ས་གནས་འགོ་འཛིན་གྱི་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད།

༄༅། ། དེ་རིང་འདིར་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམ་པ་དང༌། དབུས་ནང་སྲིད་ལས་ཁུངས་ཀྱི་སྲི་ཞུ་བ་བཅས་ཀྱི་ལྷན་ཚོགས་བསྡུ་བསྐོང་བྱེད་དགོས་དོན་ནི་སྐབས་བཅུ་གཉིས་པའི་བཀའ་ཤག་ནས་བཙན་བྱོལ་བོད་གཞུང་གི་གཞུང་སྲིད་འཛིན་སྐྱོང་གི་ལས་ཁུར་ཞུས་ཏེ་ལོ་གཉིས་ཉེ་བ་འགྲོ་གི་ཡོད། འདས་པའི་ལོ་འཁོར་གཉིས་ལ་ཉེ་བའི་དུས་ཡུན་ནང་བཀའ་ཤག་ནས་བཙན་བྱོལ་བོད་གཞུང་གི་ལྟ་གྲུབ་དང༌། སྲིད་བྱུས། ལས་དོན་གྱི་གཞི་རྩའི་བསམ་ཕྱོགས་སོགས་མང་པོ་ཞིག་གཏན་འབེབས་བྱས་ཏེ་ད་བར་བཀའ་ཤག་དང་ས་གནས་འགོ་འཛིན་མཉམ་ལྷན་ཚོགས་ཀྱིས་ངོ་སྤྲོད་དང༌། གོ་བསྡུར་བྱས་པ་ད་རེས་ཀྱི་ཐེངས་གསུམ་པ་ཡིན། ང་ཚོ་གལ་ཆེ་དོན་ཆེས་ལྷན་ཚོགས་གནང་དགོས་དོན་ནི་བཀའ་ཤག་ནས་གཞུང་གི་སྲིད་བྱུས་དང༌། ལས་རིམ། ལས་དོན་འཆར་གཞི་སོགས་མང་པོ་ཞིག་གཏན་འབེབས་ཞུས་ཡོད་པ་འབྲེལ་ཡོད་སྲི་ཞུ་བས་ཤེས་རྟོགས་མ་ཐུབ་པའམ། ཡང་ན་བརྒྱུད་བསྒྲགས་ཆ་ཚང་བའི་གནད་སྨིན་མ་བྱུང་བར་གནས་ཚུལ་འཁྲུགས་པ་དང༌། གོ་བརྡ་མ་འཕྲོད་པ་སོགས་ཀྱི་ནོར་འཁྲུལ་ཡོང་གི་ཡོད་པར་བརྟེན་བཀའ་ཤག་ནས་གནས་ཚུལ་གསལ་པོ་བཟོ་དགོས་པ་དང༌། དོགས་འཆར་བསལ་དགོས་པ། རེ་སྐུལ་ཞུ་དགོས་པ་འགའ་ཞིག་ཡོད་པ་བཅས་ལ་བརྟེན་ནས་ང་ཚོ་འདིར་འདུས་པ་རེད། བོད་གཞུང་གི་ལྟ་གྲུབ་དང༌། སྲིད་བྱུས། ལས་རིམ་བསམ་ཕྱོགས་ཁག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང༌། བོད་མིའི་སྤྱི་ཚོགས་དང་འབྲེལ་ཡོད་ཕྱི་རྒྱལ་བ་སོགས་ནང་འགའ་ཞིག་ལ་གོ་བརྡ་གསལ་པོ་འཕྲོད་དེ་ལག་བསྟར་ཐུབ་པ་བྱུང་ཡོད་ཀྱང༌། སྤྱི་ཡོངས་ཀྱི་གནས་ཚུལ་ནས་བལྟས་ན་གནས་སྟངས་མང་པོ་ཞིག་སྔར་རྒྱུན་རང་འཇགས་མ་གཏོགས་གཞུང་གི་མཛད་བྱུས་ལ་འགྱུར་བ་ཆེན་པོ་ཕྱིན་པའི་མིག་མཐོང་ལག་ཟིན་གྱི་འགྱུར་བའི་མངོན་ཚུལ་མཐོང་རྒྱུ་མེད་པ་དང་གཅིག གཉིས་ནས་བཀའ་ཤག་གི་སྲིད་བྱུས་དང༌། ལས་རིམ་འཆར་འགོད་སོགས་གང་ཡོད་པ་དེ་དག་ས་གནས་འགོ་འཛིན་སོགས་འབྲེལ་ཡོད་སྲི་ཞུ་བས་ཆ་ཚང་བ་ཞིག་གསལ་པོ་མ་རྟོགས་པ་དང༌། ངོས་འཛིན་མ་ཐུབ་པར་དོགས་པ་སོམ་ཉིའི་ངང་གནས་མེད་དམ་སྙམ་པའི་གནས་ཚུལ་འགའ་ཞིག་ཐོན་ཡོང་གི་འདུག བཀའ་ཤག་ལ་དོགས་གཞི་ཡོང་བའི་གནས་ཚུལ་ཁག་ལ་ད་ལྟ་ས་གནས་ཁག་ཏུ་ཞིབ་འཇུག་བྱས་པའམ། ཡང་ན་མི་མང་དང་ཐུག་འཕྲད་བྱས་ཏེ་གནས་ཚུལ་ཞིབ་འཇུག་བྱས་པ་བྱུང་མེད་ཀྱང༌། བར་སྐབས་བཀའ་བློན་ཁྲི་པ་ཕྱི་རྒྱལ་ཁག་ཏུ་བསྐྱོད་སྐབས་བོད་དོན་དང་འབྲེལ་ཡོད་དཔལ་འབྱོར་རོགས་རམ་གྱི་མཐུན་འགྱུར་བྱེད་མཁན་རོགས་ཚོགས་འགའ་ཞིག་གི་འགན་ཁུར་བ་དང་ཐུག་འཕྲད་བྱེད་སྐབས་ཁོང་ཚོར་རོགས་དངུལ་གཏོང་སྟངས་དང༌། རོགས་ཚོགས་ཀྱི་ལས་འཆར་བཀོད་སྟངས་བྱེད་བདེ་མེད་པ་ལྟ་བུའི་འཁྲུལ་གཞིའི་གནས་ཚུལ་འགའ་ཞིག་ཐོན་ཡོང་གི་འདུག དེ་དག་ལ་ཞིབ་རྩད་བྱེད་སྐབས་འབྲེལ་ཡོད་སྲི་ཞུའི་ལས་བྱེད་དང༌། ས་གནས་འགོ་འཛིན་ནས་གསུང་གི་འདུག་ཟེར་བ་སོགས་གང་ལྟར་གནས་ཚུལ་ཡོང་ཁུངས་དང་འགྲེལ་བརྗོད་བྱེད་སྟངས་ལ་གཞིགས་ན་ད་དུང་སྲི་ཞུ་བ་དང༌། མི་མང་ནང་གནས་ཚུལ་གསལ་པོ་མ་ཆགས་པར་འཁྲུགས་པའི་གནས་ཚུལ་འོག་རོགས་དངུལ་འདུ་འགོད་སོགས་ཀྱི་ཐད་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ནས་ཁོང་ཚོར་རོགས་རམ་བྱེད་བདེ་མེད་པ་ལྟ་བུའི་གནས་ཚུལ་ལྷག་ཡོང་གི་འདུག ཁ་སང་རང་ཕ་རན་སི་ནས་མི་ཞིག་གིས་བཀའ་ཤག་ལ་ཁ་པར་འབྱོར་བྱུང༌། བོད་གཞུང་སྨན་རྩིས་ཁང་སྒེར་བདག་ལ་བསྒྱུར་གྱི་ཡོད་ཚུལ་འདུག དེའི་ཚོང་བསྒྱུར་གྱི་འགྲན་རྩོད་ནང་ཞུགས་ན་འགྲིགས་མིན་སྐོར་དོགས་འདྲི་བྱེད་མཁན་བྱུང༌། ལྷགས་པའི་གནས་ཚུལ་དེ་དག་གིས་སྲི་ཞུ་བས་གནས་ཚུལ་མང་པོ་ཞིག་མ་རྟོགས་པའམ་ཡང་ན་མི་མང་ནང་བརྒྱུད་བསྒྲགས་སྐབས་གནས་ཚུལ་འདྲ་མིན་ཡོང་གི་ཡོད་པ་མཚོན་ཡོད། དེར་བརྟེན་འབྲེལ་ཡོད་སྲི་ཞུ་བ་རྣམས་ནས་གནས་ཚུལ་གསལ་པོ་ཤེས་པ་དང༌། ངོས་འཛིན་གསལ་པོ་ཐུབ་པ་དང༌། ལག་བསྟར་དོན་སྨིན་ཡོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རང་ཅག་བཙན་བྱོལ་བོད་མི་རྣམས་ལ་བོད་མིའི་རྩ་དོན་གྱི་བསྒྲུབ་བྱ་བོད་རྒྱ་ཞི་མོལ་སོགས་རྒྱལ་སྤྱིའི་འཕོ་འགྱུར་དང་ཆབ་སྲིད་ཐབས་བྱུས་ལ་ལྟོས་དགོས་པའི་གཞན་དབང་སྟབས་བསྟུན་བྱེད་དགོས་པའི་ལས་དོན་ཁག་གོ་སྐབས་དམ་འཛིན་བྱེད་རྒྱུ་ལས་དེ་མིན་གྱི་ཐབས་ལམ་མེད་པ་དང༌། གཞན་དབང་སྟབས་བསྟུན་བྱེད་མི་དགོས་པའི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གཅེས་འཛིན་དང༌། གཞིས་ཆགས་འཛུགས་སྐྲུན། སློབ་གྲྭའི་སློབ་གསོའི་ལས་དོན་སོགས་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་བྱ་གཞག་བོད་གཞུང་མང་འབད་རྩོལ་གྱི་ཁྱབ་ཁོངས་ནང་གནས་པའི་ལས་དོན་ཁག་འཐུས་ཤོར་མེད་པར་ལག་བསྟར་མ་ཐུབ་ན་ཧ་ཅང་བློ་ཕམ་ཡིན་པའི་ལམ་སྟོན་ཕེབས་བཞིན་ཡོད། ངོས་རང་སྤྱི་འཐུས་ནང་ཡོད་སྐབས་གྲོས་ཚོགས་དང༌། བར་སྐབས་བཀའ་ཤག་གི་ལས་ཁུར་བླངས་རྗེས་བཀའ་ཤག་ལའང་ནན་པོའི་སྒོ་ནས་ལམ་སྟོན་ཐེངས་གཉིས་ཙམ་སྤྱི་ཕེབས་བྱུང༌། རང་རེས་བོད་མིའི་སྤྱི་ཚོགས་ཀྱི་ལས་དོན་རྣམས་ཡར་རྒྱས་ལྡན་པའི་དོན་འཁྱོལ་མ་བྱུང་ན་དེ་ནི་རང་ཅག་བོད་མི་རང་ནས་འཐུས་ཤོར་བཏང་བ་ལས་ཕར་ཕྱོགས་རྒྱ་མི་དང༌། ཡང་ན་གཡས་ཁག་གཡོན་དཀྲི་བྱེད་ཐབས་མེད་ལ། རྒྱུ་མཚན་གཞན་གྱིས་འགྲེལ་བཤད་ཀྱང་རྒྱག་ཐབས་གཏན་ནས་མེད། བོད་རང་དབང་གི་ཆབ་སྲིད་ལས་འགུལ་ལྟ་བུ་ནི་གཞན་བརྟེན་གྱི་ལས་འགུལ་ཞིག་ཡིན་སྟབས་ཁག་དཀྲི་བྱེད་ས་ཞིག་ཡོད། འོན་ཀྱང་རང་ཅག་གི་འབད་རྩོལ་ཁྱབ་ཁོངས་ནང་ཡོད་པའི་ལས་དོན་ཁག་ང་ཚོ་རང་ཉིད་ནས་འབད་བརྩོན་བྱས་ཏེ་གྲུབ་འབྲས་ཐོབ་པ་བྱེད་དགོས་པ་ལས་གཞན་ལ་ཁག་དཀྲི་བྱེད་ཐབས་མེད། ད་ཕན་རང་རེས་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ཁག་ཚགས་ཚུད་ཡར་རྒྱས་མ་བྱུང་བ་མང་པོ་ཞིག་རང་རེས་འབད་རྩོལ་བྱེད་མ་ཐུབ་པའམ། ཡང་ན་འཐུས་ཤོར་བཏང་བ་ལས་རྒྱུ་མཚན་ག་འདྲ་ཞིག་ལ་བརྟེན་ནས་གཞན་ལ་ཁག་དཀྲི་དང༌། ྋགོང་ས་མཆོག་དང་བོད་མི་མང་ལ་དགོངས་སེལ་ཞུ་རྒྱུའི་རྒྱུ་མཚན་ལྷག་མེད།

ང་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་ལས་དོན་སྤེལ་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང༌། བོད་མིའི་སྡོད་སྒར་ཁག་ཡིན་པ་ལས་རྡ་རམ་ས་ལའི་དཀྱིལ་འཁོར་ཆུང་ཆུང་འདིའི་ནང་འཁྲབ་རྒྱུ་གང་ཡང་མེད། དེང་སྐབས་བཙན་བྱོལ་བོད་མིའི་ས་ཁུལ་ཉེ་འགྱངས་གང་ཡིན་ཡང་དེང་དུས་འབྲེལ་བའི་བརྒྱུད་ལམ་བཟང་དུ་ཕྱིན་ནས་དཀའ་ངལ་མེད། འོན་ཀྱང་དཀའ་ངལ་གཞན་ཞིག་ཡོད་པ་ནི། འབྲེལ་བའི་བརྒྱུད་ལམ་བཟང་པོ་ཡོད་པ་ནང་བཞིན་རྡ་རམ་ས་ལའི་དབུས་ལས་ཁུངས་ཁག་དང༌། བོད་མིའི་གཞིས་སྒར་ཁག་བར་ནང་བསམ་བློ་དང༌། དོན་དངོས་ལག་ལེན་གཉིས་ཐད་ཕན་ཚུན་རྒྱང་ཐག་རིང་པོའི་ཚོར་སྣང་འོག་ས་གནས་ཁག་གི་ཉིན་རེའི་གནས་ཚུལ་དབུས་ལས་ཁུངས་ཁག་གིས་གསལ་པོ་མ་རྟོགས་པ་དང༌། དབུས་གཞུང་གི་མཛད་ཕྱོགས་ཁག་ས་གནས་མི་མང་ནས་ཉིན་རེ་ཉིན་རེ་གསལ་པོ་མ་རྟོགས་པ་དང༌། གོ་བརྡ་མ་འཕྲོད་པ། ས་ཁུལ་ཁུག་ཀྱོག་འགའ་ཞིག་ལ་གནས་ཚུལ་གང་ཡང་མི་སླེབས་པ་སོགས་ཀྱི་དཀའ་ངལ་ཡོང་གི་ཡོད། ཐ་ན་རྡ་རམ་ས་ལའི་ས་ཁུལ་ནི་ཆེན་པོ་མིན། འོན་ཀྱང་དཀྱིལ་འཁོར་ཆུང་ངུ་འདིའི་ནང་དུའང་བཀའ་ཤག་དང༌། ནང་སྲིད་ལས་ཁུངས། དེ་མིན་ལས་ཁུངས་གཞན་ཁག་བར་གནས་ཚུལ་གྱི་བརྡ་ལན་དང༌། གོ་བརྡ་འཕྲོད་རྒྱུར་བདུན་ཕྲག་འགོར་བའི་འཐུས་ཤོར་ཡོང་གི་འདུག དེར་བརྟེན་བཀའ་ཤག་ནས་གཞི་རིམ་དཀའ་ངལ་དང༌། འཐུས་ཤོར་དེ་དག་མེད་པ་བཟོ་ཐབས་འགྱུར་བ་ཆེ་ཙམ་བཏང་སྟེ་ལམ་བསྲང་ཡག་པོ་ཞིག་རྒྱག་མ་ཐུབ་ན་སྤྱི་ཡོངས་ཀྱི་ལས་དོན་ཐོག་གྲུབ་འབྲས་ལྡན་པ་ཡོང་རྒྱུ་དཀའ་ངལ་ཅན་ཞིག་ཡིན་པའི་འགན་ཁུར་དང༌། སེམས་ཚོར་ཤུགས་ཆེ་ཡོང་གི་འདུག

རང་ཅག་བོད་ཀྱི་མི་རབས་འདིའི་ཐོག་ཧ་ཅང་ཆེ་བའི་འོས་འགན་ཆེན་པོ་གཉིས་འཁྲི་ཡོད་པ་རེད། འོས་འགན་གཅིག་ནི་བོད་རྒྱ་གཉིས་བར་ཞི་མོལ་འགོ་འཛུགས་ཐུབ་སྟེ་བོད་རང་དབང་གི་བདེན་མཐའ་གསལ་ནས་དུས་ཡུན་རིང་པོ་མ་འགོར་བར་བོད་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཐོབ་ནས་མ་འོངས་པར་བོད་འདི་བོད་མིས་ཡང་དག་པར་འཛིན་སྐྱོང་སྤེལ་གསུམ་གྱི་འགན་ཁུར་ཐུབ་པ་ཞིག་ཡོང་བ་བྱེད་རྒྱུ་དང༌། འོས་འགན་གཞན་ཞིག་ནི་གལ་ཏེ་བོད་རང་དབང་འཐབ་རྩོད་ཆེད་མི་རབས་ནས་མི་རབས་བར་ལོ་བརྒྱ་ཕྲག་མང་པོ་མུ་མཐུད་བཙན་བྱོལ་དུ་གནས་དགོས་པ་བྱུང་ན་མུ་མཐུད་བོད་ཀྱི་ངོ་བོ་མ་བརླགས་པར་བོད་རང་དབང་གི་ཆབ་སྲིད་ལས་འགུལ་སྤེལ་ཐུབ་པ་དང༌། བོད་ཀྱི་ཆོས་དང་རིག་གཞུང་དང༌། མི་རིགས་ཀྱི་ངོ་བོ། ཐུན་མོང་མ་ཡིན་པའི་ཡུལ་གྱི་གོམས་པའི་གཤིས་ལུགས་ཁག་མུ་མཐུད་རྒྱུན་འཛིན་བྱས་ཏེ་མི་རབས་བརྒྱུད་འཐབ་རྩོད་ཐུབ་པའི་གྲ་སྒྲིག་བཅས་བཟང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཐད་ནས་བསམ་བློ་བཏང་སྟེ་གྲ་སྒྲིག་བྱས་ཏེ་ལས་དོན་བྱེད་དགོས་པའི་འགན་ཁུར་ཆེན་པོ་ཡོད་པ་རེད། ང་ཚོས་འོས་འགན་ཆེན་པོ་དེ་གཉིས་འགྲུབ་ཐུབ་པར་ཕྱི་ནང་ཆ་རྐྱེན་མང་པོ་ཞིག་ལ་བརྟེན་དགོས་པར་མ་ཟད། གོང་གསལ་འོས་འགན་དེ་གཉིས་ཉིན་རེ་ཉིན་རེའི་ལས་དོན་ནང་འཐུས་ཤོར་མེད་པར་བསྒྲུབ་དགོས་པ་ནི་ཚང་མའི་བསམ་བློའི་ནང་ངེས་པར་དུ་ཚོར་ཤུགས་ཆེན་པོ་ཞིག་ཡོད་དགོས་པ་རེད། ས་གནས་འགོ་འཛིན་རྣམ་པའི་འགན་ཁུར་གྱི་ངོས་ནས་བཤད་ན། གལ་ཏེ་རང་རེ་མི་རབས་ཁ་ཤས་ཀྱི་དུས་ཡུན་རིང་མུ་མཐུད་བཙན་བྱོལ་དུ་གནས་དགོས་པ་བྱུང་ན་དེའི་གྲ་སྒྲིག་ལས་དོན་གྱི་འགན་ཁུར་གཙོ་གནད་ནི་ས་གནས་འགོ་འཛིན་ཁག་ལ་འཁྲི་ཡོད་པ་དང༌། ཡང་རང་རེ་རིང་པོར་མ་ཐོགས་པར་རང་དབང་ཐོབ་པ་ཡིན་ན། ལས་དོན་གྲ་སྒྲིག་གི་གཙོ་བོའི་འགན་ཁུར་དབུས་ལས་ཁུངས་ཁག་ལ་འཁྲི་ཡོད། རང་རེ་བཙན་བྱོལ་དུ་མུ་མཐུད་རྒྱུན་རིང་གནས་དགོས་པ་བྱུང་ཚེ་བོད་ཀྱི་ངོས་འཛིན་དང༌། བོད་ཀྱི་ངོ་བོ་མ་བརླགས་པར་འཚོ་ཞིང་རྒྱུན་གནས་ཡོང་བའི་ལས་དོན་གྱི་ཐད་ཀའི་འགན་ཁུར་མང་པོ་ཞིག་ས་གནས་ས་ཐོག་ཏུ་བཞུགས་མཁན་ས་གནས་འགོ་འཛིན་ཚོར་ཡོད་པ་དང༌། འགོ་འཛིན་རྣམས་ནས་གཞིས་ཆགས་ཁག་ནང་ཉིན་རེའི་ལས་དོན་ནང་འཐུས་ཤོར་མེད་པར་སྒྲུབ་ཐུབ་པའི་འགན་ཁུར་ལེན་དགོས་པ་རེད། དེར་བརྟེན་ཚང་མས་རང་རེའི་ཕུགས་ཀྱི་དམིགས་ཡུལ་དང༌། རྩ་དོན་བསྒྲུབ་བྱ། སྒྲུབ་བྱེད་ཀྱི་ཐབས་ལམ་བཅས་དོན་ཆེན་གསུམ་པོ་དེ་ནོར་འཁྲུལ་མེད་པའི་ངོས་འཛིན་གསལ་པོ་དང༌། གདེང་སྤོབས་ལྡན་པའི་ལས་ཁུར་ལེན་ཐུབ་པ་བྱུང་ན་ལས་དོན་དངོས་གཞིའི་ནང་ནུས་ཤུགས་དང་གྲུབ་འབྲས་ཆེ་བ་ཡོང་རྒྱུ་ཡིན།

