སུད་སི་རུ་ཡོ་རོབ་བོད་རིགས་མི་མང་ནས་ྋགོང་ས་མཆོག་ལ་བརྟན་བཞུགས་འབུལ་སྐབས་གནང་བའི་མཎྜལ་ལྗགས་བཤད།

ཨོཾསྭསྟི། བདེ་ལེགས་སུ་གྱུར་ཅིག
ཐུགས་རྗེ་རྣམ་པར་དག་པའི་མཁའ་དབྱིངས་ཆེར།།
མཁྱེན་བརྩེའི་སྣང་བ་མི་འགོག་སྤྲིན་ཆེན་ལས།།
ཚེ་ཡི་དངོས་གྲུབ་ཆར་འབེབས་ལྷ་ཚོགས་ཀྱི།།

མི་ཤིགས་རྡོ་རྗེའི་སྲོག་གི་ཀ་བ་ཚུགས།། ཞེས་ཚེའི་དངོས་གྲུབ་སྩོལ་བའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་བ་འདེབས་པའི་ཚིག་དྲང་སྲོང་བདེན་པའི་དབྱངས་ཀྱིས་སྔུན་བསུས་ཏེ་སྐབས་དོན་གསོལ་བར་བྱ་བ་ནི། དེ་ཡང་ཇི་སྐད་དུ།

ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པ་དེ་དག་གི།

འགྲོ་ལ་ཆགས་པས་ཀུན་ཏུ་ཆགས་པའི་སྙིང་རྗེ་རྒྱ་མཚོ་ལྟ་བུར་ཟབ།།

དེ་ལས་འཁྲུངས་པའི་ཡོན་ཏན་ལྷུན་རྫོགས་སྤྱན་རས་གཟིགས་ཞེས་རྣམ་གྲགས་པ།།

མགོན་པོ་བདག་ཅག་ཀུན་གྱིས་བསྟེན་འོས་རིན་ཆེན་རི་འདྲ་དེ་ལ་འདུད།། ཅེས་ཇི་སྐད་གསུངས་པ་ལྟར། དུས་གསུམ་དུ་བྱོན་ཞིང་འབྱོན་པར་འགྱུར་བའི་སངས་རྒྱས་ཚད་དང་གྲངས་ཀྱིས་གཞལ་བར་མི་ནུས་པ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པ་དེ་དག་ཐམས་ཅད་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་མ་དག་པའི་འགྲོ་བ་སྡུག་བསྔལ་གསུམ་གྱིས་ཡོངས་སུ་མནར་བ་རྣམས་ལ་རྗེས་སུ་ཆགས་པའི་བརྩེ་བ་སྙིང་རྗེ་ཆེན་པོ་གཏིང་དང་མཐའ་དཔོག་པར་མི་ནུས་པ་རྒྱ་མཚོ་ལྟར་ཟབ་པའི་ཀློང་ནས་མཚན་དཔེས་བརྒྱན་པའི་གཟུགས་སྐུའི་བཀོད་པའི་རྣམ་རོལ་ཏུ་འཁྲུངས་ཏེ། སྐུ་གསུང་ཐུགས་དང་མཁྱེན་བརྩེའི་ནུས་པའི་ཡོན་ཏན་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་མགོན་པོ། མཚན་ཙམ་གྱིས་ཀྱང་སྲིད་ཞིའི་གདུང་བ་མཐའ་དག་སེལ་བའི་ནུས་པ་དང་ལྡན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་གྱི་སྙན་པས་རྣམ་པར་གྲགས་པ། ཁམས་གསུམ་གྱི་སྐྱེ་འགྲོ་སྤྱི་དང༌། ལྷག་པར་གངས་རིའི་ལྗོངས་ཀྱི་ཉམ་ཐག་པའི་སྐྱེ་འགྲོ་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་མཐའ་དག་ཡོངས་སུ་འཇོ་བར་མཛད་པའི་རིན་པོ་ཆེའི་རི་དང་འདྲ་བའི་བསྟེན་འོས་ཀྱི་མགོན་པོ། ཐ་མལ་སྐྱེ་བོའི་སྣང་ངོར་གསུམ་ལྡན་ངུར་སྨྲིག་འཛིན་པའི་གཟུགས་སུ་བཟློ་བ། བརྟན་མཁས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་འདུལ་བ་འཛིན་པ། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བཅུ་དང་ལྡན་པའི་སྟོན་པ་ཆེན་པོ། དེ་ཉིད་བཅུ་ཟུང་གི་དཔལ་གྱིས་ཕྱུག་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། ལྷར་བཅས་སྲིད་ཞིའི་རྣམ་འདྲེན། ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། བདག་གི་བཀའ་དྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ྋཞབས་ཀྱི་པདྨོ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་གཙུག་གི་ནོར་བུ་མངོན་པར་བརྩེགས་པའི་རྡོ་རྗེའི་ཁྲི་འཕང་སྲིད་ཞིའི་དགེ་ལེགས་འདོད་རྒུ་རྣམ་པར་འཇོ་བའི་དྲུང་དུ།

མགོན་པོ་གང་གི་ཐུགས་རྗེའི་ཞོ་ཤས་ཉག་གཅིག་གིས་འཚོ་བའི་ཡོ་རོབ་ཁུལ་གནས་འཁོད་བོད་རིགས་སེར་སྐྱ་མི་མང་ཐུན་མོང་ནས་སོར་བཅུའི་འདབ་མ་སྙིང་གར་ཟུམ་ཞིང༌། ལུས་ཀྱི་འཁྲི་ཤིང་ས་ལ་ཕབ་པའི་གུས་ཕྱག་གྲངས་མེད་དང་བཅས་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོ་ནི། དེ་ཡང་ཇི་སྐད་དུ། བསྐལ་མང་ལེགས་བྱས་ཚོགས་གཉིས་སྣང་བའི་མཐུས།། སྒྲིབ་གཉིས་བག་ཆགས་མུན་པའི་གོ་སྐབས་བཅོམ།། དོན་གཉིས་འཕྲིན་ལས་འཇིག་རྟེན་གསལ་མཛད་པའི།། བདེ་གཤེགས་ཀུན་འཕགས་ངོ་བོར་བྱང་ཆུབ་ཀྱང༌།། ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྡུལ་གྱི་ཚད།། ངོ་མཚར་སྐུ་གསུང་ཐུགས་ཀྱི་གསང་བ་དག། དོན་དམ་ཡེ་ཤེས་གཟིགས་པའི་སྤྱོད་ཡུལ་ལས།། མཐའ་བྲལ་སེམས་དཔས་ཀྱང་ནི་དཔོག་པར་དཀའ།། ཞེས་ཇི་སྐད་གསུངས་པ་ལྟར། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ནི་བགྲང་ཡས་བསྐལ་པ་རྒྱ་མཚོའི་སྔ་རོལ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་སྣང་བ་ཆེས་ཆེར་འབར་བས་ཉོན་ཤེས་སྒྲིབ་པ་བག་ཆགས་དང་བཅས་པའི་མུན་པའི་གོ་སྐབས་ཡོངས་སུ་བཅོམ་སྟེ་ལྷུན་གྲུབ་རྒྱུན་མི་ཆད་པའི་འཕྲིན་ལས་ཀྱི་སྣང་བས་འཇིག་རྟེན་གྱི་ཁྱོན་ཀུན་ཡོངས་སུ་གསལ་བར་མཛད་པའི་བདེ་བར་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་ཀྱི་རྒྱལ་པོའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་ཟིན་ནའང༌། སླར་ཡང་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་གྱི་གཟིས་ཀྱང་སྲིད་ཞིའི་གདུང་བ་འཕྲོག་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་བཟུང་སྟེ་རྒྱལ་སྲས་གཞན་གྱིས་བརྣག་པར་མི་ནུས་པའི་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ་རྫི་བོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་དུ་བཟུང་ཞིང༌། གང་གི་དབང་པོའི་སྒོ་དང་བ་སྤུའི་བུ་ག་རྣམས་སུའང་ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྡུལ་གྱི་ཚད་དང་མཉམ་པའི་ཞིང་ཁམས་རྒྱ་མཚོའི་བཀོད་པ་སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་བཀོད་ནས་སངས་རྒྱས་དང་བྱང་སེམས། ཉན་ཐོས་དང་རང་རྒྱལ། ཚངས་པ་དང་བརྒྱ་སྦྱིན། འཁོར་ལོས་སྒྱུར་བའི་རྒྱལ་པོ། དགེ་སྦྱོང་དང་བྲམ་ཟེ། ཚོང་དཔོན་དང་ཁྱིམ་བདག ཐ་ན་བྱ་དང་རི་དྭགས། རྫིང་དང་ཟམ་པ་ཚུན་ཆད་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་སྒོ་ནས་ནམ་མཁའ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ངོ་མཚར་བའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དག་ནི་སྟོབས་བཅུ་མངའ་བ་རྣམས་ཀྱི་དོན་དམ་ཡེ་ཤེས་ཀྱི་གཟིགས་པའི་སྤྱོད་ཡུལ་ཉག་གཅིག་ལས་ས་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་དཔོག་པར་དཀའ་ན་ཚུ་རོལ་མཐོང་བའི་བྱིས་པ་བདག་ལྟ་བུས་ལྟ་ཡང་ག་ལ་ཞིག དེ་ལྟ་ནའང་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསུངས་པའི་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་ཐོུང་བའི་རྣམ་པར་ཐར་པ་ཆ་ཤས་ཙམ་རྗེས་སུ་དྲན་པའི་དབང་དུ་བྱས་ན། ཇི་སྐད་དུ། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌།། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌།། གང་ལ་གང་འདུལ་དེ་ལ་དེར་སྟོན་པ།། བཙུན་པ་སྤྱན་རས་གཟིགས་་་་༌།། ཞེས་གསུངས་པ་ལྟར། ད་ལྟའི་སྒྲོན་མེའི་བསྐལ་པ་འདི་ཉིད་ཀྱི་ནང་དུའང་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་སྟོང་དང༌། དམ་པའི་ཆོས་ཀྱི་སྣོད་དུ་མ་གྱུར་པའི་འགྲོ་བ་ཁྲིམས་དང་རྒྱལ་ཐབས་ཀྱི་འདུལ་བ་རྣམས་ཀྱི་ཆེད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་ལ་སོགས་པ་གདུལ་བྱའི་ཁམས་མོས་བསམ་པ་བག་ལ་ཉལ་དང་ཡོངས་སུ་འཚམས་པའི་གང་ལ་གང་གིས་འདུལ་བའི་གདུལ་བྱ་ལ་དེ་དང་དེའི་རྣམ་པར་རོལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་ཅིང༌། སར་གནས་ཀྱི་བྱང་ཆུབ་སེམས་དཔའི་ཚུལ་དུའང་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་རྒྱལ་པོ་རྡོ་རྗེ་དང༌། སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་རྒྱལ་པོ་ཆོས་ཀྱི་སེངྒེ༌། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རྒྱལ་པོ་བྱང་ཆུབ་ཐུགས་ལྡན་གྱི་སྐྱེ་བ་བཞེས་ནས་རྣམ་འདྲེན་བཞི་པའི་བསྟན་པ་ལ་བོད་ཀྱི་ཡུལ་དུ་ཆོས་སྤེལ་བའི་ཐུགས་སྨོན་མཛད་པ་དང༌། སྟོན་པ་ཟས་གཙང་སྲས་ཀྱི་བསྟན་པ་འདིའི་དུས་སུའང༌། ཇི་སྐད་དུ། འཕགས་པའི་ཡུལ་དུ་ཁྱེའུ་སྣང་བ་སོགས།། ཟབ་རྒྱས་ཆོས་ཚུལ་གསལ་ལ་བློ་ཡི་མིག། སྟོང་ལྡན་པཎ་གྲུབ་འཁོར་ལོས་སྒྱུར་བ་ཡི།། སྐྱེས་རབས་མུ་ཏིག་ཕྲེང་བ་ཚར་དུ་དངར།། ཞེས་གསུངས་པ་ལྟར་སྟོན་པའི་སྤྱན་སྔར་བྲམ་ཟེའི་ཁྱེའུ་སྣང་བའི་སྐུའི་སྐྱེ་བ་བཞེས་པ་ནས་ཉེ་བར་བཟུང་ཆོས་རྒྱལ་དགེ་བ་དཔལ་གྱི་བར་འཕགས་པའི་ཡུལ་དུ་འཁྲུངས་རབས་མུ་ཏིག་གི་ཕྲེང་བ་ཚར་དུ་དངར་ཞིང༌། ལྷག་པར་བཀའ་གདམས་གླེགས་བམ་ལས། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།། གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད།། ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད།། ཅེས་སོགས་མང་དུ་གསུངས་པ་ལྟར། བླ་མ་དྲི་མེད་དཔལ་ལྡན་དང་མཁའ་འགྲོ་མ་གསང་བ་ཡེ་ཤེས་ལ་སོགས་པས་མཐའ་འཁོབ་གདུལ་བར་གསོལ་བ་བཏབ་པ་ལྟར། རང་ཉིད་ཀྱིས་ཀྱང་ལྷག་པར་ཐུགས་བརྩེ་བ་ཆེན་པོས་གངས་རིའི་ལྗོངས་ཀྱི་དམུ་རྒོད་ཀྱི་སྐྱེ་བོ་རྣམས་ཕྱག་མཚན་དུ་བཞེས་ཏེ་ཐབས་མཁས་སྒྱུ་འཕྲུལ་གྱི་རོལ་པས་སྤྲེའུ་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་ཏེ་མིའི་འགྲོ་བ་སྤེལ་བ་ནས་བཟུང་རིམ་གྱིས་དམ་པའི་ཆོས་ཀྱི་སྣོད་དུ་རུང་བའི་རྒྱུད་སྨིན་པར་མཛད་པ་དང༌། ཆོས་རྒྱལ་མེས་དབོན་རིམ་བྱོན་གྱི་གཟུགས་སུ་བྱོན་ནས་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་པའི་སྒོ་ནས་བོད་ཡུལ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པའི་སྣང་བས་ཁྱབ་པར་མཛད། གཞན་ཡང་འབྲོམ་རྒྱལ་བའི་འབྱུང་གནས། ས་ཆེན་ཀུན་དགའ་སྙིང་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་གཡུ་བྲག་པ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ལ་སོགས་པའི་རྒྱལ་བློན་བྱང་སེམས་པཎ་གྲུབ་སྣ་ཚོགས་ཀྱི་སྐུའི་བཀོད་པས་ཐོག་མར་ཟང་ཟིང་གིས་བསྡུས། དེ་ནས་ཆོས་ལམ་དུ་འཛུད་དེ་མ་སྨིན་པ་སྨིན་པ་དང༌། སྨིན་པ་གྲོལ་བར་མཛད་པ་སོགས་ཀྱི་རྣམ་པར་ཐར་པ་ནི། ཇི་སྐད་དུ། གཉའ་ཁྲི་བཙན་དང་ཐོ་རི་སྙན་ཤལ་དང༌།། མེས་དབོན་གསུམ་སོགས་སྤྲུལ་པའི་རྒྱལ་པོའི་རབས།། ཨུ་པ་ས་ཀ་ཉང་རལ་ཆོས་དབང་སོགས།། པཎ་གྲུབ་གཏེར་སྟོན་དུ་མའི་རྣམ་པར་རོལ།། ཅེས་གསུངས་པ་ལྟར་ལགས་ཤིང༌། ལྷག་པར་གངས་རིའི་ལྗོངས་སུ་བསྟན་པ་ཕྱི་དར་གྱི་དུས་རབས་བཟང་པོ་སྨིན་པ་ན་བོད་ལྗོངས་སྐྱེ་རྒུ་ཡོངས་རྫོགས་ཆོས་སྲིད་ལུགས་ཟུང་གི་གདུགས་དཀར་གཅིག་གི་གྲིབ་འོག་ཏུ་འདུ་བ་ལ་ཉེ་བར་གཟིགས་ནས་བཀའ་གདམས་གླེགས་བམ་ལས། སྤྱན་རས་གཟིགས་དབང་བཟང་པོར་སྤྲུལ།། ཅེས་སོགས་ལུང་བསྟན་པ་ལྟར་འཇམ་མགོན་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་ནས་བཟུང་གསུམ་ལྡན་ངུར་སྨྲིག་འཛིན་པའི་སྐུའི་ཕྲེང་བ་བར་མ་ཆད་པ་རིམ་པར་བྱོན་ཅིང༌། ལྷག་པར་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་མ་ཞེས་གཞོན་ནུ་ཞེས།། དང་པོ་མཐའ་མ་ཆོས་ལ་དགའ།། ཞེས་དང༌། བཀའ་གདམས་གླེགས་བམ་ལས།། ང་ཕན་བདེ་འབྱུང་གནས་རིན་ཆེན་ལ།། ཞེས་སོགས་ལུང་བསྟན་པ་ལྟར། ཐམས་ཅད་མཁྱེན་པ་སྐུའི་ཕྲེང་བ་ལྔ་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོས་བོད་ལྗོངས་ཡོངས་རྫོགས་ཆོས་སྲིད་གསེར་གྱི་འཁོར་ལོས་མངའ་དབང་བསྒྱུར་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་སླར་གསོའི་ཐོག ཆོས་དང་རིག་གཞུང༌། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་བདེ་ཐབས་བཅས་གང་ཐད་ནས་སྐབས་དེའི་འཛམ་གླིང་གི་རྒྱལ་ཁམས་གཞན་ལས་ཁྱད་པར་འཕགས་ཆོས་དུ་མ་དང་ལྡན་པའི་གཞུང་དགའ་ལྡན་ཕོ་བྲང་གསར་འཛུགས་ཀྱིས་ད་ལྟའི་བར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་མི་རྣམས་ལུགས་གཉིས་འཕྲིན་ལས་ཀྱིས་བསྐྱངས་པར་མཛད་པ་དང༌། ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པའི་མཇུག་ཙམ་ནས་འཇིག་རྟེན་ཁྱོན་ཡོངས་སུ་ཆབ་སྲིད་དང་དཔལ་འབྱོར་གྱི་འགྱུར་ལྡོག་ཤུགས་ཆེ་བྱུང་བའི་སྐབས་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་སྣུམ་ཟད་མར་མེ་ལྟར་གྱུར་པའི་བོད་ཀྱི་སྲིད་དབང་བདག་གིར་བཞེས་ནས་ཆེན་པོ་ཧོར་གྱི་ཡུལ་དང༌། མ་ཧཱ་ཅི་ནའི་ཡུལ། རྒྱ་གར་འཕགས་པའི་ཡུལ་བཅས་སུ་ྋཞབས་སོར་རིམ་འཁོད་ཀྱིས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་སླད་སྐུ་ངལ་འཛེམས་མེད་ཀྱིས་མཛད་པ་རླབས་ཆེན་བསྐྱངས་ཤིང༌། བོད་ལྗོངས་རང་དབང་གི་བདེན་དོན་བསྐྱར་ནན་གསལ་བསྒྲགས་དང༌། འབྱུང་འགྱུར་བོད་མིའི་ལས་དབང་མ་འོངས་སྔོན་གཟིགས་ཀྱིས་ཞལ་གདམས་ལུང་བསྟན་གནང་བ་སོགས་བཀའ་དྲིན་རླབས་ཆེན་བསྐྱངས། ལྷག་པར་ཆེས་སྙིགས་དུས་ཀྱི་ཡང་མཐར་སོན་པའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། ཇི་སྐད་དུ། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི།། མ་རུང་གདུལ་དཀའི་སྙིགས་དུས་འགྲོ་བ་ལ།། བདེར་གཤེགས་ལམ་བཟང་ཇི་བཞིན་སྟོན་མཛད་པའི།། སྐྱབས་མགོན་ཐུགས་རྗེ་ཅན་་་་་་་་་་་་་་་༌།། ཞེས་གསུངས་པ་ལྟར་རྒྱལ་དང་རྒྱལ་སྲས་གཞན་གྱིས་གདུལ་བར་མ་ནུས་པའི་དམུ་རྒོད་གདུལ་དཀའི་འགྲོ་བ་ཉམ་