ས་རཱ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་དགའ་སྟོན་ལ་གནང་བའི་གསུང་བཤད།

༄༅། ། གང་ཞིག་གཟིགས་ཤིང་གསུངས་པ་ཡིས། ། མཁྱེན་དང་སྟོན་པ་བླ་ན་མེད། ། རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། ། གཟིགས་ཤིང་འདོམས་པ་དེ་ལ་འདུད། ། སྐྱབས་ཡུལ་དགེ་འདུན་གྱི་སྡེ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ། བཀའ་བློན་ལས་ཟུར་རྣམ་པས་མཚོན་བཀུར་འོས་སྐུ་མགྲོན་རྣམ་པ། གཞུང་ཞབས་རྣམ་པ། རིགས་ལམ་སླཽབ་གཉེར་ཁང་དབུས་དང་ཡན་ལག་གི་འགན་འཛིན་རྣམ་པས་མཚོན་དགེ་ལས་རྣམ་པ། སློབ་གཉེར་ཁང་འདི་ནས་སློབ་དཔོན་ཆེན་པོ་དང་རབ་འབྱམས་པ་སོགས་ཀྱི་མཚན་རྟགས་བཞེས་མཁན་སློབ་ཐོན་པ་རྣམ་པ། སློབ་གཉེར་བ་རྣམ་པ་བཅས་ལྷན་རྒྱས་ལ། ཐོག་མ་ངས་དགའ་སྤྲོའི་ངང་དེ་རིང་འདིར་སློབ་ཐོན་པ་མཚན་རྟགས་བཞེས་མཁན་ཚང་མར་ལེགས་སོའི་བསྔགས་བརྗོད་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལྔ་བརྒྱའི་ཕྲག་དྲུག་པར་སོན་ཞིང༌། དེང་དུས་ཀྱི་སྐྱེ་བོ་རྣམས་ཀྱི་བརྗོད་སྲོལ་ལྟར་ན་དུས་རབས་ཉེར་གཅིག་པའི་ནང་སླེབས་ཏེ། ནང་པའི་ལྟ་ཚུལ་ལྟར་ན་སྤྱིར་སྙིགས་མ་ལྔ་དང༌། ལྷག་པར་དུ་དུས་དང་ཉོན་མོངས་ལྟ་བའི་སྙིགས་མའི་ངང་ཚུལ་ལོ་ཟླ་ཞག་དུས་རེ་རེ་ནས་ཇི་ལྟར་བདོ་བ་མངོན་ཚན་དུ་མཐོང་ཐུབ་པའི་དུས། དེང་རབས་པ་རྣམས་ཀྱི་ལྟ་ཚུལ་ལྟར་ན། དེང་རབས་དང༌། ཆེས་དེང་རབས། དེང་རབས་གོང་མའི་གནས་བབས་ལས་ཀྱང་འདས་ལ་ཉེ་བའི་དུས་སྐབས། བག་མེད་ལོངས་སྤྱོད་ཀྱི་སྲོལ་ལུགས་གོ་ལ་གཅིག་སྒྱུར་དུ་ཁ་ལོ་སྒྱུར་བའི་སྐབས་འདི་ལྟ་བུར་ཁྱེད་རྣམས་དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཆེད་ནང་དོན་རིག་པ་ལ་ཐོས་བསམ་བྱས་ཏེ་རིས་མེད་སློབ་དཔོན་ཆེན་པོ་དང་དབུ་ཕར་གྱི་རབ་འབྱམས་པ་སོགས་ཀྱི་མཚན་རྟགས་བཞེས་གནང་མཛད་པ་ནི་རང་གི་རྙེད་པ་ལེགས་པར་རྙེད་པའི་སྐལ་བཟང་བླ་ན་མེད་པ་ཞིག་ཡིན་པ་སྨོས་མ་དགོས་པ་མ་ཟད། གནས་དུས་ཁོར་ཡུག་གི་ཆ་ནས་ཡ་མཚན་དངོས་བྱུང་ཞིག་ཡིན་པས་སྙིང་ནས་རྗེས་སུ་ཡི་རངས་ཡོད། ད་ལྟ་སྔོན་དུ་གསུང་བཤད་གནང་མཁན་གྱིས་ཁ?ེད་རྣམས་དུས་འདིར་བསམ་བཞིན་མིའི་སྲིད་པ་བཟུང་བ་ཞིག་མིན་ནམ་གསུངས་པ་དེ་བདེན་པ་ཡིན་ཚོད་དུ་སྣང༌།

