ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐོག་གནང་བའི་གསུང་བཤད།

༄༅།། དེ་རིང་འདིར་ཤེས་རིག་གི་ཟབ་སྦྱོང་ལ་ཕེབས་པའི་སློབ་སྤྱི་དང༌། རེག་ཊར། དགེ་ཆེ་བཅས་མང་ཆེ་བ་སློབ་གྲྭའི་འཛིན་སྐྱོང་དང་འབྲེལ་བའི་ལས་བྱེད་ཀྱི་སྒྲིག་གྲས་ཤ་སྟག་རེད། ཚང་མར་ཐོག་མར་བཙན་བྱོལ་བོད་གཞུང་བཀའ་ཤག་དང༌། ང་རང་སྒེར་གྱི་ངོས་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་ཇུས་གཏན་ལ་ཕབ་ནས་ལོ་གསུམ་ལྷག་ཙམ་འགྲོ་ཞིང༌། དེའི་རིང་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་ཐོག་མངོན་གསལ་དོད་པོའི་འགྱུར་བ་གང་ཕྱིན་མིན་ཐོག་ང་ཚོས་ཕྱི་བལྟས་སློག་ན། ད་ལྟ་ཡང་ཤེས་ཡོན་སྲིད་ཇུས་དེ་བར་སྣང་ལ་ལྡིང་བ་མ་གཏོགས་ས་གཞིའི་ཐོག་འབབ་མ་ཐུབ་པ་ལྟ་བུ་རེད།

ཤེས་ཡོན་སྲིད་ཇུས་ཆ་ཚང་ལག་བསྟར་བྱས་པའི་ཐོག་ནས་བཙན་བྱོལ་བོད་ཕྲུག་ཚོའི་ཤེས་ཡོན་གྱི་སྤུས་ཚད་ལ་ཁྱད་པར་འགྲོ་བ་ཞིག་དང༌། དེའི་ཐོག་ནས་སློབ་གྲྭ་ཁག་ཏུ་ཡོད་པའི་སློབ་ཕྲུག་རྣམས་བོད་རིགས་ཚད་ལྡན་ཡོང་བའི་ཐོག་ང་ཚོས་ག་ཚོད་ཅིག་གོམ་པ་བརྒྱབས་ཐུབ་ཡོད་མེད་ལ་བསྐྱར་ཞིབ་ཅིག་བྱེད་ན། ངས་གོང་དུ་ཞུས་པ་བཞིན་ང་ཚོ་གོམ་པ་བརྒྱབ་རྒྱུའི་གྲ་སྒྲིག་ནང་བསྡད་པ་མ་གཏོགས། དངོས་སུ་གོམ་པ་བརྒྱབ་མ་ཐུབ་པ་ལྟ་བུ་རེད། ཤེས་ཡོན་སྲིད་ཇུས་གཏན་ལ་ཕབ་ནས་ད་བར་གྱི་འདས་པའི་དུས་ཚོད་ནང་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་ཚོ་འདོད་བློ་ཁེངས་ངེས་ཤེས་པ་མ་བྱུང་བ་ནི་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་ཐུག་ཡོད།

དང་པོ་རྒྱ་བལ་འབྲུག་གསུམ་གང་དུ་ཡིན་ཡང་བཙན་བྱོལ་བོད་མིའི་སློབ་གྲྭ་རྣམས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་ལམ་སྲོལ་འོག་གཞན་དབང་སྟབས་བསྟུན་དགོས་སྟབས། ང་ཚོས་གཏན་ལ་ཕབ་པའི་སྲིད་ཇུས་ལམ་སེང་ལག་བསྟར་བྱེད་རྒྱུར་དཀའ་ངལ་ཡོད་པ་བཤད་མི་དགོས། གང་ལྟར་ཤེས་ཡོན་སྲིད་ཇུས་ལག་བསྟར་ལ་བར་ཆད་ཆེ་ཤོས་དེ་གཞན་དབང་སྟབས་བསྟུན་ཡིན་པ་དང༌། ལྷག་པར་དུ་ཡུལ་ལུང་སོ་སོའི་ལམ་ལུགས་དང་མ་མཐུན་ན། མཐོ་རིམ་སློབ་སྦྱོང་དང་དེ་རྗེས་འཚོ་ཐབས་ཀྱི་གནས་བབ་ཚང་མའི་ཐོག་འབྲེལ་བ་ཆགས་རྒྱུའི་དངོས་ཡོད་ཀྱི་དཀའ་ངལ་ཞིག་རེད། གཅིག་བྱས་ན་དེ་སེལ་ཐབས་ས་དབུས་གཉིས་ནས་ལམ་སེང་བྱེད་ཁག་པོ་ཞིག་ཡིན་པ་ང་ཚོས་ཤེས་ཐུབ།

གཉིས་པ་སློབ་གྲྭ་ཁག་གི་འཛིན་སྐྱོང་གི་ཐུགས་འགན་བཞེས་མཁན་ཚོ་དང༌། དངོས་སུ་ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་མཁན་གྱི་ལས་ཀྱི་སྣེ་མོ་བ་དགེ་རྒན་ཚོས་ཤེས་ཡོན་སྲིད་ཇུས་ཀྱི་གནད་གསང་ཆ་ཚང་བ་ཞིག་མ་མཁྱེན་པའམ། གང་ལ་གང་འཚམས་མཁྱེན་ནའང་དེའི་ཐོག་ཡིད་ཆེས་དང་ངེས་པ་རྙེད་པ་མ་བྱུང་བ། ལྷག་པར་དུ་འདས་པའི་ལོ་མང་ནང་ལམ་སྲོལ་གཞན་ཞིག་འོག་བག་ཆགས་མཐུག་པོ་ཐེབས་ཡོད་སྟབས། བག་ཆགས་དེ་སངས་ནས་ལམ་གསར་ཐོག་འགྲོ་རྒྱུར་སྐབས་རེ་འདུན་པས་མ་འདང་བ་དང༌། སྐབས་རེ་བློ་ཁོག་གིས་མ་འདང་བ། སྐབས་རེ་ཕྱི་ནང་ཁོར་ཡུག་གིས་མ་འདང་བ་བཅས་གནས་ཚུལ་སྣ་ཚོགས་ཡོང་གི་ཡོད། དེ་ཡང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་རྒྱུར་འཕྲད་བཞིན་པའི་གལ་གནད་ཆེ་བའི་དཀའ་རྙོག་ཅིག་རེད།

གསུམ་པ་སྤྱི་ཚོགས་ཀྱི་བསམ་ཚུལ་དང༌། ལྷག་པར་དུ་སློབ་ཕྲུག་སོ་སོའི་ཕ་མའི་སྤྱི་ཚོགས་ཀྱི་བསམ་བློའི་གནས་བབ་ཐོག་དེང་རབས་ཀྱི་བསམ་བློ་ཤུགས་ཆེ་ཡོད་པ་དང༌། ཁྱད་པར་སློབ་གྲྭར་གཏོང་བའི་དགོས་དམིགས་ནི་ཕྲུ་གུ་དེ་སློབ་གྲྭ་ཐོན་པའི་རྗེས་ལ་འཚོ་ཐབས་བཙལ་རྒྱུ་དང༌། དངུལ་ག་ཚོད་བཟོ་ཐུབ་མིན་གྱི་བསམ་ཚུལ་ཤུགས་ཆེ་ཡོད་པ་དེའི་ཐོག་ནས་ཀྱང་དཀའ་ངལ་འཕྲད་ཀྱི་ཡོད། དེས་ན་ང་ཚོའི་ཤེས་ཡོན་སྲིད་ཇུས་ལག་བསྟར་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་རགས་ཙམ་བསྡོམས་བརྒྱབ་ན་དེ་གསུམ་ནང་འདུ་འགྲོ་བ་ཡིན།

ང་ཚོའི་གྲོགས་པོ་མང་པོ་ཞིག་གིས་འགལ་རྐྱེན་དཀའ་རྙོག་འདི་ཚོ་ཧ་ལམ་སེལ་མི་ཐུབ་པ་ཞིག་ལ་དགོངས་པ་བཞེས་པ་མ་ཟད། འགྲེལ་བཤད་ཡང་མང་པོ་གནང་རྒྱུ་ཡོད་ཅིང༌། དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་འཛིན་སྐྱོང་བྱེད་པའི་སློབ་གྲྭ་ཁག་ལ་མཚོན་ན། ང་ཚོས་ཤེས་ཡོན་སྲིད་ཇུས་ལག་བསྟར་ཆེད་ཁོང་ཚོའི་དབང་ལྡན་འགན་འཛིན་ཚོ་ལ་འགྲེལ་བཤད་རྒྱག་ཐུབ་བམ། རྒྱ་གར་ཁྱོན་ཡོངས་ཀྱི་ཤེས་ཡོན་སྲིད་ཇུས་ཀྱི་གནས་བབ་ལས་ང་ཚོ་ཟུར་དུ་འགྲོ་ཐུབ་བམ་ཞེས་སོགས་རྒྱུ་མཚན་མང་པོ་ཞིག་གསུང་རྒྱུ་ཡོད། ལྷག་པར་དུ་ང་ཚོས་ལག་བསྟར་ཐུབ་པའི་དབང་དུ་བཏང་ཡང༌། ཤེས་ཡོན་སྲིད་ཇུས་འདིའི་འོག་ནས་སློབ་སྦྱོང་ཐོན་པའི་སློབ་ཕྲུག་རྣམས་གནས་ཡུལ་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་འབབ་རྒྱུན་(Main stream)ནང་ཇི་ལྟར་ཞུགས་ཐུབ་ཅེས་ཀྱང་བཤད་ཀྱི་ཡོད།

དེ་ནི་དངོས་ཡོད་གནས་སྟངས་མིན་པར་ནུབ་ཕྱོགས་པས་ང་ཚོའི་བསམ་བློའི་ཐོག་ཁ་ཁུ་སིམ་པོས་བཙན་འཛུལ་ཐོག་ནས་དབང་སྒྱུར་བྱས་པའི་བསམ་ཚུལ་ཞིག་རེད། དེས་དགོས་མེད་ཀྱི་དོགས་པ་རྣམ་རྟོག་མང་པོ་ཞིག་ཆགས་པ་དང༌། དེ་དག་སངས་རྒྱུ་ཡང་ལས་སླ་པོ་མེད། ཡང་སྤྱི་ཚོགས་ཀྱི་བསམ་ཚུལ་མ་འགྱུར་ན། སློབ་གྲྭའི་ཁོར་ཡུག་གཅིག་པུས་ཕྲུ་གུའི་ཤེས་ཡོན་གྱི་གནས་བབ་འགྱུར་བ་གཏོང་མི་ཐུབ་པར་ངོས་འཛིན་བྱེད་མཁན་ཡང་མང་པོ་ཡོད། ཡང་གལ་ཏེ་བོད་པའི་ཆེད་དུ་ཟུར་འཛུགས་བྱས་པའི་སློབ་གྲྭ་ཁག་ནང་ད་ལྟ་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་ཇུས་འདི་བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་བསྟར་ན། མི་མང་པོ་ཞིག་གི་བུ་ཕྲུག་ཚོ་བོད་པའི་སློབ་གྲྭའི་ནང་མ་བཏང་བར་གནས་ཡུལ་རྒྱལ་ཁབ་སོ་སོའི་སློབ་གྲྭར་གཏོང་བ་དང༌། དེའི་ནང་ནས་ཀྱང་ཡེ་ཤུའི་ཆོས་ཚོགས་ཁག་གིས་འཛིན་སྐྱོང་བྱེད་པའི་Sacred Heart and Convent ལྟ་བུའི་སློབ་གྲྭར་གཏོང་བའི་མངོན་འདོད་ཆེ་བ་མ་ཟད། གཏོང་མུས་ཡིན་ལུགས་བཤད་ཀྱི་ཡོད། དེས་ན་ཁོང་ཚོས་འགྲེལ་བཤད་བརྒྱབས་པ་བཞིན་ང་ཚོས་དངོས་ཡོད་གནས་ཚུལ་ཐོག་བལྟས་ན་འགལ་རྐྱེན་དེ་ཚོར་གདོང་ལེན་བྱེད་རྒྱུ་ལས་སླ་པོ་མེད་པ་བཤད་མི་དགོས།

ཡིན་ནའང་གདོང་ལེན་བྱེད་རྒྱུ་ལས་སླ་པོ་མི་འདུག་ཅེས་སྔར་སོང་ད་འགྲོ་རང་ལ་བཞག་ན། བཙན་བྱོལ་གཞུང་གི་ལས་ཀྱི་སྣེ་མོ་བ་ཚོས་མི་རིགས་དང༌། ལོ་རྒྱུས་ལ་འཁྲི་བའི་ལས་འགན་མ་འགྲུབ་པ་རེད། ང་ཚོས་འདས་པའི་བྱུང་རབས་ལ་ཕྱིར་བལྟས་སློག་སྐབས་ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་དང༌། བཅུ་དགུ ཉི་ཤུའི་འགོ་སྟོད་ལ་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་སྲིད་དོན་གྱི་ནོར་འཁྲུལ་ཆེན་པོ་བཏང་བ་ལ་བརྟེན་ནས། ད་ལྟ་བོད་འདི་གནས་བབ་འདི་འདྲར་གྱར་དགོས་བྱུང་བ་རེད་ཅེས་བཤད་པ་བཞིན། དེང་སྐབས་འགོ་ཁྲིད་ཚོས་ཀྱང་བོད་ཀྱི་ཤེས་ཡོན་གྱི་སྲིད་ཇུས་ཐོག་འབད་བརྩོན་མ་བྱས་ཚེ། ལོ་ལྔ་བཅུ་དྲུག་ཅུའི་རྗེས་སུ་བྱུང་རབས་ལ་ཕྱིར་བལྟས་སློག་སྐབས་ད་ལྟའི་འགོ་ཁྲིད་ཚོས་མི་རིགས་དང་ལོ་རྒྱུས་ལ་འཁྲི་བའི་འགན་དེ་མ་འཁྱེར་བ་དང༌། བསམ་བཞིན་དུ་འཐུས་ཤོར་བཏང་བའི་སྐྱོན་བརྗོད་ཡོང་རྒྱུ་དེ་བཤད་མི་དགོས། འབད་བརྩོན་བྱས་ནས་མ་གྲུབ་ན་འགྱོད་པ་གང་ཡང་མེད་ཅིང༌། འབད་བརྩོན་མ་བྱས་པར་འགྲུབ་ཁག་པོ་རེད་ཅེས་བཞག་ན། དེ་ནི་སྡར་མའི་བྱེད་སྟངས་ལས་དཔའ་བོའི་བྱེད་སྟངས་ནམ་ཡང་མིན། སྡར་མའི་ངང་ཚུལ་བཟུང་ནས་འགོ་མ་བཙུགས་གོང་ནས་ཞུམ་པ་དང༌། སྒྱིད་ལུག་པ། བདག་ཉིད་ལ་བརྙས་ནས་བཞག་ན་མི་འགྲིག དེར་བརྟེན་འགལ་རྐྱེན་ཆེ་ཆུང་དང་བསལ་རྒྱུ་ལས་སླ་མིན་ལ་མ་ལྟོས་པར་འབད་བརྩོན་བྱེད་དགོས་པ་དེ་ང་ཚོའི་སྐབས་བབ་ཀྱི་ལས་འགན་ཆེན་པོ་ཞིག་ཡིན། དེར་བརྟེན་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་ཆོད་སེམས་བརྟན་པོས་བོད་མི་རིགས་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སྲིད་ཇུས་ཤིག་ཟིན་བྲིས་བརྒྱབས་པ་རེད། གྲོས་ཚོགས་ནང་དཀའ་ངལ་ཆེན་པོའི་ཐོག་ནས་གཏན་ལ་ཕབ་ཐུབ་པ་བྱུང་རུང༌། ཐོག་མའི་ཟིན་བྲིས་ནང་གང་ཡོད་པ་བརྒྱ་ཆ་བརྒྱ་ཐམ་པ་ད་ལྟ་འདིའི་ནང་སླེབས་ཐུབ་མེད།

འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཞར་བྱུང་གི་གནས་ཚུལ་ཁག་གཅིག་མ་གཏོགས། གཞི་རིམ་གྱི་ལྟ་གྲུབ་དང་དེ་ལ་བརྟེན་པའི་སྲིད་ཇུས་ཀྱི་ཡན་ལག་གལ་ཆེ་བ་རྣམས་འགྱུར་བ་ཕྱིན་མེད། དེ་འདྲ་ཞིག་གཏན་འབེབས་ཐུབ་པའང་སྐབས་དེ་དུས་ཀྱི་ལས་ཀྱི་སྣེ་མོ་བ་ཚོས་འབད་བརྩོན་མང་པོ་བྱས་པའི་གྲུབ་འབྲས་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་ལོ་ལྔ་བཅུ་དྲུག་ཅུའི་རྗེས་སུ་ཕྱིར་བལྟས་སློག་མཁན་གྱི་མི་གཅིག་ལྷག་ན། སྐབས་དེ་དུས་ཏན་ཏན་ལག་ལེན་བསྟར་ཐུབ་མིན་གྱི་གནས་སྟངས་དེ་གནས་སྐབས་མང་པོ་ཞིག་ལ་བསྟུན་དགོས་ཀྱང༌། སྲིད་ཇུས་ཡག་པོ་ཞིག་གཏན་ལ་ཕབ་འདུག་སྙམ་པ་ངེས་པར་དུ་ཡོང་གི་རེད་བསམ་གྱི་ཡོད། དེ་ངས་སྤྱི་ཡོངས་ཀྱི་རྒྱབ་ལྗོངས་ཙམ་ཞུས་པ་ཡིན།

ང་ད་ལྟ་འདིར་སླེབས་མ་ཐག་པ་ཡིན་སྟབས། ཁྱེད་ཚོ་མཉམ་དུ་བགྲོ་གླེང་དང༌། བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་བྱུང་མེད་ཀྱང༌། ཚོད་དཔག་བྱས་ན། ཁྱེད་ཚོའི་ནང་ལའང་མང་པོ་ཞིག་གིས་ཤེས་ཡོན་སྲིད་ཇུས་འདི་ཚད་དང་ལྡན་པ་མ་རེད་དགོངས་མཁན་དང༌། ཡང་མང་པོ་ཞིག་གིས་ཚད་དང་ལྡན་པ་ཡིན་ཡང་ལག་ལེན་འཁེལ་ཐུབ་པ་ཞིག་མ་རེད་དགོངས་མཁན་དེ་འདྲ་ཏན་ཏན་ཡོད་ཀྱི་རེད། དེ་Utopia རེད་ཟེར་མཁན་མང་པོ་ཡོད་ཀྱང་ཁག་མེད། གནས་ཚུལ་མང་པོ་ཞིག་གི་ཐོག་ནས་ད་ལྟའི་སྲིད་ཇུས་འདི་ལག་ལེན་ལ་འཁེལ་དཀའ་བའམ་ལག་ལེན་ལ་འཁེལ་ཐབས་མེད་པ་མཐོང་སྲིད། དེ་ནི་ལྷན་རྒྱས་ཚོའི་སྐུ་སྒེར་གྱི་སྐྱོན་གནས་གང་ཡང་མིན། ང་ཚོ་ད་ལྟ་གོ་ལ་གཅིག་སྒྱུར་གྱི་ལེགས་བྱང་ངམ་ཉེས་བྱང་འོག་ལོ་ལྔ་བཅུ་ཙམ་བསྡད་པའི་རྐྱེན་གྱིས་ཚང་མའི་བསམ་བློའི་ཐོག་ཤན་ཤུགས་ཆེན་པོ་ཞིག་ཐེབས་ནས་རང་དབང་གི་བསམ་བློ་གཏོང་ཐུབ་མཁན་ཧ་ལམ་མེད་པ་ལྟ་བུ་རེད།

དེ་འདྲའི་ཤན་ཤུགས་དང་བག་ཆགས་མཐུག་པོའི་འོག་ནས་ཤེས་ཡོན་སྲིད་ཇུས་འདིའི་ཐོག་དགོངས་པ་བཞེས་དགོས་སྐབས་ཏན་ཏན་འདི་ལག་ལེན་དུ་འཁེལ་ཁག་པོ་ཡིན་པ་གཟིགས་སྲིད། ཡང་དེའི་ནང་ཕྱོགས་གཞན་ནས་བལྟས་ན་ཁ་ཤས་ཀྱིས་ཤེས་ཡོན་གྱི་དམིགས་ཡུལ་དང་དགོས་པ་དེ་ཚོའི་ཐོག་ཐུགས་སྣང་མ་གནང་བར་ཤེས་ཡོན་གྱི་སྒྲོམ་གཞིའི་ཐོག་ཁྱད་པར་ཆེན་པོ་མེད་པ། དཔེར་ན་སྐད་ཡིག་གི་གནས་བབ་ཙམ་མ་གཏོགས། གཞན་རྣམས་ད་ལྟ་རྒྱ་གར་ནང་བཅུ་དང་གཉིས་(10+2) ཟེར་བའི་སྒྲོམ་གཞི་དང་མཚུངས་པ་ལས་དམིགས་བསལ་མི་འདྲ་བ་ཆེན་པོ་མི་འདུག་དགོངས་མཁན་ཡང་ཡོང་སྲིད། དེ་འདྲ་དགོངས་ན་ད་ལྟའི་ཤེས་ཡོན་སྲིད་ཇུས་འདིའི་ནང་དོན་གྱི་གནས་སྟངས་ཆ་ཚང་བ་ཞིག་མཁྱེན་རྟོགས་བྱུང་མེད། རྒྱབ་ལྗོངས་དེ་འདྲ་ཞིག་གི་འོག་ནས་ང་ཚོས་ཧམ་པ་ཚ་པོ་དང་སྙིང་སྟོབས་ཆེན་པོས་ཤེས་ཡོན་སྲིད་ཇུས་འདི་ལག་བསྟར་ཆེད་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་དང༌། བཀའ་ཤག་གིས་མདུན་མཆོངས་ཤིག་བརྒྱབས་ཡོད། འོན་ཀྱང་དངོས་སུ་སློབ་གྲྭ་སོ་སོའི་ནང་དང༌། ས་གཞིའི་ཐོག་བབས་དང་མ་བབས་དེ་བརྒྱ་ཆ་བརྒྱ་ཐམ་པ་སློབ་གྲྭའི་འཛིན་སྐྱོང་གི་འགན་འཛིན་རྣམ་པ་དང༌། ཁྱད་པར་དུ་སློབ་གྲྭའི་དགེ་རྒན་རྣམ་པར་རག་ལས་པར་བརྟེན། བཀའ་ཤག་གི་ལམ་སྟོན་འོག་ཤེས་རིག་ལས་ཁུངས་ཀྱིས་འདས་པའི་ལོ་གསུམ་ནང་དམའ་རིམ་དགེ་རྒན་ནས་བཟུང་སྟེ་སློབ་སྤྱི་འགན་འཛིན་རྣམ་པའི་བར་ཤེས་ཡོན་སྲིད་ཇུས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་མང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་དེ་རེད།

དེ་ལ་བརྟེན་ནས་ཕན་ཐོགས་ཀྱང་རྒྱ་ཆེན་པོ་བྱུང་ཡོད། ད་རེས་འདིར་མང་ཆེ་བ་ཞིག་བལ་ཡུལ་ཁུལ་ནས་ཕེབས་པའི་སློབ་གྲྭ་ཁག་གི་མཛད་གཙོ་རྣམ་པ་ཚོ་རེད་འདུག ད་རེས་ཐེངས་དང་པོ་ཡིན་སྟབས། ཁྱེད་རང་ཚོས་ཐུགས་སྣང་ཆེན་པོ་གནང་ཡོད་པའི་རེ་བ་ཡོད། བལ་ཡུལ་དེ་འདས་པའི་ལོ་བཅུ་བཅུ་གཉིས་ཀྱི་ནང་ལ་ཆབ་སྲིད་ཀྱི་གནས་བབ་དཀའ་རྙོག་ཅན་ཞིག་གི་འོག་ལ་ཡོད་སྟབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་བཙན་བྱོལ་གཞུང་གིས་དགོས་ངེས་ཀྱི་གཟིགས་སྐྱོང་གང་ཡང་གནང་ཐུབ་མེད། བཙན་བྱོལ་བོད་གཞུང་གི་དོན་གཅོད་ལས་ཁུངས་སྒོ་བརྒྱབ་དགོས་བྱུང་བ་ནས་བཟུང་སྟེ། གནས་ཚུལ་མང་པོ་ཞིག་གི་ཐོག་ལ་དཀའ་རྙོག་ཅན་གྱི་གནས་སྟངས་ཤིག་ཆགས་པར་བརྟེན་ང་ཚོའི་གྲོགས་པོ་ཚོས་ཀྱང་གང་ཡང་གནང་ཐུབ་ཀྱི་མེད་ལ། ང་ཚོའི་ངོས་ནས་ཀྱང་གནས་སྐབས་གཅིག་རིང་ལ་བལ་ཡུལ་ནང་ཡོད་པའི་བཙན་བྱོལ་བོད་མི་དེ་ཚོར་བཙན་བྱོལ་གཞུང་གིས་དགོས་ངེས་ཐུབ་ངེས་ཀྱི་གཟིགས་སྐྱོང་ཡང་གནས་ཐུབ་པ་མི་འདུག་བསམ་པའི་གནས་སྟངས་ཤིག་ལ་སླེབས་བསྡད་ཡོད་ཀྱང༌། བལ་ཡུལ་ནང་དུ་ཡོད་པའི་སློབ་གྲྭ་ཁག་ད་ལྟ་བར་དུ་འཐུས་ཤོར་མ་ཕྱིན་པར་མུ་མཐུད་ནས་འཛིན་སྐྱོང་གནང་ཐུབ་པ་དེ་ཧ་ཅང་གི་རླབས་ཆེན་དང༌། གཟི་བརྗིད་ཆེན་པོ་རེད་བསམ་གྱི་ཡོད། རྒྱུན་ལྡན་ནས་བལ་ཡུལ་སློབ་གྲྭ་ཁག་ལ་བཙན་བྱོལ་གཞུང་གི་ངོས་ནས་མཐོང་ཚུལ་ཧ་ཅང་ཡག་པོ་ཡོད།

མཐོང་ཚུལ་ཡག་པོ་ཡོད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། སློབ་གྲྭ་མང་ཆེ་བ་བཙན་བྱོལ་གཞུང་གི་ཐོག་ལ་བསྙེས་བརྒྱབ་མི་དགོས་པའི་ཐོག་ནས་སོ་སོར་འཛིན་སྐྱོང་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱུད་དེ་འཛིན་སྐྱོང་ཡག་པོ་བྱེད་ཐུབ་ཀྱི་ཡོད། དཔལ་འབྱོར་དང་སྒྲིག་འཛུགས་གཉིས་ཀའི་ཆ་ནས། རྒྱ་གར་ནང་ལ་ཡོད་པའི་སློབ་གྲྭ་མང་ཆེ་བ་ཞིག་གཞུང་ཐོག་ལ་བརྟེན་ཤུགས་བལ་ཡུལ་གྱི་སློབ་གྲྭ་ཁག་ལ་ལྟོས་ན་ཆེ་བ་ཡོད། བལ་ཡུལ་ནང་ལ་ཞི་བའི་སྤྱི་ཚོགས་རང་གི་ཐོག་ནས་སློབ་གྲྭ་དེ་དག་ཚད་ལྡན་གྱིས་འཛིན་སྐྱོང་གནང་ཐུབ་པ་དེ་ང་ཚོའི་ངོས་ནས་ཧ་ཅང་ཡག་པོ་རེད་བསམ་གྱི་ཡོད།

ཤེས་ཡོན་གྱི་ལམ་སྲོལ་དེ་མི་རིགས་ཤིག་གི་སྐད་ཆ་ཡིན་པས་གཅིག་གྱུར་དགོས་ཤིང༌། འཛིན་སྐྱོང་དེ་རང་སྐྱོང་གི་ངོ་བོར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

དེར་བརྟེན་ད་ཕན་བལ་ཡུལ་ཁུལ་དུ་ཡོད་པའི་སློབ་གྲྭ་དེ་ཚོ་རང་ཁ་རང་གསོ་ཐོག་ནས་བསྡད་ཐུབ་པ་དེ་ཧ་ཅང་གཟི་བརྗིད་ཆེན་པོ་དང༌། ཕུན་སུམ་ཚོགས་པ། སྤྱི་ཚོགས་ལ་དགོས་པ་ཞིག་རེད་བསམ་གྱི་ཡོད། འོན་ཀྱང་དེའི་ནང་སློབ་སྦྱོང་སྤྲོད་སྟངས་དང་ལམ་སྲོལ་དེ་བོད་མི་རིགས་སྤྱི་ཡོངས་དང་མཐུན་པ་དང༌། བཙན་བྱོལ་བོད་གཞུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་གཏན་ལ་ཕབ་པའི་སྲིད་ཇུས་ག་ཚོད་ཐུབ་ཐུབ་ལག་བསྟར་བྱེད་དགོས་པ་དེ་ཚང་མའི་ལས་འགན་རེད།