ཐག་པ་བདག་དང་བདག་ལྟ་བུ་རྣམས་ལ་ཐུགས་བརྩེ་བས་མི་འདོར་བར་འཇམ་མགོན་ཙོང་ཁ་པ་ཆེན་པོ་འཁྲུངས་པའི་ཡུལ་དང་འདབ་ཆགས་པར་རིགས་རུས་ཕུན་སུམ་ཚོགས་པའི་རྒྱུད་དུ་མཐོང་གྲོལ་མཚན་དཔེའི་ལང་ཚོ་གསར་དུ་བཞད། མགོན་པོ་གང་གི་ངོ་མཚར་རྨད་བྱུང་གི་མཛད་སྤྱོད་དང་ལྷ་བླ་དུ་མའི་ལུང་བསྟན་རྩེ་མཐུན་གྱིས་འཁྲུལ་བྲལ་རྒྱལ་བའི་ཡང་སྲིད་དུ་ངེས་པ་རྙེད་ནས་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་གི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ྋཞབས་པད་བཀྲིས་ཀྱི་རེ་ཁ་མངོན་པར་བཀོད། གཞོན་ནུའི་ཉིད་ནས་ཕལ་པའི་སྤྱོད་པ་ལས་རིང་དུ་འདས་པའི་དམ་པའི་རང་རྟགས་གསལ་བར་ངོམ་ཞིང༌། མཁས་ཤིང་གྲུབ་པའི་ཡོངས་འཛིན་དུ་མ་རིགས་ཀྱི་ཅོད་པཎ་དུ་བཞེས་ཏེ། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་བསྟན་པ་ལ་འཇུག་པའི་གོ་རིམ་ངེས་ཅན་དུ་མཛད་པ་དང་རྗེས་སུ་མཐུན་པར་སོ་སོར་ཐར་པའི་ཚིགས་སྔ་ཕྱིའི་སྡོམ་པ་རིམ་གྱིས་བཞེས་ཏེ་བཅས་མཚམས་ཕྲ་མོ་ལས་ཀྱང་མི་འདའ་བར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་གནས་བརྟན་འདུལ་བ་འཛིན་པའི་ངང་ཚུལ་ལྷུར་བཞེས་ཤིང༌། གཞུང་ཆེན་བཀའ་པོད་ལྔ་སོགས་ནང་དོན་དང༌། གཏན་ཚིགས་རིག་པ་གཙོ་བོར་གྱུར་པའི་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པ་ལ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་གྱིས་ཚིམ་པར་མ་མཛད་པར་དཔྱད་གསུམ་རྣམ་པར་དག་པའི་རིགས་ལམ་ནས་དྲངས་པའི་གསན་བསམ་ཕུ་ཐག་ཆོད་པར་མཛད། རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཀྱི་དབང་ལུང་བཀའ་འཁྲིད་མན་ངག་གི་རིམ་པ་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་དང་སྒོམ་སྒྲུབ་མཛད་བཞིན་པའི་མུར། སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བས་དུས་འགྱུར་མི་བཟད་པའི་དབང་གིས་གངས་ལྗོངས་ཆོས་སྲིད་འཕྲིན་ལས་ཀྱི་ཁ་ལོ་མངོན་པར་སྒྱུར་བའི་ནུས་མཐུ་མགོན་པོ་གང་ཉིད་ལས་གཞན་སུའང་མ་མཆིས་པར་མངོན་གསལ་དུ་གྱུར་པ་ན། བོད་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐུ་ཡི་ལང་ཚོ་ཆེས་ཆེར་ཕྲ་ཡང༌། དུས་འགྱུར་སྲིན་པོའི་ཟློས་གར་ཡ་ང་བའི་ངང་ཚུལ་ལའང་ཇི་མི་སྙམ་པར་ཐུགས་རྗེ་དང་སྙིང་སྟོབས་ཀྱི་ཡ་ལད་བཙན་པོས་གངས་ལྗོངས་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་ཏེ་ཛ་དྲག་དང་ཡ་ངའི་གནས་ཚུལ་གང་ལའང་ཞུམ་པ་མི་མངའ་བར་སྐྱེ་རྒུའི་བདེ་ཐབས་ཁོ་ནར་ཉིན་མཚན་དུ་གཞོལ་ཞིང༌། བོད་ཤར་ཕྱོགས་ནས་ལོག་སྨོན་ཀླ་ཀློའི་དཔུང་གིས་བཙན་གནོན་བྱུང་བ་ན་འཕགས་པའི་ལྗོངས་ཀྱི་ས་མཚམས་དང་ཐག་ཉེར་རེ་ཞིག་ཆིབས་ཀྱི་ཁ་ལོ་བསྒྱུར་ཅིང༌། ཐབས་མཁས་འཕྲུལ་མཛངས་ཀྱི་མཛད་པ་རླབས་པོ་ཆེའི་སྒོ་ནས་དམག་འཁྲུག་ཁྲག་སྦྱོར་གྱི་ཡ་ང་བའི་ཉེན་ཁ་ལྡོག་སྟེ། ཆིངས་མཐུན་ཞི་འགྲིགས་ཀྱི་ལམ་ནས་གནས་སྐབས་ཛ་དྲག་གི་འཇིགས་པ་ལས་གྲོལ་བར་མཛད། རིང་མིན་མ་ཧཱ་ཙི་ནའི་ཡུལ་དང་འཕགས་ཡུལ་ཆོས་ཀྱི་ཞིང་སོ་སོར་རིམ་བཞིན་ྋཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་བཀོད་དེ། སྐུ་ཡི་ལང་ཚོ་པདྨའི་མྱུ་གུ་ལྟར་ཆེས་ཆེར་ཕྲ་ཡང༌། རྣམ་དཔྱོད་ཚངས་པ་རྒན་པོ་སྟོང་གིས་ཀྱང་འགྲན་པར་མི་བཟོད་པའི་གཟི་བྱིན་ལྷག་པར་ངོམ་པས་དུས་རབས་ཉི་ཤུ་པའི་ནང་ཆེས་ཆེ་བར་གྲགས་པའི་སྐྱེས་བུ་མིའི་ཁྱུ་མཆོག་ཏུ་རློམ་པ་རྣམས་ཀྱང་ཉི་མས་མེ་འཁྱེར་བཞིན་མོག་མོག་པར་མཛད་དེ་ངོ་མཚར་དང་དད་པའི་ས་ལ་བཀོད་ཅིང༌། དད་ལྡན་གྱི་སྐྱེ་རྒུ་གྲངས་ལས་འདས་པར་མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་མངོན་མཐོ་ངེས་ལེགས་ཀྱི་ས་བོན་གྲུང་པོ་བསྐྲུན་པར་མཛད། དེ་ལྟར་ཐག་རིང་ཡུལ་གྲུ་ཁག་ཏུ་ཆིབས་ཀྱི་ཁ་ལོ་མངོན་པར་སྒྱུར་བའི་ཕེབས་བཞུད་དང༌། ཆོས་ལྡན་རྒྱལ་ཐབས་འཕྲིན་ལས་ཀྱི་མཛད་སྒོ་མུ་མཐའ་མེད་པའི་ནང་བཞུགས་བཞིན་པར་གཞུང་ཆེན་གསན་བསམ་གྱི་མཛད་རིམ་རྣམས་བར་མ་ཆད་པར་རྒྱུན་ཆགས་སུ་མཛད་ཅིང༌། གསན་བསམ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་དན་རྟགས་སུ་གངས་ཅན་གྱི་གདན་ས་ཆེན་པོ་གསུམ་དང༌། ཆོ་འཕྲུལ་སྨོན་ལམ་བཅས་སུ་གྲྭ་སྐོར་དམ་བཞེས་མཛད་དེ། མཁས་ཀུན་མགུ་བ་བསྐྱེད་པའི་ལེགས་བཤད་