གཞུང་གི་ལྟ་གྲུབ་སྐོར་དེ་སྔོན་མང་པོ་ཞུས་ཟིན་པར་བརྟེན་བསྐྱར་ཟློས་ཞུ་རྒྱུ་མིན། དེ་རིང་བཀའ་ཤག་ནས་གསལ་བཤད་བྱེད་དགོས་པ་དང༌། ང་ཚོ་གོ་བསྡུར་བྱེད་རྒྱུའི་གལ་ཆེའི་གནད་དོན་འགའ་ཞིག་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་ཐོག་མའི་དུས་སྐབས་ནས་ཁ་ཐོར་མི་འགྲོ་བར་རྒྱལ་ཁབ་དང༌། མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་གནས་ཚུལ་ལ་ཐུགས་ཁུར་བླ་ན་མེད་པའི་དགོངས་བཞེས་གནང་སྟེ་བཙན་བྱོལ་བོད་གཞུང་ནས་འབད་བརྩོན་ཆེན་པོས་རྒྱ་བལ་འབྲུག་གསུམ་ཁུལ་བོད་མིའི་ཟུར་གནས་གཞིས་ཆགས་གསར་འཛུགས་གནང་བའི་ཕུགས་ཀྱི་བཞེད་དགོངས་དང༌། དམིགས་ཡུལ་གང་ཡིན་ཚང་མས་ཕལ་ཆེར་མཁྱེན་གསལ་ཡིན། ལོ་རབས་ལྔ་བཅུ་པ་དང༌། དྲུག་ཅུ་པའི་ནང་བོད་མི་ཆིག་འབུམ་ལ་ཉེ་བ་བཙན་བྱོལ་ལ་འབྱོར་བའི་ཐོག་མའི་དུས་སྐབས་བོད་མིའི་ཁྲིམས་མཐུན་གཞུང་བཙན་བྱོལ་དུ་རྒྱུན་མཐུད་སྒྲིག་འཛུགས་ཐུབ་སྟེ་བོད་ཀྱི་རྩ་དོན་གྱི་ཆབ་སྲིད་རྨང་གཞི་སྲ་བརྟན་བྱུང་བ་ལས་གཞི་རྩའི་སྐབས་དེའི་གནས་སྟངས་ནི་ཧ་ཅང་སྐྱོ་པོ་ཡིན། གཞུང་གི་དཔལ་འབྱོར་གནས་སྟངས་ཞན་ལ། གཞུང་ཞབས་སྲི་ཞུ་བ་ཧ་ཅང་ཉུང་བ་སོགས་སྐུ་ངལ་མི་བཟད་པ་ཞིག་བྱུང་ཡོད། འོན་ཀྱང་སྐུ་ངལ་ཆེན་པོ་ཞིག་ཡོད་པའི་གནས་བབས་ལ་མ་ལྟོས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བོད་རྒྱལ་ཁབ་དང༌། མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ཐབས་བྱུས་དང༌། བོད་མི་རིགས་རྒྱུན་གནས་གོང་འཕེལ་གྱི་འཕྲལ་ཕུགས་རྒྱང་གསུམ་གྱི་རླབས་ཆེན་ཐུགས་བཞེད་ཀྱིེ་འཆར་སྣང་འདི་རྩ་བ་ཉིད་ནས་རྗེས་ལུས་མ་ཐེབས་པར་ལམ་སྟོན་གནང་ཡོད་པ་དང༌། སྐབས་དེའི་སྲི་ཞུའི་ཞབས་འདེགས་ཞུ་མཁན་ཚོས་ཀྱང་གལ་ཏེ་བོད་མི་རྣམས་ལོ་བརྒྱ་ཕྲག་སྦྲེལ་ནས་རང་དབང་ལུང་པར་བཙན་བྱོལ་དུ་གནས་དགོས་པ་བྱུང་ཡང་བོད་མིའི་ངོ་བོ་མ་བརླགས་པའི་ཐོག་བོད་རང་དབང་གི་ལས་འགུལ་མུ་མཐུད་སྤེལ་ནས་བདེན་མཐའ་གསལ་ཐུབ་པའི་དམིགས་ཡུལ་ཆེན་པོ་མངོན་འགྱུར་ཡོང་ཆེད་བོད་མིའི་གཞིས་ཆགས་ཁག་གསར་འཛུགས་ཐུབ་པ་བྱུང་ཡོད། བོད་གཞུང་ནས་བོད་མི་རྣམས་བཙན་བྱོལ་གྱི་ཐོག་མའི་དུས་སྐབས་སུ་ཕུགས་རྒྱང་རིང་བའི་རྒྱལ་ཁབ་དང༌། མི་རིགས་ཀྱི་གནད་དོན་ལ་དགོངས་བཞེས་གནང་སྟེ་གཞིས་ཆགས་འཛུགས་སྐྲུན་མ་གནང་བར་བོད་མི་བཙན་བྱོལ་བའི་འཕྲལ་སེལ་དཀའ་ངལ་སེལ་རྒྱུ་དེ་རང་དམིགས་ཡུལ་དུ་བཟུང་ཡོད་པ་ཡིན་ན་བོད་མི་བཙན་བྱོལ་བ་འབུམ་ཕྲག་ཉེ་བ་ཡོད་པ་དེ་དག་རྒྱ་གར་ནང་ལས་རིགས་གང་ཐོབ་ཐབས་འཚོལ་བྱས་ཏེ་བཀོད་སྒྲིག་བྱས་ན་ཕལ་ཆེར་སྐབས་དེར་ཟླ་བ་ཁ་ཤས་ནང་ཁོང་ཚོའི་དཀའ་ངལ་སེལ་ནས་འགྲོ་སྟངས་བཟོ་མ་ཐུབ་པ་གཏན་ནས་མེད། སློབ་གྲྭར་འགྲོ་མཁན་སློབ་ཕྲུག་ལ་མཚོན་ན། ཕྱི་ལོ་ ༡༩༦༡ ལོར་ང་ཚོར་སློབ་ཕྲུག་གྲངས་ ༡༥༠༠ རྩིས་སྤྲོད་གནང་ཡོད། སློབ་ཕྲུག་གྲངས་ ༡༥༠༠ རྒྱ་གར་གྱི་སློབ་གྲྭ་ལེགས་པ་ཁག་ལ་ཕྲུ་གུ་གཉིས་གསུམ་རེ་ཆ་བགོས་བྱས་ཏེ་བཏང་བ་ཡིན་ན་བདུན་ཕྲག་གཅིག་གཉིས་ནང་ཚང་མའི་འགྲོ་སྟངས་བཟོ་ཐུབ་པ་རེད། འོན་ཀྱང་བོད་ཕྲུག་གྲངས་ ༡༥༠༠ སློབ་སྦྱོང་བྱེད་སའི་བོད་མིའི་ཟུར་གནས་སློབ་གྲྭ་གསར་འཛུགས་དང༌། དེ་དག་གི་མཐུན་རྐྱེན་ཐབས་འཚོལ་ཆེད་སྐུ་ངལ་ཆེན་པོ་ཞིག་ལ་ཆེད་དུ་གདོང་ལེན་གནང་ཡོད་པ་ནི་བོད་མི་ཆིག་འབུམ་ལ་ཉེ་བའི་འཚོ་ཐབས་རྐྱང་པའི་ཆེད་དུ་དགོངས་བཞེས་གནང་བ་མ་ཡིན་པར་བོད་རྒྱལ་ཁབ་དང༌། མི་རིགས་རྩ་དོན་གྱི་ངོ་བོ་སྲུང་སྐྱོབ་ཡོང་ཆེད་མི་རབས་ཁ་ཤས་བཙན་བྱོལ་དུ་གནས་དགོས་པ་བྱུང་ཡང་བོད་མིའི་ངོས་འཛིན་མ་བརླགས་པའི་ཐོག་བོད་སྤྱི་པའི་སྒྲིག་འཛུགས་དང༌། བོད་ཀྱི་ཆོས་དང་རིག་གཞུང༌། སྲོལ་རྒྱུན། དེ་དག་གི་གཞི་རྩ་བོད་ཀྱི་སྐད་ཡིག་བཅས་པ་མི་ཉམས་གཅེས་འཛིན་བྱས་པ་བརྒྱུད་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ཐ་མའི་རྒྱལ་ཁ་ཐོབ་པའི་དམིགས་ཡུལ་ཆེན་པོ་ཞིག་བཟུང་སྟེ་འབད་བརྩོན་ཤུགས་ཆེ་ཞིག་སྒོ་ཀུན་ནས་གནང་ཡོད།

འཛམ་གླིང་ཐོག་མི་རིགས་གྲངས་ཉུང་གྲངས་མང་ཁོངས་སུ་སིམས་སུ་འཇུག་པ་ནི་མི་སེར་སྤེལ་བའི་རིང་ལུགས་ཀྱི་དབང་སྒྱུར་བྱེད་མཁན་ཚང་མའི་ཕུགས་དམིགས་གཅིག་གྱུར་ཡིན། དབྱིན་ཇིའི་ཚིག་ནང་ Assimilation ཞེས་བརྗོད་ཀྱི་ཡོད། དེ་སྔ་དབྱིན་ཇིའི་དབང་སྒྱུར་འོག་གནས་པའི་ཡུལ་གྲུ་ཚང་མའི་ནང་དབྱིན་ཇིས་མི་རིགས་གྲངས་ཉུང་གྲངས་མང་ནང་སིམས་སུ་འཇུག་པའི་བྱ་ཐབས་དང་སྲིད་བྱུས་ལག་བསྟར་བྱས་པ་རེད། མི་རིགས་མང་བས་ཉུང་བར་ཆབ་སྲིད་དང༌། དཔལ་འབྱོར། ཤེས་རིག སྤྱི་ཚོགས་ཀྱི་ཐོབ་ཐང་སོགས་ནང་གཉའ་གནོན་བཤུ་གཞོག་གི་གདུག་རྩུབ་བཙན་གནོན་བྱས་ཏེ་མི་རིགས་གྲངས་ཉུང་གྲངས་མང་ནང་སིམས་སུ་འཇུག་པ་དང༌། ལག་ཆ་གཙོ་བོ་ཞིག་ནི་གྲངས་ཉུང་མི་རིགས་དེའི་སྐད་དང༌། ཡི་གེ་འགྲོ་རྒྱུགས་མེད་པ་བཟོས་ནས་སྐད་ཡིག་རྩ་བརླགས་གཏོང་བ་དང༌། གྲངས་མང་མི་རིགས་ཀྱི་སྐད་དང༌། ཡི་གེས་དབང་སྒྱུར་བྱས་ཏེ་གྲངས་ཉུང་མི་རིགས་ཤིག་རང་མི་རིགས་མཉམ་འདུས་ཀྱི་སྤྱི་ཚོགས་Community lifeནང་མཉམ་གནས་མི་ཐུབ་པར་མི་རིགས་ཁ་ཐོར་བཏང་ནས་མཐར་རྩ་བརླགས་གཏོང་གི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་དབང་སྒྱུར་མངའ་ཁོངས་སུ་ཚུད་པའི་མི་རིགས་ས་ཁུལ་ཁག་ལ་མཚོན་ན། མི་རིགས་ཚང་མ་རྒྱ་མི་རིགས་ཆེན་པོའི་སྤྱི་ཚོགས་ནང་སིམས་སུ་བཅུག་ནས་གྲངས་ཉུང་མི་རིགས་ཁག་གི་མི་རིགས་ཀྱི་ངོ་བོ་ཡོངས་སུ་རྩ་བརླགས་གཏོང་བཞིན་ཡོད། དཔེར་ན། རྒྱ་ནག་ནང་མན་ཇུ་མི་རིགས་མང་པོ་ཡོད་པ་དང༌། ཁོང་ཚོའི་རིགས་རྒྱུད་ཆ་ནས་མན་ཇུ་མི་རིགས་སུ་ངོས་འཛིན་བྱེད་རྒྱུ་ཙམ་ལས་རང་གི་མི་རིགས་ཀྱི་ངོ་བོ་མཚོན་པའི་རྣམ་པ་ཞིག་གཏན་ནས་མཐོང་རྒྱུ་མེད། སྐད་རྒྱ་སྐད་རྒྱག་པ་དང༌། ཆས་གོས་རྒྱ་ཆས་གྱོན་པ། ཟས་རྒྱ་ཟས་ལ་སྤྱོད་པ་བཅས་རྒྱ་མི་རིགས་ཆེན་པོའི་སྤྱི་ཚོགས་ནང་ཡོངས་སུ་སིམས་ཟིན་པ་ཡིན། ནང་སོག་ལ་མཚོན་ན། ནང་སོག་ནང་སོག་པོ་མི་རིགས་ས་ཡ་གཉིས་ལས་མེད་ཀྱང་རྒྱ་མི་རིགས་ས་ཡ་བཅོ་བརྒྱད་ཟིན་ཡོད་པར་བརྟེན་ད་ཆ་ནང་སོག་རྒྱ་མི་རིགས་ཆེན་པོའི་སྤྱི་ཚོགས་ནང་ཕལ་ཆེར་སིམས་ཟིན་པ་ལྟ་བུ་རེད། ད་ལྟ་བོད་ནང་མི་རིགས་ཀྱི་ངོ་བོ་མ་བརླགས་པར་གནས་སྟངས་ཅུང་ལེགས་པ་གནས་ཡོད། འོན་ཀྱང་བོད་ཀྱི་བདེན་མཐའ་གང་མྱུར་མཐའ་གསལ་མ་ཐུབ་པར་དུས་ཡུན་རིང་པོ་འགོར་ན་རྒྱ་མི་རིགས་ཆེན་པོའི་ནང་ཐིམ་རྒྱུ་ཡིན་པ་ཧ་ཅང་གསལ་པོ་ཡིན། ད་ལྟ་བོད་ཀྱི་མདོ་སྨད་གོར་མོ་ནས་ལྷ་སའི་བར་མེ་འཁོར་ལྕགས་ལམ་སྐྲུན་བཞིན་ཡོད། ལྕགས་ལམ་གྱིས་མཚོན་པའི་རྒྱ་གཞུང་གི་འཛུགས་སྐྲུན་འཆར་འགོད་ཀྱི་རེ་ངན་ཁག་མངོན་འགྱུར་བྱུང་ན་འབྱུང་འགྱུར་ལོ་ལྔའི་ནང་བོད་རང་སྐྱོང་ཟེར་བའི་ནང་རྒྱ་མི་རིགས་ས་ཡ་ཉི་ཤུ་གནས་སྤོས་བྱ་རྒྱུའི་འཆར་གཞི་བསྒྲིགས་ཡོད་པའི་གནས་ཚུལ་ཐོན་གྱི་ཡོད། ཅང་ཙེ་མིན་ནས་ཀྱང་བོད་ནང་མེ་འཁོར་ལྕགས་ལམ་བསྐྲུན་རྒྱུ་ནི་དཔལ་འབྱོར་ཐད་ཁེ་ཕན་ཆེ་བ་མེད་ཀྱང་རྒྱ་གཞུང་གི་སྲིད་དོན་མ་འཛུགས་Political Investmentཡིན་ཞེས་བརྗོད་ཡོད་པའི་རྒྱུ་མཚན་ནས་གསལ་པོ་མཐོང་ཐུབ་པ་ཡིན། དེ་ནི་ཁོ་པ་ཚོའི་སེམས་གཏིང་གི་ངན་འཆར་དེ་ཁ་ནས་ཤོར་ཡོད། དེར་བརྟེན་རང་ཅག་བོད་གཞུང་མང་ནས་ངན་འཆར་དེ་དག་ལ་གདོང་ལེན་བྱེད་དགོས་པ་དང༌། གདོང་ལེན་བྱེད་པའི་སྐབས་སུ་བོད་མི་རིགས་འདི་ཉིད་གཞན་གྱི་མི་རིགས་ཆེན་པོའི་ནང་སིམས་སུ་འགྲོ་མི་ཐུབ་པར་བོད་མི་རིགས་ཀྱི་ངོ་བོ་དང༌། ངོས་འཛིན་འདི་མི་རིགས་གཞན་དང་ཐ་དད་དུ་གནས་ཐུབ་པ་བྱེད་རྒྱུ་འདི་ནི་རྒྱུ་མཚན་གང་གི་ཆ་ནས་བལྟས་ཀྱང་གཙོ་བོའི་ཐབས་ལམ་ཞིག་ཡིན། གལ་ཏེ་རང་ཅག་གངས་ཅན་པ་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་རྒྱ་མི་རིགས་ཆེན་པོའི་སྤྱི་ཚོགས་ནང་སིམས་པ་དང༌། རང་རེ་རང་དབང་ལུང་པ་ཁག་གི་ནང་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་རང་དབང་ལུང་པའི་ཡུལ་གྲུ་སོ་སོའི་མི་རིགས་དང༌། སྤྱི་ཚོགས་ནང་སིམས་པ་ཡིན་ན་བོད་ཀྱི་ཡུལ་དང༌། མི་རིགས་རིག་གཞུང་དང་བཅས་པ་རིམ་བཞིན་རྩ་བརླགས་འགྲོ་རྒྱུ་དང༌། རྒྱ་དམར་གཞུང་གི་རེ་ངན་དང་དམིགས་ཡུལ་ཁག་ཀྱང་ཡོངས་སུ་འགྲུབ་རྒྱུ་རེད།

དེང་སྐབས་རང་དབང་ལུང་པའི་ནང་བཙན་བྱོལ་བོད་མིའི་གྲངས་འབོར་ངེས་གཏན་ཁ་གསལ་ཞིག་ཕྱོགས་བསྡོམས་ཐུབ་ཀྱི་མེད་ཀྱང༌། བོད་མི་ཆིག་འབུམ་བཞི་ཁྲི་ཡས་མས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། གྲངས་འབོར་དེ་དག་ནང་ནས་མང་པོ་ཞིག་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་བསྐྱོད་ནས་ཁ་ཐོར་དུ་གནས་བཞིན་ཡོད་པ་དང༌། དེ་བཞིན་ཤར་ཕྱོགས་ཀྱི་ཡུལ་གྲུ་ཁག་གི་ནང་དུའང་ཁ་ཐོར་དུ་གནས་པ་ཕྲན་བུ་ཡོད། ནུབ་ཕྱོགས་སོགས་ཕྱི་རྒྱལ་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་དེ་དག་ལ་རྩ་བའི་རང་གི་མི་རིགས་ཀྱི་ལ་རྒྱ་ཞེན་ཁོག་དང༌། རྒྱལ་གཞེན་ལྷག་བསམ་ཆེན་པོ་ཡོད་པ་སྨོས་ཅི་དགོས། འོན་ཀྱང་དེ་དག་མང་ཆེ་བ་བོད་མིའི་སྤྱི་ཚོགས་ནང་ནས་ཐོན་ཏེ་ནུབ་ཕྱོགས་སྤྱི་ཚོགས་ནང་ཁ་ཐོར་དུ་གནས་དགོས་ཀྱི་ཡོད་པར་བརྟེན་ནུབ་ཕྱོགས་སྤྱི་ཚོགས་ནང་སིམས་ཚར་བ་རེད་ཅེས་བརྗོད་ཆོག ཉེ་ཆར་བཀའ་བློན་ཁྲི་པ་ནུབ་ཕྱོགས་ལ་བསྐྱོད་པ་ཡིན། དེ་སྐབས་ཡོ་རོབ་ནང་བོད་མི་ན་གཞོན་འགའ་ཞིག་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང༌། ཁོང་ཚོར་བོད་རང་དབང་འཐབ་རྩོད་ཀྱི་སེམས་ཤུགས་ཆེན་པོ་ཡོད་ལ། བོད་མི་ཡིན་པའི་འདུ་ཤེས་དེ་བས་ཆེན་པོ་ཡོད། བོད་རང་དབང་ཆེད་དུ་འགན་ཁུར་བླངས་ཏེ་ལས་འགུལ་ཡང་མང་པོ་སྤེལ་གྱི་འདུག འོན་ཀྱང་ང་ཚོ་ཕན་ཚུན་ཐུག་ནས་སྐད་ཆ་ཤོད་སྐབས་ཁོང་ཚོ་འགའ་ཞིག་གིས་དབྱིན་ཇིའི་སྐད་རྒྱག་པ་དང༌། འགའ་ཞིག་ནས་ཕ་རན་ཆེ། འགའ་ཞིག་ནས་ཨི་ཊ་ལི་ཡན་སོགས་ལ་མ་བརྟེན་པར་བོད་སྐད་ཐོག་ནས་ཕན་ཚུན་གོ་བརྡ་འཕྲོད་ཐབས་མེད་པ་དང༌། ཡང་ན་སྐད་བསྒྱུར་ལ་བརྟེན་དགོས་པ་སོགས་དཀའ་ངལ་ཆེན་པོ་ཞིག་ཡོད། དོན་དངོས་ཐོག་ཁོང་ཚོར་རྒྱལ་ཞེན་ལྷག་བསམ་ཡོད་པར་མ་ལྟོས་པར་མི་རིགས་གཞན་གྱི་སྤྱི་ཚོགས་ནང་སིམས་ཚར་བ་རེད། དེར་བརྟེན་རང་རེས་ནུས་ཤུགས་ཡོད་རྒུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང༌། ལྷག་པར་བོད་མིའི་སྤྱི་ཚོགས་ཀྱི་གོང་བུའི་ནུས་པ་མཉམ་གནས་དང༌། སྲ་བརྟན་གོང་འཕེལ་གཏོང་མ་ཐུབ་ན་མི་རིགས་ཀྱི་ངོ་བོ་རྩ་བརླགས་འགྲོ་རྒྱུའི་ཧ་ཅང་ཆེ་བའི་ཉེན་ཚབས་ཀྱི་དཀའ་ངལ་ཆེན་པོ་ཞིག་རང་རེའི་མདུན་དུ་གནས་ཡོད། ང་ཚོས་ངེས་པར་དུ་བོད་མི་གནས་ཡུལ་སྤྱི་དང༌། ལྷག་པར་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་དེ་དག་རྒྱལ་ཁབ་གཞན་དང༌། ཡང་ན་ཡུུལ་གྲུ་སོ་སོའི་ནང་ཁ་ཐོར་དུ་གྱུར་ཏེ་གཞན་གྱི་སྤྱི་ཚོགས་ནང་སིམས་སུ་མི་འཇུག་པར་བོད་མིའི་མཉམ་འདུས་ཀྱི་སྤྱི་ཚོགས་ཆེན་པོ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོར་འཕྲད་པའི་ཛ་དྲག་གི་འོས་འགན་དང༌། བསྒྲུབ་དགོས་ངེས་ཀྱི་རྩ་དོན་ཞིག་ཡིན་པར་ཚང་མས་ངོས་འཛིན་གསལ་པོས་འབད་བརྩོན་ལྷག་པར་བྱེད་དགོས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལོ་རབས་ལྔ་བཅུ་པའི་ཐོག་མའི་བཙན་བྱོལ་དུས་སྐབས་ནས་ཐུགས་ཀྱི་གཏད་སོ་དང༌། ཕུགས་རྒྱང་གི་དགོངས་བཞེས་རླབས་ཆེའི་དོན་དུ་སྐུ་ངལ་ཆེན་པོ་བཞེས་ཏེ་ལམ་སྟོན་དང༌། ཕྱག་ལེན་གནང་ཡོད་པ་དེ་དག་ད་ཆ་རང་རེས་ཡིད་ཆེས་ངེས་རྙེད་ཀྱི་གནས་ཚུལ་ཡོང་གི་ཡོད་ལ། རླབས་ཆེན་གྱི་དམིགས་ཡུལ་དང་སྐུ་ངལ་འདི་འདྲ་ཞིག་བསྐྱོན་ཏེ་གྲུབ་འབྲས་ཆེན་པོ་ཞིག་བྱུང་ཡོད་པ་ད་ཆ་མི་ལོ་ ༤༠ ལྷག་ཙམ་གྱི་རྗེས་སུ་འཐུས་ཤོར་བཏང་ནས་མི་རིགས་མཉམ་འདུས་ཀྱི་སྤྱི་ཚོགས་Community lifeཀྱི་གོ་སྐབས་རྩ་ཆེ་འདི་དག་ཁ་ཐོར་དུ་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་དང༌། ཆོས་དང་རིག་གཞུང༌། དེ་དག་གི་གཞི་རྩ་སྐད་ཡིག་བཅས་པ་ཡར་རྒྱས་དང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་རེ་བ་མེད་ལ། བོད་རང་དབང་འཐབ་རྩོད་ཀྱི་རླབས་ཆེན་དམིགས་ཡུལ་བསྒྲུབ་རྒྱུ་དེ་བས་ཧ་ཅང་བརྗོད་དཀའ་བ་ཡིན། དེར་བརྟེན་བོད་མིའི་སྤྱི་ཚོགས་མཉམ་གནས་ཡོང་བ་བྱ་རྒྱུ་ནི་བོད་ཀྱི་ཡུལ་དང༌། མི་རིགས། གོམས་སྲོལ་བཟང་པོ། བོད་ཀྱི་ཆོས་དང་རིག་གཞུང༌། དེ་དག་གི་གཞི་རྩ་སྐད་ཡིག་བཅས་པ་སྲུང་སྐྱོབ་དང༌། བོད་ཀྱི་བདེན་དོན་འཐབ་རྩོད་ལ་ཐ་མའི་རྒྱལ་ཁ་རྩོད་ལེན་གྱི་ཆབ་སྲིད་འཐབ་རྩོད་སོགས་ཕྱོགས་ཡོངས་ཀྱི་རྩ་དོན་རྨང་གཞིར་གྱུར་ཡོད། བཙན་བྱོལ་ནང་བོད་མིའི་སྤྱི་ཚོགས་མཉམ་གནས་བྱེད་པའི་རྩ་བའི་མིག་འབེན་གཟུང་ས་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཡིན། ད་ལྟ་ས་གནས་ཁག་ཏུ་རང་འཚོ་བྱས་ཏེ་ཁ་ཐོར་གནས་མཁན་རྣམས་སྤྱི་ཚོགས་མཉམ་གནས་བྱེད་དགོས་ཞེས་བརྗོད་ན་དེ་ནི་སྟོང་གཏམ་ལས་སྒྲུབ་ཐབས་མེད། ད་ཡོད་བོད་མིའི་གཞིས་ཆགས་རྣམས་རིམ་པས་ཁ་ཐོར་ཕྱིན་པ་ཡིན་ན་མི་ཐོག་རིམ་སོང་གིས་མཐོང་བཞིན་དུ་བོད་མིའི་སྤྱི་ཚོགས་མི་རིགས་གཞན་དང༌། སྤྱི་ཚོགས་གཞན་ནང་ཐིམས་ནས་ང་ཚོའི་རྩ་བའི་དམིགས་ཡུལ་སྒྲུབ་ཐབས་མེད། དེང་སྐབས་བོད་ཕྱི་ནང་དང་ནུབ་ཕྱོགས་ལུང་པ་བཅས་པའི་ནང་བོད་རང་བཙན་གཙང་མའི་ཐོག་རེ་བ་དང༌། རྩོད་ལེན་བྱེད་མཁན་མང་པོ་ཡོད། རང་བཙན་གཙང་མ་རྩོད་ལེན་བྱཻད་མཁན་ཞིག་གི་ངོས་ནས་བཤད་ན་བོད་མི་རིགས་ཀྱི་ངོ་བོ་རྩ་བརླགས་ཕྱིན་པ་ཡིན་ན། བོད་ལ་རང་བཙན་ཐོབ་ཀྱང་དེས་ད་ལྟ་བོད་དེ་རྒྱ་དམར་ནས་བཙན་གནོན་དབང་སྒྱུར་བྱེད་བཞིན་པ་ཁ་བྲལ་གཏོང་ཐུབ་ཙམ་ལས་བོད་རང་བཙན་བསྐྱར་གསོའི་དམིགས་ཡུལ་ངོ་མ་ནི་གཏན་ནས་གྲུབ་མེད། བོད་མིས་བོད་སྐད་མི་ཤེས་པ་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དང༌། ཡུལ་གྱི་གོམས་པའི་གཤིས་ལུགས། བྱམས་བརྩེ་གཞན་ཕན་སོགས་བོད་མི་རིགས་ཀྱི་ཁྱད་འཕགས་ལྡན་པའི་དམིགས་བསལ་ཡོན་ཏན་མངོན་རྒྱུ་མེད་པའི་བོད་རྒྱལ་ཁབ་ཅིག་རྩོད་ལེན་བྱེད་ཐུབ་ཀྱང་དེས་འཛམ་གླིང་ནང་རྒྱལ་ཁབ་ཀྱི་གྲངས་འབོར་མང་དུ་གཏོང་ཐུབ་པ་ལས་དམིགས་བསལ་གྲུབ་འབྲས་ཐོབ་རྒྱུ་མེད། དཔེར་ན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང༌། པ་ཀི་སི་ཐན། བངྒ་ལ་དེ་ཤི་བཅས་ལ་བལྟས་ན་ཁོང་ཚོ་རྒྱལ་ཁབ་གསུམ་བཟོས་པར་བརྟེན་ནས་སྲིད་འཛིན་དང༌། སྲིད་བློན་གསུམ་རེ་དང༌། རྒྱལ་ཁབ་ཀྱི་གྲངས་འབོར་མང་དུ་ཕྱིན་པ་ཙམ་ལས་དེ་མིན་རྒྱལ་ཁབ་གསུམ་པོའི་ནང་མི་རིགས་དང༌། སྐད་ཡིག ཆོས་ལུགས། སྤྱི་ཚོགས་ཀྱི་གྲུབ་ཆ་སོགས་ཕན་ཚུན་ཁྱད་འཕགས་རང་བཞིན་གྱི་དཀའ་ངལ་གནས་ཚུལ་ལ་བརྟེན་རྒྱལ་ཁབ་ཀྱི་རྣམ་དབྱེ་འབྱེད་དགོས་པའི་རྒྱུ་མཚན་མེད། ལྷག་པར་པ་ཀི་སི་ཐན་དང༌། བངྒ་ལ་དེ་ཤི་གཉིས་བར་ཡུལ་གྱི་སྐད་ཕལ་ཆེ་བ་གཅིག་གྱུར་དང༌། ཆོས་ལུགས་གཙོ་ཆེ་བ་ཁ་ཆེ་གཅིག་གྱུར་ཆགས་ཡོད། དེ་བཞིན་གོང་གསལ་རྒྱལ་ཁབ་གཉིས་ཀྱི་ཁ་ཆེའི་རྗེས་འཇུག་བསྡོམས་འབོར་ལས་ལྡབ་གཉིས་ཀྱི་མང་བའི་ཁ་ཆེ་རྒྱ་གར་ནང་ཡོད་པ་རེད། དེར་བརྟེན་ཆབ་སྲིད་ཀྱི་གནས་སྟངས་གཅིག་པུར་བརྟེན་ནས་རྒྱལ་ཁབ་རང་བཙན་ཐོབ་པར་ངོ་མཚར་སྐྱེ་རྒྱུ་གང་ཡང་མེད། བོད་ཀྱི་ཁྱད་འཕགས་ལྡན་པའི་དཔལ་ཡོན་རྩ་བརླགས་ཕྱིན་ན་ཆབ་སྲིད་ཀྱི་རང་བཙན་ཐོབ་ཀྱང་དགོས་མཁོ་ཆེ་བ་མེད། ང་ཚོས་བོད་མིའི་སྤྱི་ཚོགས་མཉམ་འདུས་ཀྱི་གནས་བབ་ལེགས་པོ་ཞིག་སྲུང་སྐྱོབ་མ་ཐུབ་ན་ང་ཚོའི་མི་རབས་འདིས་བོད་མི་རིགས་ཀྱི་ལས་འགན་མ་འགྲུབ་པར་འགྱུར་རྒྱུ་མ་ཟད། བོད་ཀྱི་ལོ་རྒྱུས་ནང་ང་ཚོའི་མི་རབས་འདི་ནག་ཉེས་ཅན་གྱི་མི་རབས་ཤིག་ཏུ་འགྱུར་རྒྱུ་རེད། ད་ལྟ་མི་རབས་གོང་མ་ཚོས་ཆབ་སྲིད་འཛིན་སྐྱོང་ཡག་པོ་བྱེད་མ་ཐུབ་པ་སོགས་ལ་སྐྱོན་བརྗོད་མང་པོ་ཞིག་བྱེད་བཞིན་ཡོད། དེ་དག་ལ་རྒྱུ་མཚན་མེད་པ་ཡང་མིན། འོན་ཀྱང་ང་ཚོའི་མི་རབས་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་དང༌། ལམ་སྟོན་བཟང་པོ་འདི་འདྲ་ཞིག་ཡོད་པ་དང༌། གནས་ཚང་རྒྱལ་ཁབ་ནས་ཀྱང་རང་རེར་གཏོང་ཕོད་ཆེ་བའི་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད། ང་ཚོས་རྩ་ཆེའི་གོ་སྐབས་འདི་ཡང་དག་པའི་སྒོ་ནས་ལོངས་སུ་སྤྱོད་མ་ཐུབ་པར་བོད་མིའི་སྤྱི་ཚོགས་འདི་མི་རིགས་གཞན་དང་ཡུལ་གྲུ་གཞན་གྱི་སྤྱི་ཚོགས་ནང་སིམས་ནས་ངོ་བོ་རྩ་བརླགས་ཕྱིན་ན་བོད་ཀྱི་འབྱུང་འགྱུར་ལོ་རྒྱུས་ནང་ང་ཚོས་དག་སེལ་བྱེད་ཐབས་མེད་པའི་ནག་ཉེས་གསོག་རྒྱུ་རེད། སྐབས་དེར་ང་ཚོས་མི་རབས་གོང་མར་སྐྱོན་བརྗོད་བྱས་པ་ལྟར་འབྱུང་འགྱུར་མི་རབས་མང་པོས་ང་ཚོར་སྐྱོན་བརྗོད་བྱ་རྒྱུ་ཡིན། དེར་བརྟེན་ང་ཚོར་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོ་ཞིག་ཡོད་པ་དེའི་ལྗིད་ཁོག་དང༌། ཉེན་ཁ། གནད་འགག་རྣམས་ངེས་པར་ཤེས་པ་བྱེད་དགོས་པ་ལས་སྣང་ཆུང་དང་ཁྱད་གསོད་གཏན་ནས་བྱེད་ཐབས་མེད་པ་འདི་མཁྱེན་པ་གནང་དགོས།

