལྟ་བུར་གྱུར་ནས། ཤེས་ཡོན་སློབ་སྦྱོང་བྱེད་སྟབས་ཧ་ཅང་བདེ་པོ་རེད། ཤེས་ཡོན་སློབ་སྦྱོང་ཆེད་ཐག་རིང་པོ་འགྲོ་བ་དང༌། འགྲོ་སོང་གཏོང་དགོས་པ་སོགས་ཀྱི་དཀའ་ངལ་གང་ཡང་མེད་པར་རང་བཞིན་གྱིས་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཡོད་པ་ཞིག་རེད། སྐབས་དེ་དུས་དབྱིན་ཇིའི་གཞུང་གིས་བཟོས་པའི་ས་གནས་སོ་སོའི་གནས་སྟངས་ཡིག་ཐོག་འཁོད་པའི་ནང་བལྟས་ན། དབྱིན་ཇིས་རྒྱ་གར་དབང་བསྒྱུར་བྱས་པའི་ལོ་ལྔ་བཅུ་དྲུག་ཅུའི་ནང་དེ་ལྟ་བུའི་ཤེས་ཡོན་གྱི་ལམ་སྲོལ་དང་གནས་སྟངས་གཉིས་ཀ་ཤིན་ཏུ་ཁྱབ་ཆུང་ངུ་དང་གནས་ཚད་དམའ་རུ་ཕྱིན་འདུག

འོ་ན་སྐབས་དེར་རྒྱ་གར་བས་རང་གི་ལུང་པ་སྲུང་སྐྱོབ་བྱེད་མ་ཐུབ་པ་གང་རེད་ཅེ་ན། སྐབས་དེ་དུས་རྒྱ་གར་ལ་རང་གི་ལུང་པ་སྲུང་སྐྱོབ་བྱེད་པའི་དམག་གི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ནུས་པ་མེད་ཅིང༌། དམག་གི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ནུས་པ་གཉིས་སྐབས་དེ་དུས་ཀྱི་རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་དང་འབྲེལ་མེད་ལྟ་བུ་རེད། སྔ་མོའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་དེང་སང་ང་ཚོས་རྒྱ་གར་ཞེས་ངོས་འཛིན་བྱེད་པ་འདི་ལས་རྒྱ་ཆེ་བ་རེད། དབྱིན་ཇིས་དབང་བསྒྱུར་མ་བྱས་གོང་དུ་པ་ཀི་སི་ཐན་དང་བངྒལཱདེཤ་ཙམ་མ་ཟད། མ་ཡན་མར་ཡང་རྒྱ་གར་གྱི་ཆ་ཤས་ལྟ་བུ་རེད། དེས་ན་ཡུལ་ལུང་དེ་གསུམ་ཕུད་པའི་རྒྱ་གར་འདིའི་ཁོངས་སུ་སྐབས་དེར་རྒྱལ་པོ་ལྔ་བརྒྱ་སུམ་ཅུ་ཙམ་ཡོད། དེ་དག་སོ་སོས་འཛིན་སྐྱོང་བྱས་ནས་ཆབ་སྲིད་སྐྱོང་གི་ཡོད། རྒྱལ་ཕྲན་སོ་སོར་དམག་གི་སྟོབས་ཤུགས་ཕྲན་བུ་རེ་ཡོད་ཀྱང་རང་གི་མངའ་ཁོངས་སྲུང་སྐྱོབ་བྱེད་པ་ལས་དབྱིན་ཇིའི་དམག་ལ་རྒོལ་བའི་བསམ་བློ་ཡོང་གི་མེད།