ཡུལ་གངས་ཅན་གྱི་ལྗོངས་སུ་སྔོན་གྱི་རྗེ་བློན་པཎ་གྲུབ་ལོ་ཙཱ་བ་རིམ་བྱོན་དང༌། ཁྱད་པར་འཇམ་མགོན་ས་སྐྱ་པ་ཡབ་སྲས། རྗེ་ཙོང་ཁ་པ་ཡབ་སྲས་བཅས་ཀྱི་བཀའ་དྲིན་ལས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་དཔྱད་གསུམ་དག་པའི་རིགས་པའི་ལམ་ནས་ཕྱོགས་རེ་བ་དང༌། རགས་པ་རེ་ཙམ་མ་ཡིན་པར་ཕུ་ཐག་ཆོད་པའི་ཐོས་བསམ་སྒོམ་གསུམ་རིམ་དང་ཅིག་ཅར་དུ་བྱ་བའི་སྲོལ་གཏིང་ཚུགས་པར་བརྟེན། ཚང་ལ་མ་ནོར་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛམ་གླིང་གི་ནང་པའི་ཡུལ་གྲུ་གཞན་དང་མི་འདྲ་བར་ཆེས་རྨད་དུ་བྱུང་བའི་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་བའི་བྱ་བས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་དང༌། གྲུབ་མཐའ་བཞིའི་ལྟ་བའི་རྣམ་བཞག་ཟབ་ཅིང་ཕྲ་བ་སྔོན་འཕགས་པའི་ཡུལ་གྱི་དཔལ་ན་ལན་ད་དང༌། བི་ཀྲམ་ཤི་ལ། རྡོ་འཇོག་སོགས་ཀྱི་གཙུག་ལག་ཁང་རྣམས་སུ་ཇི་ལྟར་དར་བ་ལས་ཀྱང་ལྷག་པ་ཙམ་ཞིག་དར་རྒྱས་བྱུང་སྟེ་ངེས་པ་དོན་གྱི་བཤད་སྒྲུབ་རྣམ་པར་དག་པས་འཛིན་སྐྱོང་སྤེལ་གསུམ་ངང་ལོ་ངོ་བརྒྱ་ཕྲག་བཅུ་གསུམ་བརྒལ་བའི་རིང་རྒྱུན་གནས་ཐུབ་པའི་བྱུང་རབས་ཀྱི་ཕྲེང་བ་ཚར་དུ་དངར་ཡང༌། སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བས། གནས་བརྟན་སྡེ་པའི་བསྟན་རྩིས་ལྟར་གྱི་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱར་ཉེ་བ་ན། ལོག་སྨོན་ཀླ་ཀློའི་དཔུང་གིས་བོད་ཀྱི་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་མིང་གི་ལྷག་མར་བཅོམ་པའི་སྐབས་སུའང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་འཕྲིན་