བོད་པའི་སློབ་གྲྭ་དེ་དག་ནང་ཡོད་པའི་སློབ་ཕྲུག་དེ་ཚོས་ཡི་གེ་འབྲི་ཀློག་དང༌། རྩིས་རྒྱག་ཤེས་ཙམ་ཞིག་སློབ་པའི་ཆེད་དུ་རྩ་བ་ནས་མིན་ཞིང༌། རྩ་མེད་དུ་འགྲོ་ལ་ཉེ་བའི་མི་རིགས་ཤིག་གི་མ་འོངས་པའི་འདུན་ལམ་འཚོལ་རྒྱུ་དང༌། མི་རིགས་སྲུང་སྐྱོབ་བྱེད་རྒྱུའི་དམིགས་ཡུལ་ཐོག་ནས་སློབ་གྲྭ་དེ་དག་འཛིན་སྐྱོང་བྱེད་ཀྱི་ཡོད། ཕྱི་ལོ་༡༩༥༩ དང༌། ༡༩༦༠ དེ་བཞིན་༡༩༦༡ ལོ་འགོར་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་དང་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ཇབཱཧར་ལཱལ་ནེཧརཱུ་ལྷན་རྒྱས་བཀའ་མོལ་གནང་བའི་གྲུབ་དོན་གྱི་ཚིག་ཐོ་རྒྱ་གར་གཞུང་གི་ཡིག་མཛོད་ནང་ད་ལྟའང་ཡོད། སྐབས་དེ་དུས་ང་ཚོར་སློབ་ཕྲུག་ཆིག་སྟོང་ལྔ་བརྒྱ་ཙམ་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་རྩིས་ལེན་གནང་བའི་སྔོན་ལ་མ་སུ་རི་དང༌། སིམ་ལ། རྡོ་རྗེ་གླིང་བཅས་སློབ་གྲྭ་གསུམ་པོ་༡༩༥༩ ལོ་མཇུག་དང་༡༩༦༠ ལོ་མགོར་བཙུགས་ཟིན། ཚིག་ཐོ་དེའི་ནང་ནེཧརཱུས་གང་བྲིས་ཡོད་ཅེ་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་ཕྲུག་༡༥༠༠ ཡས་མས་ཡོད་པ་དེ་རྒྱ་གར་གྱི་སློབ་གྲྭ་ཡག་ཤོས་ནང་བགོ་བཤའ་བརྒྱབས་ནས་བཏང་ན། འགྲོ་སོང་ཆེན་པོ་མི་དགོས་པར་བདུན་ཕྲག་གཅིག་གི་ལས་ཀ་རེད།

དེ་ལ་བརྟེན་ནས་ན་གཞོན་དེ་ཚོར་རྒྱ་གར་གྱི་ཤེས་ཡོན་རྩེ་ཕུད་ཅིག་སྤྲོད་ཐུབ་ཀྱང་བོད་མི་རིགས་ཀྱི་འཐབ་རྩོད་དང༌། བོད་མི་རིགས་ཀྱི་མ་འོངས་པའི་འདུན་ལམ་ཆེད་དུ་ཕན་ཐོགས་ཡོང་ཁག་པོ་ཡིན་པར་བརྟེན། བོད་པའི་སློབ་གྲྭ་ཟུར་དུ་འཛུགས་དགོས་པ་མ་ཟད། བོད་ཀྱི་སྐད་ཡིག་དང༌། རིག་གཞུང༌། ལེགས་བྱང༌། ཆོས་དང་བཅས་པ་ཆ་ཚང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་སྤྲད་དགོས་ཞེས་གསལ་ཡོད། དེས་ན་ྋགོང་ས་མཆོག་དང༌། ནེཧརཱུའི་དམིགས་ཡུལ་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ཟུར་འཛུགས་དགོས་པ་དེ་རང་རེད། དེའི་ཆེད་དུ་འགྲོ་སོང་དང༌། དཀའ་ལས་མང་པོ་བརྒྱབས་ཡོད།

འོན་ཀྱང་དམིགས་ཡུལ་དེ་འགྲུབ་པ་ལ་དེ་སྔ་ཕན་ཆད་ང་ཚོས་ལག་ལེན་བསྟར་བཞིན་པའི་ཤེས་ཡོན་གྱི་ལམ་སྲོལ་འདིས་ཧ་ལམ་འགྲུབ་ཁག་པོ་རེད། གང་ལགས་ཤེ་ན། ད་བར་རྒྱ་གར་དུ་ལག་ལེན་བསྟར་བཞིན་པའི་ཤེས་ཡོན་ལམ་སྲོལ་དེ་མི་རིགས་རྩ་མེད་གཏོང་རྒྱུར་དམིགས་པ་ཞིག་རེད། ལོཌ་མེ་ཀོ་ལེ་(Lord Macaulay) ཡིས་རྒྱ་གར་ནང་དབྱིན་ཇིའི་དབང་སྒྱུར་བརྟན་ལྷིང་གནས་ཆེད་ཁོ་ནར་དམིགས་ནས་བཟོས་པར་བརྟེན། ད་ཆ་རྒྱ་གར་རང་བཙན་ཐོབ་ནས་ལོ་དྲུག་ཅུ་ཕྱིན་པའི་རྗེས་སུའང་ལམ་སྲོལ་དེའི་འོག་ནས་བརྒྱ་ཆ་བརྒྱ་ཐམ་པ་ཐར་ཐུབ་པ་དང་ཡར་ལངས་ཐུབ་པ་ཞིག་བྱུང་མེད། ཁོང་ཚོས་གཏན་ལ་ཕབ་པའི་ཤེས་ཡོན་ལམ་སྲོལ་དེའི་འོག་ནས་སློབ་གྲྭ་ཐོན་པ་དེ་དག་པགས་པ་དང༌། རུས་པ་རྒྱ་གར་བ་མ་གཏོགས། དེ་ལས་གཞན་པ་བསམ་བློ་གཏོང་སྟངས་དང༌། འདུན་པ་འཁྱེར་སྟངས། ལས་ཀ་བྱེད་སྟངས། ཀུན་སྤྱོད་འཁྱེར་སྟངས་བཅས་ཚང་མ་དབྱིན་ཇི་བཟོ་རྒྱུའི་དམིགས་ཡུལ་བཟུང་བ་བཞིན་འགྲུབ་ཐུབ་པ་བྱུང་ཡོད།

དེ་འདྲའི་ལམ་སྲོལ་འོག་ནས་ང་ཚོའི་མི་རིགས་གཅིག་གི་འཐབ་རྩོད་བྱེད་མཁན་གྱི་གཞོན་སྐྱེས་དེ་ཚོར་བོད་ཀྱི་སྐད་ཡིག་ཙམ་སྣོན་པ་བརྒྱབས་ནས་ཁུངས་འཁྱོལ་རྒྱུ་ཧ་ཅང་ཁག་པོ་རེད། ཕྱི་ལོ་༡༩༦༡།༡༩༦༢ ཀྱི་དུས་ཚོད་ལ་ང་ཚོར་ཤེས་ཡོན་སྲིད་ཇུས་ཟུར་དུ་འཛིན་པའི་གོ་སྐབས་དང་མཐུན་རྐྱེན་གཉིས་ཀ་མེད། ཕྱི་ལོ་༡༩༧༠ དོན་གྲངས་ནས་གོ་སྐབས་དང་མཐུན་རྐྱེན་ཚང་སྐབས་བོད་མི་རིགས་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སྲིད་ཇུས་ཤིག་འཛིན་ཐུབ་ཡོད་ན། དེའི་འོག་ནས་སློབ་གྲྭ་འགྲིམས་མཁན་རྣམས་ཕྱི་ལོ་༢༠༠༢།༢༠༠༣ ནང་མཐོ་རིམ་སློབ་གྲྭ་ཐོན་ཟིན་ཡོད་མོད། འོན་ཀྱང་ང་ཚོ་རྗེས་ལུས་ཐེབས་པ་རེད། དུས་ཚོད་དེ་བསྐྱར་ལྡབ་བྱེད་ཐབས་མེད་ལ། ཕམ་སེམས་བྱས་ཀྱང་ཕན་ཐོགས་མེད། ད་ལྟ་བྱེད་རྒྱུ་ལག་ཏུ་ཡོད་པ་དེ་གང་ཡིན་ཞེ་ན། འབྱུང་འགྱུར་དུས་ཚོད་ནང་ག་ཚོད་ཐུབ་ཐུབ་ཀྱིས་ལག་ལེན་བསྟར་ནས་འགྲོ་རྒྱུ་དེ་རེད།

ཤེས་ཡོན་སྲིད་ཇུས་འདི་གཙོ་བོ་ནང་པ་སངས་རྒྱས་པའི་རིག་པའི་གཞུང་ལུགས་ནས་བྱུང་བའི་བསླབ་པ་གསུམ་གྱི་ལམ་སྲོལ་གཞིར་བཟུང་བཟོས་པ་ཞིག་རེད། དེའི་ཐོག་ལ་དེང་དུས་ཀྱི་སྤྱི་ཚོགས་དང་སྐད་ཡིག་ནང་འགྲོ་ཐུབ་པ་བཟོ་ཆེད་རྒྱ་གར་གྱི་སྔོན་རབས་ནས་ལེགས་ཆ་མང་པོ་བླངས་ཡོད་ཅིང༌། གཙོ་ཆེ་ཤོས་བདག་ཉིད་ཆེན་པོ་གཾའདྷཱིས་གཏན་ལ་ཕབ་པའི་གཞི་རིམ་གྱི་ཤེས་ཡོན་(Buniyadi Taaleem) ཞེས་པ་དེ་རེད། དེ་ནི་གཙོ་ཆེ་ཤོས་གཾའདྷཱིའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་རྩ་བཞག་པའི་ཐོག་ཨཱརྱནཱཡཀམ་དང་ཛཀིའརཧུསཻན་(Arya Nayakam and Dr. Zakeer Hussain) གཉིས་ཀྱིས་མི་ཚེའི་རིང་ཉམས་ཞིབ་བྱས་ནས་གཏན་ལ་ཕབ་པའི་ལམ་སྲོལ་དང༌། དེ་བཞིན་སྐབས་དེ་དུས་རྒྱ་གར་ནང་ཤེས་ཡོན་གྱི་ལམ་སྲོལ་གསར་གཏོད་དགོས་པའི་དགོངས་པ་འཁོར་མཁན་གྱི་སྐྱེས་བུ་དམ་པ་མང་པོ་བྱུང་བའི་ནང་ནས་གལ་ཆེ་ཤོས་ཤྲིའཨརབིནྡགྷོཥ་(Shri Aurobindo Ghosh) རེད། ཁོང་གིས་གཏན་ལ་ཕབ་པའི་ཤེས་ཡོན་གྱི་ལམ་སྲོལ་ད་ལྟ་ཡང་གང་ལ་གང་འཚམས་པཱཎྜེཅེརཱི་(Pondicherry) དང་རྒྱ་གར་གྱི་ས་གནས་ཁ་ཤས་ནང་ལག་ལེན་བསྟར་མུས་རེད། དེ་མཚུངས་རབིའནྡ྄རནཱཐ་ཋཱཀུར་(Rabindranath Tagore) རེད།

ཁོང་གིས་ཤཱནྟིནིཀེཏན་(Shanti Niketan) སློབ་གྲྭ་ཁག་གི་ནང་ནུབ་ཕྱོགས་ཀྱི་བསམ་ཚུལ་དང་གཏན་ནས་མ་འདྲེས་པའི་རྒྱ་གར་འཕགས་པའི་ཡུལ་གྱི་གནའ་རབས་དང་མཐུན་པའི་ཤེས་ཡོན་ལམ་སྲོལ་གཙང་མ་ཞིག་བཟོ་རྒྱུའི་འབད་བརྩོན་ཤུགས་ཆེ་གནང་ཡོད། དེ་བཞིན་རྗེས་སུ་ཇིདྡཱུ་ཀྲྀཥ྄ཎམཱུརྟི་(Jiddu Krishnamurti) བྱུང་ཞིང༌། ད་ལྟའི་ཆར་རྒྱ་གར་ནང་ཁོང་གི་ཤེས་ཡོན་ལྟ་གྲུབ་དང་མཐུན་པའི་སློབ་གྲྭ་ཆེ་ཆུང་དགུ་ཙམ་ཡོད་པའི་ནང་སློབ་ཕྲུག་ཆིག་ཁྲི་བརྒལ་བ་སློབ་སྦྱོང་བྱེད་མུས་མ་ཟད། ཡུ་རོབ་དང་ཨ་མི་རི་ཀའི་ནང་དུའང་སློབ་གྲྭ་ཡོད། ད་ལྟའི་ཤེས་ཡོན་སྲིད་བྱུས་འདིའི་ནང་དེ་ཚོ་ཚང་མའི་ལེགས་ཆ་གང་ཐུབ་བསྡུས་ཡོད།

ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་བཞིན་བོད་ཀྱི་གནའ་རབས་ཀྱི་སྲོལ་རྒྱུན་གཙོ་བཟུང་ཐོག་བཟོས་པ་ཞིག་ཡིན་རུང༌། ད་ལྟའང་ངེས་པ་མ་རྙེད་པ་དང༌། གཏན་མ་འཁེལ་བ། ཚོད་བལྟ་དགོས་པའི་གནས་བབ་ཅིག་རྩ་བ་ནས་མེད། བདག་ཉིད་ཆེན་པོ་དང་མཁས་པ་མང་པོས་དུས་ཡུན་རིང་པོའི་བར་ཚོད་བལྟ་དང་ཞིབ་འཇུག་ཆ་ཚང་བྱས་ཟིན་པ་ཞིག་ང་ཚོས་ལག་བསྟར་ཆེད་བླངས་པར་བརྟེན། སྲིད་ཇུས་འདི་བཟོ་མཁན་ངོས་ནས་ད་དུང་ཚོད་བལྟ་བྱེད་དགོས་པ་དང༌། གལ་ཏེ་ལག་ལེན་བསྟར་ན་མཐའ་མའི་མཇུག་འབྲས་ཚད་ལྡན་ཡོང་གི་ཡོད་དམ་མེད་སྙམ་པའི་དྭོགས་པ་ཕྲ་མོ་ཙམ་ཡང་མེད། འོན་ཀྱང་ད་ལྟ་ང་ཚོར་དྭོགས་པ་ཡོད་པ་དེ་གང་ཡིན་ཞེ་ན། ལག་བསྟར་ཐུབ་བམ་མི་ཐུབ། དགེ་རྒན་དང་ཕ་མའི་སྤྱི་ཚོགས་ཀྱིས་ལམ་དུ་འགྲོ་འཇུག་གམ་མི་འཇུག་ཅེས་པ་དེ་རེད།