དེ་བཞིན་རྒྱལ་པོ་ཡོངས་རྫོགས་རྒྱལ་རྒྱུད་ཀྱིས་འཛིན་སྟབས་རྒྱལ་པོའི་ནང་དུ་ཡོན་ཏན་མེད་མཁན་ཡང་ཇི་སྙེད་ཅིག་ཡོད། དེ་ལ་བརྟེན་ནས་རྒྱ་གར་སྤྱི་ཡོངས་ཀྱི་ནུས་པ་དེ་ཉམས་པ་རེད། ཆོས་རྒྱལ་མྱ་ངན་མེད་སོགས་ཀྱི་སྐབས་སུ་རྒྱལ་ཕྲན་མང་པོ་ཡོད་ཀྱང༌། རྒྱལ་པོ་གཅིག་གིས་སྐྱོང་གི་ཡོད། ལྷག་པར་དུ་མོང་གོལ་གོང་མ་ཚོས་རྒྱ་གར་དབང་སྒྱུར་བྱེད་སྐབས་ཆབ་སྲིད་སྐྱོང་སྟངས་ཡག་པོ་མ་བྱུང་བར་བརྟེན། ཆབ་སྲིད་ཀྱི་ནུས་པ་ཧ་ཅང་ཉམས་ནས་དབྱིན་ཇི་འགོག་རྒྱུའི་ནུས་པ་དེ་ལྷག་མེད། དེས་ན་ཁོང་ཚོའི་ཤེས་ཡོན་གྱི་གནས་སྟངས་ནི་རྦད་དེ་ཐ་དད་རེད། ནང་དོན་རིག་པ་གཙོ་བོར་གྱུར་པའི་ཤེས་ཡོན་ཞིག་རེད་མ་གཏོགས། ཆབ་སྲིད་དང་དམག་གི་སྟོབས་ཤུགས་དང་འབྲེལ་བ་ཞིག་མིན།

དྲི་བ། གཞི་རྩ་དབྱིན་ཇིའི་ཤེས་ཡོན་ལམ་སྲོལ་འདིས་རྒྱ་གར་ལ་ཕན་གནོད་གང་བྱུང་ཐད་ལྟ་ཚུལ་མི་མཐུན་པ་སྣ་ཚོགས་ཡོང་གི་ཡོད། མང་པོ་ཞིག་གིས་དབྱིན་ཇིས་བཟོས་པའི་ཤེས་ཡོན་ལམ་སྲོལ་འདིས་རྒྱ་གར་ལ་དེང་རབས་ཤེས་ཡོན་གྱི་ཐོག་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན། འཛམ་གླིང་གི་གསོ་རིག་མཁས་ཅན་དང༌། གློག་ཀླད་མཁས་ཅན་མང་པོ་ཞིག་རྒྱ་གར་ནས་ཡོང་གི་ཡོད་པ་འདི་དབྱིན་ཇིའི་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཤེས་ཡོན་ལམ་སྲོལ་དེའི་བཀའ་དྲིན་རེད་ཟེར་མཁན་ཡོད། འདིའི་ཐད་རིན་པོ་ཆེར་དགོངས་ཚུལ་གང་ཡོད་དམ།

ལན། དེ་འདྲའི་འཕྲུལ་རྩལ་སོགས་ཀྱི་མཁས་པ་མང་པོ་ཐོན་པ་དེས་རྒྱ་གར་ལ་དོན་དམ་གྱི་ཕན་ཐོགས་ག་རེ་བྱུང་མིན་བལྟ་རྒྱུ་རེད། གང་ལྟར་རྒྱ་གར་ཆབ་སྲིད་ཀྱི་རང་བཙན་ཐོབ་ཟིན་པའི་རྗེས་སུའང་བསམ་བློ་དང་དཔལ་འབྱོར་གྱི་རང་དབང་ད་ལྟའང་ཐོབ་མེད། ད་བར་དེ་གཉིས་མ་ཐོབ་པ་འདི་ཁེ་ཕན་ལྟ་བུ་ཞིག་ལ་བརྩི་ན་ཕན་ཐོགས་བྱུང་བ་རེད། དེ་ཁེ་ཕན་ཞིག་ལ་མ་བརྩི་ན་ཕན་ཐོགས་མ་བྱུང་བ་རེད། གང་ལྟར་ཁེ་ཕན་བརྩི་སྟངས་མི་འདྲ་བ་རེད། ཕྱོགས་གཞན་ཞིག་ནས་ཤེས་ཡོན་ལམ་སྲོལ་དེ་ལ་བརྟེན་ནས་གཱཾདྷཱི་དང༌། ནེཧརཱུ། སརདཱར་པཊེལ་སོགས་རྒྱ་གར་རང་བཙན་འཐབ་རྩོད་བྱེད་མཁན་ཚོ་བྱུང་བ་རེད་ཅེས་བརྗོད་ན།