ཀྱི་སྐྱེས་བཟང་སྔ་ན་མེད་པ་བློ་གསལ་རྣ་བའི་དཔྱིད་དུ་སྤྲོ་ཞིང༌། ཕས་ཀྱི་རྒོལ་བ་མཐའ་དག་དྲི་མ་མེད་པའི་ལུང་རིགས་ཀྱིས་དཔའ་བསྐོངས་ཏེ་མི་སྨྲ་བའི་གནས་ལ་བཀོད། གཞན་ཡང་སྐལ་བ་དང་ལྡན་པའི་གདུལ་བྱ་མང་པོ་ལ་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོ་དང༌། ལྷག་པར་གསང་བདེ་འཇིགས་གསུམ་དང༌། རྒྱུད་སྡེ་གཞན་དང་བཤད་ཚུལ་མི་མཐུན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་རྒྱུད་བཤད་སོགས་སྔོན་བྱོན་གྱི་བསྟན་འཛིན་མཁས་གྲུབ་གྲགས་ཅན་བགྲེས་སོང་དག་གིས་ཀྱང་རྔོ་ཐོགས་པར་དཀའ་བའི་འཆད་རྩོད་རྩོམ་གསུམ་གྱི་རླབས་པོ་ཆེའི་མཛད་བཟང་གི་སྒོ་འཕར་དུས་གཅིག་ཏུ་ཕྱེ་བ་ན་སྐྱེ་རྒུ་མཐའ་དག་ཡ་མཚན་གྱི་གནས་སུ་གྱུར། དེ་ལྟ་ནའང་བདག་ཅག་དམུ་རྒོད་ཀྱི་འགྲོ་བའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བའི་ངང་ཚུལ་ལྡོག་ཏུ་མེད་པ་ཐོག་ཏུ་བབས་ཏེ་གངས་ལྗོངས་བསྟན་སྲིད་དང་སྐྱེ་རྒུའི་བདེ་སྐྱིད་ཀྱི་པད་རྩ་བརྩེ་མེད་ཀླ་ཀློའི་དཔུང་གི་ངན་སྤྱོད་གདུག་རྩུབ་ཀྱི་རྡོ་རྗེའི་མེ་ཆར་དྲག་པོས་རྨེག་མེད་དུ་བཅོམ་པ་ཉིད་ནའང༌། མགོན་པོ་མཆོག་ནི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ། སྐུ་ཡི་ངལ་བ་མཐའ་དག་ཁྱད་དུ་བསད་ནས་བོད་འབངས་སྐྱེ་རྒུའི་བདེ་དོན་ཉག་གཅིག་ཐུགས་དབུས་སུ་བཅངས་ཏེ་འཕགས་ཡུལ་ཆོས་ཀྱི་ཞིང་སར་ྋཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་བཀོད། གང་ལ་རེ་བའི་མིག་འབུར་རྩེ་གཅིག་ཏུ་བཏད་དེ་ཕེབས་རྗེས་སུ་བསྙེགས་པའི་སེར་སྐྱ་ཕོ་མོ་རྒན་བྱིས་ཁྲི་ཕྲག་མང་པོ་འཕགས་པའི་ཡུལ་དུ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་དབུགས་ཕྱུང་ཞིང༌། ཟས་གོས་གནས་མལ་གྱིས་མི་ཕོངས་པར་མཛད་པའི་ཁར། མ་འོངས་བསྟན་པའི་མེ་རོ་སླར་གསོའི་དམིགས་རྟེན་ཆོས་བྱེད་དགེ་འདུན་པ་རྣམས་དགོན་སྡེ་དང་གདན་ས་ཁག་རིམ་པས་གསར་འཛུགས་ཀྱིས་ཆོས་སྤྱོད་བཤད་སྒྲུབ་ཀྱི་བྱ་བར་ཅི་དགར་འཇུག་པའི་གོ་སྐབས་དང༌། ལོ་རྒས་ནད་གཅོང་ཅན་རྣམས་ལ་རྒས་གསོ་དང་སྨན་བཅོས། དར་མ་ལས་འཕེར་རྣམས་ལ་སོ་སོའི་ཁམས་དབང་དང་མཐུན་པའི་ལས་དོན་དང༌། ན་གཞོན་ཡར་སྐྱེས་ཅན་རྣམས་ལ་ཕྱི་ནང་གི་རིག་གཞུང་སྤྱི་དང༌། ལྷག་པར་བོད་ཀྱི་རིག་གཞུང་གཙོ་བོར་གྱུར་པའི་སློབ་སྦྱོང་གི་གོ་སྐབས་བཟང་པོ་སྩོལ་བར་མཛད། ཡང་སྒོས་བོད་ལྗོངས་བསྟན་སྲིད་ཀྱི་མེ་རོ་སླར་གསོའི་སོན་རྩར་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱི་ཡང་དག་པའི་དབུ་ཁྲིད་འོག་བཙན་བྱོལ་གཞུང་གི་སྒྲིག་འཛུགས་དང༌། བོད་མི་རྣམས་ཕུགས་འཕེར་གཞིས་སྒར་ཁག་ཏུ་མཉམ་སྡོད་ཐུབ་ཐབས་སུ་སོ་ནམ་དང་བཟོ་ལས་གཞིས་སྒར། ལས་རིགས་སྡེ་ཚན། ཆོས་སྡེ་དང་རིག་གཞུང་ཉམས་ཞིབ་ཁང༌། གཙུག་ལག་སློབ་ཁང༌། སློབ་གྲྭ ལག་ཤེས་བཟོ་རིགས། ཚོང་འཁོས་འདུ་འགོད་སོགས་རྒྱ་ཆེ་མུ་མེད་ཀྱི་ལས་དོན་དུ་མ་ཞིག་རང་ཡུལ་ཁྲ་ཚུགས་ཡོད་པའི་དུས་སྐབས་ལས་ཀྱང་ལྷག་པ་ལྟ་བུའི་མཛད་བཟང་གི་བཀའ་དྲིན་འགྲན་ཟླ་མེད་པར་སྐྱོང་བར་མཛད།

ལྷག་པར་རིང་མོ་ཞིག་ནས་ཐུགས་ལ་བརྣག་པའི་དགོངས་བཞེད་བོད་ལྗོངས་ཆབ་སྲིད་ཀྱི་འཛིན་སྐྱོང་མང་གཙོའི་ལམ་དུ་བསྒྱུར་སླད་ཕྱི་ལོ་༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་པ་དང༌། རིམ་བཞིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་སྔ་རྗེས་གསལ་བསྒྲགས་མཛད་པ་དང་བསྟུན་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལམ་སྲོལ་གྱི་སློབ་སྟོན་རྒྱུན་ཆད་མེད་པར་མཛད་ཅིང༌། ཕྱི་ལོ་༡༩༩༠ ལོར་སྐབས་བཅུ་པའི་སྤྱི་འཐུས་དང་སྔོན་སྲོལ་བཀའ་ཤག་བཅས་པ་ཕྱིར་བསྡུ་མཛད་དེ་བཀའ་བློན་འོས་འདེམས་དང་སྤྱི་འཐུས་གྲངས་སྤར། ད་ལྟ་ནས་ཆ་ཚང་ལག་བསྟར་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་གསོལ་བསྩལ་མཛད་ཅིང༌། སྐབས་བཅུ་གཅིག་པའི་སྤྱི་འཐུས་དམ་འབུལ་ཞུས་པ་ནས་བཟུང་བཅའ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་ཚད་ལྡན་ཞིག་ནང་མང་ཚོགས་ཀྱི་བསམ་བློའི་གནས་ཚད་ལོངས་མིན་ལ་མ་ལྟོས་པར་བཙན་ཐབས་སུ་འཁྲིད་པར་མཛད། སླར་ཡང་ཕྱི་ལོ་༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་མཛད་དེ་