ད་ལྟ་ང་ཚོའི་གཞིས་ཆགས་མཉམ་གནས་སྲ་བརྟན་དང༌། ཡར་རྒྱས་གཏོང་རྒྱུའི་ལས་དོན་ཁག་སྔར་ལོ་རབས་དྲུག་ཅུ་པ་དང༌། བདུན་ཅུའི་སྐབས་དང་བསྡུར་ན་དེང་སྐབས་དཀའ་ངལ་ཆུང་བ་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་དེ་སྔ་དང་མི་འདྲ་བར་དེང་སྐབས་གཞིས་ཆགས་ཁག་ཏུ་བོད་མི་རྣམས་ནས་གཏན་སྡོད་མ་བྱས་པར་ཁ་ཐོར་འགྲོ་བའི་དཀའ་ངལ་དང༌། ཉེན་ཁ་རིམ་བཞིན་དེ་སྔ་ལས་ཆེ་བ་ཡོད། ད་ལྟ་གཞིས་ཆགས་ཁ་ཐོར་འགྲོ་བའི་རྒྱུ་རྐྱེན་གང་ལ་ཐུག་པ་དང༌། ཁ་ཐོར་འགྲོ་བའི་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་འཚོལ་སྒྲུབ་བྱེད་རྒྱུ་ནི་གཞུང་གི་འགན་ཁུར་བ་སྤྱི་དང༌། ལྷག་པར་ས་གནས་ཁག་ལ་གནས་སྡོད་བྱེད་མཁན་ས་གནས་འགོ་འཛིན་རྣམས་ཀྱི་སྐྱུུར་ཐབས་མེད་པའི་ལས་འགན་ཆེན་པོ་ཞིག་ཡིན། ས་གནས་ཁག་ཏུ་སྐྱེས་ཚེས་ལག་འཁྱེར་དང༌། ཕྱིར་བསྐྱོད་ལག་འཁྱེར། དེ་བཞིན་ས་གནས་ཁག་ནས་འགྲོ་ལུགས་བརྒྱུད་དགོས་པའི་ལག་འཁྱེར་ཁག་ལ་རྒྱབ་གཉེར་བྱེད་པ་དང༌། རྡ་རམ་ས་ལའི་དབུས་ལས་ཁུངས་ཁག་གི་བཀོད་ཁྱབ་དང༌། གནས་ཚུལ་མི་མང་ལ་གསལ་བསྒྲགས་བྱེད་རྒྱུ། དེ་དག་གི་ལས་བསྡོམས་དབུས་ལ་འབུལ་རྒྱུ་ལྟ་བུ་ལས་འགན་དུ་རྩིས་ནས་བསྡད་ན་ནོར་འཁྲུལ་ཆེན་པོ་ཡིན། གལ་ཆེ་ཤོས་ནི་ས་གནས་འགོ་འཛིན་ཚོས་གཞིས་ཆགས་ཁག་གི་གཞི་རིམ་སྒྲིག་འཛུགས་དང༌། སྤྱི་ཚོགས་མཉམ་གནས་སྲ་བརྟན་དང༌། གོང་འཕེལ་ཡོང་བའི་ཆེད་བསམ་བློ་གཏོང་བ་དང༌། ཐབས་ལམ་འཚོལ་བ། འཆར་གཞི་འགོད་པ། དབུས་དང་འབྲེལ་ལམ་ཚགས་ཚུད་ལྡན་པ་སོགས་ལས་དོན་གཙོ་གནད་རྣམས་དམ་འཛིན་བྱས་ཏེ་ས་གནས་ཡར་རྒྱས་ཀྱི་ལས་འཆར་ཁག་ལག་བསྟར་ཐུབ་པ་བྱ་རྒྱུ་ནི་ལས་འགན་གལ་ཆེ་ཡིན། ད་ལྟ་གཞུང་གི་འཆར་གཞི་གསར་པའི་རྩ་བའི་ལམ་སྟོན་ནང་

ཀ འཚེ་བ་མེད་པ་དང༌།

ཁ ཁོར་ཡུག་ལ་མི་གནོད་པ།

ག དབུལ་ཕོངས་རོགས་སྐྱོར།

ང རྒྱུན་མཐུད་གོང་འཕེལ་བཅས་ཡིན།

༡ གལ་ཆེའི་ལས་འཆར་སྐབས་ངེས་པར་གཞིས་ཆགས་ཁག་འཚོ་གནས་ཐུབ་པ་བཟོ་རྒྱུ་དང༌།

༢ གཞིས་ཆགས་སྒྲིག་འཛུགས་ཁག་སྲ་བརྟན་ཡོང་བ་བྱ་རྒྱུ།

༣ ཁ་ཐོར་བོད་མི་རྣམས་བོད་མིའི་གནས་ཡུལ་ཆེ་ཁག་ཏུ་ཟླ་བསྒྲིལ་ཐུབ་ཐབས་བྱ་རྒྱུ་བཅས་ནི་མ་འོངས་པའི་འཛུགས་སྐྲུན་གྱི་ལས་འཆར་ཕུགས་སྨན་ཚུལ་མཐུན་ཡོང་བའི་གཞི་འཛིན་ས་ཡིན། དེར་བརྟེན་དམིགས་ཡུལ་དང་བྱ་ཐབས་དེ་དག་ལག་བསྟར་བྱས་ཏེ་མདུན་བསྐྱོད་བྱ་རྒྱུ་ནི་སྐབས་བབ་ཀྱི་འོས་འགན་ཡིན། གཞིས་ཆགས་ཁ་ཐོར་མི་འགྲོ་བར་འཚོ་གནས་ཐུབ་པའི་རྩ་བའི་ཐབས་བྱུས་ལེགས་ཤོས་ནི་གཞིས་ཆགས་ཁག་གི་དཔལ་འབྱོར་འདུ་འགོད་ཁག་རང་རྐྱ་འཕེར་ཞིང་ཕུགས་སྨན་ཡོང་བ་བྱེད་རྒྱུ་དེ་ཡིན། གཞིས་ཆགས་ཁག་ནང་དཔལ་འབྱོར་རང་རྐྱ་འཕེར་བའི་ཕུགས་སྨན་སྲ་བརྟན་ཞིག་མེད་ན་བོད་མི་རྣམས་གཞིས་ཆགས་ཁག་ཏུ་ཁ་ཐོར་མི་འགྲོ་བར་མཉམ་གནས་བྱེད་དགོས་ཞེས་བརྗོད་ན་དེ་ནི་སྟོང་གཏམ་ཡིན་ཞིང༌། ཤོད་མཁན་གྱིས་ཤོད་ཐུབ་པ་དང༌། ཉན་མཁན་གྱི་ཉན་འདོད་པའི་གནས་བབ་ཅིག་གཏན་ནས་མེད། གཞིས་ཆགས་ཁག་གི་དཔལ་འབྱོར་འདུ་འགོད་གནས་སྟངས་གཞན་ལ་ལག་པ་གཟེད་ནས་འཚོ་གནས་ཁོ་ན་བྱེད་པ་མ་ཡིན་པར་ཐོན་སྐྱེད་ཀྱི་ཐོན་འབབ་ལ་བརྟེན་ནས་རང་མགོ་ཐོན་པ་དགོས་པ་ལས་གཞན་ལ་སློང་མོ་ཁོ་ན་བརྒྱབས་ཏེ་འཚོ་ཐབས་བྱས་ན་རང་རྐྱ་ཐུབ་པའི་སྤྱི་ཚོགས་ཡར་རྒྱས་ཡོང་ཐབས་མེད། འདས་པའི་ལོ་ ༤༠ ལྷག་ཙམ་རིང་གི་བོད་མི་བཙན་བྱོལ་བའི་གནས་སྟངས་ལ་ཕྱིར་མིག་བལྟས་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་རང་རེར་རོགས་རམ་བྱེད་མཁན་འབོལ་པོ་ཞིག་བྱུང་ཡོད། རོགས་རམ་དེ་དག་ལ་བརྟེན་ནས་ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བའི་གནས་སྐབས་ཀྱི་དཀའ་ངལ་མང་པོ་ཞིག་ལ་མིག་སྨན་མིག་ཐོག་གི་ཕན་ཐོགས་ཆེན་པོ་ཞིག་བྱུང་ལ། ཕྱོགས་གཞན་ཞིག་ནས་བོད་མི་རྣམས་ཀྱིས་རང་རྐྱ་འཕེར་བའི་འབད་བརྩོན་མ་བྱས་པར་ག་དུས་ཡིན་ཡང་སློང་མོ་བརྒྱབས་ཏེ་འཚོ་ཐབས་བྱེད་པའི་ལམ་ངན་བྱང་སྟེ་ད་ཆ་གཞན་བརྟེན་གྱི་གཤིས་ཀ་ངན་པ་ཞིག་འཇགས་ཡོད། དེར་བརྟེན་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་དོན་གང་ཡིན་ཡང་གཞན་ལ་སློང་མོ་བྱེད་པ་དང༌། སློང་མོའི་འཆར་གཞི་བང་བསྒྲིག་གི་ཐབས་བྱུས་ལ་མཁས་པ། ཐ་ན་སྤྱི་ཚོགས་ཡར་རྒྱས་དགོས་མཁོ་ལས་རོགས་དངུལ་གཙོ་ཆེ་བར་རྩིས་ནས་རོགས་དངུལ་ལ་གཞིགས་ནས་འཛུགས་སྐྲུན་གྱི་འཆར་འགོད་བྱས་པ་སོགས་ག་དུས་ཡིན་ཡང་གཞན་བརྟེན་ནོར་འཁྲུལ་གྱི་བསམ་བློའི་ཐོག་ཕྱིན་ཏེ་རང་རྐྱ་ཐུབ་པའི་འབད་བརྩོན་མ་བྱས་པའི་འཐུས་ཤོར་ཆེན་པོ་བྱུང་ཡོད་པ་འདི་ད་ཆ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད། བཀའ་ཤག་ནས་གྲོས་ཚོགས་ལ་སྤྱི་ཚོགས་ཀྱི་དཀའ་ངལ་ཆེན་པོ་དྲུག་སྙན་གསན་ཞུས་པའི་ནང་གཞན་བརྟེན་དཀའ་ངལ་ནི་དཀའ་ངལ་ཁག་གི་གཙོ་གནད་དཀའ་ངལ་ཡིན། ལོ་རབས་དྲུག་ཅུའི་སྐབས་ཀྱི་གནས་ཚུལ་ནས་བཤད་ན་སྐབས་དེར་ང་ཚོར་རོགས་རམ་ཐབས་འཚོལ་མ་བྱས་ཐབས་མེད་དང༌། རོགས་རམ་ལ་མ་བརྟེན་ཐབས་མེད་ཡིན། ད་ཆ་རང་རེའི་སྤྱི་ཡོངས་ཀྱི་གནས་སྟངས་བཟང་དུ་ཕྱིན་ཡོད་པར་བརྟེན་ང་ཚོས་གཞན་ལ་རོགས་ཕན་མ་ཐུབ་ཀྱང་མིའི་རོགས་རམ་ལ་ལག་པ་གཟེད་མི་དགོས་པའི་འབད་བརྩོན་དང་ཐབས་ཤེས་བྱེད་རྒྱུ་ནི་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཆ་ནས་བཤད་ནའང་འདྲ། ཡང་ན་བཟང་སྤྱོད་ཀྱི་རིན་ཐང་ནས་བཤད་ནའང་གང་ལྟར་གནད་འགག་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ཡོད། ང་ཚོ་གཞན་བརྟེན་གྱི་དཀའ་ངལ་འོག་ནས་མ་ཐར་བར་གཞན་གྱི་རོགས་རམ་ཁོ་ནར་བརྟེན་ནས་འཚོ་ཐབས་བྱེད་དགོས་པ་བྱུང་ན་བཽད་མི་རིགས་ཀྱི་སྤོབས་པ་བརླག་རྒྱུ་ཡིན། དེར་བརྟེན་ང་ཚོས་འབྱུང་འགྱུར་གྱི་ལོ་བཅུའི་ནང་མིའི་རོགས་རམ་ལ་རེ་བ་རྒྱག་མི་དགོས་པར་གཞིས་ཆགས་མི་མང་གི་འཚོ་བ་དང༌། སྤྱི་ཚོགས་ཡར་རྒྱས་ཀྱི་འཆར་གཞི་འགོད་པ་དང༌། ལས་དོན་གྱི་བསམ་ཕྱོགས་བཅས་པ་བང་བསྒྲིག་བྱེད་རྒྱུ་ནི་ང་ཚོས་ངེས་པར་བསྒྲུབ་དགོས་པའི་མདུན་དུ་གནས་པའི་ལས་འགན་ཡིན། ད་ལོ་སྟོན་ཉེས་བྱུང་ན་རོགས་རམ་འདི་འདྲ་ཞིག་ཐབས་འཚོལ་བྱེད་བསམ་པ་དང༌། ལོ་རྗེས་མ་སྟོན་ཉེས་བྱུང་ནའང་རོགས་རམ་གྱི་ཐབས་འཚོལ་བྱེད་ཆོག་གི་རེད་སྙམ་ནས་ཉི་མ་གང་འཁྱོལ་ལྟ་བུའི་འཐུས་ཤོར་བཏང་ན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང༌། སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་ཉིན་ཞིག་ཆ་ཚང་ཐོར་ཞིག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ང་ཚོས་ད་ལྟ་ནས་བཟུང་འབྱུང་འགྱུར་ལོ་ལྔ་ཚན་གྱི་འཆར་གཞི་བང་བསྒྲིགས་ཏེ་དུས་ཚོད་ངེས་ཅན་ཞིག་ནང་གཞིས་ཆགས་ཁག་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་དཔལ་འབྱོར་གཞན་བརྟེན་མི་དགོས་པར་རང་རྐྱ་ཐུབ་པའི་ཕུགས་སྨན་སྲ་བརྟན་ཡོང་བའི་དམིགས་ཡུལ་ལེགས་འགྲུབ་ཡོང་བ་བྱེད་རྒྱུ་འདི་ནི་ང་ཚོའི་རྩ་དོན་གྱི་བསྒྲུབ་བྱ་ཧ་ཅང་གལ་ཆེན་པོ་ཞིག་ཡིན། ང་ཚོས་ལས་འགན་དེ་དག་ལེགས་གྲུབ་མ་ཐུབ་ན་བཀའ་ཤག་གི་བཀའ་བློན་ཡིན་ནའང་འདྲ། ལས་ཁུངས་ཁག་གི་དྲུང་ཆེ་ཡིན་ནའང་འདྲ། ས་གནས་འགོ་འཛིན་བཅས་སུ་ཡིན་ཡང་དེ་ལས་གལ་ཆེ་བའི་གཏམ་བརྗོད་དང༌། འབད་བརྩོན་བྱེད་རྒྱུ་དམིགས་བསལ་ཞིག་མེད། རང་རེའི་སྐབས་བབ་ཀྱི་ལས་འགན་ཁག་ལ་ངོས་འཛིན་གསལ་པོ་ཐུབ་པ་དང་ཛ་དྲག་གི་ལས་འགུལ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

ང་ཚོ་བཙན་བྱོལ་བོད་མིའི་གཞིས་ཆགས་མང་ཆེ་བ་སོ་ནམ་ཞིང་ལས་ཡོད་པའི་གཞིས་ཆགས་ཡིན་པ་དང༌། བཟོ་ལས་ཀྱི་ཆ་རྐྱེན་ལྡན་པའི་གཞིས་ཆགས་ཀྱང་ཡོད། རྒྱ་གར་ནང་མང་ཆེ་བ་སོ་ནམ་གཞིས་ཆགས་ཡིན་པ་དང༌། བལ་ཡུལ་ནང་བཟོ་ལས་གཞིས་ཆགས་ཤུགས་ཆེ་བ་ཡོད། ཞིང་ལས་དང་བཟོ་ལས་ཁག་རང་རྐྱ་ཐུབ་པ་བཟོ་རྒྱུ་ནི་བཟོ་ལས་ཡར་རྒྱས་ལས་ཧ་ཅང་ལས་སླ་བ་ཡོད་པར་མ་ཟད། གོ་སྐབས་ཀྱང་ལེགས་པ་ཡོད། སོ་ནམ་ཞིང་ལས་ལྡན་པའི་གཞིས་ཆགས་མང་ཆེ་བར་ཆ་སྙོམ་མི་རེར་ས་ཆ་ཨེ་ཀར་བཞི་ནས་ལྔའི་བར་ཡོད་པ་མང་ཆེ་བ་ཡིན། ས་ཆ་ཨེ་ཀར་ལྔ་ཡོད་པ་ཞིག་ལ་དཔེ་མཚོན་བཀོད་ན། ས་ཆ་དེ་དག་ཆ་བགོས་བྱས་ཏེ་ཨེ་ཀར་གཅིག་ཁང་པ་དང་ཚལ་ཞིང་སོགས་སུ་བེད་སྤྱོད་བྱས་པ་དང༌། ཨེ་ཀར་བཞིར་སོ་ནམ་བྱས་ནས་སྟོན་ཐོག་ཐོན་སྐྱེད་གསར་སྤེལ་གྱི་འདེབས་ལས་ཡག་པོ་ཞིག་བྱས་ན་གལ་ཏེ་མི་གྲངས་བཅུ་གཉིས་བཅུ་གསུམ་ཙམ་ཡོད་པའི་ཁྱིམ་ཚང་ཞིག་ཡིན་ཡང་ཞིང་ལས་ཐོན་སྐྱེད་ཡོང་འབབ་ནས་འཚོ་བ་འདང་ངེས་ཐོན་སྐྱེད་བྱེད་མི་ཐུབ་པ་ནི་མི་སུ་ལ་སྐད་ཆ་བཤད་ཀྱང་རྣ་བར་འགྲོ་མི་ཐུབ་པའི་གནས་ཚུལ་རཻད། ས་ཆ་བེད་སྤྱོད་ཡག་པོ་བཏང་སྟེ་ཐོན་སྐྱེད་མ་བྱས་ན་གནས་ཚུལ་ཐ་དད་རེད། ཨཕི་རི་ཀའི་བུད་མེད་ཚོའི་ནང་གཏམ་དཔེ་ཞིག་ཡོད། ཞིང་ལས་ཐོན་སྐྱེད་བྱེད་རྒྱུ་ཧ་ཅང་དཀའ་ངལ་འདུག གང་ཡིན་ཞེ་ན་ས་ཆ་ནི་དམའ་པོ་ཡིན་པར་བརྟེན་སྒུར་སྒུར་བྱེད་རྒྱུར་དཀའ་ངལ་འདུག ས་ཆ་ཅོག་རྩེ་ནང་བཞིན་མཐོ་ཙམ་ཡོད་ན་ཞིང་ལས་ཐོན་སྐྱེད་བྱེད་རྒྱུར་དཀའ་ངལ་མི་འདུག་ཅེས་ཤོད་སྲོལ་ཡོད་འདུག གཏམ་དཔེ་འདི་ནང་བཞིན་བྱས་ཏེ་ད་ཕན་རང་རེས་སུད་ཚོང་ལ་འགྲོ་རྒྱུ་ལས་སླ་བར་མ་ཟད། ཡོང་འབབ་ཆེ་བར་བསམ་བློ་གཏོང་བ་ལས་རང་ལ་ཡོད་པའི་ས་ཆ་ཁག་བེད་སྤྱོད་བཏང་སྟེ་ཐོན་སྐྱེད་བྱས་ཏེ་འཚོ་བ་རང་རྐྱ་ཐུབ་པའི་འབད་བརྩོན་བྱེད་མཁན་བྱུང་མེད། ང་ཚོས་ས་ཆ་རྣམས་ཚུལ་མཐུན་ཡང་དག་པའི་བེད་སྤྱོད་གཏོང་མ་ཐུབ་ན་འབྱུང་འགྱུར་མི་མང་གི་འཚོ་བ་ཡར་རྒྱས་དང༌། སྤྱི་ཚོགས་སྲ་བརྟན་ཡོང་བར་འགན་ཁུར་ཐུབ་ཐབས་མེད་པའི་དཀའ་ངལ་འཕྲད་རྒྱུ་ཡིན། ང་ཚོ་རང་དབང་སླར་གསོ་བྱུང་སྟེ་གཞིས་བྱེས་མཉམ་འཛོམས་ཀྱི་རང་དབང་ལ་སྤྱོད་པའི་སྐབས་སུའང་ཞིང་འབྲོག་ཐོན་སྐྱེད་གཙོ་གཉེར་དང༌། དེང་རབས་ཀྱི་ཡང་བའི་བཟོ་ལས་ཕྲན་བུ་ཡོད་པ་ཞིག་གི་གཞི་རིམ་རྩ་དོན་བོད་ཀྱི་ལས་དོན་གཙོ་གནད་དུ་བཟུང་སྟེ་རྒྱལ་ཁབ་དང་མི་རིགས་ཡར་རྒྱས་ཡོང་བ་བྱེད་དགོས་པ་ལས། དེ་མིན་དེང་རབས་ཀྱི་བཟོ་ལས་དང༌། བག་མེད་ལོངས་སྤྱོད་ཀྱི་ཐོན་སྐྱེད་ལམ་སྲོལ་ཐོག་བསྐྱོད་ན་མདུན་ལམ་མེད་པར་མ་ཟད། རྦད་དེ་བོད་ཀྱི་ངོ་བོ་དང༌། རྒྱལ་ཁབ་ཡར་རྒྱས་ཀྱི་མདུན་ལམ་ལ་གོད་ཆགས་ཆེན་པོ་ཡོང་རྒྱུ་དང༌། མཐར་བོད་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད། འདི་གར་འདུས་པའི་འགན་ཁུར་བ་ཕལ་ཆེ་བ་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་ཕེབས་མྱོང་བ་ཡིན་སྲིད། ནུབ་ཕྱོགས་ཡུལ་གྲུ་ཁག་གི་རྒྱལ་ཁབ་དང༌། མི་མང་ནས་ས་ཆར་ཇི་ཙམ་གྱི་གལ་ཆེའི་ངོས་འཛིན་དང་བདག་གཅེས་བྱེད་མིན་མཁྱེན་གསལ་རེད། དཔེར་ན་སུད་སི་ལྟ་བུའི་ནང་ས་ཁུལ་གང་དུ་བསྐྱོད་ཀྱང་ས་ཆ་ཨིན་ཇི་གཅིག་བེད་མེད་འཕྲོ་བརླག་བཏང་བ་མཐོང་རྒྱུ་མེད། ཉིན་མཚན་འབྲེལ་ཏེ་གང་དུ་བསྐྱོད་ཀྱང་མིག་ལམ་དུ་འཆར་རྒྱུ་ཡོད་པ་ནི་ཕྱིའི་འཛུགས་སྐྲུན་གྱི་བཀོད་པ་འདྲ་མིན་དང༌། གཞུང་ལམ། ཞིང་ཁ། རྩི་ཤིང༌། ལྡུམ་རྭ། ནིའུ་གསིང་སོགས་ཀྱིས་ཁྱབ་པ་ལས་བེད་མེད་ས་ཆ་མཐོང་རྒྱུ་ཧ་ཅང་དཀོན་པོ་ཡིན། རྒྱ་གར་ནང་ལ་མཚོན་ན། རྒྱ་གར་རྡོ་རྗེ་གདན་ས་ཁུལ་གྱི་ས་ཆ་གཤིན་པོ་གང་ཡང་མིན། རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ཤར་ངོས་སུ་ཨཱཅཱརྱ་ཝིནོབྷཱ་བྷཱཝེའི་རྗེས་འཇུག་སོ་ནམ་པ་གཅིག་ཡོད་པ་དང༌། ཁོང་ལ་ས་ཆ་ཨེ་ཀར་ལྔ་ཡོད། ས་ཆ་ཨེ་ཀར་ལྔའི་ནང་ཨེ་ཀར་གཅིག་གི་ཐོག་ཁང་པ་བརྒྱབས་ཏེ་སློབ་གྲྭ་གཉེར་བ་དང༌། ས་ཆ་ཨེ་ཀར་བཞིའི་ཐོག་སྟོན་ཐོག་ཐོན་སྐྱེད་བྱས་ཏེ་སློབ་གྲྭ་བ་དང༌། དགེ་རྒན། ཁོ་རང་ནང་མི་བཅས་མི་གྲངས་ ༢༤ ཟ་འབྲུ་དང༌། ཚལ་རིགས་བཅས་ཀྱི་དགོས་མཁོ་ཆ་ཚང་ཐོན་སྐྱེད་ཐུབ་པར་མ་ཟད། དངུལ་ལྷག་ནས་རྒྱས་སྤྲོས་ཆེན་པོ་བྱེད་རྒྱུ་མེད་ཀྱང་ཁྲོམ་ནས་ཉོ་དགོས་པའི་དངུལ་གྱི་མཐུན་རྐྱེན་འདང་ངེས་ཡོང་གི་ཡོད་པ་བཅས་གང་ལྟར་ས་ཆ་ཨེ་ཀར་བཞིས་རང་རྐྱ་ཐུབ་པའི་འཚོ་བའི་དགོས་མཁོ་ཆ་ཚང་སྐོང་ཐུབ་ཀྱི་འདུག འདི་ནི་སྟོང་བཤད་མ་ཡིན་པར་རང་རེས་ཀྱང་ཚོད་བལྟ་ཡག་པོ་ཞིག་བྱེད་ཐུབ་ན་ཏན་ཏན་གྲུབ་དོན་ཡོད་པ་ཞིག་ཡིན།