དེ་ནི་བདེན་པ་རེད། ཁོང་ཚོ་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་དང༌། རང་བཙན་ཐོབ་པའི་རྗེས་སུ་འཛིན་སྐྱོང་བྱེད་མཁན་མང་ཆེ་བ་ཤེས་ཡོན་ལམ་སྲོལ་འདིའི་འོག་ནས་ཐོན་པ་རེད། དེ་དག་ནི་སྐྱེས་བུ་དམ་པའི་གནས་བབ་ཅིག་ཡིན་ཙང་གནས་ཚུལ་ཐ་དད་རེད་བསམ་གྱི་འདུག འོན་ཀྱང་དེ་དག་གྲངས་ཀ་ཧ་ཅང་ཉུང་ཉུང་རེད། དེའི་དབང་དུ་བྱས་ན་ཤེས་ཡོན་ལམ་སྲོལ་དེས་ཕྱོགས་གཅིག་ནས་ཕན་ཐོགས་བྱུང་བ་རེད་ཟེར་ན་མ་འགྲིགས་པ་མེད། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། རྒྱ་གར་ནང་ཤེས་ཡོན་ལམ་སྲོལ་དེ་ཁྱབ་མེད་ན། རང་བཙན་འཐོབ་རྒྱུ་མགྱོགས་པ་བྱུང་མེད་ཅེས་བཤད་ཐུབ་དཀའ། ལར་ནས་དེ་ནི་འདས་པའི་གནས་སྟངས་ཤིག་རེད། རྒྱ་གར་རང་བཙན་ཐོབ་པའི་རྗེས་སུའང་ད་བར་གནས་ཚུལ་ཤིན་ཏུ་མང་པོ་ཞིག་གཞན་དབང་འོག་བསྡད་དགོས་བྱུང་བ་འདི་ཤེས་ཡོན་ལམ་སྲོལ་དེས་བྱས་པ་རེད་བསམ་གྱི་ཡོད།

དྲི་བ། རྒྱ་གར་ལ་དབྱིན་ཇིའི་ལུགས་སྲོལ་གྱི་ཤེས་ཡོན་ལམ་སྲོལ་འོག་ནས་དེང་རབས་ཤེས་ཡོན་ཐོག་གནས་ཚད་མཐོ་བའི་མཁས་པ་མང་པོ་བྱོན་ཡོད། ཡིན་ཡང་ང་ཚོ་བོད་པའི་སློབ་གྲྭ་ཁག་གི་ནང་མི་ལོ་ལྔ་བཅུ་ཐམ་པའི་རིང་དེང་རབས་ཤེས་ཡོན་གྱི་ཐད་ནས་ཀྱང་གནས་ཚད་འགྲིག་བསྡད་པའི་ཤེས་ཡོན་པ་ཐོན་པ་ཤིན་ཏུ་དཀོན་པོ་ཡིན་པ་འདིའི་རྐྱེན་རྩ་གང་ལ་ཐུག་པ་རེད་དགོངས་ཀྱི་ཡོད།