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགོ་ཁྲིད་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་དགོས་གནང་བ་བཅས་ནི་འཇིག་རྟེན་འདིར་མང་གཙོའི་འགྱུར་འགྲོས་ཀྱི་བྱུང་རབས་སུ་སྔར་མ་གྲགས་པའི་མཛད་བཟང་རླབས་པོ་ཆེ་བསྐྱངས་པར་མཛད། གཞན་ཡང་འདས་པའི་ལོ་ངོ་བཅུ་ཕྲག་ལྔ་སོང་བའི་དུས་ཀྱི་ཆར། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་སྔོན་གྱི་དམ་པ་རྣམས་ཀྱི་ཞབས་ཀྱིས་མ་བཅག་པའི་ས་ཕྱོགས་དུ་མར་མགོན་པོ་གང་ཉིད་ཡང་ནས་ཡང་དུ་ྋཞབས་སོར་ཕན་བདེའི་འོད་རླབས་འབར་བས་དགེ་ལེགས་སུ་མཛད་ཅིང༌། ཆོས་སྲིད་ལུགས་ཟུང་གི་འཕྲིན་ལས་རླབས་པོ་ཆེ་སྤྱི་དང༌། ཁྱད་པར་གང་འཚམས་ཆོས་ཀྱི་དགའ་སྟོན་ཟད་མི་ཤེས་པས་སྐྱེ་རྒུ་ཀུན་གྱི་ཡིད་ཀྱི་རེ་བ་ལེགས་པར་བསྐངས་ཏེ་ད་བར་བོད་དང་ནང་ཆོས་ཀྱི་གནས་ཚུལ་མིང་ཙམ་རྣ་བར་མ་སོན་པའི་འགྲོ་བ་གྲངས་ལས་འདས་པ་ཞིག་མི་ལྡོག་པའི་དད་པའི་ས་ལ་བཀོད་ཅིང༌། བོད་ཀྱི་མཛའ་གྲོགས་སུ་བསྒྱུར། ཕྱི་ལོ་༡༩༧༩ ལོར་སྐབས་དེའི་རྒྱ་ནག་གི་དབུ་ཁྲིད་དེང་ཞའོ་ཕིང་གི་གྲོས་འཆར་བཞིན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་ཀྱིས་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་ཀྱི་རྩ་དོན་འགྲིགས་ཆགས་ཡོང་ཐབས་རྒྱུན་མཐུད་མཛད་པ་སོགས་མདོར་ན་དུས་དང་རྣམ་པ་ཀུན་ཏུ་ཕ་རོལ་པོའི་བསམ་སྦྱོར་ངན་པའི་གདུག་རྩུབ་ཇི་ཙམ་བདོ་བ་དེ་ཙམ་དུ་མགོན་པོ་མཆོག་གི་བྱམས་བརྩེ་སྙིང་རྗེའི་ཐུགས་སྟོབས་ལྷག་པར་སྤེལ་ཏེ། འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བོད་མི་རྣམས་དཀྲི་བར་མཛད་པའི་རླབས་ཆེན་གྱི་མཛད་བཟང་ཉི་ཤར་སྦར་མོས་མི་ཁེབས་པའི་གནས་ཚུལ་མངོན་བྱུང་ལ་འཇིག་རྟེན་ཆེ་རྒུ་ཡོངས་ཀྱི་ཡིད་དབང་འཕྲོག་སྟེ་ཕྱི་ལོ་༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱང་མགོན་པོ་གང་ཉིད་ལ་ཕུལ་བ་དང༌། དེ་བཞིན་རིས་སུ་མ་ཆད་པའི་རྒྱལ་ཁབ་དང་སྒྲིག་འཛུགས་གྲངས་ལས་འདས་པ་ཞིག་གིས་རང་རང་གི་ཆེས་མཐོའི་མཚན་བསྟོད་དང༌། གཟེངས་རྟགས། ཕྱག་འཁྱེར་རྣམ་མང་འབུལ་བཞེས་མཛད། དེ་ལྟར་ཆབ་སྲིད་ཀྱི་མཛད་འཕྲིན་ཆུ་གཉེར་ལྟར་ཟད་མི་ཤེས་པའི་བར་སེང་ནས་དོན་གཉེར་ཅན་གྱི་སྐལ་ལྡན་མང་པོར་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་ཆར་རྒྱ་ཆེན་རྒྱུན་མི་ཆད་དུ་བསྩལ་བ་སྤྱི་དང༌། ཁྱད་པར་སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་སུ་ཞིག་གི་རྣམ་པར་ཐར་པ་བློ་ཆུང་བདག་གིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་རྣམས་ཀྱི་ནང་ཀུན་མཁྱེན་སྒྲོལ་བའི་མགོན་པོ་ཙམ་མ་གཏོགས་གཞན་སུས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ལན་གྲངས་འདི་ཙམ་གནང་བར་མ་ཐོས་ཤིང༌། ཏཱ་ར་ནཱ་ཐས་དབང་བསྐུར་གྱི་ལན་གྲངས་མང་དུ་མཛད་པར་གྲགས་ནའང༌། སྐུ་ཚེའི་ཧྲིལ་པོའི་གདུལ་བྱའི་གྲངས་འབོར་གཅིག་ཏུ་བསྡོམས་རུང༌། མགོན་པོ་གང་གི་དབང་བསྐུར་ལན་གཅིག་གི་གདུལ་བྱའི་འདུ་ཚོགས་ཀྱི་ཆ་ཤས་ཙམ་ལའང་འགྲན་པར་མི་བཟོད་ཅིང༌། འཕགས་བོད་གཉིས་སུ་མ་ཟད། ཐག་རིང་ནུབ་གླིང་རྣམས་སུའང་དབང་བསྐུར་རྒྱུད་བཤད་མཛད་པའི་རྣམ་ཐར་འདི་ལྟ་བུ་ནི་སྔོན་མ་བྱུང་ཞིང༌། ཕྱིས་ཀྱང་འབྱུང་བར་དཀའ་བའི་གནས་ཚུལ་ལོ་རྒྱུས་ཡིག་ཚང་དུ་འཇོག་འོས་པ་ལགས་ཤིང༌། མདོར་ན་ཀུན་གཟིགས་ལྔ་པ་ཆེན་པོའི་མཁྱེན་བརྩེ་ནུས་པ་འགྲན་ཟླ་མ་མཆིས་པས་སྲོལ་གཏོད་པའི་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་རྒྱུན་ཆད་པ་མེད་བཞིན་དུ་མང་གཙོའི་མཚན་ཉིད་དང་ཆ་ལག་ཡོངས་སུ་རྫོགས་པའི་བཅའ་ཁྲིམས་ལྡན་པའི་འཛིན་སྐྱོང་ཞིག་གི་ངོ་བོར་བཙན་ཐབས་སུ་བསྒྱུར་གནང་མཛད་པ་དང༌། དེ་བཞིན་བོད་མིའི་ཆབ་སྲིད་དང་བོད་དོན་གྱི་ལས་འགུལ་མཐའ་དག་མཐའ་གཅིག་ཏུ་འཚེ་བ་སྤངས་པའི་ལམ་དུ་བསྒྱུར་བར་མཛད་པའི་རླབས་ཆེན་གྱི་འཕྲིན་ལས་གཉིས་པོ་འདི་ནི་ཆོས་སྲིད་གཉིས་ལྡན་གྱི་བོད་ཀྱི་ཆབ་སྲིད་དབུ་བརྙེས་པ་ནས་བཟུང་ད་བར་གནའ་བོའི་ཆོས་རྒྱལ་རིམ་བྱོན་དང༌། བར་སྐབས་ཀྱི་ས་ཕག་ཀར་གསུམ། ཕྱིས་ཀྱི་རྒྱལ་བ་སྐུ་ཕྲེང་ན་རིམ་སུས་ཀྱང་ཕྱག་བཞེས་སུ་མ་ཐེབས་པའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པའི་བཀའ་དྲིན་གྱི་ཕུང་པོའི་ཚད་དང་མཐའ་ནི་