ཡང་རྡོ་རྗེ་གདན་གྱི་ཨཱཤྲམ་གྱི་མི་གཅིག་གིས་སྣུམ་ནག་བླུག་སྣོད་ཀྱི་ཌམ་གྱི་ཕྱེད་ཀའི་ནང་ཀ་དྷུ་ཟེར་བའི་འབྲས་ལྡན་སྡོང་པོ་འདེབས་འཛུགས་བྱས་ཏེ་སྡོང་པོ་ཁང་པའི་ཐོག་ཏུ་རྒྱས་པ་དང༌། འབྲས་བུ་ཁྱིམ་ཚང་ནས་བེད་སྤྱོད་གཏོང་དགོས་པ་རྣམས་བཏང་བའི་འཕྲོས་ཁྲོམ་ལ་བཙོངས་ནས་ལོ་གཅིག་ལ་ཡོང་འབབ་སྒོར་དྲུག་སྟོང་བྱུང་ཡོད། ཀ་དྷུ་ཁྱིམ་ཚང་གིས་བེད་སྤྱོད་བྱས་པ་དང༌། བཙོངས་པ་གཉིས་བསྡུར་ན་བེད་སྤྱོད་བྱས་པ་ཏན་ཏན་མང་བ་བྱུང་ཡོད་པ་བརྗོད་ཆོག་པ་ཡིན། བོད་མིའི་དེང་གི་འཚོ་བའི་ནང་ཧིན་སྒོར་དྲུག་སྟོང་ནི་དངུལ་འབོར་ཆེན་པོ་ཞིག་མིན་ཡང་ཨཱཤྲམ་ཞིག་ལ་སྒོར་དྲུག་སྟོང་དངུལ་འབོར་ཆེན་པོར་བརྩི་གི་ཡོད། ཡང་རྡ་རམ་ས་ལར་མཚོན་ན། དེ་སྔ་བོད་ཁྱིམ་ནང་དགེ་རྒན་གྱི་ལས་ཀ་བྱེད་མྱོང་མཁན་རཱ་ཎཱ་ཟེར་བའི་མི་ཞིག་ཡོད། ཁོང་རྡ་སར་གཞིས་ཆགས་ཏེ་ལོ་ ༡༢ ནས་ ༡༣ ཙམ་ཞིག་ཕྱིན་ཡོད། ཁོང་གིས་ ཨཱཅཱརྱ་ཝིནོབྷཱ་བྷཱཝེ་དང༌། བདག་ཉིད་ཆེན་པོ་གཱན་དྷཱིའི་ལྟ་བའི་རྗེས་སུ་འབྲངས་ནས་རང་ལ་ས་ཆ་ཨེ་ཀར་ལྔ་ཙམ་ཡོད་འདུག་པ་དེའི་ནང་འབྲུ་རིགས་དང༌། ཤིང་འབྲས། སྔོ་ཚལ་བཅས་ཐོན་སྐྱེད་བྱས་ཏེ་ལོ་གཉིས་ཀྱི་གོང་ནས་བཟུང་ཁྲོམ་ནས་ཉོ་དགོས་པ་ཚ་དང༌། མུ་ཟི་མ་གཏོགས་འཚོ་བའི་མཐུན་རྐྱེན་ཆ་ཚང་འདང་ངེས་མཁོ་འདོན་ཐུབ་པ་བྱུང་འདུག ད་ཕན་ང་ཚོས་སོ་སོའི་ས་ཞིང་ལ་བདག་གཅེས་བྱས་ཏེ་ཐོན་སྐྱེད་ཡག་པོ་ཞིག་བྱས་མེད་པར་མ་ཟད། ཐོན་སྐྱེད་གང་བྱས་པ་དེ་དག་ཀྱང་གཞན་ལ་ཚོང་བསྒྱུར་བྱས་པ་དང༌། རང་ལ་དགོས་མཁོ་གང་ཡོད་པ་རྣམས་ཁྲོམ་ནས་ཉོ་སྒྲུབ་བྱས་ཏེ་རྦད་དེ་ཁྲོམ་རའི་ལམ་ལུགས་ཀྱི་བསམ་བློ་ཐབས་སྡུག་དེའི་རྗེས་སུ་འབྲངས་ནས་ལོ་བཞི་བཅུ་ལྷག་ཙམ་གྱི་ཐོན་སྐྱེད་ནུས་ཤུགས་འཕྲོ་བརླག་བཏང་བ་རེད། ད་དུང་ཡང་སྔར་བཞིན་འཕྲོ་བརླག་དང༌། ནོར་འཁྲུལ་བསྐྱར་ཟློས་བྱས་ན་འགྲིགས་ཐབས་མེད། དེར་བརྟེན་བཀའ་ཤག་ནས་ཐག་གཅོད་ཆེན་པོ་ཞིག་བྱས་ཏེ་བཙན་བྱོལ་བོད་མིའི་སོ་ནམ་ཞིང་ལས་ཀྱི་ས་ཞིང་ཡོངས་སུ་རྫོགས་པ་གསར་སྤེལ་དང༌། ཕུགས་སྨན་ཐོན་སྐྱེད་བཟང་དུ་གཏོང་ཐབས་སུ་རང་བཞིན་སོ་ནམ་དང༌། སྐྱེ་ལྡན་སོ་ནམ་གཉིས་ཀྱི་ཕྱོགས་སུ་གོམ་བགྲོད་ཀྱི་བཅོས་བསྒྱུར་བྱེད་རྒྱུའི་ལས་དོན་འགོ་འཛུགས་བྱས་ཏེ་ཤུགས་ཆེའི་སྐུལ་འདེབས་བྱེད་པ་དང༌། བཀའ་ཤག་ལ་བཅོས་བསྒྱུར་གྱི་ཤུགས་ཆེའི་བསམ་ཚུལ་ཡོད་པ་ལྟར་དབུས་ནང་སྲིད་ལས་ཁུངས་དང༌། འབྲེལ་ཡོད་ས་གནས་འགོ་འཛིན་སོགས་ལས་ཀྱི་སྣེ་མོར་གཏོགས་པའི་ལས་བྱེད་དང༌། ལྷག་པར་དོན་གྱི་བདག་པོ་ཞིང་འབྲོག་མི་མང་གི་བསམ་བློ་བཀའ་ཤག་གི་འཆར་གཞིའི་ཐོག་མདུན་བསྐྱོད་ཀྱི་གོམ་སྟབས་སྤོ་རྒྱུར་འབོད་སྐུལ་བྱེད་ཀྱི་ཡོད། ད་ལྟའི་བསྒྱུར་བཅོས་ལས་དོན་དེ་དག་ལམ་སྲོལ་ཐོག་ནས་བོད་རང་གི་སྲོལ་རྒྱུན་གྱི་ལམ་སྲོལ་ཡག་པོ་ཞིག་ཡིན་ཡང༌། དེང་དུས་རྫས་སྦྱོར་གྱི་ཐོན་སྐྱེད་ཤུགས་ཆེ་བྱེད་པའི་དུས་འདིར་གསར་བརྗེ་ཆེན་པོ་ཡིན་སྟབས་འཕྲལ་སེལ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་སྟབས་ཐོག་མར་སོ་ནམ་གཞིས་ཆགས་ཁག་གི་ས་ཆ་ཨེ་ཀར་རེར་རང་བཞིན་སོ་ནམ་དང༌། སྐྱེ་ལྡན་སོ་ནམ་གྱི་ཚོད་བལྟའི་འཆར་འགོད་ལག་བསྟར་བྱས་ཡོད། ས་ཆ་ཨེ་ཀར་གཅིག་གི་ཚོད་བལྟའི་གྲུབ་འབྲས་ལ་བལྟས་ན་དཀའ་ངལ་ཤུགས་ཆེ་ཞིག་ཡོད། ས་ཞིང་ཚང་མར་རྫས་འགྱུར་བེད་སྤྱོད་ཀྱི་ཐོན་སྐྱེད་བྱེད་པའི་ཁོར་ཡུག་ནང་ཨེ་ཀར་གཅིག་རྫས་འགྱུར་མེད་པར་འཚོ་གནས་ཐུབ་རྒྱུ་ནི་ཧ་ཅང་དཀའ་ངལ་ཅན་ཞིག་ཡིན། རྫས་སྦྱོར་དང་སྦྱོར་དུག་གིས་ཁྱབ་པའི་ཁོར་ཡུག་ནང་ས་ཆ་ཆུང་ངུ་ཞིག་ལ་རྫས་སྦྱོར་དང་སྦྱོར་དུག་མེད་པའི་སོ་ནམ་དང༌། ཐོན་སྐྱེད་ཀྱི་ལས་དོན་བྱས་པར་གཅིག་བྱས་ན་ཚོད་བལྟའི་གྲུབ་འབྲས་ཡང་དོན་ཕན་ལྡན་པ་ཞིག་ཡོང་ཐུབ་མིན་བརྗོད་རྒྱུ་དཀའ་བ་ཡིན། འོན་ཀྱང་ང་ཚོས་ཐག་གཅོད་ཆེན་པོ་ཞིག་བྱས་པའི་ལས་དོན་གྱི་རྒྱབ་ལྗོངས་སུ་རྒྱུ་མཚན་ཆེན་པོ་མེད་པར་ལྐུགས་པ་ཨུ་ཚུགས་ཀྱིས་བསམ་བློ་བཏང་སྟེ་ཐག་གཅོད་བྱས་པ་གཏན་ནས་མིན། དེང་རབས་ཚན་རིག་ལ་ཡིད་ཆེད་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། བཀའ་ཤག་གི་ཐག་གཅོད་ཀྱི་རྒྱབ་ལྗོངས་ལ་ཚན་རིག་དང་མཐུན་པའི་རྒྱུ་མཚན་ཆེན་པོ་ཏན་ཏན་མང་པོ་ཡོད། ང་རང་ལྟ་བུ་ཚན་རིག་གི་གོ་དོན་དང༌། ཚན་རིག་ལ་དེ་ཙམ་དོ་སྣང་མེད་མཁན་ཚོའི་ངོས་ནས་བལྟས་ནའང་ང་ཚོས་དཔྱད་གསུམ་དག་པའི་རིགས་པའི་སྒྲུབ་བྱེད་ཆ་ཚང་བས་གཏན་ལ་ཕབ་ནས་ཐ་མའི་ཐག་གཅོད་བྱས་པ་ལས་འཕྲལ་སེལ་གྱི་བྱ་ཐབས་དང༌། ཡང་ན་རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་ཐག་གཅོད་བྱས་མེད། ད་ཆ་ཐག་གཅོད་ཀྱི་འཆར་གཞི་དེ་དག་ལག་བསྟར་བྱེད་མཁན་ནི་ས་གནས་ཁག་ཏུ་བཞུགས་མཁན་དབུ་ཁྲིད་དང་མི་མང་ལ་རག་ལུས་པ་ལས་རྡ་རམ་ས་ལ་ནས་ལས་འཆར་བསྒྲིགས་ནས་ལག་ལེན་བྱེད་ཐབས་མེད་པ་ཧ་ཅང་གསལ་པོ་ཡིན། བཀའ་ཤག་གི་སྲིད་བྱུས་ཀྱིས་ཐག་བཅད་པ་ཁག་ས་གནས་ཁག་ནས་ཚོད་བལྟ་ལེགས་གྲུབ་ཡོང་བ་དང༌། དམིགས་ཡུལ་ལྟར་གྱི་གྲུབ་འབྲས་ཐོན་པ་ཡོང་རྒྱུར་འགན་ཁུར་དང༌། འབད་པ་ལྷོད་མེད་བྱེད་དགོས་པ་འདུག

ང་ཚོས་སོ་ནམ་གཞིས་ཆགས་ཁག་ཏུ་སྐྱེ་ལྡན་དང༌། རང་བཞིན་སོ་ནམ་གྱི་ལམ་སྲོལ་ཐོག་མདུན་བསྐྱོད་བྱེད་དགོས་པར་མ་ཟད། སོ་ནམ་དང་མཉམ་དུ་ཕྱུགས་གསོའི་ཐོན་ལས་དང༌། རྩི་ཤིང་འདེབས་ལས་བཅས་མཉམ་གཉེར་བྱེད་དགོས། སོ་ནམ་དང༌། ཕྱུགས་གསོ། རྩི་ཤིང་འདེབས་ལས་བཅས་གསུམ་པོ་དེ་དག་གི་ཐོན་ལས་ཡ་མ་བྲལ་བར་མཉམ་གཉེར་བྱེད་ཐུབ་ན་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་དང༌། ཕྱོགས་ཡོངས་ནས་ཐོན་སྐྱེད་ཀྱི་མཐུན་སྦྱོར་ཧ་ཅང་ལེགས་པོ་གོང་འཕེལ་གཏོང་ཐུབ་རྒྱུ་ཡིན་པ་ནི་ལོ་བརྒྱ་ཕྲག་རིང་གི་ཚན་རིག་བརྟག་དཔྱད་གྲུབ་འབྲས་དང༌། ལམ་སྲོལ་གྱི་ཤེས་བྱ་ཡོད་པ་རང་རེས་ལས་སླ་པོའི་ཐོག་ནས་རྟོགས་ཐུབ། མདོ་དོན་ས་ཆ་ཨེ་ཀར་བཞི་ཡོད་པའི་ཁྱིམ་ཚང་ཞིག་ཡིན་ན་ས་ཆ་ཨེ་ཀར་བཞི་པོ་ཆ་ཚང་བེད་སྤྱོད་ཡང་དག་པ་བཏང་ནས་ཐོན་སྐྱེད་ཀྱི་ལས་རྩོལ་བྱེད་པ་དང༌། ཚལ་རིགས་སོགས་གང་ཞིག་འདེབས་ལས་ཐོན་སྐྱེད་བྱས་ཀྱང་འབུ་དུག་དང༌། རྫས་ལུད་སོགས་རྫས་སྦྱོར་འདྲ་མིན་བེད་སྤྱོད་གཏོང་བ། དེ་བཞིན་རིགས་གཉིས་འདྲེས་པའི་སོན་རྩ་བེད་སྤྱོད་བྱེད་པ་དེ་དག་བཀག་ནས་ལོ་གཉིས་རིང་འབད་བརྩོན་ཆེན་པོས་དཀའ་ངལ་ལ་གདོང་ལེན་བྱས་ཏེ་རང་བཞིན་སོ་ནམ་དང༌། སྐྱེ་ལྡན་སོ་ནམ་ཐོག་བཅོས་སྒྱུར་བྱས་ཏེ་ཐོན་སྐྱེད་ཕྱོགས་ཡོངས་ནས་མཐུན་འགྱུར་མཐུན་སྦྱོར་ཡར་རྒྱས་གཏོང་ཐབས་བྱེད་རྒྱུ་དང༌། སྒོ་ཕྱུགས་གསོ་སྐྱོང་དང༌། རྩི་ཤིང་འདེབས་ལས། ཆུ་བདག་གཅེས་བཅས་མཉམ་གཉེར་ཚུལ་མཐུན་ཡག་པོ་ཞིག་བྱེད་ཐུབ་ན་ཁྱིམ་ཚང་གཅིག་ཕྱུག་འགྱུར་ལམ་དུ་བསྐྱོད་མི་ཐུབ་པ་གཏན་ནས་མེད། ཞིང་ལས་དང༌། ཕྱུགས་གསོ། རྩི་ཤིང་འདེབས་ལས། ཆུ་བེད་བཅས་མཐུན་སྦྱོར་དང༌། ཐོན་སྐྱེད་མཉམ་གཉེར་ཡག་པོ་བྱེད་ཐུབ་ན་ལོ་རེ་དབྱར་ཚོང་དགུན་ཚོང་ལ་བསྐྱོད་པའི་ཁེ་འབབ་ལས་ཆེ་བའི་ཐོན་སྐྱེད་ཡོང་འབབ་ཡོང་ཐུབ་པ་ད་ལྟ་རང་རེའི་བསམ་བློའི་ནང་འཁོར་མ་ཐུབ་པ་ལས་དོན་དངོས་གྲུབ་འབྲས་ཐོབ་རྒྱུ་མེད་པ་གཏན་ནས་མིན། ས་ཆ་ཨེ་ཀར་རེ་རེའི་ཐོག་གཏིང་ཟབ་པའི་Intensive ཐོན་སྐྱེད་ལས་རྩོལ་ཤུགས་ཆེ་བྱེད་ཐུབ་ན་རྒྱ་གར་ནང་ལ་ལོ་རེར་གཙང་ཁེ་སྒོར་འབུམ་བཞི་ནས་དྲུག་བར་ཨན་རྡ་ར་དང༌། ཀར་ན་ཊ་ཀ དེ་བཞིན་ལྷོ་ཕྱོགས་ཀྱི་མངའ་སྡེ་གཞན་ཁག་ཏུ་མང་པོ་ཡོད། ལྷག་པར་སྤོན་ཊ་ཅ་རི་ལྟ་བུར་དེ་འདྲའི་ཐོན་སྐྱེད་དང༌། ཐོན་འབབ་ལ་སྤྱོད་མཁན་དེ་བས་མང་པོ་ཡོད། དེང་སྐབས་གནས་ཚུལ་བཟང་ཕྱོགས་ནས་བསམ་བློ་བཏང་ན་སྐྱེ་ལྡན་སོ་ནམ་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་རྣམས་ཁྲོམ་རའི་ཐོག་རྫས་སྦྱོར་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ལས་རིན་གོང་བརྒྱ་ཆ་ ༥༠ ནས་བརྒྱ་ཆ་ ༡༠༠ མཐོ་བའི་ཁེ་བཟང་ཆེ་བ་དང༌། ཉོ་མཁན་མང་བ། བྲིན་ཁ་མྱུར་བ་སོགས་ཀྱི་ཕན་ཡོད་ཀྱི་ཆ་རྐྱེན་མང་པོ་ཡོད། དེར་བརྟེན་ཞིང་འབྲོག་མི་མང་ནས་ས་ཆའི་རྩ་ཆེའི་རིན་ཐང་ཤེས་པ་དང༌། ཤེས་ནས་བེད་སྤྱོད་ཡང་དག་པ་གཏོང་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གལ་ཏེ་ང་ཚོས་ལས་དོན་དེ་དག་ལ་སྣང་ཆུང་དང༌། འཐུས་ཤོར་བཏང་ན་གཞིས་ཆགས་མི་མང་གི་བུ་ཕྲུག་རྣམས་སློབ་གྲྭ་ཐོན་རིམ་བཞིན་ས་ཆ་དང་ཁ་བྲལ་གྱི་ལམ་དུ་བསྐྱོད་དགོས་པ་ཆགས་རྒྱུ་དང༌། འབྱུང་འགྱུར་མི་རབས་གཅིག་གཉིས་ནང་གཞིས་ཆགས་ཁག་ཁ་ཐོར་རྩ་བརླག་འགྲོ་རྒྱུ་ལས་བརྟན་ལྷིང་སྲ་བརྟན་དང༌། རྒྱུན་མཐུད་གོང་འཕེལ་ཡོང་བའི་རེ་བ་རྩ་བ་ནས་མེད།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་གཞན་ཞིག་ནི་བོད་གངས་ཅན་གཙོ་བོར་གྱུར་པའི་འཛམ་གླིང་ཁྱོན་གྱི་ཁོར་ཡུག་ཕྱོགས་ཡོངས་ནས་སྲུང་སྐྱོབ་ཡོང་བའི་སྐུལ་འདེད་ཤུགས་ཆེ་གནང་བཞིན་ཡོད། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནི་གཞི་རྒྱ་ཆེ་ཞིང་ཧ་ཅང་རྣམ་གྲངས་མང་བའི་ལས་དོན་ཞིག་ཡིན། རང་རེའི་སྤྱི་ཚོགས་འཚོ་བའི་ནང་ཞིང་འབྲོག་ཐོན་ལས་བྱེད་སྐབས་རྫས་ལུད་བེད་སྤྱོད་དང༌། འབུ་དུག་སྤྱོད་པ་སོགས་ཀྱིས་ཁོར་ཡུག་སྦག་བཙོག་དང༌། ས་ཆུ་སྲུང་འཛིན་གྱི་ནུས་པ་ཉམས་ཞན་གཏོང་བའི་ཐོན་ལས་ཁག་བཀག་འགོག་དང༌། མཚམས་འཇོག་མ་བྱས་ན་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་མེད། སྐབས་བཅུ་གཉིས་པའི་བཀའ་ཤག་ནས་བཙན་བྱོལ་བོད་གཞུང་གི་ལས་ཁུར་བཞེས་རྗེས་མོན་གྷོ་དང༌། ཧོར་སུར་གཉིས་ནང་སྟོན་ཉེས་བྱུང་བའི་མི་མང་དཀའ་སེལ་གྱི་ལས་དོན་མཇུག་འཁྱོངས་བྱས་པ་ཡིན། སྟོན་ཉེས་བྱུང་བའི་གུན་གསབ་འགྲོ་གྲོན་གྱི་རྩིས་རྒྱག་བྱེད་སྐབས་འགྲོ་གྲོན་མང་ཆེ་བ་སོན་རྩ་དང༌། རྫས་ལུད། འབུ་དུག་བཅས་ལ་ཕྱིན་འདུག ད་ཡོད་སོ་ནམ་ཞིང་པ་ཚོས་སོན་རྩ་དང༌། རྫས་ལུད། འབུ་དུག་བཅས་ཁྲོམ་ར་གཞན་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད། གལ་ཏེ་རང་རེས་རང་བཞིན་དང༌། སྐྱེ་ལྡན་སོ་ནམ་གྱི་ལམ་སྲོལ་ལག་བསྟར་བྱས་ཡོད་ན་སྟོན་ཉེས་གྱོང་གུན་གྱི་བརྒྱ་ཆ་ ༦༠ རང་བཞིན་གྱི་མེད་པར་གྱུར་ཡོད། གང་ཡིན་ཞེ་ན་སོན་དང༌། རྫས་ལུད། འབུ་དུག་གསུམ་གྱི་འགྲོ་གྲོན་གཏོང་མི་དགོས་པ་ཡིན། ད་དུང་སྐྱེ་ལྡན་སོ་ནམ་གྱི་ལམ་སྲོལ་ཐོག་བསྐྱོད་ན་རྨོས་རྒྱག་རྒྱུ་ཉུང་དུ་འགྲོ་རྒྱུ་དང༌། རང་བཞིན་སོ་ནམ་ཐོག་བསྐྱོད་ན་རྨོས་རྒྱག་རྒྱུའི་སྐད་ཆ་ཡང་མེད་པར་བརྟེན་འགྲོ་སོང་མང་པོ་ཞིག་རྨོས་རྒྱག་འཁྲུལ་འཁོར་Tractorགྱི་གླར་འགྲོ་གི་ཡོད་སྟབས་རྨོས་རྒྱག་གླ་ཆ་ཡང་སྤྲོད་མི་དགོས་པར་ད་ཡོད་སྤྲོད་དགོས་པའི་འགྲོ་སོང་མང་པོ་ཞིག་མེད་པར་གྱུར་ནས་ཁེ་འབབ་དེ་གའི་ཐོག་ནས་ཡོང་རྒྱུ་ཡིན། གལ་ཏེ་ལས་རྩོལ་བྱེད་མཁན་ལས་མིའི་གླ་ཆ་ཕྲན་བུ་སྤྲོད་དགོས་ན་ལས་གཞན་གྱི་མ་འཛུགས་འགྲོ་གྲོན་མང་པོ་ཞིག་གཏོང་མི་དགོས་པ་ཡོང་རྒྱུ་ཡིན། དེར་བརྟེན་ཁེ་འབབ་ལ་བསམ་བློ་མ་བཏང་ནའང་གྱོང་གུན་ཆེན་པོ་ཡོང་བ་དང༌། དེའི་ཐོག་གུན་གསབ་ཀྱི་འགྲོ་གྲོན་མང་པོ་ཞིག་ཉུང་དུ་གཏོང་ཐུབ་པའི་ཁེ་ཕན་ཆེན་པོ་ཡོད། ང་ཚོས་ངེས་པར་དུ་རང་བཞིན་སོ་ནམ་དང༌། སྐྱེ་ལྡན་སོ་ནམ་གྱི་ལས་དོན་ཡར་རྒྱས་ཐོག་ཐབས་བྱུས་བསྒྱུར་རྒྱུ་དང༌། ཤུགས་སྣོན་རྒྱག་རྒྱུ་འདི་བཀའ་ཤག་ནས་ཛ་དྲག་ངང་ལག་བསྟར་དགོས་པའི་གྲོས་རིམ་ནང་གི་གལ་གནད་ཆེ་བའི་ལས་དོན་ཞིག་ལ་བརྩི་གི་ཡོད།