བོད་མི་རིགས་ཀྱིས་ད་བར་འཛམ་གླིང་ས་ཡི་གོང་བུ་འདིའི་ཐོག་ལག་རྗེས་གང་བཞག་མིན་དང༌། བསྡུ་ཆ་གང་བརྒྱབས་མིན་ང་ཚོས་ངོ་ཤེས་དགོས་པ་དེ་ཧ་ཅང་གི་གནད་འགག་ཆེན་པོ་རེད། བོད་མི་རིགས་ཟེར་བ་དེ་མི་འབོར་ཆེན་པོ་ཞིག་མ་རེད། ཕྱི་ལོའི་བརྒྱ་ཕྲག་བཅུ་གཉིས་བཅུ་གསུམ་ནས་བཟུང་བརྒྱ་ཕྲག་ཉེར་གཅིག་བར་ཡུལ་མིའི་གྲངས་འབོར་ས་ཡ་དྲུག་ལས་བརྒལ་བ་བྱུང་མེད། བྱུང་རབས་ཀྱི་དུས་ཚོད་ཡིག་ཆ་ལ་འཁོད་པ་ལྟར་ན་ལོ་ཉིས་སྟོང་ཡས་མས་ཤིག་རེད།

རྒྱ་གར་ལྟ་བུར་མཚོན་ན། ལོ་བདུན་སྟོང་གི་ལོ་རྒྱུས་ཀྱི་ཡིག་ཚང་ཡོད་པ་ཞིག་རེད། དེས་ན་མི་ཉུང་ཉུང་གིས་དུས་ཚོད་ཐུང་ཐུང་ནང་འཛམ་གླིང་གི་མི་རིགས་གཞན་པ་སུས་ཀྱང་བསྒྲུབ་མ་ཐུབ་པའི་ཀུན་ཁྱབ་ཀྱི་ལས་འགན་ཆེན་པོ་ཞིག་བསྒྲུབས་ཡོད། ད་ལྟའི་གནས་སྐབས་སུའང་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་གྲབས་ཡོད་ཀྱང༌། དེའི་རིང་ལ་ཤར་ནུབ་ཀྱི་འཛམ་བུ་གླིང་གི་ཡུལ་གྲུ་ཚང་མའི་ནང་བོད་པའི་སྤྱི་ཚོགས་སམ་བོད་མི་རིགས་ཀྱིས་ཞབས་འདེགས་གང་བསྒྲུབས་མིན་དང་ཕན་ཐོགས་གང་བྱུང་མིན། ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སྐུ་སྒེར་ལ་མཚོན་ནའང་འཛམ་གླིང་འགྲོ་བ་མི་རིགས་སྤྱི་ཡོངས་ཆེད་ཇི་ཙམ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་བཅས་ཚང་མ་ཡང་ང་ཚོ་བོད་མི་རིགས་ཀྱི་བྱས་རྗེས་དང་གནས་བབ་མཚོན་པ་ཡིན།

འདས་པའི་ལོ་ཆིག་སྟོང་སུམ་བརྒྱ་ཡས་མས་རིང་བོད་མི་རིགས་ཀྱིས་སྲོག་ལས་གཅེས་པར་བཟུང་ནས་ཡར་རྒྱས་བཏང་བའི་ང་ཚོའི་ལེགས་བྱང་དང༌། རིག་གཞུང༌། ཡུལ་གྱི་གོམས་པའི་གཤིས་ལུགས་རྣམས་བརླག་ན། འགྲོ་བ་མི་རིགས་དང་སེམས་ཅན་སྤྱི་ཡོངས་ལ་གྱོང་གུན་ཆེན་པོ་ཞིག་རེད། དེང་རབས་ཀྱི་རྣམ་དཔྱོད་ཅན་མང་པོས་འགྲོ་བ་མི་རིགས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དེ་བརླག་ཏུ་བཅུག་ན་རྩ་བ་ཉིད་ནས་བཟོད་ཐབས་མེད་ཅེས་ངོས་འཛིན་བྱེད་པ་མ་ཟད། གསལ་པོ་མཐོང་དུ་ཡོད། དེ་ཡང་རྒྱུ་མཚན་མཐོང་བའི་སྒོ་ནས་མ་གཏོགས། རྨོངས་ཞེན་གྱིས་བཤད་པ་ཞིག་མིན། གནས་བབ་དེ་འདྲའི་འོག་བོད་ཀྱི་ཐུན་མིན་གྱི་རིག་གཞུང་དང་ལེགས་བྱང་དེ་བོད་མི་རིགས་ཀྱིས་འཛིན་སྐྱོང་མ་བྱེད་ན། མི་རིགས་གཞན་གྱིས་འཛིན་སྐྱོང་བྱེད་མི་ཐུབ། གལ་ཏེ་འཛིན་སྐྱོང་བྱས་དབང་དུ་བཏང་ཡང་རྗེས་ཟློས་ཙམ་ལས་ངོ་མ་གནས་ཐབས་མེད།

མི་རིགས་སོ་སོར་སྤྱི་མཐུན་ལས་ཀྱིས་བསྐྲུན་པའི་ལས་འགན་ཞིག་ཡོད་པ་དེ་མ་འཁྱེར་ན། མི་རིགས་དེའི་ངོས་འཛིན་དང་མཚན་ཉིད་ཆ་ཚང་བརླག་ཅིང༌། འཛམ་གླིང་ནང་མི་རིགས་དང་ལེགས་བྱང་མང་པོ་བྱུང་ཡང་ད་ཆ་བརླགས་ཟིན། བརླགས་མ་ཟིན་པར་ཁས་བླངས་པའི་ལེགས་བྱང་ལ་མཚོན་ནའང་མང་པོ་ཞིག་འགྲེམས་སྟོན་ཁང་གི་ཅ་ལག་ཏུ་གྱུར་ཟིན། འགྲེམས་སྟོན་ཁང་ནང་གི་ཤེས་ཡོན་དང་ལེགས་བྱང་རྣམས་འཚོ་གནས་ཡོད་པ་ཞིག་ལ་མི་བརྩི། དེས་ན་ད་ལྟའི་གནས་སྐབས་སུ་བོད་མི་རིགས་ལ་འགྲོ་བ་མི་རིགས་སྤྱི་ཡོངས་ལ་འཁྲི་བའི་ཀུན་ཁྱབ་ཀྱི་ལས་འགན་ཆེན་པོ་ཞིག་ཡོད།

དམིགས་ཀྱིས་བཀར་ནས་དུས་རབས་ཉེར་གཅིག་པ་འདིའི་ནང་གོ་ལ་གཅིག་སྒྱུར་གྱི་གནོན་ཤུགས་འོག་མི་ཚང་མའི་བསམ་བློའི་ནང་ཐོབ་ཐང་མ་གཏོགས་ལས་འགན་གྱི་སྐད་ཆ་བཤད་པའི་གཤིས་ཀ་དེ་བརླགས་ཤིང༌། ད་ལྟའི་གནས་སྐབས་སུ་འཛམ་གླིང་གི་ཆོས་དང་འཇིག་རྟེན་གཉིས་ཀའི་དབུ་ཁྲིད་ཚོས་གནང་བའི་ལམ་སྟོན་ལ་བལྟས་ན་ཡང་མང་ཆེ་བ་འགྲོ་བ་མིའི་ཐོབ་ཐང་དང༌། བུད་མེད་ཀྱི་ཐོབ་ཐང༌། དབུལ་ཕོངས་ཀྱི་ཐོབ་ཐང་བཅས་སྲུང་སྐྱོབ་ཀྱི་སྐད་ཆ་བཤད་མཁན་དང་ཕྱག་ལས་གནང་མཁན་ཤ་སྟག་རེད།

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ད་ལྟ་འཛམ་གླིང་གི་དབུ་ཁྲིད་ཚང་མའི་ནང་ནས་ཟུར་དུ་ཐོན་པ་དང༌། འབུར་དུ་ཐོན་པ། ཁྱད་པར་དུ་འཕགས་པ་ཅིའི་ཕྱིར་རེད་ཅེ་ན། ཁོང་གིས་ནམ་ཡང་ཐོབ་ཐང་གི་བཀའ་མོལ་མི་གསུང་བར་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་(Universal Responsibility) སྐོར་གསུང་གི་ཡོད།

ཐོབ་ཐང་ནི་ལས་འགན་གྱི་རྗེས་ལ་ཡོང་དགོས་པ་ལས་སྔོན་ལ་བཞག་ན། འཁོར་ལོ་སྔོན་ལ་བཞག་སྟེ། རྟ་དེ་གཞུག་ལ་བཏགས་པ་ལྟ་བུ་རེད། འོན་ཀྱང་ད་ལྟ་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་དེ་འདྲ་ཡིན་པར་བརྟེན། ཚང་མས་ཐོབ་ཐང་གི་སྐད་ཆ་སྔོན་ལ་བཤད་པའི་དབང་གིས་ཐོབ་ཐང་དེ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད། སྤྱིར་ལས་འགན་དང༌། ལྷག་པར་དུ་སེམས་ཅན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་གྱི་གོམས་པའི་གཤིས་ལུགས་དང༌། ལེགས་བྱང༌། རིག་གཞུང་བརླག་མི་འོས་པ་དེ་རེད། དེ་འཛིན་སྐྱོང་བྱེད་པའི་ཆེད་དུ་སྤྱིར་དེང་རབས་དང༌། ལྷག་པར་དུ་ནུབ་ཕྱོགས་པའི་དེང་རབས་སྨྲ་བ་པོའི་འོག་ནས་འགྲོ་བའི་ཤེས་ཡོན་གྱིས་ནམ་ཡང་འདང་ཐབས་དང་འགྲུབ་ཐབས་མེད།

འབྱུང་འགྱུར་བོད་རིགས་དེ་མི་རིགས་ཀྱི་ངོ་བོར་གནས་དགོས་པ་དང༌། རང་གི་སྐབས་སུ་བབ་པའི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་དེ་བསྒྲུབ་དགོས་སྟབས། ང་ཚོའི་ཤེས་ཡོན་དེ་ཧ་ཅང་གལ་གནད་ཆེན་པོ་ཞིག་ཆགས་ཡོད། དེའི་ཐོག་ནས་མ་འདང་བ་ཆགས་ན་རྗེས་སུ་བཟོ་བཅོས་བརྒྱབ་རྒྱུ་མེད་པའི་གནས་སྟངས་ལ་བརྟེན། ཤེས་ཡོན་སྲིད་ཇུས་ཤིག་གཏན་ལ་ཕབ་དགོས་པ་དང༌། དེ་ལག་ལེན་བསྟར་རྒྱུའི་འབད་བརྩོན་བྱེད་པའི་གནས་སྟངས་དེ་འདྲ་རེད། དེ་དག་ངས་སྤྱི་ཡོངས་ཀྱི་རྒྱབ་ལྗོངས་ཀྱི་གནས་སྟངས་ཤིག་ཞུས་པ་ཡིན།

ད་ལྟ་ཁྱེད་ཚོའི་མཛད་རིམ་ལྟར་ན། ཤེས་རིག་དྲུང་ཆེས་ཚོགས་ཐེངས་གཉིས་དང༌། ཤེས་རིག་བཀའ་བློན་གྱིས་ཚོགས་ཐེངས་གཉིས་ཀྱི་ཐོག་ནས་ཤེས་ཡོན་སྲིད་ཇུས་སྐོར་ལ་ཞིབ་ཚགས་པོས་གསུང་བཤད་གནང་གྲུབ་འདུག་པས། ངས་བསྐྱར་དུ་ཤེས་ཡོན་སྲིད་ཇུས་ནག་པོ་འབྲུ་བཤེར་དང་ཚིག་ཐོག་ཚིག་བཞག་བཤད་པ་བརྒྱབ་ན་ཕན་ཐོགས་གང་ཡང་མེད། གཅིག་བྱས་ན་ད་ལྟ་ཞུས་པ་རྣམས་ཀྱང་ཤེས་རིག་བཀའ་བློན་དང་དྲུང་ཆེ་གཉིས་ཀྱིས་གསུངས་ཟིན་པ་ཞིག་ཀྱང་ཡིན་སྲིད། འོན་ཀྱང་ད་ལྟ་ངས་དྲན་པ་ཡིན་སྟབས་མདོར་བསྡུས་ཤིག་ཞུས་པ་ཡིན།

ང་ཚོར་ཚོགས་ཐེངས་གཉིས་ཡོད་པ་དེའི་ནང་ཁྱེད་ཚོས་ཤེས་ཡོན་སྲིད་ཇུས་གཏན་ལ་ཕབ་པ་ནས་བཟུང་དེའི་ཐོག་སློབ་སྦྱོང་གནང་ཡོད་པ་གཞིར་བཞག་རེད། ལྷག་པར་དུ་འདས་པའི་ཉིན་བཞིའི་རིང་དེའི་ཐོག་བཀའ་བསྡུར་མང་པོ་བྱུང་ཡོད་པར་བརྟེན། ཁྱེད་ཚོར་དགོངས་ཚུལ་དང་དྭོགས་འདྲི་གང་ཡོད་པ་དང༌། ཡང་ཤེས་ཡོན་སྲིད་ཇུས་ནང་མི་འཚམས་པ་དང་མི་འདང་བ་གང་གཟིགས་པ་དེ་དག་བཀའ་གནང་ན། དེའི་ཐོག་གསལ་བཤད་ཞུ་རྒྱུ་དང༌། བགྲོ་གླེང་ལ་དུས་ཚོད་བཏང་ན་བསམ་བྱུང༌། ད་ལྟ་ངས་འདིར་ཞུས་པ་རྣམས་གཞི་རིམ་རྒྱབ་ལྗོངས་ཀྱི་གནས་སྟངས་ཤིག་རེད། ད་ལྟ་འདིར་མཚམས་གཞག་རྒྱུ་ཡིན། ཁྱེད་ཚོས་བཀའ་འདྲི་དང༌། འགྲེལ་བརྗོད། དགག་པ་བཅས་གནང་རྒྱུ་གང་ཡོད་ཀྱང་ཚང་མས་འཛེམས་ཟོན་མེད་པར་གནང་རོགས་གནང་ཞུ་རྒྱུ་ཡིན། ཚོགས་ཆུང་གི་དྲི་བ་དང༌། ཡང་ན་གང་ཟག་སྒེར་གྱི་དྲི་བ་གང་ཡིན་ཁྱད་མི་འདུག ང་ཚོ་མི་ཉུང་ཉུང་རེད། ཚང་མས་འཚེར་སྣང་མེད་པར་གསུངས་ཤུགས་ཆེ་ཙམ་གསུང་རོགས་གནང༌།

དྲི་བ་དྲིས་ལན།

ཚོགས་ཆུང་དང་པོའི་དྲི་བ་ཁག

བོད་གཞུང་བཀའ་ཤག་དབུས་པའི་བོད་པའི་ཤེས་ཡོན་སྤྱི་ཁྱབ་འཛིན་སྐྱོང་ཤེས་རིག་ལས་ཁུངས་ཀྱིས་ད་རེས་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་བཅུ་གཉིས་དང༌། དེ་བཞིན་རྒྱ་གར་ནང་ཡོད་པའི་གཏན་སློབ་བཅས་ཀྱི་སློབ་སྤྱི་དང༌། རེག་ཊར་(Rector) དགེ་ཆེ་སོགས་ལ་ཆེད་མངགས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ཇུས་ཀྱི་ཟབ་སྦྱོང་གོ་སྒྲིག་དང་གོ་སྐབས་བཟང་པོ་གནང་བ་ལ་ངས་སློབ་སྤྱི་དང༌། རེག་ཊར། དགེ་ཆེ། དགེ་རྒན་བཅས་ཚང་མའི་ཚབ་ཞུས་ཏེ་གུས་བརྩི་དང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཚོ་ཚོགས་ཆུང་དང་པོའི་ནང་མི་དྲུག་ཡོད་ཅིང༌། ཤེས་ཡོན་སྲིད་ཇུས་ཐོག་གང་ཡོང་གོ་བསྡུར་ཞུས་ནས་ཡིག་ཐོག་ཏུ་ཕབ་ཡོད། བཀའ་ཁྲི་མཆོག་ལ་སྙན་གསན་ཞུ་སྐབས་ཇི་བཞིན་མ་བྱུང་བ་དང༌། ཏག་ཏག་མ་བསྡད་པ་དེ་འདྲ་ཡོད་ན་དགོངས་ཕྱོགས་མ་ནོར་བ་དང་བཟོད་བསྲན་བཞེས་རོགས་གནང་ཞུ་རྒྱུ་ཡིན།

༡ དེ་སྔ་ཤེས་ཡོན་ཚོགས་ཆེན་ཐེངས་གསུམ་པའི་སྐབས་ད་ལྟ་ཤེས་ཡོན་སྲིད་ཇུས་གསར་པ་ལམ་སེང་ལག་ལེན་བསྟར་ཐུབ་པ་མི་འདུག་པས། དེ་ལས་སྔོན་ཚུད་དཔེ་སྟོན་སློབ་གྲྭ་ཞིག་གསར་འཛུགས་དགོས་མཁོར་གཞིགས་དོན་ལྟར། དྷ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དེ་གསར་འཛུགས་གནང་བར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ད་ཆ་ལག་ལེན་ངོ་མའི་ཐོག་ནས་ཤེས་ཡོན་སྲིད་ཇུས་གསར་པའི་དགོངས་དོན་ལྟར་གྲུབ་འབྲས་ཐུགས་བློ་ཁེངས་པ་ཐོན་གྱི་ཡོད་དམ་མེད་བཀའ་ཁྲི་མཆོག་ནས་གསལ་བཤད་སྙིང་བསྡུས་ཤིག་བཀའ་དྲིན་ཆེ་བ་ཞུ།

༢ བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་བཅུ་གཉིས་ཡོད་པའི་ནང་ཤེས་ཡོན་སྲིད་ཇུས་གསར་པའི་དགོངས་དོན་འབྱུང་འགྱུར་འཛིན་སྐྱོང་ངོས་ནས་ལག་བསྟར་འབད་བརྩོན་ཐབས་ལམ་ཞུ་རྒྱུའི་འདུན་པ་ཡོད་ཀྱང༌། གནས་ཡུལ་ས་གནས་ཀྱི་ཁྲིམས་ལུགས་དང་ཤེས་ཡོན་སྲིད་ཇུས་ལ་བསྟུན་དགོས་སྟབས། ལག་ལེན་ངོ་མའི་ཐོག་ཤར་བསྐྱོད་དཀའ་བས་དཀའ་ངལ་དེ་དག་སེལ་ཐབས་སུ་བཀའ་ཁྲི་མཆོག་ནས་བཀའ་སློབ་ལམ་སྟོན་གནང་སྐྱོང་ཡོང་བ་ཞུ།

༣ ཤེས་ཡོན་ལམ་སྲོལ་སྐོར། དྲུག་པའི་གཉིས་པ། སྔོན་འགྲོ་དང་དམའ་རིམ་འཛིན་གྲྭ་ཁག་ལ་དགེ་རྒན་ཚད་ལྡན་བསྐོ་དགོས་པའི་སྐོར་གསལ་འདུག་ཀྱང༌། ཕྱག་བསྟར་ངོ་མའི་ཐོག་ད་དུང་ཡང་སྔོན་འགྲོ་དང་དམའ་རིམ་ཡོད་ས་སློབ་གྲྭ་མང་པོ་ཞིག་ལ་དགེ་རྒན་ཚད་ལྡན་བསྐོ་བཞག་གནང་ཐུབ་མི་འདུག་པས། དོན་དངོས་སློབ་ཕྲུག་ཚོ་ལ་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་ལ་སོང༌། དུས་ནམ་ཞིག་དགེ་རྒན་ཚད་ལྡན་བསྐོ་གཞག་བྱེད་ཐུབ་བམ། དགེ་རྒན་ཚད་ལྡན་མ་རག་པའི་རྒྱུ་རྐྱེན་གཙོ་བོ་དེ་དགེ་རྒན་ལ་གསོལ་ཕོགས་དང་མཐུན་རྐྱེན་སྦྱར་རྒྱུ་ལ་རག་ལས་པར་སོང་མཐུན་རྐྱེན་དགོས་མཁོ་ཚང་བ་དུས་ནམ་ཞིག་ལ་གཏན་འབེབས་གནང་ཐུབ་བམ།

༤ དྲུག་པའི་དྲུག་པ། ནང་དོན་རིག་པ་དོན་གཉེར་བྱ་རྒྱུ་གལ་འགངས་ཆེ་བར་སོང་ད་ལྟའི་ནང་དོན་རིག་པའི་སློབ་ཁྲིད་གནང་མཁན་ཆོས་བརྒྱུད་རིས་མེད་ཀྱི་དགེ་བཤེས་འཕྲལ་དུ་བསྐོ་གཞག་གནང་སྐྱོང་ཡོང་བ་དང༌། ད་ལྟའི་ཆར་སློབ་གྲྭ་མང་པོ་ཞིག་གི་ནང་ཆོས་དགེ་མེད་པ་མང་པོ་ཡོད་པས་དགེ་བཤེས་ཚད་ལྡན་ཆོས་དགེར་འཕྲལ་དུ་བསྐོ་གཞག་གནང་སྐྱོང་ཡོང་བ་ཞུ།

༥ བདུན་པའི་བཞི་པ་དེ་གཞི་རིམ་ཤེས་ཡོན་གྱི་སྒྲོམ་གཞིའི་སྐོར། སྔོན་འགྲོའི་འཛིན་གྲྭའི་ལམ་སྲོལ་བོད་མིར་འཚམས་པ་ཞིག་གསར་གཏོད་མ་བྱུང་བར་མོན་ཊེ་སོ་རིའི་ལམ་ལུགས་བརྒྱུད་མི་དགོས་པར་སྲོལ་རྒྱུན་ལམ་ལུགས་ཁོ་ན་འཕྲལ་དུ་ཕྱག་བསྟར་གནང་ཐབས་ཡོང་བ་ཞུ།

༦ བཅུ་གཅིག་དགེ་རྒན་གྱི་བཟང་སྤྱོད་ཐོག་ལ། ང་ཚོའི་ཕྲུ་གུར་མིག་དཔེ་བཟང་པོ་སྟོན་མཁན་གྱི་དགེ་རྒན་དེ་ཡ་རབས་སྤྱོད་བཟང་སྟོན་མཁན་ཞིག་དགོས་གལ་ཆེ་ཡང༌། ལྷག་པར་སློབ་གྲྭ་ཞིག་ནས་སྒྲིག་སྤྱོད་འགལ་ནས་ལས་གནས་ནས་ཕྱིར་ཕུད་བྱས་པ་སློབ་གྲྭ་གཞན་ཞིག་ནང་ལས་ཀ་བྱེད་མུས་སུ་ཡོད་པ་ཚང་མས་མཁྱེན་གསལ་ལ་སོང༌། སླད་དེ་རིགས་མི་འབྱུང་ཆེད་ལས་བྱེད་ཀྱི་ཀུན་སྤྱོད་དག་བཤེར་ཞེས་པའི་མ་དེབ་ཅིག་རང་གཞུང་ཤེས་རིག་ལྷན་ཁང་ནས་བདག་ཉར་གནང་ཐབས་དང༌། ལས་བྱེད་རྙིང་པ་གང་ཞིག་སློབ་གྲྭ་གཞན་དུ་བསྐྱོད་སྐབས་ཀུན་སྤྱོད་དག་བཤེར་མ་དེབ་ནང་གཟིགས་བདེ་བཟོ་ཐབས་ཡོང་བ་འབོད་སྐུལ་ཞུ་རྒྱུ་ཡིན།

༧ བཅུ་གསུམ་གྱི་དང་པོ་ཤེས་ཡོན་ཐོབ་ཐང་གི་སྐོར། སློབ་ཡོན་དང་གླ་ཡོན་འབུལ་མི་དགོས་ཞེས་གསལ་ཡང༌། ད་ལྟ་སློབ་གྲྭ་མང་པོ་ཞིག་ནང་སློབ་ཡོན་དང་གླ་ཡོན་སོགས་སྡུད་བཞིན་པ་དང༌། དེ་ལྟར་མ་བསྡུ་ན་འཛིན་སྐྱོང་བྱ་རྒྱུར་དཀའ་ངལ་དངོས་འབྲེལ་འཕྲད་རྒྱུར་སོང༌། དེའི་ཐོག་བཀའ་ཁྲི་མཆོག་ནས་ལམ་སྟོན་བཀའ་དྲིན་ཆེ་བ་ཞུ།

ཤེས་ཡོན་གྱི་ཐོབ་ཐང་དེའི་སྐོར་ལ། ད་ལྟ་བལ་ཡུལ་ཀ་ཐ་མན་གྲུ་མངའ་ཁུལ་ནང་སློབ་གྲྭ་བཞི་ཡོད་པ་དེའི་སློབ་ཡོན་ཐོག་ལ་ད་ལྟ་རང་ཁ་རང་གསོ་བྱས་ནས་འབུལ་གྱི་ཡོད། མ་འོངས་པར་ཤེས་ཡོན་སྲིད་ཇུས་གསར་པའི་བཀའ་དགོངས་ལྟར་ཕྱིན་ན་འཛིན་སྐྱོང་ལ་དཀའ་ངལ་འཕྲད་དང་མི་འཕྲད་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན་ཁག

དཔེ་སྟོན་སློབ་གྲྭའི་གྲུབ་འབྲས་འདོད་བློ་ཁེངས་པ་བྱུང་ཡོད་དམ་ཞེས་བཀའ་འདྲི་གནང་སོང༌། དཔེ་སྟོན་སློབ་གྲྭའི་གྲུབ་འབྲས་འདོད་བློ་ཁེངས་མི་ཁེངས་ཀྱི་གནས་སྟངས་འགྲེལ་བརྗོད་བྱེད་རྒྱུར་སྡེ་ཚན་ཁ་ཤས་ཤིག་དབྱེ་བ་ཕྱེ་དགོས་སྙམ། དཔེ་སྟོན་སློབ་གྲྭ་ཚུགས་སའི་ད་ལྟའི་ས་ཆ་དེ་དཔེ་སྟོན་སློབ་གྲྭ་ཚུགས་འོས་པའི་མཐུན་རྐྱེན་ཚང་བ་ཞིག་མེད་ཅིང༌། ས་ཁུལ་དོག་པོ་དང༌། རྩེད་ཐང་སོགས་མེད་པ། སློབ་ཕྲུག་གི་གྲངས་འབོར་དང་འཚམས་པའི་ཁང་ཁུངས་མེད་པ། ལས་བྱེད་ཀྱི་སྡོད་ཤག་སོགས་ཚད་ལྡན་མེད་པ་བཅས་ཕྱིའི་མཐུན་རྐྱེན་གྱིས་མ་འདང་བ་མང་པོ་ཞིག་ཡོད། དཔེ་སྟོན་སློབ་གྲྭ་དེ་ཕྱིའི་མཐུན་རྐྱེན་མ་འཛོམས་བཞིན་དུ་དྷ་རམ་ས་ལར་བཙུགས་རྒྱུ་དེ་ལ་རེ་བ་གང་བརྒྱབས་ཡོད་ཅེ་ན། ཤེས་རིག་བཀའ་བློན་དང་དྲུང་ཆེ། བཀའ་བློན་ཁྲི་པ་སོགས་སྲིད་ཇུས་དང་འབྲེལ་བ་ཡོད་པའི་ལས་ཀྱི་སྣེ་མོ་བ་ཚོ་ཡང་ཡང་དཔེ་སྟོན་སློབ་གྲྭར་འགྲོ་ཐུབ་པ་དང༌། དཔེ་སྟོན་སློབ་གྲྭའི་ལས་དོན་ཐོག་ཐག་ཉེ་པོའི་སྒོ་ནས་ལྟ་སྐྱོང་བྱེད་ཐུབ་པའི་ཆེད་ཡིན་རུང༌། ང་ཚོ་ལས་ཀྱི་སྣེ་མོ་བ་རྣམས་དེར་ཡང་ཡང་འགྲོ་རྒྱུའི་དུས་ཚོད་བྱུང་མེད།

དེ་འདྲའི་དབང་གིས་ད་ལྟ་ཕྱིར་བལྟས་སློག་སྐབས་དམིགས་ཡུལ་གང་གི་ཆེད་དུ་དྷ་རམ་ས་ལའི་ས་ཆ་ཆུང་ཆུང་ཞིག་ནང་བཙུགས་པའི་དམིགས་ཡུལ་དེ་མ་གྲུབ་པ་རེད། རིང་པོར་མི་ཐོགས་པར་དཔེ་སྟོན་སློབ་གྲྭ་དེ་ཕྱིའི་མཐུན་རྐྱེན་ཚང་བ་ཞིག་ཏུ་སྤོ་བའམ། ཡང་ན་ཕྱིའི་མཐུན་རྐྱེན་ཚང་བ་ཞིག་དཔེ་སྟོན་སློབ་གྲྭར་བསྒྱུར་ཐུབ་ན་ཡར་རྒྱས་འགྲོ་རྒྱུར་སྟབས་བདེ་བ་མེད་དམ་སྙམ་པ་དེ་ད་ལྟ་ང་ཆོའི་བསམ་བློའི་ནང་ཡོད་བཞིན་པ་རེད། ད་ལྟའི་དཔེ་སྟོན་སློབ་གྲྭ་འདི་ལ་མཚོན་ན་སློབ་ཕྲུག་ཉུང་ཉུང་ལས་མེད་རུང་མཐུན་རྐྱེན་ཆ་ཚང་འཛོམས་ཀྱི་མེད།