ལས་ཀྱིས་བཙན་བྱོལ་དུ་འབྱོར་བའི་ཆོས་བརྒྱུད་རིས་མེད་ཀྱི་རབ་བྱུང་རྣམས་ལ་སྦག་ས་དང་ཌལ་ཧོར་དུ་སློབ་གཉེར་མུ་མཐུད་བྱ་བའི་གོ་སྐབས་རིན་ཐང་བྲལ་བ་ཞིག་བསྩལ་ཡོད་ནའང༌། ཕྱོགས་གཅིག་ནས་ཡུལ་དུས་དང་ཁོར་ཡུག་གི་གནོན་ཤུགས་དང༌། ཕྱོགས་གཞན་ཞིག་ནས་ང་ཚོས་དེང་རབས་ཀྱི་གནས་ཚུལ་མང་པོ་ལ་ཆ་རྒྱུས་གང་ཡང?མེད་པའི་ཚོད་མ་ཐིག་གི་དབང་གིས་བོད་ཀྱི་གདན་ས་ཆེན་པོ་རྣམས་སུ་དར་བའི་སློབ་གཉེར་གྱི་སྲོལ་རྒྱུན་ལ་བཟོ་བཅོས་དང་བསྲེ་ལྷད་ཇི་སྙེད་ཅིག་བྱས་ཏེ་ཉམས་དམས་སུ་བཏང་ཡོད། རྒྱལ་བའི་བསྟན་པ་དང༌། དེ་འབྲེལ་གྱི་ལེགས་བྱང་རྣམས་བོད་དུ་དྲག་ཤུགས་ཀྱིས་རྩ་གཏོར་དང༌། བཙན་བྱོལ་དུ་རང་འདོད་ཀྱིས་ཉམས་དམས་སུ་བཏང་བའི་ངང་ཚུལ་འདི་ཕྱིས་སུ་གོ་དོན་རྟོགས་སྐབས་སྤྱི་མཐུན་ལས་འབྲས་ཀྱི་རྣམ་བཞག་ལ་ངེས་པ་གཏིང་ཚུགས་པ་ཞིག་བྱུང༌། ཕྱི་ལོ་ ༡༩༦༠ ལོར་སྦག་ས་ནས་གདན་སའི་མཁན་པོ་རྣམས་རྡ་སར་ཆིབས་སྒྱུར་སྐབས་སྦག་སའི་སློབ་གཉེར་གནང་ཚུལ་དེང་དུས་ནུབ་ཕྱོགས་པའི་ལམ་སྲོལ་གྱི་གཙུག་ལག་སློབ་ཁང་དུ་མཐུན་པ་བཟོ་དགོས་ཀྱི་དགོངས་འཆར་བྱུང་སྟེ་དེའི་སློབ་ཚན་འཆར་གཞི་དང་དུས་ཚོད་རེའུ་མིག་སོགས་ཀྱི་ཟིན་བྲིས་འགོད་པོ་ང་རང་ཡིན་པ་དང༌། དེ་ནས་ལོ་ཤས་འདས་པའི་རྗེས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་འཆར་གཞི་འགོད་སྒྲིག་སྐབས་སུའང་སྔ་རྗེས་ཀྱི་ཚོགས་ཆུང་མང་པོར་ངེད་རང་དངོས་སུ་ཞུགས་ཏེ་བོད་ཀྱི་སྲོལ་རྒྱུན་དང་མི་མཐུན་པར་ནུབ་ཕྱོགས་པའི་ལད་མོ་བྱས་ཏེ་ལོ་བརྒྱད་དགུའི་ནང་གཞུང་ཆེན་བཀའ་པོད་བཞི་ཙམ་ལ་ཐོས་བསམ་བྱ་རྒྱུའི་ལས་རིམ་དང༌། དེའང་སྔོན་གྱི་གདན་ས་ཁག་ཏུ་ནམ་ཕྱེད་ཕར་བསྐྱལ། ཐོ་རངས་ཚུར་བསུའི་དཀའ་ཐུབ་བསྟེན་དགོས་ཀྱང་དེ་འདྲ་མི་དགོས་པར་སློབ་ཚན་རེ་ལ་སྐར་ཆ་བཞི་བཅུ་ཙམ་བྱས་པའི་དུས་ཡུན་གྱིས་ཉིན་རེར་ཆུ་ཚོད་བཞི་ལྔ་ཙམ་སློབ་སྦྱོང་བྱེད་ན་འཐུས་པའི་གུ་ཡངས་སྟབས་བདེའི་སྒྲིག་སྲོལ་ཞིག་བཟོས་ཏེ་གཞུང་ཆེན་འཆད་ཉན་ལ་