ང་ཚོས་ཕྱུགས་གསོའི་ལས་དོན་ཡར་རྒྱས་གཏོང་དགོས་པ་མ་ཟད། སྒོ་ཕྱུགས་གསོ་སྤེལ་ལ་མཚོན་ན་རིགས་འདྲེས་པའི་བ་ཕྱུགས་ཆེན་པོ་ཉིན་རེར་འོ་མ་ཀི་ལོ་ ༡༦ ནས་ ༢༠ བར་ཐོན་འབབ་ཡོད་པ་དེ་འདྲ་གསོ་སྤེལ་བྱ་རྒྱུའི་ལམ་སྲོལ་གྱི་རྗེས་འབྲངས་མ་ཡིན་པར་སོ་སོའི་ས་གནས་དང༌། འཚོ་བ། རང་བྱུང་ཁམས་དང་འཚམས་མཐུན་གྱི་སྲོལ་རྒྱུན་གྱི་ཞིང་ཞོར་སྒོ་ཕྱུགས་གསོ་སྐྱོང་བྱས་ཏེ་འོ་མའི་ཐོན་སྐྱེད་དང༌། སྒོ་ཕྱུགས་ཀྱི་ལུད་སྦྱོར་ཐོན་ལས་ལ་བརྟེན་ནས་ས་ཞིང་བཅོས་སྐྱོང་བྱེད་རྒྱུ། དེ་བཞིན་ཁྱིམ་ཚང་གི་ཉེ་འཁོར་དང༌། ས་ཞིང་གི་ས་སྟོང་ཁག་ཏུ་འབྲས་ལྡན་གཙོ་བོར་གྱུར་པའི་རྩི་ཤིང་འདེབས་ལས་བྱས་ཏེ་ས་ཆུ་སྲུང་འཛིན་དང༌། ས་ཞིང་བཅོས་སྐྱོང་གི་མཐུན་སྦྱོར་ལེགས་སུ་གཏོང་རྒྱུ།

ཆུའི་ཐོན་ཁུངས་ཡར་རྒྱས་དང༌། ལྷག་པར་རང་བཞིན་རྒྱུགས་ཆུ་དང༌། ཆུ་ཕྲན། ཆར་ཆུ་བཅས་པ་འཕྲོ་བརླག་མ་བཏང་བར་ཆུ་ཐིགས་པ་ཙམ་ཡིན་ཡང་ས་ཞིང་ལ་སྤྱོད་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སྔར་བོད་ལ་བྱུང་ནམ་མཁའ་དང༌། ཐིམས་ས་གཞི་ཞེས་པའི་གཏམ་དཔེ་ཧ་ཅང་ལེགས་པོ་ཞིག་ཡོད། དོན་དངོས་ཐོག་དེང་སྐབས་འབྱུང་ནམ་མཁའ་དང༌། ཐིམས་ས་གཞི་ཞེས་པ་རྩ་བ་ནས་ཡོང་གི་མེད། བྱུང་ནམ་མཁའི་ཆར་ཆུ་སྐབས་རེ་ཡོང་བ་དང༌། སྐབས་རེ་མི་ཡོང་བ་སྣ་ཚོགས་ཡོད་པ་དང༌། ཆར་ཆུ་དུས་ཐོག་བྱུང་ཡང་བེད་སྤྱོད་ཡག་པོ་མ་ཐུབ་པར་འཕྲོ་བརླག་གཏོང་བ། རང་བྱུང་ཆུའི་ནུས་པ་ཡག་པོ་ཞིག་ཡོད་ཀྱང་བེད་སྤྱོད་ཡག་པོ་མ་ཐུབ་པར་འཕྲོ་བརླགས་འགྲོ་བ་ཡོང་གི་ཡོད། དེར་བརྟེན་ང་ཚོས་ཆུའི་འདུ་འགོད་Water Managementཧ་ཅང་གལ་ཆེན་པོ་ཡིན། དེང་སྐབས་རང་རེའི་གཞིས་ཆགས་ཁག་ནང་ཆུ་བེད་འདུ་འགོད་སྐོར་བརྗོད་ན་འབུམ་དང་འབུམ་གྱི་ལས་འཆར་སྐོར་བརྗོད་དེ་དོ་སྣང་བྱེད་པ་ལས་རྒྱུན་ལྡན་ཆུ་བེད་འདུ་འགོད་ཀྱི་ལས་འཆར་སྐོར་དོ་སྣང་བྱེད་མཁན་མེད། གང་ལྟར་འབུམ་མང་པོའི་ཆུ་བེད་འཛུགས་སྐྲུན་དང༌། འབུམ་མང་པོའི་གླང་ཆེན་གྱི་གནོད་འཚེ་འགོག་སྲུང་གི་ཉི་འོད་ནུས་པའི་ལྕགས་རིའི་ལས་འཆར་བཀོད་ནས་འགྲོ་གྲོན་གཏོང་བ། ཡང་ལོ་ཁ་ཤས་རྗེས་ཕན་ཐོགས་མི་འདུག་ཅེས་བརྗོད་ནས་བདག་གཅེས་དང༌། མཇུག་སྐྱོང་ཡག་པོ་མ་བྱས་པའི་གནས་ཚུལ་ཡོད། དཔེར་ན་ལྕགས་རི་བསྐོར་རྒྱུའི་ཚབ་ཏུ་དངུལ་འབབ་དེ་དག་ཞིང་པ་སོ་སོར་བགོ་བཤའ་བརྒྱབས་ཡོད་ན་གཅིག་བྱས་ན་ཕན་ཐོགས་ཆེ་བ་བྱུང་མེད་དམ་སྙམ་པའི་མཐོང་ཚུལ་ཡང་ཡོང་གི་འདུག ལས་དོན་དེ་རིགས་ང་ཚོས་ས་གནས་རང་གི་ཁེ་ཕན་དངོས་དང་མཐུན་པའི་རྒྱང་རིང་བརྟན་གསུམ་དང༌། རྒྱུན་གནས་ཕུགས་འཕེར་གྱི་བསམ་བློ་བཏང་སྟེ་འཆར་འགོད་དང༌། ལག་བསྟར། ལས་དོན་མཇུག་སྐྱོང་ཡག་པོ་བཅས་མ་ཐུབ་ན་གྲུབ་འབྲས་ལྡན་པའི་ཕན་ཐོགས་ཡོང་རྒྱུ་ཧ་ཅང་དཀའ་བ་ཡིན། ང་ཚོས་ངེས་པར་དུ་སོ་ནམ་གཞིས་ཆགས་ཁག་རང་བཞིན་དང་སྐྱེ་ལྡན་སོ་ནམ་གྱི་ལམ་སྲོལ་ཐོག་བསྐྱོད་ཐུབ་པ་དང༌། གཞི་རྒྱ་ཆེན་པོ་མ་བྱུང་ནའང་ས་ཆ་ཨེ་ཀར་བཞི་ལྔར་གཞིགས་པའི་འོས་འཚམས་ཀྱི་སྒོ་ཕྱུགས་གསོ་སྤེལ་དང༌། མཐའ་འཁོར་དུ་འབྲས་ལྡན་གཙོ་བོར་གྱུར་པའི་རྩི་ཤིང་འདེབས་ལས་བྱས་ཏེ་ས་ཆུ་སྲུང་འཛིན་དང༌། རང་བྱུང་སྐྱེ་ཁམས་ནུས་པའི་རྒྱུན་ལྡན་རང་བཞིན་དོ་མཉམ་སྲུང་སྐྱོབ། ཆུ་བེད་འདུ་འགོད་ཡག་པོ་བྱས་ཏེ་རང་བཞིན་རྒྱུགས་ཆུ་དང༌། ཆུ་མཛོད། ཆར་ཆུ་སོགས་ཆུ་བེད་བདག་གཅེས་དང་བཅོས་སྐྱོང་བྱས་ཏེ་ཆུ་འཕྲོ་བརླགས་མི་འགྲོ་བ་བྱེད་རྒྱུ་བཅས་ནི་ས་གནས་ཁག་ཏུ་འཐུས་ཤོར་མེད་པར་བསྒྲུབ་དགོས་པའི་འོས་འགན་གལ་ཆེ་ཞིག་ཡིན། བར་སྐབས་འཛམ་གླིང་གི་རྒྱལ་ཁབ་དང༌། ས་ཁུལ་མང་པོར་ས་འོག་ནས་ཆུ་འཐེན་རྒྱུའི་ལས་དོན་མང་པོ་ཞིག་བྱས་པ་དང༌། དེར་ལམ་ལྷོང་ཆེན་པོ་བྱུང་ནས་མིའི་རིགས་ཀྱིས་ལས་དོན་དེར་དགའ་པོ་དང༌། འབད་བརྩོན་ཆེན་པོ་བྱས་ཡོད། འོན་ཀྱང་ས་ཁུལ་མང་པོ་ཞིག་ལ་ད་ཆ་ས་འོག་གི་རང་བཞིན་ཆུའི་ནུས་པ་ཉམས་ཞན་དུ་ཕྱིན་ནས་ཆུའི་ཚད་གཞི་རིམ་བཞིན་དམའ་རུ་སོང་ནས་ཛ་དྲག་དཀའ་ངལ་གྱི་གནས་ཚུལ་གསར་པ་ཞིག་འཐོན་བཞིན་ཡོད། དེ་དག་ལ་རང་རེས་ཀྱང་བསམ་བློ་ནན་པོ་བཏང་སྟེ་ཟབ་ནན་བྱེད་དགོས་པ་གལ་ཆེན་པོ་ཡིན། ང་ཚོས་ཐག་རིང་པོའི་གནས་ཚུལ་ལ་བལྟ་མི་དགོས་པར་རྒྱ་གར་ནང་པན་ཇབ་དང༌། ཧ་རི་ཡ་ནའི་ནང་གི་དཀའ་ངལ་གསར་པའི་གནས་ཚུལ་གསར་ཤོག་ཁག་ནང་ཐོན་པར་གཟིགས་ན་མཁྱེན་ཐུབ་པ་ཡིན། དེ་སྔ་སྔོ་ལྗང་གསར་བརྗེའི་Green Revolutionས་ཁུལ་དེ་ཚོའི་ནང་དུའང་ཞིང་པ་སོ་ནམ་པ་རྣམས་འགྲོ་སྟངས་འདུག་སྟངས་མི་ཤེས་པའི་དཀའ་ངལ་ནང་རང་ཤི་རྒྱག་པའི་མཚམས་སུ་སླེབས་ཡོད། ས་ཁུལ་ཁག་ནང་ཆུའི་ཐོན་ཁུངས་བེད་སྤྱོད་བཏང་དྲགས་པ་དང༌། རྫས་ལུད་ཚད་ལས་བརྒལ་བ་བེད་སྤྱོད་བྱས་པ་བཅས་ད་ཆ་ཐོན་ཁུངས་དང༌། ཐོན་སྐྱེད་བར་དོ་མཉམ་དང་ཁ་གསབ་མི་ཐུབ་པའི་ཉམས་ཉེས་ཛ་དྲག་གི་དཀའ་ངལ་ཤུགས་ཆེ་ཞིག་ཐོན་ཡོད། དེ་དག་ང་ཚོས་ངེས་པར་ཤེས་པ་བྱེད་དགོས་པ་དང༌། ཤེས་ནས་ཉམས་མྱོང་གི་བསླབ་བྱ་མ་བླངས་པར་འདི་མུར་འཇོག་ཐབས་གཏན་ནས་མེད།

བོད་མིའི་གཞིས་ཆགས་ཁག་ཏུ་ས་ཆུ་བདག་གཅེས་དང་བེད་སྤྱོད་ཚུལ་དང་ལྡན་པ་གཏོང་རྒྱུ་ནི་བཀའ་ཤག་ནས་གལ་ཆེ་དོན་ཆེན་གྱི་ལས་དོན་དུ་བརྩི་གི་ཡོད། རང་རེར་མི་ཡུལ་དུ་རང་གི་ལུང་པ་ལྟར་ས་ཆ་བདག་ཐོབ་ཡོད་པ་དང༌། དེ་དག་བེད་སྤྱོད་ཡག་པོ་ཞིག་གཏོང་མ་ཐུབ་པར་འཐུས་ཤོར་བཏང་ན་ཧ་ཅང་ཕངས་པོ་དང་གྱོང་གུན་ཆེན་པོ་ཡིན། ནང་སྲིད་བཀའ་བློན་ཨི་སི་རལ་དུ་གཟིགས་སྐོར་དུ་ཕེབས་ནས་ཉིན་ཤས་གོང་ཕྱིར་ལོག་གྲུབ་ཙམ་ཡིན། བཀའ་ཤག་ནས་ནང་སྲིད་བཀའ་བློན་ཨི་སི་རལ་དུ་གཟིགས་སྐོར་ཕེབས་རྒྱུ་འདི་གལ་ཆེན་པོར་ངོས་འཛིན་བྱས་ཡོད། ཨི་སི་རལ་གྱི་ས་ཞིང་གི་གནས་སྟངས་ལ་གཞིགས་ན་རྒྱ་གར་གྱི་ས་ཞིང་ཁག་དང་བསྡུར་ཐབས་མེད་པའི་ཧ་ཅང་ས་རྒྱུ་ཞན་པོ་ཡིན། ས་ཞིང་མང་ཆེ་བ་བྱེ་ཐང་ཁུལ་དུ་གསར་སྤེལ་བྱས་ཡོད། ང་ཚོའི་ཞིང་པ་ཚོས་ཁོང་ཚོའི་བྱེ་ས་ཅན་གྱི་ཞིང་ཁ་མཐོང་ན་དེར་སྟོན་ཐོག་གང་ཡང་མི་སྐྱེ་བའི་ངོས་འཛིན་བྱེད་པ་ལས་ས་ཞིང་དེ་དག་ནང་ཞིང་ལས་ཐོན་སྐྱེད་བྱས་ཏེ་ཐོན་འབབ་ཡོང་རྒྱུར་རེ་བའི་བསམ་བློ་འཁོར་རྒྱུའི་གནས་མེད། འོན་ཀྱང་ཨི་སི་རལ་གྱི་ཞིང་པ་རྣམས་ནས་བྱེ་ཐང་ནང་སྔོ་ལྗང་གསར་བརྗེའི་ལས་འགུལ་སྤེལ་ནས་བྱེ་ཐང་དུ་ཞིང་རྭ་གསར་སྤེལ་བྱས་ཏེ་སྔོན་ཐོན་གྱི་ཐོན་སྐྱེད་བྱེད་ཐུབ་པ་བྱུང་ཡོད། མ་གཞི་ཁོང་ཚོའི་ཐོན་སྐྱེད་རྫས་འགྱུར་བེད་སྤྱོད་འོག་ནས་ཐར་ཐུབ་མེད་ཀྱང༌། རྫས་འགྱུར་མེད་པའི་རང་བཞིན་དང༌། སྐྱེ་ལྡན་གྱི་སོ་ནམ་ཐོག་གང་འཚམས་མདུན་བསྐྱོད་ཀྱི་ཡར་རྒྱས་ཆེན་པོ་ཡོང་བཞིན་ཡོད། དེར་བརྟེན་ཁོང་ཚོས་ས་ཆ་ཧ་ཅང་ཞན་པོ་དེའི་ཐོག་ཞིང་ལས་ཐོན་སྐྱེད་བྱས་ཏེ་ཡུལ་གྱི་འབྲུ་རིགས་ཀྱི་མཐུན་རྐྱེན་གང་འཚམས་སྐྲུན་ཐུབ་པར་རང་རེ་མི་མང་གནས་ཡུལ་རྒྱ་གར་གྱི་ས་ཆ་ཧ་ཅང་གཤིན་པོ་དེ་དག་བེད་མེད་བཞག་ནས་ལུ་ཏི་ཨ་ནའི་སུད་ཊར་ཚོང་གཉེར་བྱས་ཏེ་ལ་ལཱ་ཁག་གི་ཞབས་འདེགས་དང༌། ས་གནས་སྐོར་སྲུང་བར་ཡོང་སྒོ་མཁོ་འདོན་བྱེད་པ་ལྟ་བུ་ནི་ག་འདྲ་ཡིན་ནམ། སུད་ཊར་ཚོང་བསྒྱུར་བྱེད་སྐབས་ཁེ་བཟང་མང་པོ་ཞིག་ལུ་ཏི་ཨ་ནའི་ལ་ལཱ་ཁག་དང༌། ས་གནས་ཁྲལ་བསྡུ་དང༌། སྐོར་སྲུང་བར་ཡོང་གི་ཡོད། གང་ལྟར་གང་བྱས་ཀྱང་དཀའ་ངལ་ཆེན་པོ་ཞིག་ཡོད། རང་ལ་ཡོད་པའི་ས་ཆ་དེ་དག་གི་རིན་ཐང་ཐོག་བསམ་བློ་མ་བཏང་ན་ཧ་ཅང་ཕངས་པོ་ཡིན། རྒྱ་གར་བས་ས་གཞི་ནི་སྐྱེད་མ་ཡིན་ཞེས་བརྗོད་ཀྱི་ཡོད། ང་ཚོས་སྐྱེས་མ་ལྟར་གྱི་བཀྲིན་ཆེ་བའི་ས་ཆ་དང༌། དེའི་ཐོག་ཡོད་པའི་མཐུན་རྐྱེན་གྱི་གོ་སྐབས་ཆ་ཚང་ལེན་ཐུབ་པའི་སོ་ནམ་ཐོན་སྐྱེད་གོང་འཕེལ་གྱི་ལས་དོན་སྐོར་གོ་བརྡ་འཕྲོད་ཐུབ་པའི་ངོ་སྤྲོད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་ངེས་པར་དུ་སོ་ནམ་གཞིས་ཆགས་ཁག་ཕྱོགས་ཡོངས་ནས་བརྟན་ལྷིང་དང༌། རྒྱུན་གནས་གོང་འཕེལ་ཡོང་ཐབས་སུ།

༡ གཞིས་ཆགས་ཁག་ནང་རང་བཞིན་དང་སྐྱེ་ལྡན་སོ་ནམ་གྱི་ལམ་སྲོལ་ཐོག་མདུན་བསྐྱོད་བྱེད་དགོས་པ་དང༌།

༢ འོས་འཚམས་སྒོ་ཕྱུགས་གསོ་སྤེལ་གྱི་ལས་དོན་ལག་བསྟར་དགོས་པ།

༣ ཆུ་བེད་འདུ་འགོད་ལས་དོན་འཐུས་ཤོར་མེད་པར་བསྒྲུབ་དགོས་པ།

༤ ཁྱིམ་ཚང་དང༌། ས་ཞིང་གི་ཁོར་ཡུག་ལ་འབྲས་ལྡན་གཙོ་བོར་གྱུར་པའི་རྩི་ཤིང་འདེབས་འཛུགས་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་དང༌། ལྷག་པར་ས་ཆུ་སྲུང་འཛིན་བྱས་ཏེ་སྐྱེ་ཁམས་ནུས་པ་དོ་མཉམ་ཡོང་བར་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུ།

༥ གོང་གསལ་ལས་དོན་རྣམས་མཉམ་འབྲེལ་མཐུད་སྦྱོར་ལེགས་པོ་ཡོང་བ་བྱས་ཏེ་གཞིས་ཆགས་ཁག་བརྟན་ལྷིང་སྲ་བརྟན་དང༌། རྒྱུན་མཐུད་གོང་འཕེལ་ཡོང་བའི་རྨང་གཞི་འཛུགས་རྒྱུ་ནི་ས་གནས་འགོ་འཛིན་དང་འབྲེལ་ཡོད་སྲི་ཞུ་བ་ཁག་གི་བསྒྲུབ་བྱའི་ལས་འགན་གཙོ་བོ་ཞིག་ཡིན་ལ། དེ་དག་ཞིང་པ་མང་ཚོགས་ཚོའི་བསམ་བློའི་ནང་ངེས་པར་སླེབས་ཐུབ་པ་བྱེད་རྒྱུ་ནི་དེ་བས་གལ་ཆེན་པོ་ཡིན།