དེའི་ཆ་ནས་དཔེ་སྟོན་སློབ་གྲྭའི་གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་མེད། དེ་ཡང་ཕྱིའི་སྒྲོམ་གཞིའི་ཆ་ནས་འདོད་བློ་མ་ཁེངས་པ་ལས། དེའི་ནང་ལ་སློབ་སྟོན་བྱེད་སྟངས་དང༌། སློབ་གྲྭ་བ་དང་དགེ་རྒན་ལས་བྱེད་དབར་འབྲེལ་བ་བཞག་སྟངས། སློབ་ཚན་སྒྲིག་སྟངས། སློབ་ཕྲུག་དེ་ཚོར་དམ་བསྒྲགས་ཀྱི་སྒྲིག་འཛུགས་མེད་པས་སེམས་པ་གུ་ཡངས་པོ་དང༌། སྤོབས་པ་ལྡན་པ་ཡོང་ཐུབ་པ། ལྷག་པར་དུ་གནས་ཚུལ་ཚང་མའི་ཐོག་བརྟག་དཔྱད་ཞིབ་འཇུག་དང༌། དྲི་བ་དྲིས་ལན་གྱི་ལམ་སྲོལ་བཟོ་ཐུབ་པ་བཅས་ཀྱི་ཆ་ནས་འདོད་བློ་ཁེངས་ངེས་བྱུང་ཡོད་ཅེས་ཞུ་རྒྱུ་ཡིན།

བལ་ཡུལ་ནང་ཡོད་པའི་སློབ་གྲྭ་ཁག་བཅུ་གཉིས་དེ་གནས་ཡུལ་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དང་བསྟུན་དགོས་པ་ཡིན་སྟབས། ཤེས་ཡོན་སྲིད་ཇུས་དེ་གང་འདྲ་ལག་ལེན་བསྟར་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་སོང༌། དེ་ངས་འགོ་འཛུགས་ཐོག་ཞུས་པ་ཡིན། དེ་འདྲའི་བསམ་ཚུལ་རྒྱ་གར་ནང་དུའང་ཡོད་མུས་རེད། བལ་ཡུལ་ནང་རྒྱལ་ཁབ་ཀྱི་ཤེས་ཡོན་སྲིད་ཇུས་དང་སྒྲོམ་གཞི་གང་འདྲ་ཡོད་པ་དང༌། དེའི་ནང་ང་ཚོའི་ད་ལྟའི་ཤེས་ཡོན་སྲིད་ཇུས་དེ་འོས་འཚམས་ཡོང་གི་ཡོད་མེད་སྐོར་ང་ལ་ཞུ་རྒྱུ་གང་ཡང་མེད། གང་ལགས་ཤེ་ན། བལ་ཡུལ་གྱི་གནས་སྟངས་ངས་གང་ཡང་ཤེས་ཀྱི་མེད། རྒྱ་གར་གྱི་གནས་སྟངས་ལ་དཔེ་སྦྱར་ནས་ཞུས་ན། བལ་ཡུལ་ལའང་རྒྱ་གར་དང་མཚུངས་པ་ཞིག་གནང་རྒྱུ་མེད་དམ་བསམ་གྱི་འདུག

སྤྱིར་བཏང་ད་ལྟའི་གནས་སྐབས་ལ་Central Board of Secondary Education, School Leaving Certificate, Open School སོགས་རྒྱ་གར་རྒྱལ་ཡོངས་ལ་ཁྱབ་པའི་སྒྲོམ་གཞི་མང་པོ་ཡོད་ཅིང༌། དེ་མིན་མངའ་སྡེ་སོ་སོའི་ནང་སྒྲོམ་གཞི་ལོགས་སུ་ཡོད་པའང་ཡོད། འོན་ཀྱང་རྒྱ་གར་རྒྱལ་ཡོངས་ལ་ཁྱབ་པའི་སྒྲོམ་གཞི་དེ་དག་ནང་གལ་ཆེ་ཤོས་གཅིག་Central Board of Secondary Education དེ་རེད། ང་ཚོའི་བོད་པའི་སློབ་གྲྭ་མང་ཆེ་བ་དེ་དང་མཉམ་དུ་སྦྱར་ཡོད། དེ་བཞིན་All India School Leaving Certificate ཞེས་པ་དང༌། དེ་མིན་རྒྱལ་ཡོངས་ཀྱི་སྒྲོམ་གཞི་མང་པོ་ཡོད་པའི་ནང་ནས་Open School དེ་དེང་སང་ཁྱབ་ཆེན་པོ་རེད། དེ་ཚོའི་ནང་དེ་ཙམ་གྱི་དོ་དམ་པོ་དང་གུ་དོག་པོ་མེད་རུང༌། ཁོང་ཚོའི་དགོས་མཁོའི་སྒྲོམ་གཞི་ཆ་ཚང་བསྒྲུབ་དགོས་ཤིང༌། ལྷག་པར་དུ་འཛིན་གྲྭ་དགུ་པ་དང་བཅུ་པ། བཅུ་གཅིག་དང་བཅུ་གཉིས་ནང་སླེབས་སྐབས་སློབ་ཚན་གྱི་གྲངས་ཀ་མང་ཉུང་དང༌། སློབ་དེབ། སློབ་སྦྱོང་གི་སྐད་ཡིག་རྣམས་རེད།

དེ་ཚོའི་ནང་ང་ཚོའི་ངོས་ནས་མཐུན་རྐྱེན་འཛོམས་ན། ང་ཚོའི་སྲིད་ཇུས་དང་མཐུན་པར་འགྲོ་མི་ཐུབ་པ་གང་ཡང་མེད། ལྷག་པར་དུ་འདས་པའི་ལོ་གཉིས་གསུམ་ནང་སི་བི་ཨེས་ཨི་(CBSE) མཚོན་རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཕྱིན་ཡོད། དེའི་ནང་ནས་གལ་ཆེ་ཤོས་གཅིག་ཨེན་སི་ཨི་ཨར་ཊི་(NCERT) དེ་རེད། དེ་ད་ལྟ་གཞི་ནས་གཉིད་སད་དེ་སྤུས་ཚད་ཐད་འགྱུར་བ་གཞི་རྒྱ་ཆེན་པོ་གཏོང་དགོས་པ་དེ་ཤེས་ཡོད་པར་བརྟེན། རྒྱུགས་སྤྲོད་ཀྱི་ལམ་སྲོལ་དང༌། སློབ་དེབ་སོགས་ཚང་མའི་ཐོག་འདས་པའི་ལོ་གསུམ་ཙམ་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད། ང་ཚོས་ལོ་བཞི་ལྔའི་གོང་དུ་བཤད་པའི་འགྱུར་བ་དེ་ཚོ་ཁོང་ཚོས་ད་ལྟ་གཞི་ནས་ལག་ལེན་བསྟར་བཞིན་ཡོད། འགྱུར་བ་མ་ཕྱིན་པར་རྒྱ་གར་རྒྱལ་ཁབ་དང་མི་རིགས་ཀྱི་དགོས་མཁོ་བསྒྲུབ་ཐུབ་ཀྱི་མེད། འཛིན་གྲྭ་བརྒྱད་པ་ཡན་བོད་ཀྱི་སྐད་ཡིག་དེ་སློབ་གྲྭའི་སྐད་ཡིག་གི་ངོ་བོར་འགྲོ་རྒྱུའི་སྐོར་ལ་ང་ཚོའི་ངོས་ནས་མ་འདང་བ་དང༌། མཐུན་རྐྱེན་མ་འཛོམས་པ་མ་གཏོགས། སྒྲོམ་གཞིའི་ནང་ལ་མ་འཚམས་པ་གང་ཡང་མེད། གལ་སྲིད་སྒྲོམ་གཞི་ཁ་ཤས་ནང་མ་འཚམས་པ་ཡོད་ནའང་ཨོ་པན་སི་ཀུལ་(Open School) ནང་གཏང་ཐུབ། ཡིན་ནའང་སྔོན་ལ་ང་ཚོའི་ངོས་ནས་མཐུན་རྐྱེན་འཛོམས་དགོས། གལ་ཏེ་བལ་ཡུལ་ནང་ལའང་གནས་ཡུལ་གཞུང་གི་འགྲོ་སྟངས་དེ་རྒྱ་གར་དང་འདྲ་ན། ང་ཚོའི་ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་བ་ལ་དེ་ཙམ་དཀའ་ངལ་འཕྲད་ཀྱི་མ་རེད།

ད་ལྟ་ང་ཚོའི་ངོས་ནས་མཐུན་རྐྱེན་བརྒྱ་ཆ་བརྒྱ་ཐམ་པ་འཛོམས་ཀྱི་མེད། གལ་ཏེ་ང་ཚོར་ཆོད་སེམས་ཤིག་ཡོད་ན་ཁོང་ཚོའི་སྒྲོམ་གཞིའི་ནང་བསྡད་བཞིན་དུ་ཤེས་ཡོན་སྲིད་ཇུས་བརྒྱ་ཆ་བརྒྱ་ཐམ་པ་ལག་ལེན་བསྟར་མ་ཐུབ་ནའང༌། ང་ཚོས་ཐབས་ཤེས་བྱེད་ན་བརྒྱ་ཆ་བདུན་བཅུ་དོན་གྲངས་ཏན་ཏན་ལག་ལེན་བསྟར་ཐུབ་སྙམ། ཡིན་ནའང་ས་གནས་ལ་ཡོད་པའི་མི་དེ་ཚོས་ཞིབ་འཇུག་དང་ཐབས་ཤེས་བྱེད་རྒྱུ་མ་གཏོགས། ང་ཚོ་འདི་ནས་འདི་འདྲ་བྱེད་རྒྱུ་ཡོད་ཅེས་ཞུ་ཐུབ་དཀའ། ངས་ད་ལྟ་རྒྱ་གར་གྱི་སྒྲོམ་གཞི་ལ་དཔེ་བླངས་ན་བརྒྱ་ཆ་བདུན་ཅུ་ཙམ་ལག་བསྟར་ཐུབ་ཀྱི་རེད་ཅེས་ཞུ་གི་ཡོད།

སྔོན་འགྲོ་དང་དམའ་རིམ་དགེ་རྒན་ཚད་ལྡན་མི་འདུག་གསུངས་པ་དེ་དངོས་གནས་རེད། དགེ་རྒན་ཚད་ལྡན་དགོས་པ་དེ་སྲིད་ཇུས་ནང་འཁོད་ཡོད་རུང༌། དགེ་རྒན་ཚད་ལྡན་རག་གི་མེད་སྟབས། ང་ཚོས་རིམ་པས་དགེ་རྒན་ཚད་ལྡན་མང་པོ་འཐོན་ཆེད་ད་ལྟ་གཞི་རིམ་སློབ་སྦྱོང་འགྲོ་བཞིན་པ་དེ་ཚོའི་ནང་ནས་གསོ་སྐྱོང་བྱས་ཏེ་དམིགས་བསལ་དགེ་རྒན་འོས་སྦྱོང་སྤྲོད་རྒྱུ་དང༌། དེ་རྗེས་སྔོན་འགྲོ་དང་དམའ་རིམ་འཛིན་གྲྭའི་དགེ་རྒན་བཟོ་རྒྱུར་ག་ལེར་བསྒྲུབ་ཐུབ་པའི་རེ་བ་དང་སྲིད་ཇུས་ཤིག་ཡོད་ཅིང༌། རེ་བ་བྱེད་རྒྱུ་མ་གཏོགས་ཉིན་གཅིག་ལ་དགོས་མཁོ་ཡོངས་སུ་རྫོགས་པ་ཞིག་བཟོ་ཐབས་མེད།

ད་ལྟ་ཚད་ལྡན་ཡོད་མེད་བཤད་རྒྱུ་ལྟ་ཞོག དགེ་རྒན་གྱི་མི་འགྲོ་ཚང་ཆེད་ཚད་དང་ལྡན་མིན་ཚང་མ་བཅུག་ནའང་འདང་གི་མེད། དེ་ལ་དུས་ཚོད་གང་ལ་གང་འཚམས་འགོར་ངེས། ལྷག་པར་དུ་རྒྱ་གར་ནས་བལ་ཡུལ་ལ་དགེ་རྒན་གཏོང་རྒྱུ་དང༌། ཡང་ན་བལ་ཡུལ་ནས་རྒྱ་གར་ལ་དགེ་རྒན་གཏོང་རྒྱུ་སོགས་ཧ་ཅང་ཁག་པོ་ཡིན་སྟབས། ལུང་པ་སོ་སོའི་ནང་དགེ་རྒན་འཚར་ལོངས་ཡོང་རྒྱུར་ལས་གཞི་བཟོ་དགོས་ཧ་ཅང་གལ་ཆེན་པོ་རེད། ལས་གཞི་དེ་ཚོའི་ཐོག་བཙན་བྱོལ་བོད་གཞུང་དང་ཤེས་རིག་ལས་ཁུངས་ངོས་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གང་དགོས་ནའང་ངེས་པར་དུ་འབུལ་དགོས་པ་ཞིག་རེད། དེས་ན་ས་གནས་སོ་སོའི་ནང་དགེ་རྒན་འཐོན་ཐུབ་པ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད།

གླ་ཕོགས་ཆུང་ཆུང་ཡིན་སྟབས་དགེ་རྒན་ཡག་པོ་རག་གི་མེད་པར་བརྟེན། དགེ་རྒན་གྱི་གླ་ཕོགས་སྤར་རྒྱུའི་ཐབས་ཤེས་གནང་གི་རེད་དམ་ཞེས་བཀའ་གནང་སོང༌། དེ་ལ་ལྟ་ཕྱོགས་གཉིས་རེད། གནས་ཚུལ་འདིར་ཕྱོགས་མང་པོ་ཞིག་ནས་བལྟ་དགོས་པ་དང༌། འབད་བརྩོན་བྱེད་དགོས་པ་ཞིག་རེད། སྤྱིར་བཏང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དགེ་རྒན་གལ་ཆེན་པོ་ཡིན་པ་དང༌། དགེ་རྒན་རྣམས་ལ་སྤྱི་ཚོགས་ནང་མཐོང་དང་གླ་ཕོགས་ཆེན་པོ་སྤྲད་དགོས་ཞེས་གསལ་ཡོད། དེ་མཚུངས་ཤེས་ཡོན་སྲིད་ཇུས་ནང་ལའང་འཁོད་ཡོད། ཡིན་ནའང་དེ་ལག་ལེན་ལ་བསྟར་དང་མ་བསྟར། ལག་ལེན་ལ་ཇི་ལྟར་བསྟར་ཐུབ་ཟེར་བ་དེར་བསྐྱར་དུ་ཕྱོགས་གཉིས་ནས་བསམ་བློ་གཏོང་དགོས།