ཞབས་འདེགས་བསྒྲུབས་པར་རློམ་པ་དང༌། དེའི་རྗེས་མི་ལོ་བཅུ་ཕྲག་གསུམ་ཧྲིལ་པོ་ལམ་སྲོལ་དེ་དག་ལག་བསྟར་བྱེད་པའི་སྣེ་མོ་བར་ཚུད་དེ་གཞུང་ཆེན་གྱི་སློབ་སྦྱོང་གི་སྤུས་ཚད་ཇི་ཙམ་ཉམས་དམས་སུ་བཏང་བ་རང་གིས་མཐོང་ཆོས་སུ་གྱུར། དེང་སྐབས་གདན་ས་དང་བཤད་གྲྭ་ཕལ་ཆེ་བར་དེ་འདྲའི་ལམ་སྲ?ལ་རྣམས་བཞག་སྟེ་སྔོན་སྲོལ་ལྟར་གྱི་སློབ་གཉེར་གནང་སྟངས་བསྐྱར་གསོ་གནང་ཟིན་ནའང༌། སློབ་གཉེར་བ་ཚོས་གང་མྱུར་དགེ་བཤེས་བཏང་སྟེ་ཕྱོགས་གཞན་དུ་འཕུར་རྒྱུའི་བྲེལ་འཚབ་ཆེ་བའི་དབང་གིས་སྲོལ་རྒྱུན་ཇི་མ་ཇི་བཞིན་སློབ་གཉེར་གནང་མཁན་ཤིན་ཏུ་དཀོན་པོ་ཡིན་ཚོད་འདུག

ཕྱི་ལོ་ ༡༩༧༠ ཙམ་ནས་བོད་རིགས་ན་གཞོན་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོན་པ་རྣམས་ལ་ཚད་མ་རིག་པའི་རྨང་གཞི་ལ་བརྟེན་པའི་ནང་དོན་རིག་པའི་སློབ་གསོའི་གོ་སྐབས་ཤིག་མེད་དུ་མི་རུང་བར་གཟིགས་པའི་ྋགོང་ས་མཆོག་གི་དགོངས་གཞི་ལྟར་རྡ་ས་རིག་ལམ་སློབ་གཉེར་ཁང་འདི་བཞིན་ངེད་ཀྱི་ཆུང་དུས་ནས་འགྲོགས་འདྲིས་ཡོད་པའི་ཆོས་གྲོགས་སྐུ་གཤེགས་དགེ་བཤེས་བློ་བཟང་རྒྱ་མཚོས་ཐུགས་འགན་བཞེས་ཏེ་གསར་འཛུགས་བསྐྱངས་པ་ད་ལམ་ལོ་ངོ་སུམ་ཅུ་སོ་གཅིག་འཁོར་བའི་སྐབས་འདིར་འདས་པའི་བྱུང་བ་རྣམས་རྨི་ལམ་གྱི་སྣང་བ་ལྟར་ལྷམ་མེར་དྲན་ཡུལ་དུ་འཆར་བས་དགའ་སྐྱོའི་ཚོར་སྣང་འདྲེས་མ་ཞིག་བྱུང་བ་དང༌། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་དྲུག་འཁོར་བའི་དུས་དྲན་དང་སྟབས་བསྟུན་བསླབ་པ་མཐར་སོན་པའི་རིས་མེད་སློབ་དཔོན་ཆེན་པོ་རྣམས་དང༌། དབུ་མ། ཕར་ཕྱིན། མཐོ་རིམ་རིག་གནས་རབ་འབྱམས་པ་བཅས་ཀྱི་མཚན་རྟགས་བཞེས་པའི་མཛད་སྒོ་འདིར་ངེད་རང་ངོ་བཅར་དང༌། བསླབ་པ་མཐར་སོན་པའི་དགའ་སྟཽན་གྱི་གཏམ་བཤད་ཞུ་རྒྱུའི་གོ་སྐབས་ཐོབ་པ་འདི་དགའ་སྤོབས་བརྟས་པའི་ཉེར་ལེན་དུ་གྱུར། རྡ་ས་རིག་ལམ་སློབ་གཉེར་ཁང་འདི་བོད་རིགས་ན་གཞོན་མང་པོ་ཞིག་ལ་ནང་དོན་རིག་པ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