ལན། འདས་པའི་ལོ་ལྔ་བཅུ་ཐམ་པའི་ནང་འགྲན་ཟླ་མེད་པའི་མཁས་པ་གཅིག་ཀྱང་དེང་དུས་ཀྱི་ཤེས་ཡོན་ལམ་སྲོལ་འདིའི་འོག་ནས་བསྐྲུན་ཐུབ་མེད། ང་ཚོའི་སློབ་གྲྭ་ཁག་གིས་སྔོན་འགྲོ་ནས་དབྱིན་ཇི་སྐད་ཡིག་སློབ་ཀྱི་ཡོད་ལ། སློབ་ཚན་མང་ཆེ་བ་དབྱིན་ཇིའི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་བསླབ་ཀྱི་ཡོད་རུང༌། ད་བར་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཚན་རིག་སོགས་ཀྱི་ཐོག་མཁས་པ་འདི་བྱོན་པ་རེད་ཅེས་ངོས་འཛིན་རྒྱུ་མེད། ལོ་ལྔ་བཅུ་ཧ་ཅང་གི་རྒྱུན་རིང་པོ་མིན་ཡང༌། མི་རབས་བཞི་ལྔ་ཞིག་སློབ་གྲྭ་ཐོན་ཚར་ཡོད། དེའི་ནང་ནས་ཡོང་ཐུབ་མེད། སློབ་གྲྭ་ནས་གྲངས་ཀ་ཤིན་ཏུ་མང་པོ་ཐོན་གྱི་ཡོད་ཀྱང༌། རིགས་གཅིག་རྐང་འཛིན་པ་དང་ཆེད་ལས་པ་ཧ་ཅང་ཉུང་ངུ་ལས་མེད།

འདིའི་འགག་རྩ་གཙོ་བོ་དེ་གང་དུ་ཐུག་མིན་ང་ཚོས་ཞིབ་འཇུག་བྱ་དགོས་པ་མ་གཏོགས། འདི་རེད་ཅེས་བཤད་ཐུབ་ཀྱི་མི་འདུག

དྲི་བ། ཤེས་ཡོན་སྲིད་བྱུས་འདིའི་ཐོག་མའི་ཟིན་བྲིས་བཟོ་བའི་སྐབས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་སྲིད་བྱུས་འདིའི་ཐོག་གླེང་ཚུལ་སྣ་ཚོགས་ཤིག་བྱུང་བ་རེད། ལྷག་པར་དུ་བོད་ཁྱིམ་སོགས་རང་སྐྱོང་སྡེ་ཚན་གྱི་སློབ་གྲྭ་ཁག་གི་གནད་ཡོད་འཛིན་སྐྱོང་ལས་བྱེད་དང་དགེ་རྒན་ཇི་སྙེད་ཅིག་གིས་ཤེས་ཡོན་སྲིད་བྱུས་འདི་ལ་མཐོང་ཚུལ་ཡག་པོ་མེད་པའི་རྣམ་འགྱུར་བསྟན་གྱི་འདུག ཁོ་ཚོའི་ནང་གི་འགའ་ཤས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་སྲིད་བྱུས་འདི་ལ་རྒྱབ་སྐྱོར་གནང་གི་ཡོད་མེད་ཐེ་ཚོམ་ཡོད་ཟེར། དེའི་རྒྱུ་མཚན་ནི་ྋགོང་ས་མཆོག་གིས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་ཡོད་པའི་བཀའ་སློབ་ཡོངས་གྲགས་སུ་གནང་མྱོང་ཡོད་པ་མ་རེད་ཟེར། འདིའི་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་ནམ།