རང་རེའི་བཙན་བྱོལ་ནང་བཟོ་ལས་གཞིས་ཆགས་གཞི་རྒྱ་ཆེ་བ་བལ་ཡུལ་ནང་གནས་ཡོད་པ་དང༌། རྒྱ་གར་ནང་བཟོ་ལས་གཞིས་ཆགས་ཉུང་ཉུང་ཡིན། ཡོད་པའི་ནང་མང་ཆེ་བ་ཧི་མ་ཅལ་མངའ་སྡེའི་ནང་ཡོད། བཟོ་ལས་གཞིས་ཆགས་ཁག་བརྟན་ལྷིང་དང་རྒྱུན་མཐུད་གོང་འཕེལ་ཡོང་བའི་འཆར་གཞི་གདིང་རྒྱུ་གཅིག་གྱུར་གལ་ཆེ་ཡིན། ང་ཚོས་བཟོ་ལས་གཞི་ཆགས་གང་ཞིག་གི་བཟོ་ལས་ཡར་རྒྱས་ཀྱི་ལས་འཆར་བཀོད་སྒྲིག་བྱེད་སྐབས་ཐོག་མ་ནས་བཟོ་ལས་ལ་བརྟེན་ནས་གཞིས་ཆགས་དཔལ་འབྱོར་འདུ་འགོད་ཀྱི་མཐུན་རྐྱེན་སྐྲུན་ཐུབ་མིན་དང༌། བཟོ་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་ཁུངས་ས་གནས་རང་ནས་མཁོ་འདོན་ཐུབ་མིན། གལ་སྲིད་མ་ཐུབ་ན་བཟོ་ལས་ལས་རིགས་ལ་མཁོ་བའི་མ་བཅོས་རྒྱུ་ཆ་མཁོ་སྒྲུབ་ཀྱི་ཆ་རྐྱེན་འཛོམས་མིན་ལ་ངེས་པར་བལྟ་དགོས་པར་མ་ཟད། བཟོ་ལས་ཐོན་སྐྱེད་ཀྱི་ཐོན་རྫས་རྣམས་ཚོང་བསྒྱུར་གྱི་ཁྲོམ་རྭའམ། ཡང་ན་ཚོང་བསྒྱུར་གྱི་ཁོར་རྒྱུགས་བཟང་པོ་ཡོད་པར་ངེས་པར་ལྟོས་དགོས་པ་ཡིན། ལྷག་པར་བཟོ་ལས་ཐོན་རྫས་གང་ཞིག་འཚེ་བ་དང་མ་འབྲེལ་ཞིང་གཙང་མ་ཞིག་དགོས། རྒྱ་གར་ནང་བཟོ་ལས་ཆུང་ཁག་ཡང་བའི་བཟོ་ལས་Small Scale Industryདང༌། ཁྱིམ་ཚང་གི་བཟོ་ལས། Cottage Industryདེ་བཞིན་ Khadi Commission བཅས་གསུམ་ནས་ཐོན་སྐྱེད་བྱས་པའི་མཐུན་རྐྱེན་མང་པོ་ཞིག་ལ་ཁྲལ་སོགས་ཆག་ཡང་གི་གཟིགས་སྐྱོང་གོ་སྐབས་མང་པོ་ཡོད། Khadi Commission ལྟ་བུ་ཡིན་ན་དེ་སྔ་དཀའ་ངལ་མང་པོ་ཞིག་ཡོད་ཀྱང་དེང་སྐབས་བཟོ་ལས་ཁག་ཆུང་ཙག་གྲངས་ ༦༠༠ ལྷག་ཙམ་ཞིག་ Khadi ནང་ཚུད་ནས་དེ་དག་ལ་གཞུང་ནས་ཁྲལ་ཆག་སོགས་ཀྱི་གཟིགས་སྐྱོང་མང་པོ་ཐོབ་རྒྱུ་ཡོད། ལྷག་པར་དེ་དག་ལ་ཁྲོམ་རྭ་དང༌། ཐོན་རྫས་ཚོང་བསྒྱུར་གྱི་ཁོར་རྒྱུགས་ལེགས་པོ་ཡོད་པ་བཅས་ད་ཕན་རང་རེས་མཐུན་རྐྱེན་བཟང་པོ་ཡོད་པའི་བཟོ་ལས་ཡར་རྒྱས་ཀྱི་ལས་དོན་དེ་རིགས་ལ་དོ་སྣང་གཏན་ནས་མེད་པར་རྦད་དེ་མགོ་ཐོམ་ནས་ཁུག་ཁུག་ནང་བསྡད་དེ་བཟོ་གྲྭ་ཁག་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཁག་འགྲོ་རྒྱུགས་ཀྱི་ཁྲོམ་རྭ་དང༌། ཁོར་རྒྱུགས་ཀྱི་གོ་སྐབས་ཡོད་མིན་ལ་མ་ལྟོས་པར་ཨུ་ཚུགས་བརྒྱབས་ཏེ་འཐུས་ཤོར་ཆེན་པོ་བྱུང་ཡོད། གོང་དུ་བརྗོད་པ་ལྟར་ང་ཚོས་ངེས་པར་དུ་བཟོ་ལས་གཞིས་ཆགས་ཁག་གི་བཟོ་ལས་ཐོན་སྐྱེད་ཡར་རྒྱས་གཏོང་སྐབས་ཐོན་སྐྱེད་ཀྱི་རྒྱུ་ཆའི་མཐུན་རྐྱེན་དང༌། ཐོན་རྫས་འགྲེམས་ཚོང་གི་ཁྲོམ་རྭ། བྲིན་ཁའི་ཁོར་རྒྱུགས་སོགས་ཕྱོགས་ཡོངས་ཀྱི་ཆ་རྐྱེན་དང་མཐུན་པའི་འཆར་འགོད་བྱས་ཏེ་བཟོ་གཞིས་ཁག་ཕུགས་སྨན་རྒྱུན་གནས་དང༌། ཡར་རྒྱས་ཡོང་བའི་འགན་ལེན་བྱེད་རྒྱུ་ནི་ཧ་ཅང་ཆེ་བའི་ལས་འགན་ཡིན། ད་ལྟ་བཀའ་ཤག་ནས་བཟོ་གཞིས་ཁག་ལ་སོ་ནམ་གཞིས་ཆགས་ཁག་ལྟར་དོ་སྣང་བྱས་ཏེ་སྲིད་བྱུས་གཏན་འབེབས་དང༌། ལས་རིམ་བསྒྲིགས་ནས་ལས་འགུལ་སྤེལ་རྒྱུ་བྱུང་མེད་ཀྱང༌། རིང་པོར་མ་ཐོགས་པར་བཟོ་གཞིས་ཡར་རྒྱས་སྐོར་ཞིབ་ཕྲའི་སྲིད་བྱུས་དང༌། ལས་འཆར་བཏོན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་གོམ་སྟབས་གཅིག་གྱུར་གྱི་ཡར་རྒྱས་ཡོང་བ་བྱེད་རྒྱུའི་ལས་དོན་གོ་རིམ་བསྒྲིགས་ནས་འབད་རྩོལ་བྱ་རྒྱུ་ཡིན། རིམ་པས་ང་ཚོས་རྒྱ་བལ་གཉིས་གཙོ་གྱུར་བཟོ་ལས་གཞིས་ཆགས་ཁག་གི་ཡར་རྒྱས་ལས་དོན་ཐད་འཆར་གཞི་ཨ་མ་Master Planལྟ་བུ་ཞི་བཟོ་དགོས།

གཞན་ཡང་ས་ཆ་མེད་པའི་ཁ་ཐོར་གཞིས་ལས་ཁག་གི་ཆེད་དམིགས་བཀར་གྱི་འཆར་གཞི་བཀོད་ནས་ས་གནས་མི་མང་གི་སྤྱི་པའི་སྒྲིག་འཛུགས་དང༌། སྤྱི་ཚོགས་འཚོ་བའི་གནས་སྟངས་ཡར་རྒྱས་ཀྱི་གལ་ཆེའི་ལས་དོན་ཐད་ས་གནས་འགོ་འཛིན་ཁག་དང༌། འབྲེལ་ཡོད་ནང་སྲིད་ལས་ཁུངས་བཅས་རིམ་པས་གྲོས་བསྡུར་བྱས་ཏེ་ལས་དོན་འགོ་འཛུགས་བྱེད་རྒྱུ་ཡིན།

བཟོ་གཞིས་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བའི་ལས་དོན་གལ་ཆེ་ཞིག་ནི་མཉམ་འབྲེལ་ཁག་གི་སྒྲིག་འཛུགས་དང༌། ལས་དོན་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་རྒྱུ་ནི་གནད་འགག་ཆེན་པོ་ཞིག་ལ་ཐུག་ཡོད། ལྟ་གྲུབ་ཐོག་ནས་བཤད་ན་མཉམ་འབྲེལ་ནི་མ་རྩའི་རིང་ལུགས་དང༌། སྤྱི་ཚོགས་རིང་ལུགས་གཉིས་ཀྱི་འགལ་ཟླའི་ཁྲོད་ཐུན་མོང་མཉམ་ལས་ཀྱི་འབྲེལ་མཐུད་གལ་ཆེ་ཞིག་ཏུ་གྱུར་ནས་བར་སྐབས་མཉམ་འབྲེལ་ལས་འགུལ་Co-operative Movement ཟེར་བའི་ལས་འགུལ་གསར་པ་ཞིག་བྱུང་ཡོད། བར་སྐབས་ལས་འགུལ་དེ་དག་ཧ་ལམ་གྲུབ་འབྲས་མེད་པའི་མཚམས་སུ་སླེབས་ཡོད། ངོས་ནས་འབྲུག་དང༌། བལ་ཡུལ་གྱི་ལམ་སྲོལ་གནས་ཚུལ་གཏིང་ཟབ་ཤེས་རྟོགས་མེད་ཀྱང༌། བལ་ཡུལ་ནང་མཐུན་རྐྱེན་ཞན་པོ་ཡིན། རྒྱ་གར་ནང་ང་ཚོས་མཉམ་འབྲེལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་ཐུབ་ན་དབུས་གཞུང་གིས་མཉམ་འབྲེལ་ཁག་ལ་འཛིན་པའི་ཁྲིམས་སྲོལ་གྱི་གཏན་འབེབས་ཡོད་པ་དང༌། མངའ་སྡེ་སོ་སོའི་ནང་དུའང་མཉམ་འབྲེལ་གྱི་ཁྲིམས་གཞི་ཡོད་པ་རེད། མངའ་སྡེ་ཁག་ནང་གནས་པའི་བཙན་བྱོལ་བོད་མིའི་བཟོ་གཞིས་མཉམ་འབྲེལ་ཁག་གིས་མངའ་སྡེའི་ཁྲིམས་སྲོལ་གང་ཡོད་པ་ཇི་བཞིན་གོ་སྐབས་ལེན་ཐུབ་པ་ཡིན་ན། ཁྲིམས་དང་སྒྲིག་སྲོལ་གྱི་འགན་ཁུར་མང་པོ་ཞིག་ཡོད་ལ་ཕན་ཡོད་ཀྱི་ཁེ་ཕན་ཡང་དེ་བས་མང་པོ་ཡོད། བར་སྐབས་ང་ཚོའི་མཉམ་འབྲེལ་མང་ཆེ་བ་ཕྱག་ལེན་ལྟ་བུའི་ལམ་སྲོལ་ནང་གནས་པ་དང༌། མཉམ་འབྲེལ་མང་ཆེ་བ་བུ་ལོན་དང༌། ཡོང་བསྡད་ཀྱི་དཀའ་ངལ་ནང་ནུབ་སྟེ་གནས་ཡོད། མཉམ་འབྲེལ་གྱི་འགན་ཁུར་བཞེས་མཁན་འགན་འཛིན་དང༌། འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་རྣམས་ནི་ལྷག་བསམ་མ་དག་པ་དང༌། སེམས་ཤུགས་མེད་པ་མིན་ཡང༌། མཉམ་འབྲེལ་ལས་དོན་གྱི་ཕྱི་ནང་ཁྱོན་ཡོངས་ཀྱི་ལས་དོན་ཐོག་ཐུགས་སྣང་དེ་ཙམ་མ་བྱས་པ་དང༌། འབྲེལ་ཡོད་ལས་བྱེད་པར་ལས་དོན་དང་འབྲེལ་བའི་ཤེས་ཡོན་བྱང་ཚད་དང་སྦྱོར་བརྡར་མེད་པ་སོགས་ཀྱི་དཀའ་ངལ་རྣམ་གྲངས་མང་པོ་ཞིག་གི་འོག་བཟོ་གཞིས་མཉམ་འབྲེལ་ཁག་ཕུགས་དམིགས་ལྡན་ལ། སྤྱིའི་སྒྲིག་སྲོལ་དང་མཐུན་པའི་ཡར་རྒྱས་ཆ་ཚང་བ་གཏོང་མ་ཐུབ་པར་འཐུས་ཤོར་ཆེན་པོ་བྱུང་ཡོད་པ་ནི་ཧ་ཅང་ཕངས་པོ་རེད། བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་འཚོ་གནས་དང༌། རྒྱུན་མཐུད་ཡར་རྒྱས་གཏོང་དགོས་ན་མཉམ་འབྲེལ་སྒྲིག་འཛུགས་དང༌། སྒྲིག་འཛུགས་ཀྱི་ལས་དོན་ཁག་བཅའ་ཁྲིམས་དགོངས་དོན་ལྟར་ཚུལ་མཐུན་ཕྲ་ཚུགས་དང་ཡར་རྒྱས་ལྡན་པ་དགོས་པ་ལས་གྱོང་གུན་དཀའ་ངལ་ནང་ལྷུང་དུ་འཇུག་ཐབས་མེད། དངོས་གནས་བྱས་ན་མཉམ་འབྲེལ་ཁག་ལ་ཕྱོགས་མང་པོ་ཞིག་གི་རོགས་རམ་གྱི་མཐུན་རྐྱེན་ཡོད་པར་བརྟེན་གྱོང་གུན་དཀའ་ངལ་ནང་ལྷུང་ཤེས་ཐབས་མེད། ང་ཚོས་ངེས་པར་དུ་འབྱུང་འགྱུར་ནུས་ཤུགས་ཡོད་རྒུས་མཉམ་འབྲེལ་ཁག་གྱོང་གུན་གྱི་དཀའ་ངལ་ནང་མི་ལྷུང་བར་མ་ཟད། མཉམ་འབྲེལ་གྱི་ཁེ་འབབ་གང་ཡོད་པ་མ་ཤས་བདག་པོ་དང་ཉམ་ཐག་དབུལ་ཕོངས་ཚོའི་ཁེ་ཕན་ལ་འགྲོ་ཐུབ་པ་ངེས་པར་དགོས། མཉམ་འབྲེལ་གྱི་ཁེ་འབབ་མ་ཤས་བདག་པོ་ཚོར་བགོ་བཤའ་བརྒྱབ་རྒྱུ་དེ་ཡང་ལོ་རེའི་གཙང་ཁེའི་འབབ་ཡོང་ཚང་མ་བསྡུ་རུབ་བྱས་ཏེ་བགོ་བཤའ་བརྒྱབ་དགོས་པ་བརྗོད་ཀྱི་མེད། སྒྲིག་གཞིའི་ནང་ཁེ་འབབ་བགོ་བཤའ་བརྒྱབ་དགོས་ན་ཆ་བགོས་ཀྱི་ས་མཚམས་གཏན་འབེབས་བྱས་ཡོད་པ་དང༌། ཡང་མཉམ་འབྲེལ་ཁེ་འབབ་ལ་བརྟེན་ནས་སྤྱི་ཚོགས་བདེ་དོན་གྱི་སློབ་གྲྭ་བཙུགས་པ་དང༌། གཞུང་ལམ་སྐྲུན་པ། ཁང་པ་བརྒྱབ་པ་སོགས་མི་མང་བདེ་དོན་གྱི་ལས་དོན་ཐོག་ཤ་ཁུ་ཤ་ཐིམས་སུ་འགྲོ་ཐུབ་པ་བྱུང་ན་མཉམ་འབྲེལ་ཞིག་སྦོ་ལུག་པ་ཡིན་ཡང་བུན་ནག་གི་དཀའ་ངལ་ནང་ཚུད་རྒྱུའི་གོ་སྐབས་མེད། བུན་ནག་འདྲ་ཡོད་ན་ལོ་རེ་ལོ་རེར་གཙང་མ་བཟོ་ཐུབ་ན་མི་ལ་བུ་ལོན་སྤྲོད་རྒྱུའི་དངུལ་ལྷག་གི་མེད། དེར་བརྟེན་ངེས་པར་དུ་བེད་སྤྱོད་ལོག་པར་གཏོང་རྒྱུའི་དངུལ་མང་པོ་མ་ལྷག་པ་བཟོ་རྒྱུ་གལ་ཆེན་པོ་རེད། གང་ལྟར་སོ་ནམ་དང་བཟོ་ལས་ཀྱི་གཞིས་ཆགས་གང་ཡིན་ཡང་མཉམ་འབྲེལ་མེད་པ་མང་པོ་མེད་པ་དང༌། མཉམ་འབྲེལ་མེད་པའི་ས་ཁུལ་ཁག་ལ་མཉམ་འབྲེལ་ཚུགས་ཐབས་ཀྱི་ཐབས་ཤེས་མ་ལན་མ་འགྱོད་པ་བྱེད་རྒྱུ་ནི་སྐབས་བབ་ཀྱི་ལས་འགན་དུ་གྱུར་ཡོད། ང་ཚོས་ད་ཕན་ཟབ་སྦྱོང་ཡང་ཁ་ཤས་ཕུལ་ཡོད་པ་རེད་ལ། ཟབ་སྦྱོང་གནང་བ་ཁག་ལག་བསྟར་དོན་འཁྱོལ་ངེས་པར་ཡོང་བ་གནང་དགོས།

དེ་ནས་ས་གནས་ཀྱི་སྒྲིག་འཛུགས་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཡིན། ས་གནས་ཀྱི་སྒྲིག་འཛུགས་ཡར་རྒྱས་གཏོང་རྒྱུའི་གཙོ་གནད་ལས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་པའི་དོན་ཚན་མང་པོ་ཞིག་ཡོད་པའི་ནང་གལ་ཆེའི་དོན་ཚན་ལྔ་ཡོད།

༡ ས་གནས་འཐུས་མིའི་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་ལས་དོན་ཁྱོན་ཡོངས་བཅའ་ཁྲིམས་དང་མཐུན་པའི་ཁྲིམས་མཐུན་ནུས་ཤུགས་ལྡན་པ་དགོས་རྒྱུ་དང༌།

༢ ས་གནས་འགོ་འཛིན་གྱི་ལས་དོན་ཕྲ་ཚུགས་ལྡན་པ་དགོས་པ།

༣ མཉམ་འབྲེལ་ཁག་ཁྲིམས་མཐུན་ཡར་རྒྱས་གཏོང་རྒྱུ།

༤ ས་གནས་ཁག་གི་གཞི་རིམ་སློབ་གྲྭ་དང་སློབ་གསོའི་ལས་དོན། འཕྲོད་བསྟེན་སྲི་ཞུའི་བྱ་གཞག་སོགས་ཡར་རྒྱས་གཏོང་རྒྱུ།

༥ སྤྱི་ཚོགས་ཡར་རྒྱས་ལས་དོན་གྱི་གཞུང་འབྲེལ་མ་ཡིན་པའི་ནུས་པ་ལྡན་པའི་ཚོགས་པ་གང་མང་འཛུགས་རྒྱུ་བཅས་ཡིན།

༡ ས་གནས་ཁག་གི་གཞི་རིམ་སྒྲིག་འཛུགས་སྲ་བརྟན་གོང་འཕེལ་གཏོང་རྒྱུའི་ཐོག་ཞིབ་གནས་རྒྱས་བཤད་དགོས་དོན་མེད་ཀྱང་སྒྲིག་འཛུགས་ཁག་གི་རང་བྱུང་གི་གོ་སྐབས་ཆ་ཚང་བེད་སྤྱོད་གཏོང་ཐུབ་པར་མ་ཟད། ལྷག་པར་ལས་དོན་ཨང་དང་པོ་ནི་ས་གནས་འཐུས་མིའི་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། ལས་དོན་བྱེད་ཕྱོགས་ཕྱོགས་ཡོངས་ནས་བཅའ་ཁྲིམས་དང་མཐུན་པའི་ཡར་རྒྱས་གཏོང་རྒྱུ་དེ་ཡིན། ས་གནས་འཐུས་མིའི་ཚོགས་འདུ་ཁག་བཅའ་ཁྲིམས་དང་མཐུན་པའི་སྒྲིག་འཛུགས་སྲ་བརྟན་དང༌། ལས་དོན་བྱེད་ཕྱོགས་ཁྲིམས་མཐུན་ཡག་པོ་ཞིག་བྱུང་ན་ས་གནས་ཁག་གི་དཀའ་ངལ་ཇི་ཡོད་ཀྱི་བརྒྱ་ཆ་བརྒྱད་ཅུ་ས་གནས་འཐུས་མིའི་ལྷན་ཚོགས་ནས་སེལ་ཐུབ་པ་ཡིན། ད་ལྟ་བཙན་བྱོལ་བོད་མིའི་གནས་ཡུལ་ས་གནས་འགའ་ཞིག་ལ་ས་གནས་འཐུས་ཚོགས་ཚུགས་ཐུབ་པ་དང༌། ཁ་ཤས་ནང་ཚུགས་ཐུབ་མེད། ཁ་ཤས་ནང་ཚུགས་ཀྱང་བཅའ་ཁྲིམས་དགོངས་དོན་དང༌། ལམ་སྲོལ་དང་མཐུན་པའི་ཁྲིམས་མཐུན་མ་བྱུང་བའི་གནས་ཚུལ་ཅི་རིགས་ཡོད་པ་རེད། དཔེར་ན། ས་གནས་འཐུས་མིའི་ཚོགས་འདུའི་ལས་ཡུན་ལོ་གསུམ་ཡིན་ཡང་འཐུས་མི་རྣམས་ལོ་ལྔ་དྲུག་ཕྱིན་ཡང་ཁྲིམས་ལྟར་འོས་བསྡུའི་ལམ་ནས་འདེམས་བསྐོ་མ་ཐུབ་པར་བསྡད་པ་ཡིན་ན། དོན་ཕན་ལྡན་པའི་ཕན་ཐོགས་ཡོང་རྒྱུ་མེད། ལོ་གསུམ་རེའི་ནང་ལ་འཕོ་འགྱུར་གཏོང་དགོས་པའི་ཁྲིམས་སྲོལ་གཏན་འབེབས་ཡོད་པ་ལྟར་འཕོ་འགྱུར་གཏོང་དགོས་པ་དང༌། ཉུང་མཐར་ལོ་གཅིག་ནང་འཐུས་མིའི་ལྷན་ཚོགས་ཐེངས་གཉིས་རེ་ཚོགས་ནས་ས་གནས་འགོ་འཛིན་གྱི་ལས་དོན་ལ་ཞིབ་འཇུག་དང༌། ས་གནས་དངུལ་རྩིས་གཏོང་ཡོང་གི་སྒྲིག་གསལ་སྟངས་འཛིན་དང་ལྟ་སྐུལ། ས་གནས་འགོ་འཛིན་ནས་འཐུས་ཚོགས་ལ་འགན་ཁུར་ལྡན་པའི་ལན་འདེབས་དང་རྩིས་རྒྱག་ཞུ་སྒོ་ཁག་དབུས་ཀྱི་གྲོས་ཚོགས་དང་འཛིན་སྐྱོང་བར་གྱི་ལམ་སྲོལ་དང༌། འགན་ཁུར་ཇི་ལྟ་བ་ས་གནས་ཁག་ཏུ་ལག་བསྟར་བྱེད་རྒྱུ་བཅས་ནི་ས་གནས་སྒྲིག་འཛུགས་ཡར་རྒྱས་ཀྱི་ལས་དོན་གལ་ཆེན་པོ་ཞིག་རེད།

༢ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ས་གནས་འགོ་འཛིན་ཁག་ས་གནས་མི་མང་ནས་འོས་འདེམས་དགོས་པའི་ཆ་རྐྱེན་བཏོན་ཡོད་ཀྱང་ད་ཕན་རང་རེའི་སྤྱི་ཚོགས་ནང་ས་གནས་འགོ་འཛིན་ས་གནས་མི་མང་ནས་འོས་འདེམས་བྱས་པ་མང་པོ་བྱུང་མེད། བཀའ་ཤག་གསར་པས་གཞུང་གི་ལས་ཁུར་བཞེས་ཏེ་འབོད་སྐུལ་མང་པོ་བྱས་ཡོད་ཀྱང་ས་གནས་འགོ་འཛིན་རྣམ་པས་ས་གནས་འགོ་འཛིན་ས་གནས་མི་མང་ནས་འོས་འདེམས་བྱེད་རྒྱུའི་གནས་ཚུལ་ཞུ་མཁན་གསར་པ་བྱུང་མེད། ས་གནས་ཁག་ནང་ས་གནས་འགོ་འཛིན་མི་མང་རང་ནས་འོས་འདེམས་བསྐོ་གཞག་མི་བྱེད་པའི་རྒྱུ་མཚན་ཁག་ལ་བལྟས་ན་ནང་བསམ་བློའི་དཀའ་རྙོག་ནས་ཡོང་གི་ཡོད། ས་གནས་ཀྱི་ནང་ཁུལ་ཕན་ཚུན་བསམ་ཚུལ་མི་མཐུན་པའི་གནས་ཚུལ་ཆུང་ཙག་དང༌། ཡང་ན་སྲིད་དོན་ཆུང་ཙག་ལ་བརྟེན་ནས་གལ་ཏེ་འགོ་འཛིན་ས་གནས་ནས་འོས་འདེམས་བྱས་ན་ངས་ཁོ་ལ་བརྩི་མི་ཐུབ་པ་དང༌། ཁོས་ང་ལ་མི་བརྩི་བ་སོགས་ཀྱི་དཀའ་ངལ་ཡོང་རྒྱུར་བརྟེན་ས་གནས་འགོ་འཛིན་ཕྱི་ལོག་ནས་ཡོང་བ་དང༌། དབུས་ནས་བཏང་ན་ལེགས་ཤོས་རེད་སྙམ་པའི་བསམ་བློའི་འདུ་ཤེས་ནོར་འཁྲུལ་ལས་གནས་ཚུལ་ཡོང་གི་ཡོད། དེར་བརྟེན་མིག་རྒྱང་ཐུང་བའི་འཕྲལ་སེལ་བག་འཁུམ་གྱི་དཀའ་ངལ་དེ་དག་གཏན་ནས་མེད་པར་བཟོ་དགོས་པ་དང༌། ས་གནས་འགོ་འཛིན་ས་གནས་མི་མང་རང་ནས་འོས་འདེམས་ཡོང་བ་བྱེད་རྒྱུ་ནི་ད་ཡོད་འགོ་འཛིན་རྣམ་པའི་ལས་འགན་ཆེན་པོ་ཞིག་ཡིན། ས་གནས་ཁག་ནང་གཞུང་གི་རོགས་རམ་དང་ཐེ་བྱུས་མི་དགོས་པར་རང་གི་རྐང་པའི་སྒང་རང་ལངས་ཐུབ་པའི་བོད་མིའི་སྤྱི་ཚོགས་ཤིག་སྐྲུན་ཐུབ་པ་དགོས་རྒྱུ་ནི་བོད་གཞུང་མང་གཉིས་ཀའི་ཕུགས་རྒྱང་རིང་པོའི་འོས་འགན་ཆེན་པོ་ཞིག་ཡིན། རང་ཅག་བོད་ཀྱི་རྩ་དོན་ནས་བཤད་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གསེར་ཞལ་ཇི་སྲིད་འཚོ་བ་དེ་སྲིད་དུ་རང་རེའི་བཙན་བྱོལ་གཞུང་རྒྱུན་མཐུད་གནས་ནས་བོད་རང་དབང་གི་འཐབ་རྩོད་དང༌། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ། མི་མང་བདེ་དོན་ཆེད་སྲི་ཞུའི་ལས་དོན་མུ་མཐུད་བྱེད་ཐུབ་པ་ཡོང་རྒྱུ་ནི་བརྒྱ་ཆ་བརྒྱ་ཐམ་པ་གདེང་སྤོབས་ལྡན་པའི་བརྗོད་ཆོག་པ་ཡིན། འོན་ཀྱང་ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས། གནས་ཚུལ་ལྡོག་ཕྱོགས་ཞིག་ནས་བསམ་བློ་བཏང་ན་འབྱུང་འགྱུར་རྒྱ་དཀར་ནག་གཉིས་བར་མཛའ་མཐུན་མཉམ་ལས་ཡག་པོ་ཞིག་བྱུང་ནས་རྒྱ་གཞུང་གི་གནོན་ཤུགས་འོག་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་སྒོ་རྒྱག་དགོས་པའི་གནས་ཚུལ་བྱུང་བ་ཡིན་ན་བཙན་བྱོལ་བོད་མི་ཆིག་འབུམ་ལྷག་ཙམ་ཡོད་པ་དེ་དག་ཁུངས་འཁྱོལ་ཐབས་མེད་པའི་དཀའ་ངལ་ཡོང་རྒྱུ་ཡིན་པ་ད་ཡོད་གནས་སྟངས་ནས་ཧ་ཅང་གསལ་པོ་ཡིན། ཆབ་སྲིད་ཀྱི་ཐོག་ནས་ཡིན་ནའང་རེད། ཁྲིམས་ཀྱི་ཐོག་ནས་ཡིན་ནའང་སྡུག་ས་ནས་བཤད་ན་ཉེན་ཁ་མེད་པ་མིན། དེར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རབས་དྲུག་ཅུ་པ་དང༌། བདུན་ཅུའི་ནང་ནས་བཙན་བྱོལ་བོད་གཞུང་འདི་ཁྲིམས་མཐུན་ཚོགས་པར་དེབ་སྐྱེལ་གྱི་དགོངས་བཞེས་གནང་སྟེ་རྒྱ་གར་ཕྱོགས་ཀྱི་འབྲེལ་ཡོད་དང་བཀའ་བསྡུར་སོགས་མང་པོ་གནང་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་ས་གནས་ཁག་གི་བོད་སྤྱི་པའི་སྒྲིག་འཛུགས་ཁག་རང་མགོ་ཐོན་པའི་སྲ་བརྟན་རྒྱུན་གནས་དང་ཡར་རྒྱས་གཏོང་ཐུབ་ན་བཙན་བྱོལ་བོད་གཞུང་ཡོད་མེད་ཀྱི་ཁྱད་པར་ཆེན་པོ་མེད། རང་ཅག་མ་འོངས་བོད་གཞིས་བྱེས་མཉམ་འཛོམས་ཀྱི་དུས་སྐབས་ཡིན་ཡང་རེད། བཙན་བྱོལ་བའི་གནས་སྐབས་སུ་ཡིན་ཡང་རེད། གང་ལྟར་ཞི་བའི་མི་མང་གི་སྤྱི་ཚོགས་Civil Societyའདི་ག་དུས་ཡིན་ཡང་གཞུང་ལ་རྒྱབ་བསྙེས་ནས་གནས་པ་མ་ཡིན་པར་རང་ཁ་རང་གསོ་དང༌། རང་མགོ་རང་ཐོན་བྱེད་པའི་བསམ་བློ་དང༌། དོན་དངོས་ཀྱི་ལས་དོན་བྱེད་ཐུབ་པའི་ནུས་པ་སྲ་བརྟན་ཞིག་མེད་ན་མང་གཙོའི་ལམ་སྲོལ་ཚད་ལྡན་ཞིག་ཡོང་གི་མེད། དེར་བརྟེན་ང་ཚོས་ས་གནས་སོ་སོའི་འཛིན་སྐྱོང་ས་གནས་ཀྱི་མི་མང་ནས་འགན་ལེན་བྱེད་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས།