ཕྱོགས་གཅིག་ནས་རྒྱ་གར་ནང་ཡོད་པའི་སློབ་གྲྭ་ཁག་ལ་མཚོན་ན་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་གྱི་ཕོགས་རིམ་དང༌། གནས་རིམ། ཕོགས་ཐོབ་འགྲོ་སྟངས་ཀྱི་སྒྲོམ་གཞི་ཞིག་ཡོད། སྒྲོམ་གཞི་དེ་ལས་བརྒལ་རྒྱུ་དེ་གཅིག་བྱས་ན་ཁག་པོ་མིན་འགྲོ ཕྱོགས་གཞན་ནས་སློབ་གྲྭའི་འཛིན་སྐྱོང་སོ་སོར་དཔལ་འབྱོར་གྱི་འདུ་འགོད་ཆེ་ཆུང་སྣ་ཚོགས་ཤིག་ཡོད་པར་བརྟེན། དགེ་རྒན་ཚོ་ལ་འདོད་བློ་ཚིམས་ངེས་གླ་ཆ་སྤྲད་ཐུབ་པའི་དཔལ་འབྱོར་གྱི་འདུ་འགོད་བྱེད་ཐུབ་མཁན་དང་མི་ཐུབ་མཁན་ཡོང་སྲིད།

དེས་ན་ད་ལྟའི་གནས་སྟངས་ལ་དགེ་རྒན་ལ་གླ་ཕོགས་ཆེན་པོ་སྤྲད་དང་མི་སྤྲད་ཟེར་བ་དེ་རྙོག་འཛིང་ཚ་པོ་ཞིག་རེད། འོན་ཀྱང་དེ་ནི་མི་རིགས་ཤིག་གི་འབྱུང་འགྱུར་གྱི་གནས་བབ་དང་འབྲེལ་བ་ཡོད་སྟབས། དེ་ཚོའི་ཐོག་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེས་ན་ཞིབ་འཇུག་གིས་ག་རེ་བྱེད་ཐུབ་མིན་བང་ཞིག་སྒྲིག་བཞིན་ཡོད། དེ་ནི་ཕྱོགས་གཅིག་གི་བཀའ་མོལ་རེད། དེ་ལས་ཀྱང་གལ་ཆེ་བ་ཕྱོགས་གཞན་ནས་བལྟ་དགོས་པ་དེ་གང་རེད་ཅེ་ན། གླ་ཕོགས་ཆེན་པོ་ཡོད་པའི་དབང་གིས་ཡོང་མཁན་གྱི་མི་དེ་ཚོ་དགེ་རྒན་ཚད་ལྡན་ཆགས་ཀྱི་རེད་དམ་མ་རེད་ཅེས་པའི་དྲི་བ་འདི་དེ་སྔོན་གྱི་དྲི་བ་ལས་གནད་འགག་ཆེ་བ་ཞིག་རེད།

ཀྲྀཥ྄ཎམཱུརྟིཕཽནཌེཤོན་(Krishnamurti Foundation) གྱི་སློབ་གྲྭ་ཁག་བརྒྱད་དགུ་ཞིག་ཡོད་པ་དེ་ཚོའི་ནང་དགེ་རྒན་ཧ་ཅང་ཡག་པོ་དེ་འདྲ་ཡོད། དེ་ཚོ་ལ་ང་ཚོས་ཕོགས་དེ་རྒྱ་གར་གྱི་དགེ་རྒན་གཞན་དག་ལས་ཏོག་ཙམ་དམའ་བ་སྤྲད་ཀྱི་ཡོད། དེའི་རྒྱུ་མཚན་ནི་ཕོགས་ཆེན་པོ་སྤྲད་ན་ཕོགས་ལ་ལྟ་མཁན་དེ་ཚོ་སླེབས་རྒྱུ་རེད། གལ་ཏེ་ཕོགས་དེ་འདང་ཙམ་སྤྲད་ན་དངོས་གནས་ཀྲྀཥ྄ཎམཱུརྟིའི་(Krishnamurti) ལྟ་གྲུབ་ལ་སློབ་སྦྱོང་བྱེད་འདོད་ཡོད་པ་དང༌། དེའི་ལྟ་གྲུབ་ཀྱི་སྒོ་ནས་ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་མཁན་དེ་ཚོ་ཡོང་གི་རེད། ཀྲྀཥ྄ཎམཱུརྟི་ཕཽནཌེཤོན་(Krishnamurti Foundation) ལ་དངུལ་མ་འདང་བའི་རྐྱེན་གྱིས་ཕོགས་མ་སྤྲད་པ་མ་རེད། ལས་བྱེད་མང་ཆེ་བ་དྭང་བླང་རེད། ཁ་ལག་དང་སྡོད་སའི་མཐུན་རྐྱེན་གང་ཡག་སྤྲད་པ་ལས་ལག་པར་འབབ་རྒྱུའི་དངུལ་དེ་གཡས་གཡོན་གྱི་སློབ་གྲྭ་ལས་བརྒྱ་ཆ་བཅོ་ལྔ་ཉི་ཤུ་ཞིག་ཉུང་བ་སྤྲོད་ཀྱི་ཡོད། དེའི་རྒྱབ་ལོགས་ཀྱི་དམིགས་ཡུལ་ནི་ཕོགས་ལ་ལྟ་མཁན་དེ་དག་མི་ཡོང་བ་དང༌། ལས་དོན་ལ་ལྟ་མཁན་དེ་དག་ཡོང་བའི་ཆེད་དུ་རེད།

དེར་བརྟེན་ང་ཚོའི་ཡིག་ཆའི་ནང་དགེ་རྒན་ལ་མཐོང་དང་གླ་ཕོགས་དགོས་པའི་སྐོར་དེ་བཀོད་ཡོད་ཀྱང༌། དེ་ལས་གལ་ཆེ་བ་དགེ་རྒན་ཡག་པོ་བྱེད་རྒྱུའི་འདུན་པ་དང་ལྷག་བསམ་ཡོད་པ་བསྐྲུན་རྒྱུ་དེ་གལ་ཆེ་བ་རེད་བསམ་གྱི་ཡོད། ད་གིན་དམའ་རིམ་དགེ་རྒན་ཚད་ལྡན་མི་འདུག་ཅེས་པ་དང༌། དགེ་རྒན་གྱི་གླ་ཕོགས་སྤར་དགོས་ཟེར་བའི་དྲི་བ་གཉིས་པོ་དེ་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་རེད། སྤྱིར་བཏང་དགེ་རྒན་གྱི་མི་འགྲོ་དེ་གང་མང་མང་ཞིག་བཟོ་དགོས་ཀྱི་ཡོད། དེའི་ཐོག་ལ་ཞིབ་འཇུག་བྱེད་དགོས་པ་ཞིག་རེད་ཅེས་ཞུ་རྒྱུ་ཡིན།

ཆོས་དགེ་དགོས་ཀྱི་འདུག་གསུངས་པ་དེ་ཡང་ཕྱོགས་གཉིས་ནས་བསམ་བློ་གཏོང་དགོས། ནང་དོན་རིག་པ་དང་ཚད་མ་རིག་པ་གཉིས་རྩལ་དུ་བཏོན་ནས་བསླབ་དགོས་པ་དེ་ཤེས་ཡོན་སྲིད་ཇུས་ཀྱི་གལ་གནད་ཅིག་ཆགས་ཡོད། ཡིན་ནའང་སློབ་ཚན་ནང་གཟིགས་ན་བང་སྒྲིག་སྐབས་དམིགས་བསལ་གྱི་སློབ་ཚན་ཟུར་དུ་མང་པོ་ཞིག་དེ་ཚོའི་ནང་གཏོང་གི་མེད། ཚད་མ་རིག་པ་ཡིན་ན་མགོ་སྟོད་ལ་སློབ་ཚན་དགའ་རབ་ཅིག་བསླབ་དགོས་ཀྱང་རྗེས་སུ་རིམ་པས་འགྲོ་སྐབས་སློབ་ཚན་དུ་གཏོང་མི་དགོས་པ་རེད།

ངས་དཔེ་མཚོན་ཞིག་ཞུས་ན། རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཚང་མའི་དངུལ་གྱི་མཐུན་རྐྱེན་སྤྲོད་མཁན་གྱི་སྒྲིག་འཛུགས་University Grants Commission-UGC ཟེར་བ་ཞིག་ཡོད། དེ་ཡིས་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་ཚང་མའི་སློབ་ཚན་གྱི་འགྲོ་སྟངས་སོགས་ལ་བཏང་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་༡༩༩༦།༡༩༩༧ སྐབས་སུ་ཡུ་ནེས་ཀོ་(UNESCO) ཡི་སྙན་ཐོ་ཞིག་ལ་འབྲེལ་བ་ཆགས་ནས་ཡུ་ཇི་སི་(UGC) ནས་མཐོ་རིམ་སློབ་གྲྭ་ཚང་མའི་B.A. དང་M.A. གཉིས་ཀའི་སློབ་ཚན་ནང་ཁོར་ཡུག་སྲུང་སྐྱོབ་དང༌། བཟང་སྤྱོད་ཀྱི་གནས་སྟངས་གཉིས་པོ་དེ་བསླབ་དགོས་པ་དང༌། སློབ་མཁན་གྱི་དགེ་རྒན་དགོས་པ། དེ་རྒྱུགས་སྤྲོད་ནང་བརྒྱ་ཆ་ལྔ་བཅུ་ལས་མི་ཉུང་བའི་རྒྱུགས་ཤོག་ཅིག་བཅུག་དགོས། དེ་མ་བཅུག་ན་ཡུ་ཇི་སི་(UGC) ནས་དངུལ་འཐོབ་རྒྱུའི་འོས་ཆོས་དེ་མ་ཚང་བར་བརྟེན། བཀག་རྒྱུ་ཡིན་ཞེས་བཀའ་ནན་པོ་ཞིག་བཏང་བ་རེད།

དེ་དུས་ང་ཝཱརཱཎསཱི་མཐོ་རིམ་སློབ་གྲྭར་ཡོད་པའི་སྐབས་དེ་རེད། ངས་དེ་བཅུག་རྒྱུ་མིན་ཞེས་བཤད་པ་ཡིན། དེར་བརྟེན་ང་ཚོ་ཡུ་ཇི་སི་(UGC) མཉམ་དུ་རྩོད་པ་ཤུགས་ཆེ་བྱུང་ཞིང༌། ཁོང་ཚོས་བཟང་སྤྱོད་སྐོར་ལ་Value Education དང༌། ཁོར་ཡུག་གི་སྐོར་ལ་Environmental Education ཞེས་བཏགས་འདུག ངས་སློབ་ཚན་ནང་གཞག་རྒྱུ་མིན་ཟེར་བའི་རྒྱུ་མཚན་ནི། ང་ཚོས་སློབ་བཞིན་པའི་སློབ་ཚན་གཞན་རྣམས་Valueless དང༌། Environment དང་འབྲེལ་བ་མེད་པ་ཞིག་ཡིན་ནམ། དེ་ཡིན་ན་ཧ་ཅང་ཐབས་སྐྱོ་པོ་རེད།

ང་ཚོས་ཞོགས་པ་ནས་དགོང་མོ་བར་སློབ་པའི་སློབ་ཚན་རྣམས་བཟང་སྤྱོད་དང་ཁོར་ཡུག་ལ་འབྲེལ་བ་མེད་པར། ཁོར་ཡུག་གཏོར་བཤིག་དང་བཟང་སྤྱོད་མེད་པ་བཟོ་རྒྱུ་ཤ་སྟག་སློབ་ཀྱི་ཡོད་ན། བརྒྱ་ཆ་ལྔ་བཅུ་རེའི་ཤོག་ལེབ་གཉིས་བཞག་ནས་ཕན་ཐོགས་ཡོད་དམ། ལར་ནས་ནུབ་ཕྱོགས་དང༌། ལྷག་པར་དུ་UNESCO ཡིས་བཤད་ཀྱི་འདུག་ཅེས་རྒྱ་གར་གྱི་མཐོ་སློབ་ནང་བཤད་པ་དེ་ངོ་ཚ་པོ་རེད། རྒྱ་གར་གྱིས་ནུབ་ཕྱོགས་ལ་ཕར་བསླབ་བྱ་རྒྱག་དགོས་པ་མ་གཏོགས། ནུབ་ཕྱོགས་པས་ཚུར་ང་ཚོར་བསླབ་བྱ་བརྒྱབ་རྒྱུ་བསྡད་མེད་ཅེས་བཤད་རྒྱུ་བྱུང༌། ང་ཚོའི་སློབ་གྲྭའི་ནང་སྐད་ཡིག་ནས་བཟུང་སྟེ། སློབ་ཚན་ཞིག་བསླབས་ན་མ་གཏོགས་ཚང་མའི་ནང་དེ་ཟུར་དུ་བཏོན་ནས་བསླབ་དགོས་ཀྱི་མེད། ལྟ་གྲུབ་ཀྱི་ཆ་ནས་བསམ་བློ་བཏང་ན། ནང་དོན་རིག་པ་དང་ཚད་མ་རིག་པ་གཉིས་སློབ་ཚན་ཚང་མའི་ནང་དེའི་སྙིང་པོ་ལྡན་པ་ཞིག་དང༌། དེ་དང་འབྲེལ་བ་ཞིག་དགོས་ཀྱི་རེད་མ་གཏོགས་དེ་ཟུར་དུ་སློབ་ཚན་ཞིག་བསླབ་རྒྱུའི་བསམ་བློ་བཏང་ན་ཐབས་སྐྱོ་པོ་རེད།