ལན། འདི་ལ་ངས་ལན་བརྒྱབ་ཐུབ་རྒྱུ་ཁག་པོ་རེད། ཤེས་ཡོན་སྲིད་བྱུས་འདིའི་ཟིན་བྲིས་ཀྱི་བརྒྱུད་རིམ་ཚང་མའི་ནང་ྋསྐྱབས་མགོན་རིན་པོ་ཆེར་བཀའ་སློབ་དགོངས་སྐོར་ཞུས་པ་དང༌། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་གསུམ་པའི་ཐོག་མཁས་པའི་བགྲོ་གླེང་ཚོགས་པའི་སྐབས་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་ཚོགས་དབུར་ཆིབས་བསྒྱུར་གནང་བ་སོགས་ཀྱི་སྐོར་ཤེས་ཡོན་སྲིད་བྱུས་ཀྱི་བྱུང་རིམ་ནང་གསལ་པོ་འཁོད་ཡོད། ངའི་ཆེད་དུ་བརྗོད་པའི་གཏམ་གྱི་དྲིན་དྲན་ནང་ྋསྐྱབས་མགོན་རིན་པོ་ཆེས་བཀའ་དྲིན་ཆེན་པོ་ཇི་ཙམ་གནང་བའི་སྐོར་དེའང་བྲིས་ཡོད། ྋསྐྱབས་མགོན་རིན་པོ་ཆེས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་གནང་གི་ཡོད་དང་མེད་ཟེར་མཁན་གཉིས་ཀས་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་པ་ལ་ཚད་བཟུང་བ་ལྟ་བུར་ཆགས་ཀྱི་ཡོད་སྟབས། ངས་ྋསྐྱབས་མགོན་རིན་པོ་ཆེས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་ཡོད་ཅེས་ཐག་བཅད་དེ་ལན་བརྒྱབ་རྒྱུའི་འདོད་པ་མེད། ང་ཚོས་དངོས་སུ་ག་རེ་ཤེས་ཀྱི་ཡོད་ཅེ་ན། ཟིན་བྲིས་བཟོ་བའི་བརྒྱུད་རིམ་ནང་ྋསྐྱབས་མགོན་རིན་པོ་ཆེར་འདི་ལ་རྒྱབ་སྐྱོར་མ་གནང་རོགས་གནང་ཞེས་རེ་སྐུལ་ཞུ་མཁན་བྱུང་འདུག ཟིན་བྲིས་གཏན་འབེབས་ཟིན་པའི་རྗེས་སུ་ཡང་ཤུགས་ཆེན་པོའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེར་སྲིད་བྱུས་འདི་ལ་རྒྱབ་སྐྱོར་མ་གནང་རོགས་ཞེས་ཞུ་མཁན་བྱུང་བ་རེད་ཟེར་གྱི་འདུག དེ་གནས་ཚུལ་ལོགས་ཀ་ཞིག་རེད། འོན་ཀྱང་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ནུས་པ་གང་ཡོད་བཏོན་ནས་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་ཆེད་འབད་བརྩོན་བྱེད་པའི་བསམ་བློའི་རྒྱབ་ལྗོངས་ནང་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་པ་དང་མཐུན་པའི་སྲིད་བྱུས་ཤིག་ཡིན་བསམ་པའི་ཡིད་ཆེས་ཡོད། དེ་ནས་རྒྱབ་སྐྱོར་མེད་ཟེར་མཁན་ཡོད་ན་དེ་ལ་སྒྲུབ་བྱེད་བཀོད་དེ་ཁུངས་བསྐྱལ་དགོས་ཀྱི་རེད། ལར་ནས་ྋགོང་ས་མཆོག་གསེར་ཞལ་འཚོ་བཞུགས་ཡོད་པར་བརྟེན། དྭོགས་པ་ཡོད་ན་ཞུ་ས་ཡོད་པ་ཞིག་རེད།

དྲི་བ། བོད་མིའི་སྤྱི་ཚོགས་ནང་དུ་ཤེས་ཡོན་སྲིད་བྱུས་འདི་ཟམ་གདོང་རིན་པོ་ཆེའི་ལྟ་གྲུབ་ཀྱི་མཁས་ཉམས་འདོན་པའི་ཆེད་དུ་རེད་མ་གཏོགས། དངོས་སུ་ལག་བསྟར་བྱ་རྒྱུའི་ཆེད་དུ་མ་རེད་ཟེར་ནས་བཤད་མཁན་གྱི་གཞོན་སྐྱེས་རིགས་ཤིག་ཡོང་གི་ཡོད། འདི་ལ་རིན་པོ་ཆེས་ལན་ཅི་ཞིག་གནང་རྒྱུ་ཡིན་ནམ།