༣ ད་ཡོད་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་མང་པོ་ཞིག་ལ་མཉམ་འབྲེལ་སྒྲིག་འཛུགས་ཡོད་པ་དང༌། མཉམ་འབྲཻལ་སྒྲིག་འཛུགས་མེད་པའི་ས་ཁུལ་ཁག་རིམ་པས་དེབ་སྐྱེལ་བྱས་ཏེ་མཉམ་འབྲེལ་འཛུགས་ཐབས་བྱེད་དགོས། མཉམ་འབྲེལ་སྒྲིག་འཛུགས་ནི་བཅའ་ཁྲིམས་ནང་ཁ་གསལ་འཁོད་པའི་རང་སྐྱོང་སྡེ་ཚན་ཞིག་ཡིན་པ་དང༌། དེའི་འགན་ཁུར་བའི་འགན་འཛིན་ལྷན་ཚོགས་དང༌། སྒྲིག་འཛུགས་འགྲོ་ལུགས་ཀྱི་ལམ་སྲོལ་ཡོད། ད་ལྟ་མཉམ་འབྲེལ་གྱི་ནོར་སྲིད་གཏོང་ཡོང་ཐད་ཀྱི་དོ་དམ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་བརྒྱུད་ནས་གནང་གི་ཡོད་པ་དང༌། ད་ཆ་ང་ཚོས་འཕྲལ་དུ་དོ་ཁུར་དགོས་པའི་ལས་དོན་ཞིག་ནི་ས་གནས་འགོ་འཛིན་ནས་མཉམ་འབྲཻལ་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་མེད་པར་ས་གནས་འགོ་འཛིན་དང༌། གཞུང་གི་ལས་བྱེད་པའི་ཕོགས་ཀྱི་མཐུན་རྐྱེན་མང་པོ་མཉམ་འབྲེལ་ནས་གཏོང་དགོས་ཀྱི་ཡོད། དོན་དངོས་ཐོག་དེ་དག་མ་འགྲིགས་པའི་གནས་ཚུལ་ཡིན། ད་ལྟ་ལམ་སེང་ཉིན་བརྒྱ་དུས་གཅིག་ཏུ་མཚམས་འཇོག་བྱ་རྒྱུ་དཀའ་ངལ་ཆེན་པོར་གྱུར་ཡོད། ངེས་པར་དུ་ལས་དོན་གྱི་བརྒྱུད་རིམ་ལ་བསྒྱུུར་བཅོས་ཆེན་པོ་ཞིག་གཏོང་དགོས། དངུལ་རྩིས་གྲངས་འབོར་ལ་བལྟ་སྐབས་ས་གནས་འགོ་འཛིན་དང༌། ས་གནས་གཞུང་འབྲེལ་ལས་བྱེད་པའི་ཕོགས་མཉམ་འབྲེལ་ཁག་ནས་ལེན་མི་དགོས་པར་གཞུང་རང་ནས་གཏོང་རྒྱུའི་འཆར་གཞི་སྒྲིག་པའི་སྐབས་འབུམ་བདུན་ཅུ་ཡས་མས་ཀྱི་དངུལ་འབོར་ཆགས་ཀྱི་འདུག གཞུང་ནས་སྒོར་འབུམ་བདུན་ཅུ་དོན་གྲངས་གོ་སྒྲིག་བྱེད་རྒྱུར་སྐུ་ངལ་དེ་ཙམ་མེད། འོན་ཀྱང་ལས་ཀའི་ལམ་སྲོལ་དང༌། བརྒྱུད་རིམ་ཐོག་ནས་ལག་བསྟར་གྱི་སྔོན་དུ་ཆ་ཚང་བའི་ཞིབ་འཇུག་དང༌། ལམ་སྲོལ་སྲ་བརྟན་ཞིག་གཏན་འབེབས་མ་ཐུབ་ན་ལག་བསྟར་བྱེད་སྐབས་དཀའ་ངལ་དང༌། ནོར་འཁྲུལ་ཡོང་སྲིད་པ་ཡིན། དེར་བརྟེན་ང་ཚོས་ལས་དོན་ཆ་ཚང་བར་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལམ་སྲོལ་གཏན་ལ་ཕབ་ནས་འབྱུང་འགྱུར་གྱི་ལོ་གཉིས་དང་ཕྱེད་ཀའི་ནང་ལག་བསྟར་ཆ་ཚང་ཐུབ་པ་ངེས་པར་དགོས་པ་ཡིན། ད་ཡོད་གནས་སྟངས་ནས་བཤད་ན་ས་གནས་འགོ་འཛིན་གཞུང་བསྐོས་ཡིན་ཡང་ཕོགས་ཐོབ་གཞུང་ནས་མ་བཏང་བར་རང་སྐྱོང་སྡེ་ཚན་ནས་གཏོང་བ་འདི་འགྲིགས་ཀྱི་མེད། མ་འོངས་པར་མཉམ་འབྲེལ་ཁག་རང་མགོ་རང་ཐོན་བྱུང་ནས་དམིགས་བསལ་མཐུན་འགྱུར་གནང་བ་བྱུང་ན་འགྲིགས་པ་ཡིན། དེར་བརྟེན་འབྱུང་འགྱུར་གཞུང་བསྐོས་ས་གནས་འགོ་འཛིན་ཞིག་གིས་མཉམ་འབྲེལ་འགན་འཛིན་གྱི་འགན་ཁུར་ངེས་པར་བྱེད་དགོས་དོན་མེད། མཉམ་འབྲེལ་འགན་འཛིན་མཉམ་འབྲེལ་ཚོགས་ཁོངས་རང་ནས་མི་མང་གིས་འོས་འདེམས་བྱས་ཏེ་གཏན་འཁེལ་གྱི་ལུགས་མཐུན་ལམ་སྲོལ་ཐོག་ཕེབས་ཐུབ་པ་དང༌། ལུགས་མཐུན་ལམ་སྲོལ་དང་མཐུན་པའི་འཛིན་སྐྱོང་བྱེད་ཐུབ་པ་བྱུང་ན་གཞུང་འབྲེལ་མ་ཡིན་པའི་རང་སྐྱོང་གཙང་མའི་སྒྲིག་འཛུགས་ཡག་པོ་ཞིག་ཡོང་རྒྱུ་ཡིན། རང་སྐྱོང་སྡེ་ཚན་ཁག་རང་སྐྱོང་ཆ་ཚང་བ་ཞིག་དང༌། གཞུང་ཞབས་རྣམས་གཞུང་ཞབས་རང་གི་ངོ་བོའི་ཐོག་གནས་ཐུབ་པ་བྱེད་རྒྱུ་གནད་འགག་ཆེན་པོ་ཡིན། དེར་བརྟེན་ས་གནས་འགོ་འཛིན་གྱི་ལས་ཁུངས་ཁག་གི་ཕོགས་དང་རྒྱུན་གྲོན་ཁག་གང་ཐུབ་གཞུང་རང་ནས་གཏོང་རྒྱུ་ལས་མཉམ་འབྲེལ་ཁག་ནས་གཏོང་མི་དགོས་པ་གཙོ་དོན་བྱེད་རྒྱུའི་ཐད་ས་གནས་སོ་སོ་ནས་འཆར་གཞི་གོ་རིམ་བསྒྲིགས་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་འདུག གང་ལྟར་མཉམ་འབྲེལ་གྱི་ཁེ་འབབ་རྣམས་མཉམ་འབྲཻལ་གྱི་མ་ཤས་བདག་པོ་དང༌། མི་མང་དབུལ་ཕོངས་ཚོར་ཕན་ཐོགས་ཐུབ་པའི་གོ་སྐབས་བསྐྲུན་རྒྱུ་ནི་རྩ་དོན་ཡིན་པ་དང༌། མཉམ་འབྲེལ་གྱི་དཔལ་འབྱོར་འདུ་འགོད་དང༌། ནོར་སྲིད་གྱི་དོ་དམ་སྟངས་འཛིན་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་ལུགས་མཐུན་ཡོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞིབ་པ་གོང་དུ་ཞུས་ཟིན།

༤ ས་གནས་བོད་མིའི་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་སློབ་གསོའི་ལས་དོན་ཡར་རྒྱས་ཀྱི་བསམ་བློ་གཏོང་རྒྱུ་ཡང་ཧ་ཅང་གལ་ཆེའི་ལས་དོན་ཞིག་ཡིན། ད་ལྟ་ས་གནས་སློབ་གྲྭ་ཁག་གི་འཛིན་སྐྱོང་དང༌། སློབ་གསོའི་ལས་དོན་ཚགས་ཚུད་མེད་པ། སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཞན་པོ་ཡོད་པ་སོགས་ཀྱི་དཀའ་ངལ་ཆེན་པོ་ཞིག་ཡོད་པ་དང༌། དེ་དག་གི་རྒྱུ་རྐྱེན། བོད་སློབ་འཛིན་ཚོགན་ནས་མ་འགྲིགས་པ་དང༌། དགེ་རྒན་གྱིས་མ་འགྲིགས་པ། ཁྱིམ་བདག་ནས་མ་འགྲིགས་པ། འཛིན་སྐྱོང་ནས་མ་འགྲིགས་པ་སོགས་དཀའ་ངལ་གྱི་རྣམ་གྲངས་མང་པོ་ཞིག་བརྗོད་རྒྱུ་ཡོད། མ་འོངས་པར་ས་གནས་སློབ་གྲྭ་ཁག་ས་གནས་མི་མང་རང་ནས་མཉམ་འབྲེལ་སྒྲིག་འཛུགས་སམ། ཡང་ན་སྒྲིག་འཛུགས་གང་ཡང་རུང་བ་ཞིག་གིས་ཐད་ཀར་འཛིན་སྐྱོང་བྱས་ཏེ་ཆ་ཚང་རང་བཙན་ཐུབ་པ་ཞིག་བཟོ་ཐུབ་ན་དགེ་རྒན་དང༌། འཛིན་སྐྱོང༌། ཁྱིམ་བདག་སོགས་ཀྱིས་འགྲིགས་མི་འདུག་ཅཻས་ཁག་དཀྲི་བྱེད་པ་དང༌། ཡང་ན་འཐུས་ཤོར་གཏོང་མི་དགོས་པར་ས་གནས་ཀྱི་སྒྲིག་འཛུགས་ནས་དབང་སྒྱུར་བྱེད་ཐུབ་ན་གལ་ཏེ་དཀའ་ངལ་འཕྲད་ཀྱང་འཕྲལ་མར་ཐག་གཅོད་ཐུབ་པ་དང༌། འཛིན་སྐྱོང་སྲ་བརྟན་དོན་ཕན་ལྡན་པ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན། ཤེས་ཡོན་ལམ་སྲོལ་སྲིད་བྱུས་རིམ་པས་གཞུང་ནས་གཏན་འབེབས་ཀྱིས་ལམ་སྟོན་ཡོང་རྒྱུ་ཡིན། དེ་བཞིན་འཕྲོད་བསྟེན་ལས་དོན་སོགས་ཀྱང་གོང་མཚུངས་ལྟར་བྱེད་ཐུབ།

༥ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་དང༌། མང་གཙོའི་ལམ་སྲོལ་སྲ་བརྟན་ཞིག་དགོས་ཚེ་ངེས་པར་དུ་སྤྱི་ཚོགས་ལས་དོན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་མང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ད་ལྟ་རང་རེའི་སྤྱི་ཚོགས་ནང་གཞུང་འབྲཻལ་མ་ཡིན་པའི་ཚོགས་པ་མང་པོ་ཡོད་པ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞེས་བརྗོད་སྐབས་སྲིད་དོན་ཚོགས་པ་དང༌། ཡང་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་འགན་ཁུར་སྒྲིག་འཛུགས་ཀྱི་ཚོགས་པ་མ་གཏོགས་མང་གཙོའི་ལམ་སྲོལ་ནང་སྤྱི་ཚོགས་ཡར་རྒྱས་ཀྱི་ལྟ་གྲུབ་དང༌། ལམ་སྲོལ་ལྡན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འཛུགས་རྒྱུ་བསམ་བློར་འཁོར་མཁན་དཀོན་པོ་ཡིན། དཔེར་ན་ད་ཡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་འགུལ་དང་འབྲེལ་བའི་ཚོགས་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང༌། བོད་ཀྱི་རྩོད་རྙོག་འདུམ་འགྲིགས་ཁང་ལྟ་བུ་ལས་དེ་མིན་ཚོགས་པ་མང་པོ་ཞིག་ཆབ་སྲིད་དང༌། ཡང་ན་ཆོལ་ཁ་ཆོས་ལུགས་ལས་དོན་ཡར་རྒྱས་ཀྱི་སྒྲིག་འཛུགས་ངོ་བོའི་ཐོག་ཡོང་གི་ཡོད། འབྱུང་འགྱུར་ངེས་པར་དུ་སྤྱི་ཚོགས་ཡར་རྒྱས་ལས་འགུལ་གྱི་ནུས་ཤུགས་ལྡན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་མང་འཛུགས་ཐུབ་ན་ཡག་པོ་རེད། དཔེར་ན་སོ་ནམ་ཞིང་ལས་ལྟ་བུར་མཚོན་ན། སྐྱེ་ལྡན་སོ་ནམ་ལས་དོན་ཡར་རྒྱས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ནུས་པ་ལྡན་པ་ཞིག་འཛུགས་ཐུབ་ན་དེང་སྐབས་འཛམ་གླིང་ནང་རོགས་རམ་བྱེད་མཁན་འཚང་ཁ་རྒྱག་མཁན་ཡོད། དེ་བཞིན་སྒོ་ཕྱུགས་གསོ་སྤེལ་དང༌། ཡར་རྒྱས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བྱུང་ན་ཡང་གོང་ལྟར་ཡིན། ད་ལྟ་རང་རེའི་སྤྱི་ཚོགས་ནང་གོང་གསལ་ལྟར་དམིགས་བསལ་ལས་རིགས་དང་འབྲེལ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་མཐོང་རྒྱུ་མེད། གལ་ཏེ་ཡོད་ན་དེང་སྐབས་རོགས་རམ་བྱེད་མཁན་མི་ཡོང་བའི་དཀའ་ངལ་གཏན་ནས་མེད། སྤྱི་ཚོགས་ཡར་རྒྱས་དང་འབྲེལ་བའི་ལས་འགུལ་གང་ཞིག་བྱས་ཀྱང་གཞུང་རང་ནས་བྱེད་དགོས་ཀྱི་ཡོད། ང་ཚོས་ད་དུང་གོམ་སྟབས་སྤོས་ནས་མདུན་བསྐྱོད་མ་བྱས་ན་དེའི་ངན་འབྲས་ལ་གཞུང་སྦོ་ལུག་སྐབས་མི་མང་སྦོ་ལུག་རྒྱུའི་དཀའ་ངལ་དང༌། ཉེན་ཁ་ཡོད་པ་ཚང་མས་མཁྱེན་གསལ་ཡིན། མི་མང་ལ་སྟངས་འཛིན་ཉུང་ཤོས་ཡོད་པའི་གཞུང་དེ་མི་མང་གི་གཞུང་ལེགས་ཤོས་ལ་བརྩི་སྲོལ་ཡོད། The government is best who govern the least དི་ཚང་མས་མཁྱེན་ཤག་རེད། ཐོ་རི་གྷི་རིས་གཞུང་གིས་མི་མང་ལ་སྟངས་འཛིན་གཏན་ནས་མི་བྱེད་པ་ཞིག་དགོས་ཞེས་བརྗོད་ཡོད། དེ་འདྲ་ཡོང་མིན་མི་ཤེས། འོན་ཀྱང་ང་ཚོས་ངེས་པར་དུ་མི་མང་གི་ལས་དོན་ཡོངས་སུ་རྫོགས་པ་གཞུང་ལ་བསྙེས་ནས་སྡོད་པའི་གོམས་གཤིས་ངན་པ་ཁག་ངེས་པར་དུ་རྩ་གཏོར་ཐུབ་པ་བྱས་ཏེ་མི་མང་གི་བདེ་དོན་ལས་དོན་མི་མང་རང་གིས་འཛིན་སྐྱོང་ཐུབ་པའི་ལམ་སྲོལ་བཟང་པོ་ཞིག་གསར་གཏོད་དང་སྲ་བརྟན་གོང་འཕེལ་ཡོང་བ་བྱེད་རྒྱུ་ནི་གནད་འགག་ཆེ་བའི་བསྒྲུབ་བྱའི་ལས་དོན་ཡིན།

གཞན་ཡང་བོད་མིའི་སྤྱི་ཚོགས་ཡར་རྒྱས་དང་སྲ་བརྟན་ཡོང་བའི་འོས་འགན་ཆེན་པོ་ཞིག་ནི་ས་གནས་ཀྱི་ནོར་སྲིད་གཏོང་ཡོང་གི་དཔལ་འབྱོར་ལས་དོན་ཚགས་ཚུད་དང༌། ཕྱི་གསལ་ནང་གསལ་ཡོང་བ་བྱེད་རྒྱུ་དེ་ཡིན། བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་ཁག་གི་ད་ཡོད་ནོར་སྲིད་གཏོང་ཡོང་ཐད་ཀྱི་སྟངས་འཛིན་དོ་དམ་དང༌། ལྟ་སྐུལ་གྱི་ལས་དོན་ཁྲིམས་སྒྲིག་དགོངས་དོན་གྱི་བློ་ཁ་ཁེངས་པ་ཞིག་ཡོང་གི་མེད། བཀའ་ཤག་ནས་བློ་ཁ་ཁེངས་པ་མི་འདུག་བརྗོད་རྒྱུ་འདི་འགོ་འཛིན་རྣམས་ཀྱིས་དྲང་པོ་མ་བྱས་པ་དང༌། ལྷག་བསམ་མ་དག་པའི་གནས་ཚུལ་ཡོད་ནས་བརྗོད་ཀྱི་མེད། ཁྲིམས་དང་སྒྲིག་གཞི་གཏན་འབེབས་ལྟར་གྱི་ལམ་སྲོལ་གང་འདྲ་ཞིག་ཡོད་པ་དེ་དང་མཐུན་པའི་ལས་དོན་བྱེད་མ་ཐུབ་པ་རྣམས་ང་ཚོས་ངེས་པར་དུ་ལམ་སྲོལ་དང་མཐུན་པ་བཟོ་དགོས་པ་ནན་བརྗོད་བྱེད་ཀྱི་ཡོད། ས་གནས་ཁ་ཤས་ལ་དཔལ་འབྱོར་འདུ་འགོད་ལས་དོན་ཐོག་དྲང་པོ་མ་བྱས་པའི་གནས་ཚུལ་གཏན་ནས་མེད་པའི་གནས་ཚུལ་ཡང་མིན། དེ་སྔ་གནས་ཚུལ་ཁ་ཤས་ང་ཚོས་ཞིབ་འཇུག་བྱེད་དགོས་པ་བྱུང་ཡོད་ལ། ད་དུང་འགའ་ཞིག་ལ་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བབ་ཡོད། དེར་བརྟེན་ང་ཚོར་ད་ཕན་ལམ་སྲོལ་བརྟན་པོ་མེད་པར་བརྟེན་ནས་ས་གནས་ཀྱི་སྲི་ཞུ་བ་ཡག་པོ་ཞིག་ཡོད་པའི་སྐབས་གནས་ཚུལ་བཟང་པོ་ཡོང་བ་དང༌། སྲི་ཞུ་བ་ཅུང་ཞན་པ་ཞིག་སྡོད་སྐབས་དཀའ་རྙོག་མང་པོ་ཡོང་གི་ཡོད། མདོ་དོན་ཁྲིམས་ཀྱི་དབང་སྒྱུར་ལས་གང་ཟག་གི་དབང་སྒྱུར་མེད་པའི་ལམ་སྲོལ་སྲ་བརྟན་ཞིག་དགོས་པ་དང༌། ལམ་སྲོལ་དེའི་ཐོག་བསྐྱོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