་རྣམས་སློབ་ཁྲིད་ཀྱིས་ཉག་ཕྲ་བའི་བོད་ཀྱི་རིག་གནས་དང་སྤྱི་ཚོགས་གཉིས་ཀར་ཕན་ཐོགས་རླབས་ཆེན་ཞིག་བྱུང་བ་ཀུན་གྱིས་གཟིགས་སྣང་དུ་གྲུབ་པ་འདི་ལགས་ན་སློབ་གཉེར་ཁང་འདིའི་ཕྱག་འདེབས་པ་པོ་དང༌། འདིའི་ནང་སློབ་ཁྲིད་དང་འཛིན་སྐྱོང་གི?བྱེད་པོར་གཏོགས་པ་རྣམས་དང༌། སློབ་གཉེར་བ་ཐོན་དང་འཐོན་འགྱུར་ཚང་མར་བཙན་བྱོལ་བོད་གཞུང་དང༌། བོད་རིགས་མང་ཚོགས་ཀྱི་ངོས་ནས་བྱས་པ་དྲིན་དུ་གཟོ་བའི་སླད་ཐུགས་རྗེ་དང་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

སྙིགས་མའི་ཡང་མཐར་སོན་པའི་འཁྲུགས་ཆ་ཆེ་བའི་དུས་རབས་འདིའི་ནང་མངོན་མཐོ་དང་ངེས་ལེགས་དོན་དུ་གཉེར་བའི་སྐྱེ་བོ་ཉི་སྐར་ལྟར་དཀོན་ཞིང༌། དེའི་དབང་གིས་ནང་དོན་རིག་པའི་གཞུང་ལུགས་ལ་ཐར་པ་དོན་གཉེར་གྱི་འདུན་པས་ཐོས་བསམ་གྱིས་འཇུག་མཁན་སྲིད་མཐའ་ཙམ་དུ་གྱུར་པའི་སྐབས་འདིར་འདི་སྣང་དོན་གཉེར་གྱི་འདུན་པ་ཁོ་ནས་གཞུང་ལུགས་འདི་དག་ལ་སྲོལ་རྒྱུན་རིག་གནས་ཙམ་གྱི་འདུ་ཤེས་ཀྱིས་སློབ་སྦྱོང་བྱེད་པ་འདི་དགེ་སྡིག་ཅི་ཡིན་དང༌། བསྟན་པ་ལ་ཕན་གནོད་ཅི་འགྱུར་གྱི་དྲི་བ་དང་སོམ་ཉི་བྱེད་མཁན་ཇི་སྙེད་ཅིག་སྣང་ཡང༌། ཁོ་བོ་ནི་སྟོན་པ་བདེ་བར་གཤེགས་པས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་གཞུང་ལུགས་ནི། རྗེ་བདག་ཉིད་ཆེན་པོས། ཁྱོད་གསུང་དུ་མ་ཅི་ཞིག་སྨོས། ། ཆ་ཤས་རེ་ཡི་དོན་ཙམ་ལའང༌། ། འོལ་སྤྱི་ཙམ་གྱིས་ངེས་རྙེད་པ། ། དེ་ལའང་མཆོག་གི་བདེ་བ་སྟེར། ། ཞེས་གསུངས་པ་ལྟར། བསམ་པ་དང་ཀུན་སླཽང་ལེགས་ཉེས་ཇི་འདྲ་ཞིག་གིས་ཐོས་རུང༌། རྣམ་དཀར་གྱི་ས་བོན་གྲུང་པོ་བསྐྲུན་ནུས་པ་གདོན་མི་ཟ་བར་འཁུམས་ཤིང༌། ལར་ནས་རྟགས་ཙམ་འཛིན་པའི་ལེའུའང་སངས་རྒྱས་ཀྱི་བསྟན་པ་གནས་པའི་དུས་ཚིགས་སུ་འདོད་པ་ལྟར། འདི་སྣང་ཁོ་ནའི་ཆེད་དུ་ནང་དོན་རིག་པ་ལ་སློབ་སྦྱོང་བྱེད་ནའང་བསྟན་དང་འགྲོ་ལ་ཕན་པ་ཙམ་དུ་མ་ཟད། ཆབ་སྲིད་ཁོ་ནའི་ངོས་ནས་བལྟས་ཀྱང་མི་རིགས་ཀྱི་ཚད་མཐོའི་རིག་གནས་གཏིང་ཟབ་ཅིག་སྲུང་སྐྱོབ་དང་དར་སྤེལ་ལ་སྨན་པར་སྣང་བས་ཚང་མས་ངེས་པར་དུ་དང་དུ་བླང་དགོས་པ་དང༌། བླང་འོས་པ་ཞིག་ཡིན་པར་མཐོང་གི་ཡོད། དེ་ཙམ་དུ་མ་ཟད་ཚད་མ་རིག་པའི་ལམ་ནས་དངོས་པོའི་གནས་ལ་དཔྱོད་པའི་ཐབས་ཚུལ་གྱི་གནད་གསང་དེ་ཤེས་ན་ཐ་སྙད་རིག་པའི་གནས་དང་འཇིག་རྟེན་ཕལ་པའི་བྱ་བཞག་ཚུན་ཆད་ལའང་རྨོངས་དད་ཅན་ནམ་བླུན་པོ་ཆུ་སྣ་གར་ཁྲིད་དུ་མི་འགྲོ་བར་འདི་སྣང་གི་སོ་ཚིས་བསྒྲུབ་པ་ལའང་ཕན་ངེས་ཤིག་ཡིན་སྟབས། ནུབ་ཕྱོགས་པའི་གཤིས་སྤྱོད་ལ་ལད་མོ་བྱེད་མཁན་གྱི་ཀླད་མེད་ཅིག་ཡིན་ནའང༌། རིམ་པས་རང་གི་རིན་ཐང་རང་གིས་གཞལ་ནུས་པའི་བློ་གྲོས་ཅན་ཞིག་ཏུ་འགྱུར་བའི་རེ་བ་ཆེན་པོ་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ཐར་པ་འདོད་པའི་སྐྱེ་བོ་རྣམས་ལྟ་ཞོགཆོས་མེད་དངོས་གཙོ་སྨྲ་བའི་དེང་རབས་གོང་མའི་ན་གཞོན་ཞིག་ཡིན་རུང༌། འདི་སྣང་གི་བླང་དོར་གྱི་ཆེད་དུའང་ནང་དོན་རིག་པས་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་མྱོང་བས་གྲུབ་པ་ཡིན།

ཁ་བ་རི་པའི་སྐྱེ་འགྲོ་ན་གཞོན་རྣམས་རང་གི་སྲོལ་རྒྱུན་གྱི་རིག་གནས་དང་ཤེས་ཡོན་གྱི་ལམ་སྲོལ་གཉིས་ཀར་མོས་བློ་དོར། དེང་རབས་ཀྱི་མཚན་འཕྲུལ་རིག་གནས་དང་དེའི་ཤེས་ཡོན་ལམ་སྲོལ་གཉིས་ཀར་བྱང་མ་ཆུབ་པའི་དབར། རྟེན་གཞི་བྲལ་བའི་བར་གསེང་དུ་ལྷུང་བའི་དུས་སྐབས་འདི་ནི་མི་རིགས་ཀྱི་ངོས་འཛིན་དང་རིན་ཐང་གཉིས་ཀར་གདོང་ལེན་དཀའ་བའི་ཀླན་ཀ་མང་བའི་དུས་སྐབས་ཤིག་ཡིན་པར་ངོ་ཤེས་དགོས་པ་དང༌། ཀླན་ཀ་དེ་དག་གི་གདོང་ལེན་ཡང་གཞན་རྗེས་འབྲངས་པ་མ་ཡིན་པར་རང་ཚུགས་ཐུབ་པའི་སྒོ་ནས་བྱས་པ་མ་གཏོགས། ཐབས་ལམ་གཞན་མེད་པ་ཤེས་དགོས། གོང་དུ་ཞུས་པ་ལྟར་རང་ཡུལ་དུ་གཞན་གྱི་བཙན་གནོན་དང༌། གཞན་ཡུལ་དུ་རང་འདོད་དང་བླངས་ཀྱིས་བོད་དང་བོད་མིའི་ངོས་འཛིན་དང་རིན་ཐང་འཕྲོག་པ་དང་དོར་བའི་སྐབས་འདིར་ད་ལྟའི་མི་རབས་གསར་སྐྱེས་ཚོས་རང་གི་ལས་སུ་