ལན། འདིའི་ལན་ནི་ངའི་ཆེད་དུ་བརྗོད་པའི་གཏམ་གྱི་ནང་དུ་སྲིད་བྱུས་དང་ལམ་སྲོལ་བཟང་པོ་ཇི་འདྲ་ཞིག་ཡིན་རུང་དངོས་དོན་མང་ཚོགས་སུ་ལག་བསྟར་ཐུབ་མིན་དང༌། ལམ་ལྷོང་ཡོང་མིན་ནི་ཕྱི་ནང་གི་མཐུན་རྐྱེན་དུ་མ་ཞིག་ཚོགས་པ་ལ་རག་ལུས་གཤིས། སྲིད་བྱུས་ལག་བསྟར་ཐུབ་པའི་ཐ་ཚིག་བསྒྲགས་མི་ནུས་མོད། བོད་རིགས་ཡོངས་ལ་འཕྲལ་ཡུན་ཀུན་དགེའི་ལམ་བཟང་ཞིག་ཡོད་བཞིན་དུ་བསམ་བརྗོད་མ་ནུས་པར་བསྡད་པ་ནི་དམ་པའི་སྤྱོད་པར་མ་མཐོང་བས་སྤྱི་བརྟོལ་བསྐྱེད་པ་ལགས་ཤིང༌། རང་ཉིད་ཀྱི་མི་ཚེའི་ནང་འབྲས་བཟང་མཐོང་མ་ཐུབ་ཀྱང༌། བྱུང་རབས་ལ་འགན་མ་ཁུར་བའི་གནོང་ཉེས་མེད་ཙམ་བྱུང་བས་ཚིམས་ཞེས་གསལ་པོ་བྲིས་ཡོད། ལག་བསྟར་བྱ་རྒྱུ་མིན་པ་ཞིག་རེད་ཅེས་བརྗོད་ན་དེ་ནི་གཞི་རྩ་མེད་པའི་སྐད་ཆ་ཞིག་རེད།

ལག་བསྟར་བྱེད་ཐུབ་དང་མ་ཐུབ་ཅེས་པ་དེ་ནི་དྲི་བ་གཞན་ཞིག་རེད། བཙན་བྱོལ་གཞུང་གི་ད་ལྟའི་བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་འདི་ལག་ལེན་བསྟར་རྒྱུ་ཞིག་གི་ངོ་བོ་ལ་ངོས་འཛིན་བྱེད་པ་ལས། ཡིག་ཆའི་ནང་འཇོག་རྒྱུ་ཙམ་གྱི་ཆེད་དུ་མིན་སྟབས། སྐད་ཆ་དེ་ཚོ་བདེན་པ་མ་རེད།

དྲི་བ། སྐབས་བཅུ་གཉིས་པའི་བཀའ་ཤག་གིས་སྐབས་བཅུ་གཅིག་པའི་བཀའ་ཤག་གིས་བཟོས་པའི་ཤེས་ཡོན་སྲིད་བྱུས་དབྱིན་བོད་ཤན་སྦྱར་མ་དེ་རྩིས་མེད་བཏང་བ་རེད། འོན་ཀྱང་སྐབས་བཅུ་གཅིག་པའི་བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་དེ་བཟོ་བའི་སྐབས་ཚོགས་ཆུང་གི་སློབ་སྟོན་པ་རིན་པོ་ཆེ་རེད་ཟེར་བའི་བཤད་ཚུལ་ཞིག་འདུག དེ་ལྟར་ཡིན་ན་སྐབས་དེར་རིན་པོ་ཆེས་ཚོགས་ཆུང་དེ་ལ་སློབ་སྟོན་གང་འདྲ་ཞིག་གནང་ཡོད་དམ།