དེ་ནས་གལ་ཆེ་བ་ཞིག་ནི་བཙན་བྱོལ་བོད་མིའི་འཛུགས་སྐྲུན་ཡར་རྒྱས་ཀྱི་འཆར་གཞི་ཁག་འཆར་འགོད་ལྷན་ཁང་ནས་ངོས་འཛིན་གྱི་ཆོག་མཆན་ཐོབ་པ་ཞིག་དགོས་པ་ལས་ས་གནས་རང་ནས་གང་བྱུང་འཆར་འགོད་ཀྱིས་ལས་གཞི་ལག་བསྟར་མི་ཆོག་པའི་བཀའ་ཤག་གི་ཐག་གཅོད་ཆེན་པོ་ཞིག་བྱས་ཡོད། དེ་ནི་ལྟ་གྲུབ་ཀྱིས་ཐག་བཅད་པ་ཡིན་པས་ངེས་པར་ལག་བསྟར་བྱེད་དགོས། ད་ཕན་ས་གནས་ཀྱི་འཆར་འགོད་ལས་འཆར་ཁག་ས་གནས་རང་ནས་ཐག་གཅོད་བྱས་ཏེ་བཀའ་ཤག་དང༌། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས་སོགས་འབྲེལ་ཡོད་དབུས་ལས་ཁུངས་གང་གིས་ཤེས་རྟོགས་མེད་ཀྱང་ཐད་ཀར་རོགས་རམ་ཚོགས་པ་ཁག་ལ་ལམ་ལུགས་ཀྱི་བརྒྱུད་རིམ་གང་ཡང་མེད་པར་བཏང་ནས་ལས་ཀ་བྱེད་མཁན་མང་པོ་བྱུང་ཡོད། ལས་འཆར་ཡོངས་སུ་རྫོགས་པ་ས་གནས་ནས་ཐད་ཀར་འབྲེལ་བ་བྱེད་མི་ཆོག་པ་བརྗོད་ཀྱི་མེད། དེ་ཡང་རྣམ་དབྱེ་ངེས་པར་ཕྱེ་དགོས། དཔེར་ན་རོགས་ཚོགས་ཤིག་གིས་གཞིས་ཆགས་ཤིག་ལ་ཐད་ཀར་འཆར་གཞི་བྱེ་བྲག་པ་ཞིག་ལ་རོགས་རམ་བྱེད་རྒྱུའི་ཁས་ལེན་བྱེད་མཁན་ཡོད་ན་དེར་གཞུང་གིས་གཏན་ནས་བྱུས་གཏོགས་མི་བྱེད་པ་ཞིག་དགོས། ཕ་རན་སིའི་ Aid Tibet རོགས་ཚོགས་ལྟ་བུའི་རོགས་རམ་ཚོགས་པ་མང་པོ་ཞིག་གིས་ལས་འཆར་ཁག་གི་ནང་ཕྱེད་ཀ་རོགས་ཚོགས་ནས་རོགས་རམ་བྱེད་པ་དང༌། ཕྱེད་ཀ་བོད་གཞུང་གི་རོགས་རམ་ལ་བརྟེན་གྱི་ཡོད་པ་ལྟ་བུ་མང་པོ་ཞིག་ཡོད། དེ་སྔའི་བཀའ་ཤག་སྐབས་མང་པོར་རོགས་རམ་ཚོགས་པ་ཁག་གི་རོགས་སྐྱོར་སྟངས་འཛིན་དབང་སྒྱུར་བོད་གཞུང་རང་ནས་གནང་རྒྱུའི་འབད་བརྩོན་མང་པོ་གནང་འདུག་ཀྱང་སྐབས་བཅུ་གཉིས་པའི་བཀའ་ཤག་ནས་རོགས་རམ་ཚོགས་པ་ཁག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ཐད་ས་གནས་འགོ་འཛིན་ཁག་དང་འབྲེལ་བ་མེད་པར་མི་མང་མང་ཚོགས་དང་ཐད་ཀའི་འབྲེལ་བ་བྱས་ནས་རོགས་རམ་གནང་རྒྱུར་དགག་བྱ་གཏན་ནས་གནང་རྒྱུ་མིན་པར་མ་ཟད། ད་དུང་དེའི་ཐོག་འབོད་སྐུལ་བྱེད་ཀྱི་ཡོད། མི་སུ་ལ་རོགས་རམ་བྱེད་པ་དང༌། ལས་འཆར་གང་ཞིག་འདེམས་སྒྲུག་བྱེད་པ། ལས་དོན་གྱི་འགན་ཁུར་ཆ་ཚང་བཅས་ཐད་ཀར་འགན་ལེན་གནང་རོགས་ཞེས་ནན་ཏན་ཆེན་པོས་འབོད་སྐུལ་བྱེད་ཀྱི་ཡོད། ཡང་རོགས་ཚོགས་མང་པོ་ཞིག་གིས་རོགས་རམ་གནང་བ་ཁག་གཞུང་གི་བཀོད་སྒྲིག་འོག་འགྲོ་ཐུབ་པ་དང༌། གཞུང་གིས་འཆར་འགོད་བྱེད་པ། གཞུང་གིས་འཛིན་སྐྱོང་དོ་དམ་བྱེད་དགོས་པ་སོགས་ལས་དོན་ཆ་ཚང་འགན་ཁུར་གྱི་ཚུར་རེ་བ་རྒྱག་མཁན་ཡང་ཡོད། གལ་ཏེ་བོད་གཞུང་བརྒྱུད་ལས་དོན་བྱེད་དགོས་ན་ལས་དོན་ལ་ཞིབ་འཇུག་དང༌། ས་གནས་ལ་ལྟ་སྐོར་སོགས་གནང་རྒྱུ་རོགས་རམ་ཚོགས་པ་ཁག་གི་རང་དབང་ཡིན་ཡང༌། ལས་གཞིའི་འཆར་འགོད་དང༌། མ་དངུལ་གཏོང་ཡོང་དོ་དམ། ལས་འཆར་འདེམས་སྒྲུག མི་སྣ་བཀོད་བསྒྲིགས། རྩིས་ཀྱི་འགན་ཁུར། གལ་ཏེ་དངུལ་ལྷག་ཡོད་ན་ཐག་གཅོད་སོགས་འགན་ཁུར་དང་ཐག་གཅོད་ཆ་ཚང་བོད་གཞུང་རང་ནས་བྱེད་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད། དེར་བརྟེན་གཞུང་སྒེར་གྱི་རྣམ་དབྱེ་དེ་གཉིས་ཁ་གསལ་ཕྱེ་ནས་ལག་བསྟར་བྱེད་རྒྱུ་གལ་ཆེན་པོ་ཡིན། ད་ལྟ་ཕྱེད་ཀ་རོགས་ཚོགས་ཁག་ནས་འགན་ལེན་བྱེད་པ་དང༌། ཕྱེད་ཀ་གཞུང་ལ་ཐེ་བྱུས་ཡོད་པ་ལྟ་བུ་ཡོད་སྟབས་ལས་དོན་ལ་ཞིབ་བཤེར་བྱེད་སྐབས་རོགས་རམ་ཚོགས་པའི་རེད་ཅེས་ཕར་གབ་ས་ཡོད་པ་དང༌། ཡང་མ་འགྲིགས་མ་འཐུས་པའི་རྙོག་དྲ་ཡོང་བའི་སྐབས་བོད་གཞུང་གིས་ལྟ་རྟོག་ཡག་པོ་མ་བྱུང་ཞེས་ཁག་དཀྲི་བྱེད་ས་ཡོད་པའི་ཙི་ཙི་སྐམ་པོ་ལྟ་བུ་ཡོང་གི་འདུག སྤྱི་ཚོགས་འཛུགས་སྐྲུན་གྱི་ལས་འཆར་དང༌། ཤེས་ཡོན་སློབ་གསོ། ཡང་ན་ཉམ་ཐག་བདེ་དོན་སོགས་ཀྱི་རོགས་རམ་དང༌། ལས་འཆར་གང་ཞིག་ཡིན་ཡང་མི་མང་དང་ཐད་ཀའི་འབྲེལ་བ་བྱས་ནས་འགན་ཁུར་ཆ་ཚང་བ་ཞིག་བྱེད་ཐུབ་པ་དང༌། གལ་ཏེ་བོད་གཞུང་ལ་བརྟེན་དགོས་ན་བོད་གཞུང་ལ་སྟངས་འཛིན་གྱི་འགན་དབང་ཆ་ཚང་ཡོད་པའི་རྣམ་དབྱེ་གསལ་པོ་དགོས། དེར་བརྟེན་བཀའ་ཤག་ནས་རང་སྐྱོང་སྡེ་ཚན་དང༌། གཞུང་འབྲེལ་སྡེ་ཚན་གཉིས་སུ་དབྱེ་ནས་རང་སྐྱོང་སྡེ་ཚན་ཁག་ལ་གཞུང་ནས་བྱུས་གཏོགས་མེད་པ་བྱས་ན་ཕན་གནོད་གང་ཡང་མེད། གལ་ཏེ་གཞུང་འབྲེལ་བརྒྱུད་བྱེད་དགོས་པའི་ལས་དོན་ཞིག་ཡིན་ན་ཡག་པོ་ཡོང་གི་ཡོད་ནའང་འདྲ། རྙོག་དྲ་ཡོང་གི་ཡོད་ནའང་འདྲ། གང་ལྟར་ལས་དོན་ཡོངས་སུ་རྫོགས་པ་གཞུང་ནས་འགན་ཁུར་ཆ་ཚང་ལེན་རྒྱུ་དང༌། དེ་དག་གི་འཆར་གཞི་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང་བོད་གཞུང་འཆར་འགོད་ལྷན་ཁང་ནས་རྒྱབ་གཉེར་ཆོག་མཆན་དགོས་པ་དང༌། གཞུང་གི་བཀོད་སྒྲིག་ལྟར་ལག་བསྟར་བྱེད་དགོས། ད་ལྟ་ས་གནས་ཁག་ལ་དངུལ་ཆད་སོགས་དཀའ་ངལ་མང་པོ་ཞིག་ཡོད། དེ་དག་གང་མྱུར་གཙང་སེལ་བྱས་ཏེ་མདོ་དོན་ས་གནས་ཀྱི་ལོ་རེའི་དངུལ་འབབ་རྣམས་ཤ་ཁུ་ཤ་ཐིམས་ཡོང་བ་བྱེད་རྒྱུ་ནི་སྒྲིག་འཛུགས་སྲ་བརྟན་དང༌། རྒྱུན་མཐུད་གོང་འཕེལ་གྱི་ལས་དོན་ནང་དམ་འཛིན་བྱེད་དགོས་པའི་དམིགས་བསལ་ལས་དོན་ཞིག་རེད།

ང་ཚོས་ངེས་པར་དུ་ས་གནས་ཁག་གི་དཔལ་འབྱོར་འདུ་འགོད་དང་ནོར་སྲིད་གཏོང་ཡོང་གི་ལས་དོན་ཁག་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་ལམ་སྲོལ་ལ་བརྟེན་ནས་དོ་དམ་དང༌། སྟངས་འཛིན་ནུས་པ་ནན་དུ་གཏོང་དགོས་པ་དང༌། གང་ལ་དམིགས་པའི་དངུལ་རྣམས་མིག་སྨན་མིག་ཐོག་དགོས་པ་ལས་དབང་ལྡན་བརྒྱུད་རིམ་གྱི་བཀའ་འཁྲོལ་མེད་པར་ཁ་བསྒྱུར་བྱེད་པ་སོགས་མི་ཆོག་པ་ཡིན། ང་ཚོས་ནོར་སྲིད་གཏོང་ཡོང་ཁྲིམས་མཐུན་ལམ་སྲོལ་ལྡན་པ་ཡོང་བའི་གལ་ཆེའི་རྩ་དོན་ཞིག་ནི་ས་གནས་འགོ་འཛིན་བརྒྱུད་གཞུང་གྲོན་གཏོང་དགོས་པ་ཁག་དབུས་སའི་གྲོས་ཚོགས་གང་རུང་ནས་བཀའ་འཁྲོལ་ངེས་པར་ཡོད་དགོས། ས་གནས་འགོ་འཛིན་གང་ཞིག་ནས་དབུས་སའི་གྲོས་ཚོགས་ཀྱི་བཀའ་འཁྲོལ་མེད་པར་ཐད་ཀར་གཞུང་དངུལ་སྐར་མ་གཅིག་གཏོང་ལེན་མི་ཆོག་པ་འདི་ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡ ཉིན་ནས་འགོ་འཛུགས་བྱས་ཏེ་ལག་བསྟར་བྱེད་པའི་ཁུལ་ཡིན། ནང་སྲིད་ལས་ཁུངས་དང་འབྲེལ་ཡོད་འགོ་འཛིན་རྣམ་པས་མཁྱེན་གསལ་ཡིན། གལ་ཏེ་ས་གནས་གྲོས་ཚོགས་མེད་པའི་ས་གནས་འགོ་འཛིན་ལས་ཁང་ཡིན་ན་ངེས་པར་དུ་ཕྱི་ལོའི་རྩིས་འགོའི་མཚམས་ནས་ངེས་པར་དབུས་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཞུ་དགོས། བཀའ་འཁྲོལ་ཞུ་སྲོལ་གྱི་འགྲོ་ལུགས་ང་ཚོས་གཏན་འབེབས་ཞུས་ཏེ་རིང་མིན་ཁྱེད་རང་ཚོར་བཀོད་ཁྱབ་ཡོང་རྒྱུ་རེད། དབུས་ནང་དཔལ་འབྱོར་ལས་ཁུངས་ནས་འབྲེལ་ཡོད་ལས་ཁུངས་ཁག་གི་ནོར་སྲིད་གཏོང་ཡོང་གི་སྔོན་རྩིས་འབུལ་སྟངས་དང༌། ཟུར་འཛར་བཟོ་སྟངས་ཤིག་ཡོད། ས་གནས་འགོ་འཛིན་རྣམ་པའི་སྔོན་རྩིས་ཀྱང་ས་གནས་གྲོས་ཚོགས་ཁག་ལ་ཕུལ་ནས་ངེས་པར་བཀའ་འཁྲོལ་ཞུས་ཏེ་ལས་དོན་འགོ་འཛུགས་ཀྱི་ལག་བསྟར་བྱེད་དགོས། དེར་བརྟེན་ས་གནས་གྲོས་ཚོགས་ཡག་པོ་དགོས་པ་གལ་ཆེན་པོ་ཡིན། ས་གནས་འགོ་འཛིན་རྣམས་ནས་ས་གནས་གྲོས་ཚོགས་ལ་འགན་ཁུར་ལྡན་པའི་ལས་དོན་བསྒྲུབ་རྒྱུ་དེ་བས་གལ་ཆེན་པོ་ཡིན། དེ་སྔོན་གཞིས་ཆགས་ཤིག་ནས་ས་གནས་འཐུས་ཚོགས་ཀྱི་ལས་དོན་སྙན་ཞུ་ཞིག་བཀའ་ཤག་ལ་བཏང་འདུག དེའི་ནང་ས་གནས་འགོ་འཛིན་དེའི་ལོ་འཁོར་གཅིག་གི་སྔོན་རྩིས་བཀའ་འཁྲོལ་ཞུ་རྒྱུའི་ཤོག་ལྷེ་གཅིག་རང་འདུག དེའི་ནང་གཏོང་ཡོང་འཆར་གཞིའི་གྲངས་འབོར་བསྡོམས་གཅིག་ཡོད་པ་ལས་ཟུར་འཛར་དང༌། ཁ་གསལ་གྱི་འགྲེལ་བཤད་གང་ཡང་མེད། དེར་བཀའ་འཁྲོལ་གནང་བ་ཡིན་ཞེས་འཁོད་ཡོད། འོན་ཀྱང་བཀའ་འཁྲོལ་དགོས་མིན་ཞིབ་འཇུག་བྱེད་རྒྱུའི་རྒྱུ་མཚན་གནས་ཚུལ་གང་ཡང་མེད། དེར་བརྟེན་འབྱུང་འགྱུར་ས་གནས་ཁག་གི་སྔོན་རྩིས་བཀའ་འཁྲོལ་གྱི་སྙན་ཞུ་རྣམས་ངེས་པར་དུ་གྲོས་ཚོགས་ནས་གཏན་འབེབས་གནང་བའི་རེའུ་མིག་ནང་བཀོད་དགོས་པ་དང༌། ཟུར་འཛར་ཁག་ཀྱང་ཆ་ཚང་སྦྱར་ནས་གྲོས་ཚོགས་གང་རུང་ལ་ཕུལ་ནས་བཀའ་འཁྲོལ་ཞུ་དགོས། དེའི་ནང་དབུས་དང་ས་གནས་ཀྱི་རྣམ་དབྱེ་ཕྱེ་མི་ཐུབ་པའི་གནས་ཚུལ་ཡོང་སྲིད། དཔེར་ན་ལོ་འཁོར་གཅིག་གི་ཡོང་བསྡད་དང༌། སྤྲོད་བསྡད་ལོ་འཁོར་དེའི་ཕྱི་ཟླ་ ༣ ཚེས་ ༣༡ ནང་རྩིས་མཇུག་བསྒྲིལ་མ་ཐུབ་པར་ཕྱིར་འགྱངས་བྱེད་དགོས་པ་བྱུང་ན་ངེས་པར་དུ་བཀའ་ཤག་ལ་བཀའ་འཁྲོལ་ཞུ་དགོས་པའི་ལམ་སྟོན་བཀོད་ཁྱབ་གནང་ཡོད། ང་ཚོས་བཀོད་ཁྱབ་དེ་ས་གནས་འཐུས་ཚོགས་མེད་པའི་དབང་དུ་བྱས་ཡོད། ས་གནས་ཁག་ཏུ་ས་གནས་འཐུས་ཚོགས་ཚད་ལྡན་ཞིག་གིས་ཚད་དང་ལྡན་པའི་སྔོན་རྩིས་བཀའ་འཁྲོལ་གནང་ཡོད་ན་དེའི་མཇུག་གི་ Carry Forward ལོ་གཉིས་པའི་ནང་འཁྱེར་ཆོག་པའི་བཀའ་འཁྲོལ་དེ་ཚོ་ས་གནས་འཐུས་ཚོགས་ནས་ཞུས་ན་འགྲིགས་པ་ཡིན། ས་གནས་འཐུས་ཚོགས་ཚད་ལྡན་མེད་པ་དང༌། གཏན་ནས་མེད་པ་བཅས་ཀྱི་ས་ཁུལ་མང་པོ་ཞིག་ཡོད་པར་བརྟེན་དབུས་ནས་སྟངས་འཛིན་མ་བྱས་ཐབས་མེད་ཡིན་པའི་རྣམ་དབྱེ་མཁྱེན་པ་གནང་རྒྱུ་གལ་ཆེན་པོ་རེད། སྤྱིར་བཏང་ཚོང་དང་དཔལ་འབྱོར་འདུ་འགོད་སྡེ་ཚན་ཞིག་མིན་ན་ལོ་འཁོར་རྩིས་མཇུག་ལོ་རེའི་ཕྱི་ཟླ་ ༣ ཚེས་ ༣༡ གོང་རྩིས་འགོ་རྒྱག་མི་ཐུབ་པའི་ཡོང་བསྡད་དང༌། སྤྲོད་བསྡད་ཡོང་མི་ཤེས་པ་ཡིན། ད་ཕན་འདས་པའི་ལོ་ ༤༠ ལྷག་ཙམ་རིང་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གྱི་བརྒྱ་ཆ་ཧ་ལམ་ ༡༥ ནས་ ༢༠ བར་གྱི་མི་ཉུང་བ་ཞིག་ཡོང་བསྡད་དང༌། བུན་ནག་ནང་ཐིམས་ནས་ཐ་མ་རྩིས་བསུབ་གཏོང་དགོས་པ་བྱུང་ཡོད། ཁྱེད་རང་ཚོས་དཔལ་འབྱོར་གནས་བབ་ཀྱི་བསྐྱར་ཞིབ་སྙན་ཐོ་སྔ་རྗེས་གཟིགས་ཡོད་པ་རེད། བོད་གཞུང་གི་དཔལ་འབྱོར་ཇི་ཙམ་འཕྲོ་བརླག་ཕྱིན་འདུག ཧ་ཅང་བློ་ཕམ་རེད། དངུལ་དེ་དག་མང་པོ་ཞིག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་འཆི་གསོན་གྱི་སྐྱབས་རྟེན་ཕུལ་བ་དང༌། དེ་བཞིན་བོད་མི་ས་ཡ་དྲུག་གི་དངུལ་ཡིན། ང་ཚོས་གཞུང་དངུལ་རྣམས་མིག་སྨན་མིག་ཐོག་ཕན་པའི་སྲི་ཞུ་སྒྲུབ་མ་ཐུབ་པར་གང་བྱུང་འཕྲོ་བརླགས་བཏང་ན་བློས་འགན་གཏན་ནས་བཟོད་ཐབས་མེད་པའི་འགན་འཁྲི་ཆེན་པོ་ཡོད། མཉམ་འབྲཻལ་ལྟ་བུ་ཡིན་ན་བུ་ལོན་སྤྲོད་ལེན་གྱི་ལམ་སྲོལ་ཡོད་པའི་སྡེ་ཚན་ཞིག་ཡིན་པར་བརྟེན་བུ་ལོན་སྤྲོད་མ་ཐུབ་པར་བུན་ནག་ཡོང་སྲིད་པའི་སྡེ་ཚན་ཞིག་ཡིན། བོད་གཞུང་གི་ལས་ཁུངས་ཁག་ནང་ཡོང་བསྡད་དང༌། བུན་ནག་ཡོང་སྟངས་རྩ་བ་ནས་མི་ཤེས་པ་ཞིག་རེད། གང་ཡིན་ཞེ་ན་གཞུང་གི་ལས་ཁུངས་ཁག་ནས་བུ་ལོན་སྤྲོད་ཆོག་གི་མེད། དེར་བརྟེན་བོད་གཞུང་གི་ལས་བྱེད་པའི་ཡོང་བསྡད་དང༌། བུན་ནག་ཡོད་པ་བརྗོད་ན་མི་སུ་ཞིག་གི་རྣ་བར་མི་འགྲོ་བའི་གནས་ཚུལ་ཡིན། མ་འོངས་པར་གནས་ཚུལ་དེ་རིགས་བརྒྱ་ཆ་བརྒྱ་ཐམ་པ་མི་ཡོང་བའི་འགན་ཁུར་གཙང་མ་ལེན་དགོས།

ཡང་གལ་ཆེའི་ནན་བཤད་དགོས་པ་ཞིག་ནི་གཞུང་གི་སྲིད་བྱུས་དང༌། ལས་རིམ། མངོན་འདོད་ཀྱི་བསམ་ཕྱོགས་སོགས་གྲོས་ཚོགས་ལ་ལས་དོན་སྙན་ཞུ་ཕུལ་བ་མང་པོ་ཞིག་ཡོང་གི་ཡོད། ད་ལྟ་འབྲེལ་ཡོད་སྲི་ཞུ་བ་མང་པོ་ཞིག་གིས་གྲོས་ཚོགས་ནང་གསུངས་པ་དང༌། གསུང་བཤད་ནང་གསལ་ཡོད། འོན་ཀྱང་འཛིན་སྐྱོང་བཀོད་ཁྱབ་ཐོན་མ་སོང་ཞེས་འགུལ་བསྐྱོད་མ་གནང་བར་འཐུས་ཤོར་གྱི་གནས་ཚུལ་ཡོང་སྲིད་པ་རེད། ལས་དོན་དེ་རིགས་འཛིན་སྐྱོང་ནས་བཀོད་ཁྱབ་ཐོན་མ་སོང་ཞེས་སྒུག་སྡོད་བྱེད་རྒྱུའི་གནད་དོན་ཞིག་གཏན་ནས་མིན། གཞུང་གི་སྲིད་བྱུས་དང༌། འཆར་གཞི། ལས་རིམ་སོགས་ཀྱི་སྙན་ཞུ་གྲོས་ཚོགས་ལ་ཕུལ་ནས་བཀའ་འཁྲོལ་དང༌། རྒྱབ་སྐྱོར་ཐོབ་པ་རྣམས་འཛིན་སྐྱོང་སྡེ་ཚན་ཁག་གིས་དམ་འཛིན་བྱས་ཏེ་ལག་བསྟར་བྱེད་དགོས་པ་ལས་ལས་དོན་ཡོངས་སུ་རྫོགས་པར་བཀོད་ཁྱབ་དགོས་དོན་མེད། གལ་ཏེ་འཛིན་སྐྱོང་གི་བཀོད་ཁྱབ་དགོས་པ་རྣམས་འབྲེལ་ཡོད་ལས་ཁུངས་ཁག་ནས་ལས་དོན་འགོ་འཛུགས་བྱས་ཏེ་གསལ་པོ་མ་བྱུང་བའི་སྐབས་བཀོད་ཁྱབ་དགོས་ཞེས་སྙན་གསན་ཞུ་དགོས། བཀའ་ཤག་ནས་བཀོད་ཁྱབ་གནང་ཐུབ་པ་ཡིན་ན་ཡག་པོ་ཡིན། གནང་མ་ཐུབ་པའི་སྐབས་སྒུག་སྡོད་བྱས་ཏེ་གནས་ཐབས་མེད། འཛིན་སྐྱོང་གི་བཀོད་ཁྱབ་མ་ཟིན་པ་དང༌། ཡང་ན་ལམ་སྟོན་དགོས་པ་ཁག་གི་འཆར་གཞིའི་ཟིན་བྲིས་བཟོས་ཏེ་འབྲེལ་ཡོད་ལས་ཁུངས་ནས་བཀའ་ཤག་ལ་སྙན་གསན་ཞུ་དགོས་པ་དང༌། ཞུ་ཕོད་པ། ལག་བསྟར་བྱེད་ཐུབ་པ་བཅས་དགོས་རྒྱུ་གལ་ཆེན་པོ་རེད། གཞུང་གི་སྲི་ཞུ་བ་རྣམས་ནས་ཉི་མ་གང་འཁྱོལ་ལྟ་བུས་ལས་དོན་འཐུས་ཤོར་བཏང་ན་གཏན་ནས་འགྲིགས་ཐབས་མེད། ང་ཚོས་ངེས་པར་དུ་སྲི་ཞུའི་ལས་དོན་གྱི་གྲུབ་འབྲས་བཟང་ཞན་གང་འདྲ་ཞིག་ཡིན་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། གྲོས་ཚོགས། བོད་རྒྱ་ཆེའི་མི་མང་བཅས་ལ་ངེས་པར་འགན་ཁུར་གྱི་རྩིས་རྒྱག་ཐུབ་པ་དང༌། ལས་འབྲས་དཔང་འཕེར་གྱི་འགན་ཁུར་དགོས་པ་ལས་ང་ཚོས་འཐུས་ཤོར་དང༌། ནོར་འཁྲུལ་བཏང་ན་འགན་བློས་གཏན་ནས་བཟོད་ཐབས་མེད། བཀའ་ཤག་གིས་གསལ་བཤད་ཞུ་དགོས་པའི་གནས་ཚུལ་མང་པོ་ཞིག་ཁ་ཟིན་སྤུ་ཟིན་ངང་ཞུས་པ་ཡིན། དེ་དག་ཞིབ་ཚགས་པོ་དང༌། བང་བསྒྲིག་པོ་ཞིག་བྱུང་མེད་ཀྱང་བཀའ་ཤག་གིས་ཐག་བཅད་པའི་སྲིད་བྱུས་ཡིན་པར་བརྟེན་ཚང་མས་ཐུགས་སྣང་གནང་དགོས། ཞིབ་པ་རིམ་པས་ཡིག་ཐོག་ཏུ་ཡོང་རྒྱུ་ཡིན།