བྱ་བ་གང་ཡིན་ངོས་འཛིན་ཐུབ་པ་དང་ལག་བསྟར་ཐུབ་པ་ཞིག་མ་བྱུང་ན་འཇིག་རྟེན་སྐྱེ་རྒུ་ཡོངས་ལ་མཁོ་བའི་གཅེས་ནོར་རིན་ཐང་བྲལ་བ་ཞིག་གཏན་བརླག་འགྲོ་སྲིད། ཁོ་བོ་མི་རིགས་དང་རྒྱལ་ཁབ་ཀྱི་རུས་ཞེན་དང་ཕྱོགས་འཐེན་ལ་གཙིགས་སུ་བྱེད་མཁན་དང་ཐོབ་ཐང་ལ་རྩོད་མཁན་ཞིག་མིན་རུང༌། མི་རིགས་སོ་སོར་རང་བཞིན་ལས་དབང་གིས་འཁྲི་བའི་འཇིག་རྟེན་སྤྱིའི་?གན་ཁུར་ཞིག་ཡོད་པ་དེ་མ་བསྒྲུབ་ན་མི་རུ་སྐྱེས་པའི་གོ་མ་ཆོད་པར་བསམ་གྱི་ཡོད། དེས་ན་གངས་རིའི་ལྗོངས་ཀྱི་ན་གཞོན་ཚང་མས་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ད་ནི་བདག་གིས་ཅི་ནས་ཀྱང༌། ། རིགས་དང་མཐུན་པའི་ལས་བརྩམས་ཏེ། ། སྐྱོན་མེད་བཙུན་པའི་རིགས་འདི་ལ། ། རྙོག་པར་མི་འགྱུར་དེ་ལྟར་བྱ། ། ཞེས་གསུངས་པ་ལྟར། རིགས་དང་མཐུན་པའི་ལས་ཤིག་བརྩམ་དགོས་པ་ནི་རིགས་ཞེན་ཡོད་མིན་ལ་མ་ལྟོས་པར་མིའི་རང་གཤིས་ཤིག་ཡིན་དགོས། རིགས་དང་མཐུན་པའི་ལས་ནི་རང་གི་སྲོལ་རྒྱུན་འཛིན་པ་ལས་བསྒྲུབ་ཐུབ་པ་ཡིན་གྱིས་གཞན་གྱི་ལད་མོ་བྱེད་པས་བསྒྲུབ་མི་ཐུབ། མང་པོ་ཞིག་གིས་ས་ཡི་གོ་ལ་ཡོངས་ཁྱབ་ཀྱི་དུས་ཀྱི་འགྱུར་བའི་མགྱོགས་ཚད་ཀྱི་རྩེ་མོར་སོན་པའི་དུས་སྐབས་འདིར་དུས་དང་མཐུན་པར་བསྐྱོད་མ་ཐུབ་ན་རྗེས་ལུས་ཐེབས་པའམ་འཚོ་གནས་མི་ཐུབ་པའི་བསམ་ཚུལ་བཏོན་གྱི་ཡོད་ཀྱང༌། བདེན་དོན་ནི་སྐྱེས་བུ་དམ་པ་ཞིག་ཡིན་ན་དུས་རབས་རང་ཉིད་དང་མཐུན་པར་བསྒྱུར་བ་དང༌། སྐྱེས་བུ་འབྲིང་ཞིག་ཡིན་ན་ད?ས་ཀྱི་རྦ་ཀློང་གིས་རང་ཉིད་མ་འཁྱེར་བར་རྒྱུན་གྱི་ལྡོག་ཕྱོགས་སུ་བརྐྱལ་བའམ་ཡང་ན་སྐམ་སར་ཐོན་ཏེ་ཟུར་གནས་ཐུབ་པར་བྱེད་པ་ཡིན། སྐྱེས་བུ་མཐའ་མ་རྣམས་ནི་རང་དབང་བྲལ་བའི་ཤིང་ལོ་སྐམ་པོ་བཞིན་དུ་རྒྱུན་ཕྱོགས་སུ་འཁྱེར་འགྲོ་བ་ཡིན་པས། སྐྱེས་བུ་རབ་འབྲིང་མཐའ་མ་ཇི་འདྲ་ཞིག་གི་ངོ་བོར་རང་གི་མི་ཚེ་བསྐྱལ་རྒྱུ་ཡིན་པའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་ནི་མི་ཀུན་ལ་འཚོལ་སྒྲུབ་མ་དགོས་པར་རང་ཆས་སུ་ཡོད་པ་ཞིག་ཡིན། ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ཙམ་མ་ཟད། འཇིག་རྟེན་སྤྱིའི་བྱུང་རབས་ཀྱི་ནང་སྔར་མ་བྱུང་བའི་འཕྲིན་ལས་རླབས་པོ་ཆེ་ཞིག་བསྐྱངས་ཏེ་བྱམས་བརྩེ་དང་འཇིག་རྟེན་སྤྱིའི་འགན་ཁུར་གྱི་གདམས་ངག་གསར་པ་འཇིག་རྟེན་འདིར་ཁྱབ་སྤེལ་མཛད་པ་ནི་བོད་དང་བོད་རིགས་ཀྱི་གཟི་བརྗིད་དུ་ངོམས་ཆོག་པ་ཞིག་ཡིན་ནའང༌། འདིའི་རྒྱུན་འཛིན་དང་ཁྱབ་སྤེལ་བོད་རིགས་ཀྱིས་མ་བྱས་པར་ནུབ་ཕྱོགས་སྐྲ་སེར་ཅན་གྱི་?ས་སྐལ་དུ་བཞག་པ་ཡིན་ན་རིགས་དང་མཐུན་པའི་ལས་སུ་བྱ་བ་ཞིག་མ་འགྲུབ་པ་ཡིན་པ་སྨོས་མ་དགོས་པའི་ཐོག འབྱུང་འགྱུར་བྱུང་རབས་ཀྱི་ནང་ད་ལྟ་ང་ཚོའི་མི་རབས་འདི་ལ་ཟུབ་ཏུ་མེད་པའི་ཞན་ཆའི་ནག་ཐིག་ཅིག་འཕོག་རྒྱུ་ཡིན་པ་གདོན་མི་ཟ་བའི་གནས་བབས་འདི་ད་རེས་འདིར་ཚོགས་ཤིང་འདིར་འདུས་པ་རྣམས་ལ་བྱ་གཏོང་སྙན་སྒྲོན་གྱི་ཚུལ་དུ་ཞུ་འདོད་བྱུང་ཞིང༌། ཁྱེད་རྣམ་པའི་བརྒྱུད་བོད་མི་ན་གཞོན་གཞན་ལའང་ཆ་འཕྲིན་རླུང་སྐུར་གྱི་ཚུལ་དུ་འགྲོ་བའི་རེ་བ་ཡོད། མདོར་བསྡུས་ན་ཁོ་བོའི་གཏམ་བཤད་འདིའི་ནང༌།

༡ བོད་ཀྱི་ནང་དོན་རིག་པའི་ཕྱུག་ཚད།

༢ དེའི་རྒྱུན་འཛིན་བྱེད་པའི་དགོས་པ།

༣ ནང་དོན་རིག་པའི་ཐོས་བསམ་སྲོལ་རྒྱུན་ལྟར་མ་བྱས་ན་དེང་རབས་ཤེས་ཡོན་ལམ་སྲོལ་གྱི་སྒོ་ནས་ཕུ་ཐག་ཆོད་མི་ནུས་པ།

༤ བོད་རིགས་གཞོན་རབས་རྣམས་ཀྱི་ལས་དོན་གང་ཡིན་བཅས་ཀྱི་ཐོག་ཟུར་ཙམ་རེ་སྨྲས་པ་ཡིན་པས་བློ་གསལ་རྣམས་ཀྱིས་དགོངས་པའི་དཔྱད་གཞིར་བཟུང་བའི་རེ་བ་ཡོད། སླར་ཡང་དེང་གི་སློབ་ཐོན་པ་རྣམས་ལ་བསྔགས་བརྗོད་དང༌། ད་ལྟ་སློབ་གཉེར་གནང་བཞིན་པ་རྣམས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུའི་ཐོག མཐའ་དོན་རྒྱལ་བསྟན་དར་ཞིང༌། འགྲོ་ཀུན་བདེ་བ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་བརྟན་ཅིང༌། མཛད་འཕྲིན་རྒྱས་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཇཡ་ཇགཏ།