ལན། རྩིས་མེད་བཏང་བ་རེད་ཟེར་བའི་ཚིག་དེ་གང་འདྲ་ཞིག་ཡིན་ནམ། མ་གཞི་ཤེས་ཡོན་སྲིད་བྱུས་ཀྱི་སྔོན་བརྗོད་ནང་གསལ་པོ་བྲིས་ཡོད། ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་དེ་དེ་སྔའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ལ་ཟུར་རྒྱན་ཕྲན་བུ་བྱས་པ་མ་གཏོགས། གཞི་རྩའི་སྒྲོམ་གཞི་ལ་གཏན་ནས་འགྱུར་བ་གཏོང་ཐུབ་མེད་སྟབས། ཤེས་ཡོན་སྲིད་བྱུས་གསར་པ་ཞིག་བཟོ་རྒྱུ་གཏན་འབེབས་བྱས་པ་རེད། ཟིན་བྲིས་ཚོགས་ཆུང་དེའི་སློབ་སྟོན་པ་ང་རེད་ཟེར་བ་དེ་བདེན་པ་མ་རེད། ངས་ཚོགས་ཆུང་དེའི་སློབ་སྟོན་པ་བྱས་པ་ཞིག་གཏན་ནས་དྲན་གྱི་མི་འདུག ལོ་གསལ་པོ་དྲན་གྱི་མི་འདུག་ཀྱང་ནོར་བུ་གླིང་གར་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ལ་ང་ཐེངས་གཅིག་སོང་བ་ཡིན། ངས་སྐབས་དེར་ཚོགས་ཐོག་ཏུ་ཟིན་བྲིས་དེ་ཕན་ཐོགས་མི་འདུག་ཅེས་བཤད་པ་ཞིག་གསལ་པོ་དྲན་གྱི་འདུག དེ་དག་ཡིག་ཐོག་ཏུ་བཞག་ཡོད་མེད་མི་ཤེས། ཚོགས་འདུ་དེ་ནོར་བུ་གླིང་ག་ལ་ཚོགས་སོང༌། དེའི་རྗེས་སུ་ཚོགས་ཆུང་དེ་དང་གཏན་ནས་འབྲེལ་བ་མ་བྱུང༌། དེས་ན་ང་ཚོགས་ཆུང་དེའི་སློབ་སྟོན་པ་རེད་ཟེར་བ་དེ་བདེན་པ་མ་རེད།

དྲི་བ། མི་མང་པོ་ཞིག་གིས་སྲིད་བྱུས་འདིའི་ལྟ་བ་དང་ལག་ལེན་གང་འདྲ་ཡིན་མིན་༧༠༩

ལ་མ་ལྟོས་པར་ཁོར་ཡུག་དང་ད་ལྟའི་བཙན་བྱོལ་བའི་གནས་སྟངས་ཀྱིས་རྐྱེན་པས་ལག་བསྟར་བྱེད་ཐུབ་ཀྱི་མ་རེད་ལ། གལ་སྲིད་ལག་བསྟར་བྱེད་ཐུབ་པའི་དབང་དུ་བྱས་ཀྱང་གྲུབ་འབྲས་ཡག་པོ་ཞིག་གཏན་ནས་ཡོང་གི་མ་རེད། འདི་མ་འོངས་པར་བོད་ནང་དུ་ལག་བསྟར་བྱ་དགོས་པའི་སྲིད་བྱུས་ཤིག་རེད་ཅེས་བཤད་ཀྱི་ཡོད། རིན་པོ་ཆེས་དེ་ལྟར་རེད་དགོངས་ཀྱི་འདུག་གམ།

ལན། ད་ལྟ་ལག་བསྟར་བྱེད་མ་ཐུབ་ན་བོད་ལ་རང་དབང་བྱུང་བའི་རྗེས་སུ་ཡང་ལག་བསྟར་བྱེད་ཐུབ་པའི་ངེས་པ་གང་ཡང་མེད། དེ་ནི་ཚོད་དཔག་ཙམ་ཞིག་རེད། ད་ལྟ་བྱེད་ན་བྱེད་མི་ཐུབ་པ་གང་ཡང་མེད་བསམ་གྱི་ཡོད།

དྲི་བ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་རང་རེའི་གཞི་རིམ་སློབ་གྲྭ་ཁག་གང་འཚམས་ཤིག་གི་ནང་དུ་ལག་བསྟར་བྱས་པའི་ལོ་བཞི་ལྔ་འདིའི་ཉམས་མྱོང་དང་གྲུབ་འབྲས་ཀྱི་ཐོག་ནས་རིན་པོ་ཆེར་གདེང་ཚོད་གང་འདྲ་ཞིག་བརྙེས་སོང༌། སྲིད་བྱུས་འདི་དུས་དང་ཁོར་ཡུག་ལ་མ་འཚམས་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་པ་གཟིགས་ཨེ་བྱུང༌། མ་འོངས་པར་ལག་བསྟར་བྱེད་ཕྱོགས་ཀྱི་སྐྱ་ཐིག་གང་འདྲ་ཞིག་འཐེན་གྱི་ཡོད།

ལན། སྲིད་བྱུས་འདི་ལག་བསྟར་བྱས་པའི་ལོ་བཞིའི་ཉམས་མྱོང་གི་ཐོག་ནས་སྲིད་བྱུས་འདིའི་ནང་དོན་ནོར་མི་འདུག་སྙམ་པའི་གདེང་ཚོད་ཆེན་པོ་རྙེད་བྱུང༌། ལག་བསྟར་ཐུབ་མིན་གདེང་ཚོད་རྙེད་ཐུབ་རྒྱུ་ཁག་པོ་རེད། ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་ཐུབ་པའི་གཞི་རྩ་གཙོ་བོ་དེ་ཤེས་ཡོན་སྲིད་བྱུས་འདི་ལ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད་པ་མ་ཟད། ལག་བསྟར་ཐུབ་མཁན་གྱི་དགེ་རྒན་དགོས་པ་རེད། སྤྱི་ཚོགས་ལ་དེ་ཙམ་འགན་དཀྲི་གི་མེད། དགེ་རྒན་མ་བྱུང་ན་ཡོང་ཐབས་མེད། དཔེར་ན། སློབ་གྲྭ་ཞིག་ནང་དགེ་རྒན་བཅུ་ཡོད་པ་ལས་དགེ་རྒན་གཉིས་མ་གཏོགས་ལྷག་མ་བརྒྱད་ཀྱིས་ཤེས་ཡོན་སྲིད་བྱུས་ཤེས་ཀྱི་མེད་ན་སློབ་གྲྭ་དེའི་ནང་ལག་བསྟར་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན་སྔོན་ལ་ཤེས་ཡོན་སྲིད་བྱུས་གསར་པའི་ལམ་སྟོན་འོག་ནས་འཐོན་མཁན་གྱི་སློབ་གྲྭ་བ་རྣམས་ཀྱི་ནང་ནས་དགེ་རྒན་ཐོན་ན་གཞི་ནས་ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་ཐུབ་པའི་རེ་བ་ཞིག་ཡོད་ཅིང༌། གནའ་སྔ་མོའི་བརྒྱུད་རིམ་རྙིང་པའི་གོམས་གཤིས་མཐུག་པོ་ཡོད་པའི་དགེ་རྒན་རྣམས་ཀྱི་རིང་ལ་བརྒྱ་ཆ་བརྒྱ་འགྱུར་བ་འགྲོ་ཁག་པོ་རེད།

ཕྱི་ལོ་༢༠༡༠ ཟླ་༡ ཚེས་༣༠ ཉིན་སྐུ་ཞབས་རེ་མདོ་སེངྒེས་ཤེས་ཡོན་སྲིད་བྱུས་ཀྱི་བྱུང་རིམ་དང་ནང་དོན་སོགས་ཀྱི་ཐད་ཞུས་པའི་བཅར་འདྲི་ཁག་ལ་གནང་བའི་ལན་འདེབས།