ས་ལ་གནས་པའི་སེམས་དཔའ་ཆེན་པོ་དག་གིས་ཀྱང་དཔོག་པར་དཀའ་བ་ལགས་ཤིང༌། ཁྱད་པར་དེང་གི་ཆར་ནུབ་གླིང་ཡོ་རོབ་ཁུལ་དུ་གནས་འཁོད་བོད་རིགས་དང༌། ཁུལ་འདིའི་མང་ཚོགས་དད་ལྡན་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་གནས་ཕུན་སུམ་ཚོགས་པ་སུད་སིའི་མངའ་ཁུལ་ལོ་ཛེན་ཞེས་པའི་སའི་ཆར། དུས་ཕུན་སུམ་ཚོགས་པ་རབ་བྱུང་རི་ཟླའི་ས་གླང་ཆུ་སྟོད་ཟླ་བའི་ཉ་ལ། འཁོར་ཕུན་སུམ་ཚོགས་པ་མགོན་པོ་གང་གི་གདུལ་བྱར་གཏོགས་པའི་གསུང་སྐྱེས་ཀྱི་སློབ་མ་བརྒྱ་ཕྲག་མང་པོར། སྟོན་པ་ཕུན་སུམ་ཚོགས་པ་ལྷར་བཅས་སྲིད་ཞིའི་རྣམ་འདྲེན་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གང་ཉིད་ནས། ཆོས་ཕུན་སུམ་ཚོགས་པ་ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བའི་གདམས་ངག་ཟབ་མོ་ལམ་གྱི་གཙོ་བོ་རྣམ་གསུམ་དང༌། སྙིགས་མའི་མགོན་པོ་བཅོམ་ལྡན་བདེ་གཤེགས་བདུན་གྱི་རྗེས་གནང་ཟབ་མོ་བཅས་བསྩལ་བར་མཛད་པའི་བཀའ་དྲིན་གྱི་ཕུང་པོ་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་ཡོངས་སུ་བཀང་སྟེ་བསྐལ་པའི་བར་དུ་ཉིན་བཞིན་ལན་བརྒྱར་འབུལ་ཡང་ཆ་ཕྲ་མོ་ཙམ་ཡང་གསབ་པར་ནུས་པའི་གོ་སྐབས་ག་ལ་མཆིས། འོན་ཀྱང་མགོན་པོ་མཆོག་གི་བཀྲིན་རྗེས་སུ་དྲན་ཞིང༌།བྱས་པ་དྲིན་དུ་གཟོ་བའི་མངོན་འདོད་མཚོན་པ་ཙམ་གྱི་སླད། གུས་ཕྱག་སྔོན་དུ་བཏང་སྟེ། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་བའི་དངོས་པོའི་ཚོགས་དང་བཅས་པ་རིན་ཆེན་མཎ྄ཌལ་བཟང་པོའི་ངོ་བོར་འབུལ་བ་ནི། རླུང་དང༌། མེ་དང༌། ཆུའི་དཀྱིལ་འཁོར་ཕྱི་ནང་རིམ་བརྩེགས་སུ་གནས་པའི་དབུས་སུ་སའི་དཀྱིལ་འཁོར་ཆེན་པོའི་དཀྱིལ། དེ་ཡང༌། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས།། ཞེས་གསུངས་པ་ལྟར་དཔག་ཚད་འབུམ་ཕྲག་བཞིའི་ཚད་དང་ལྡན་པའི་རིའི་རྒྱལ་པོ་རི་རབ་དང༌། དབྱིབས་ཟླུམ་པོ། ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར་བའི་ཁ་དོག་དང་ལྡན་པའི་མཐའ་བསྐོར་དུ་གླིང་དྲུག་མཚོ་དྲུག་གིས་བསྐོར་བའི་ཕྱི་རོལ་དུ་མཚོ་བདུན་པ་བ་ཚ་ཅན་གྱི་རྒྱ་མཚོ། མཐའ་བསྐོར་རི་བདུན་པ་ལྕགས་རི་འབར་བས་བསྐོར་བའི་བར་ན་འཛམ་གླིང་ལ་སོགས་པའི་གླིང་བཅུ་གཉིས། སའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱིམ་གྱི་འཁོར་ལོ་རྩེ་བཅུ་གཉིས་པ་ལ་ཉི་ཟླ་སྐར་དང་བཅས་པ་འཁོར་བ། སྲིད་པ་སུམ་ཅུ་རྩ་གཅིག་གི་སྣོད་བཅུད་ཡོངས་སུ་རྫོགས་པ་ལ་རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པ་ཡི་ལོ་ཏོག་ལ་སོགས་པ་གླིང་བཞིའི་ཁྱད་ནོར་དང༌། གཞན་ཡང་འཁོར་ལོ་ལ་སོགས་པའི་རྒྱལ་སྲིད་རིན་ཆེན་སྣ་བདུན། སྒེག་མོ་མ་སོགས་མཆོད་ལྷ་བརྒྱད། རིན་པོ་ཆེའི་གདུགས་དང༌། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ལ་སོགས་པས་བརྒྱན་པའི་དབུས་ན་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་གཙང་ཞིང་ཡིད་དུ་འོང་བའི་ཕྱི་ནང་གཞན་གསུམ་གྱི་ཞིང་ཁམས་རྒྱ་མཚོའི་བཀོད་པས་ཐོག་དྲངས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང༌། ན་བཟའ་ཉེར་སྤྱད། བཀྲིས་རྫས་རྟགས་སོགས་དངོས་འབྱོར་གྱི་འབུལ་བ་ཕྲན་ཚེགས་དང༌། གུས་འབངས་ཡོ་རོབ་ཁུལ་དུ་འཁོད་པའི་བོད་རིགས་སེར་སྐྱ་རྒན་བྱིས་ཡོངས་ནས་རང་རང་གི་ནུས་པ་དང་བསྟུན་ཏེ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཆོས་དང་རིག་གཞུང༌། སྤྱི་ཚོགས་ཀྱི་བདེ་དོན་ལ་སྨན་པའི་ལས་དོན་གང་ཅིའི་ཐོག་ྋགོང་ས་སྲིད་ཞིའི་གཙུག་རྒྱན་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་དང་ཡོངས་སུ་མཐུན་པར་སྒོ་གསུམ་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབད་འབུང་ཞུ་རྒྱུའི་ཡིད་དམ་བརྟན་པོ་འཆའ་བའི་བཀའ་བཞིན་སྒྲུབ་པའི་མཆོད་པ་སྟོང་མིན་ཙམ་དང་བཅས་མངོན་པར་དྭངས་པའི་ཡིད་ཀྱིས་འཁོར་གསུམ་དམིགས་མེད་དུ་རྒྱས་བཏབ་སྟེ་འབུལ་བ་ལགས་ན་འབུལ་བྱའི་དངོས་པོ་ཤིན་ཏུ་ཕྲ་ཡང༌། བདག་ཅག་གི་བསོད་ནམས་ཀྱི་སྐལ་བར་དགོངས་ཏེ་དགྱེས་པའི་སྤྱན་རས་ཡུད་ཙམ་གཡོ་བ་དང༌། སླར་ཡང་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོར། ཇི་སྐད་དུ། མགོན་མེད་གངས་ཅན་ཞིང་གི་འགྲོ་བ་རྣམས།། ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར།། དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།། སྡེ་བཞིའི་དཔལ་ལ་སྦྱོར་ཞིང་བརྟན་པར་བཞུགས།། ཞེས་དྲང་སྲོང་བདེན་པའི་དབྱངས་ཀྱིས་ཇི་ལྟར་བསྙད་པ་ལྟར་མཁའ་མཉམ་ཡིད་ཅན་ཀུན་གྱི་འདི་དང་གཏན་གྱི་ཕན་བདེའི་ལེགས་ཚོགས་སྤྱི་དང༌། ཁྱད་པར་བོད་འབངས་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཡུན་ཆོས་སྲིད་ཀྱི་ལེགས་ཚོགས་མཆིས་སོ་ཅོག་མཐའ་དག་ནི་གུས་འབངས་ཡོངས་ཀྱིས་མཐུན་སྣང་དུ་མཇལ་བར་ནུས་པའི་གཟུགས་སྐུ་མཚན་དཔེའི་ཕུང་པོ་འདི་ཉིད་འཚོ་ཞིང་གཞེས་པ་ཉིད་ལ་རག་ལུས་པ་ལགས་ན། བདག་ཅག་ཉམ་ཐག་མགོན་མེད་ཀྱི་འགྲོ་བ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ། ཇི་སྐད་དུ། སེམས་ཀྱི་དྲི་མར་གྱུར་པ་ལ།། སངས་རྒྱས་རྣམས་ནི་སྨོད་མི་མཛད།། ཅེས་གསུངས་པ་ལྟར། ཇི་ལྟ་ཇི་ལྟར་སྙིགས་དུས་བརླང་སྤྱོད་ཀྱི་སྐྱེ་འགྲོའི་ངན་སྤྱོད་ཆེས་ཆེར་བདོ་བ་དེ་ལྟ་དེ་ལྟར་མགོན་པོ་གང་ཉིད་ཀྱིས་ཐུགས་སྟོབས་སྙིང་རྗེའི་གོ་ཆ་ལྷག་པར་བཞེས་ཏེ་ྋཞབས་ཟུང་སྲིད་པའི་ཕྱི་མཐའི་བར་དུ། མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང༌། མི་ནུབ་པའི་རྒྱལ་མཚན་གྱི་ངོ་བོར་རྟག་བརྟན་གཞོམ་བྲལ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་པ་དང༌། མགོན་པོ་གང་གི་ཟག་བྲལ་ཡེ་ཤེས་ཀྱི་གཟིགས་པས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་འཇུག་ངོགས་ལ་བརྟེན་ནས་རིང་པོ་མ་ཐོགས་པར་ཡོངས་རྫོགས་བོད་ལྗོངས་རང་སྲིད་རང་སྐྱོང་གི་རང་དབང་གཙང་མའི་དཔལ་ལོངས་སུ་སྤྱོད་ཅིང༌། མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་མྱུར་བ་མྱུར་བར་བསིལ་ལྡན་ཆོས་ཀྱི་ཞིང་སར་ྋཞབས་སོར་འཁོད་དེ་བོད་འབངས་གཞིས་བྱེས་མཉམ་འཛོམས་ཀྱིས་གང་གི་སྐྱབས་འོག་ཏུ་ཆོས་སྲིད་ཟུང་འབྲེལ་གྱི་དགའ་སྟོན་ལ་སྤྱོད་པའི་སྐལ་བཟང་མངོན་གྱུར་ཡོང་བ་དང༌། ཁྱད་པར་དུ་གོང་དུ་དྲངས་པའི། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌།། ཞེས་གསུངས་པ་ལྟར། འཕགས་པ་སྤྱན་རས་གཟིགས་ཀྱིས་གདུལ་བྱ་འདུལ་བའི་ཐབས་ལམ་གཙོ་བོ་ནི་ཆོས་བཞིན་སྐྱོང་བའི་རྒྱལ་ཐབས་འཕྲིན་ལས་ཡིན་པ་མདོ་རྒྱུད་ནས་གསུངས་པ་དང༌། ཁྱད་པར་བཀའ་གདམས་གླེགས་བམ་ལས། སྤྱིར་སེམས་ཅན་ཡོངས་ཀྱི་མགོན་པོ་ཡིན།། སྒོས་གངས་རིའི་ཁྲོད་དུ་རྒྱལ་སྲིད་སྐྱོང༌།། ཞེས་གངས་ལྗོངས་སུ་རྒྱལ་སྲིད་སྐྱོང་བའི་སྒོ་ནས་འགྲོ་དོན་མཛད་དགོས་པ་ལུང་གིས་གྲུབ་པ་མ་ཟད། བསྐལ་མང་སྔོན་གྱི་རྒྱལ་པོ་འཇིག་རྟེན་དབང་ཕྱུག་ནས་བཟུང་ད་ལྟའི་བར་འཕགས་པའི་ཡུལ་དང་གངས་རིའི་ལྗོངས་སུ་བྱོན་པའི་མགོན་པོ་གང་གི་སྐུའི་ཕྲེང་བ་ཕལ་ཆེ་བ་རྒྱལ་པོའི་ཚུལ་དུ་བྱོན་འདུག་པ་དེའང་བླ་ཐབས་སུ་མ་ཡིན་པར་གདུལ་བྱ་འདུལ་བའི་དགོས་པ་ཁྱད་པར་ཅན་གྱི་དབང་གིས་ཡིན་པར་གདོན་མ་འཚལ་ཞིང༌། ལྷག་པར་དེང་གི་ཆར་བོད་མིའི་ཆབ་སྲིད་ཡང་དག་པའི་མང་གཙོའི་ལམ་དུ་མགོན་པོ་གང་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་བསྐྱོད་བཞིན་པ་འདིའི་སྐབས་མང་ཚོགས་ཀྱི་མངོན་འདོད་ལ་ཚང་མས་བརྩི་བཀུར་བྱ་དགོས་པ་ནི་མང་གཙོའི་ལྟ་གྲུབ་ཀྱི་སྙིང་དོན་ཡིན་པ་དང༌། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་བླ་ན་མེད་པའི་དབུ་ཁྲིད་མགོན་པོ་གང་ཉིད་ལ་སྤྱི་མོས་ཀྱི་ཐོག་ནས་རེ་འདུན་ཞུ་བཞིན་པ་བཅས་ཆོས་དང་སྲིད་ཀྱི་རྒྱུ་མཚན་གང་གི་དབང་དུ་བྱས་ནའང༌། མགོན་པོ་མཆོག་བོད་མིའི་ཆབ་སྲིད་ཀྱི་འགན་དབང་བཞེས་མི་དགོས་པར་ཐུགས་ལས་ཆུང་ངུར་གཞོལ་བའི་དགོངས་བཞེས་དང་ཕེབས་སྒོ་ནམ་ཡང་མི་ཡོང་བ་ཞེས་བདག་ཅག་གཞིས་བྱེས་བོད་འབངས་ཡོངས་ཀྱིས་སྙིང་ཁོང་རུས་པའི་གཏིང་ནས་རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན། བཀའི་ཞལ་བཞེས་བཟང་པོ་སྙིང་གི་ག་འུར་བཅང་ཆོག་པ་ཞིག་སྤྱི་བོའི་མཛེས་རྒྱན་དུ་སྩོལ་བ་ཅི་ནས་མཁྱཻན། མཁྱཻན། མཁྱཻན། མཁྱཻན། མཁྱཻན། མཁྱེན། ཅེས་གསོལ་བ་འདེབས་པ་ལགས་སོ།། །།

ཕྱི་ལོ་༢༠༠༩ ཟླ་༨ ཚེས་༥ ཉིན་སུད་སིའི་གྲོང་ཁྱེར་ལོ་ཛེན་དུ་ཡོ་རོབ་བོད་རིགས་མི་མང་ནས་ྋགོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་གནང་བའི་མཎྜལ་ལྗགས་བཤད།