ནུབ་ཕྱོགས་པའི་བསམ་བློ་གཏོང་སྟངས་དེ་ཁྱེད་ཚོའི་ཀླད་པའི་ནང་ནས་གཙང་མ་ཆགས་ཧ་ཅང་ཁག་པོ་རེད། ཁྱེད་ཚོ་ཚང་མར་ནུབ་ཕྱོགས་པའི་ཤན་ཤུགས་དེ་ཆེན་པོ་ཡོད། གང་ཡིན་ཟེར་ན། ལོ་བཅུ་གཉིས་བར་དུ་གཞི་རིམ་སློབ་གྲྭར་ཕྱིན་ནས་ཀླད་པ་ཡག་ཐག་ཆོད་ཅིག་བཀྲུས་པ་མ་ཟད། དེ་ནས་མཐོ་རིམ་སློབ་གྲྭར་ལོ་ལྔ་ཙམ་ཞིག་བཀྲུས་ཤིང༌། གང་ལྟར་བཀྲུ་རྒྱུ་མེད་ན་མ་གཏོགས་ཡོངས་རྫོགས་བཀྲུས་པར་བརྟེན། ད་ལྟ་ཁྱེད་ཚོའི་ཀླད་པར་བསྐྱར་དུ་ཚོན་ཞིག་བརྒྱབ་ནའང་ལོ་ཉི་ཤུའི་ནང་བཀྲུས་པ་དེ་འདིར་ཟླ་བ་གཉིས་གསུམ་ནང་འདག་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། སློབ་ཚན་གང་ཡིན་ནའང་ཚང་མའི་ནང་སྲོལ་རྒྱུན་དང༌། ནང་དོན་རིག་པ། ཚད་མ་རིག་པའི་དོན་སྙིང་ཡོད་པ་ཞིག་དགོས། དེ་མ་ཐུབ་ན་ཆོས་དགེ་རྐྱང་རྐྱང་གིས་ཟུར་དུ་འཛིན་གྲྭ་ཞིག་བླངས་པ་དེས་ས་ཆོད་ཆེན་པོ་ཡོང་མི་ཐུབ། ངས་ཆོས་དགེ་མི་དགོས་ཞུ་གི་མེད།

ཡིན་ནའང་ང་ཚོའི་བོད་ཀྱི་རིག་གཞུང་བཞིན་ནང་དོན་རིག་པ་དང༌། ཚད་མ་རིག་པ་གཉིས་པོ་དེ་སློབ་ཚན་ཚང་མའི་ནང་འགྲོ་དགོས་པ་དང༌། སྐད་ཡིག་བསླབ་པ་ཡིན་ནའང་ཚད་མ་རིག་པ་དང༌། ནང་དོན་རིག་པའི་སྙིང་པོ་ཡོད་པ་ཞིག་དགོས། ཐུན་མོང་བའི་རིག་གནས་ནང་དུའང་ནང་དོན་རིག་པ་དང་ཚད་མ་རིག་པ་གཉིས་འདྲེས་ནས་ཡོད། སྲོལ་རྒྱུན་གྱི་ལྟ་སྟངས་ལ་རིག་པའི་གཞུང་ལུགས་དེ་དག་སྣོད་སོ་སོའི་ནང་ཆུ་འཚོག་པ་བཞིན་མིན་པར། ཚང་མ་ལྟོས་གྲུབ་རེད། གཅིག་ཤེས་ན་ཚང་མ་ཤེས་རྒྱུ་དང༌། ཚང་མ་མ་ཚང་ན་ཤེས་ཡོན་དེའང་ཆ་མ་ཚང་བ་ཡིན།

དེ་ནས་སློབ་གྲྭ་མང་པོ་ཞིག་ནང་སློབ་ཡོན་དང་གླ་ཡོན་སོགས་སྡུད་བཞིན་པ་སྐོར་ཞིག་གསུངས་སོང༌། དེ་ཚོ་བརྒྱ་ཆ་བརྒྱ་ཐམ་པ་བཀག་ཐུབ་མིན་མ་ཤེས་ཀྱང་ཤེས་རིག་ལས་ཁུངས་ལ་བསམ་ཤེས་བྱོས་བརྗོད་རྒྱུ་ཡིན། ཤེས་ཡོན་ཐོབ་ཐང་ཟེར་བ་དེ་འཛིན་གྲྭའི་ནང་སློབ་ཚན་བསླབ་རྒྱུའི་ཆེད་དུ་དངུལ་བསྡུས་ན་མི་འགྲིགས་ཞེས་པ་དེ་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་རེད། དབྱིན་སྐད་ཀྱི་Tuition Fee ཞེས་པ་དེ་བསྡུ་ན་མི་འགྲིགས། དེ་མིན་གྱོན་ཆས་དང༌། ཉིན་གུང་ཁ་ལག་སོགས་ཀྱི་འགྲོ་སོང་བསྡུ་ན་དེ་དག་ཤེས་ཡོན་སློབ་སྟོན་གྱི་ཆེད་དུ་མིན་ཞིང༌། ཕ་མའི་སར་བསྡད་ནའང་འགྲོ་སོང་ཞིག་འགྲོ་གི་རེད། གལ་ཏེ་དེ་ཚོ་བསྡུ་ནའང་སློབ་གྲྭའི་འགྲོ་སོང་གི་ཆ་ཤས་ཤིག་ལ་བརྩི་དགོས།

ཚོགས་ཆུང་གཉིས་པའི་དྲི་བ་ཁག

ང་ཚོ་ཚོགས་ཆུང་གཉིས་པའི་ནང་ལ་ཚོགས་མི་ལྔ་ཡོད། དེའི་ནང་མོན་གོར་གཏན་སློབ་རེཀ་ཊར་སྐུ་ཞབས་ནོར་བུ་ཚེ་རིང་ལགས་མ་གཏོགས། ང་ཚོ་གཞན་རྣམས་བལ་ཡུལ་མཐའ་མཚམས་ཀྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་ཚོ་ཆགས་ཡོད། ང་ཚོའི་ཚོགས་ཆུང་ནང་དྲི་བ་བྱུང་བ་རྣམས་རེ་རེ་ཞུ་ཆོག་པ་ཞུ།

༡ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ཇུས་དེའི་མཚན་བརྗོད་ནང་གཞི་རིམ་ཟེར་བ་གོ་དོན་གང་ཡིན་ནམ། བཅའ་ཁྲིམས་ནང་བཙན་བྱོལ་བོད་མིའི་ཤེས་རིག་གི་གཞི་རྩའི་སྲིད་ཇུས་ཟེར་བ་ཞིག་གསལ་འདུག གཞི་རིམ་གྱི་ཤེས་ཡོན་ཟེར་དུས་དམའ་རིམ་ལ་གོ་བ་ཞིག་ཡོང་གི་འདུག དེས་ན་གཞི་རིམ་དང་གཞི་རྩ་གཉིས་ཀྱི་ཚིག་གི་ཐད་ཁྱད་པར་གང་ཡོད་དམ།

༢ དོན་ཚན་གསུམ་པའི་གསུམ་པའི་ནང་བཙན་བྱོལ་བོད་མི་རྣམས་རང་ཁ་རང་གསོ་ཐུབ་པ་ཟེར་བ་འདུག རང་ཁ་རང་གསོ་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་པ་དང༌། རང་ཁ་རང་གསོ་བྱེད་པ་ལ་ཐབས་ལམ་གང་འདྲ་ཡོད་དམ།

༣ དོན་ཚན་གསུམ་པའི་དགུ་པའི་ནང་གཞི་རིམ་ཤེས་ཡོན་སྲིད་ཇུས་ཐོག་ནས་སློབ་སྦྱོང་བྱས་ཏེ་མ་འོངས་པར་བོད་རྒྱལ་ཁབ་དང་མི་རིགས་སྤྱི་སྒེར་གྱི་ལས་དོན་ཐོག་དམིགས་སྒོ་གང་འདྲ་ཞིག་བཟུང་དགོས་ཀྱི་ཡོད་དམ། གང་ལྟར་དམིགས་སྒོ་དེ་གང་འདྲ་ཞིག་བཟུང་དགོས་པ་དང༌། སྤྱི་སྒེར་གྱི་ལས་ཀ་གང་འདྲ་ཞིག་བྱེད་དགོས།

༤ དོན་ཚན་གསུམ་པའི་དྲུག་པའི་ནང་འཁོད་པ་བཞིན་ཁོར་ཡུག་སྲུང་སྐྱོབ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང༌། ཁོར་ཡུག་སྲུང་སྐྱོབ་དེ་བོད་མིའི་རྩ་དོན་དང༌། ལྷག་པར་འཛམ་གླིང་སྤྱི་དང༌། བྱེ་བྲག་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་རྩ་དོན་ལ་འབྲེལ་བ་ཡོད་པར་བརྟེན། འཛམ་གླིང་སྤྱི་དང༌། ལྷག་པར་ཨེ་ཤི་ཡའི་རྒྱལ་ཁབ་མཉམ་དུ་བཙན་བྱོལ་བོད་གཞུང་དང༌། བོད་མི་སྤྱི་སྒེར་ཡོངས་ཀྱིས་ལས་འགུལ་གང་སྤེལ་ཐུབ་བམ།

༥ དོན་ཚན་གསུམ་པའི་བརྒྱད་པའི་ནང་དཔལ་འབྱོར་དེ་མ་རྩའི་རིང་ལུགས་དང༌། སྤྱི་ཚོགས་རིང་ལུགས་ཀྱི་མཐའ་གཉིས་སུ་མ་ལྷུང་བའི་དཔལ་འབྱོར་ལ་བརྟེན་དགོས་གསུངས་པ་བཞིན་མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་ལམ་གྱི་དཔལ་འབྱོར་གང་འདྲ་ཞིག་ལ་བརྟེན་ནས་བོད་ཀྱི་ཆོས་སྲིད་རིག་གཞུང་སྲུང་སྐྱོབ་དང༌། ཤེས་ཡོན་རིག་གནས་གོང་འཕེལ། གཞུང་གི་འཛིན་སྐྱོང་གི་འགྲོ་གྲོན་བཙལ་ཐུབ་པ་བཅས་ཡོང་ངམ།

༦ འདིར་ང་ཚོ་ཕལ་ཆེ་བར་ཤེས་ཡིན་སྲིད་ཇུས་འདི་གསར་པ་ཡིན་སྟབས། ཤེས་ཡོན་སྲིད་ཇུས་ཀྱི་གཙོ་གནད་ཆེ་ཤོས་གང་ཡིན་མིན་སྐོར་ངོ་སྤྲོད་གནང་སྐྱོང་ཡོང་བ།

༧ རྒྱ་གར་ནང་གི་བོད་སློབ་འཛིན་ཚོགས་འོག་ཡོད་པའི་སློབ་གྲྭ་ཁག་ནང་ཤེས་ཡོན་སྲིད་ཇུས་འདི་ག་དུས་ཕྱག་བསྟར་ཐུབ་བམ།

བཀའ་ལན་ཁག

གཞི་རིམ་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་སྐབས་དེའི་རྒྱབ་ལྗོངས་བསམ་ཚུལ་གཉིས་གསུམ་ཞིག་ཡོད་རུང༌། ཡོངས་གྲགས་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཟེར་སྐབས་དེང་རབས་ཀྱི་འཛམ་གླིང་སྤྱི་ཡོངས་ཀྱི་བཤད་སྟངས་ལྟར་གཞི་རིམ་སློབ་སྦྱོང་དང༌། མཐོ་རིམ་སློབ་སྦྱོང༌། ཆེས་མཐོའི་སློབ་སྦྱོང་ཞེས་རིམ་པ་གསུམ་ནང་ཕྱེ་ཞིང༌། སློབ་གྲྭའི་(School) ནང་བསླབ་རྒྱུ་དེ་ལ་གཞི་རིམ་ཟེར། མཐོ་རིམ་ཟེར་སྐབས་མཐོ་སློབ་(College) དང༌། གཙུག་ལག་སློབ་གཉེར་ཁང་(University) ནང་བསླབ་རྒྱུ་དེ་རེད། དེང་སང་མང་ཆེ་བས་B.A., M.A., B.Sc., M.Sc., Degree ཞེས་ཟེར་གྱི་རེད། གང་ལྟར་སློབ་ཚན་སོ་སོ་མི་འདྲ་བ་བྱེད་རྒྱུ་དེ་རེད། ཆེས་མཐོའི་སློབ་སྦྱོང་ནི་ཉམས་ཞིབ་དང་རིགས་གཅིག་རྐང་འཛིན་གྱི་གནས་སྐབས་དེ་རེད། དབྱིན་སྐད་ལ་Research དང༌། Advance Study ཞེས་བརྗོད། དེ་ལྟར་བཤད་སྟངས་མི་འདྲ་བ་ཁ་ཤས་ཡོད་པར་བརྟེན། རིམ་པ་དང་པོ་དེ་ལ་གཞི་རིམ་གྱི་ཤེས་ཡོན་ཞེས་བཤད།

ང་ཚོ་བོད་ལ་ནང་དོན་རིག་པ་སློབ་གཉེར་བྱེད་མཁན་ཞིག་ཡིན་ན། སྐད་ཡིག་དང༌། བརྡ་སྤྲོད། ཚད་མ་རིག་པ་གསུམ་སྔོན་ལ་སློབ་སྦྱོང་མ་བྱས་པར་ཕར་ཕྱིན་དང༌། དབུ་མ། མཛོད། འདུལ་བ་བཅས་སློབ་སྦྱོང་བྱེད་མི་ཐུབ། ཚད་མ་རིག་པ་དང་བརྡ་སྤྲོད་རིག་པ་སློབ་སྦྱོང་བྱེད་རྒྱུ་དེ་དམིགས་ཡུལ་གང་ཡང་མིན། དེ་གཉིས་སློབ་སྦྱོང་ཟིན་ན། ཤེས་ཡོན་གྱི་ལས་དོན་ཚར་བའང་མིན། ཡིན་ནའང་གཞུང་གཞན་དག་སློབ་སྦྱོང་བྱེད་པ་ལ་མེད་དུ་མི་རུང་བའི་ཆ་ཤས་ཤིག་གམ་ཡན་ལག་ཅིག་རེད། ཡི་གེ་འབྲི་ཀློག་དང་བརྡ་སྤྲོད་རིག་པ་མཐར་ཕྱིན་མ་ཤེས་ན། གཞུང་ཆེན་པོ་ཀློག་སྐབས་ཚིག་དོན་གྱི་གོ་བ་ཙམ་ཡང་ཆགས་མི་ཐུབ།

དེས་ན་བརྡ་སྤྲོད་རིག་པ་ནི་རིག་གནས་གཞན་དག་སློབ་པ་ལ་མེད་དུ་མི་རུང་བའི་གཞི་རྩ་རེད། དེ་བཞིན་ཚད་མ་རིག་པ་མ་བསླབ་ན་གཞུང་གོང་མ་དེ་ཚོར་སློབ་སྦྱོང་བྱེད་སྐབས་དཔྱད་པ་བྱེད་སྟངས་ཤེས་ཀྱི་མེད། དེས་ན་སློབ་སྦྱོང་གང་བྱས་ཀྱང་བརྡ་སྤྲོད་རིག་པ་དང༌། ཚད་མ་རིག་པ་གཉིས་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་སྟབས། དེ་འདྲའི་སློབ་སྦྱོང་ལ་གཞི་རིམ་གྱི་སློབ་སྦྱོང་ཟེར། གཞི་རིམ་གྱི་སློབ་སྦྱོང་ཟེར་སྐབས་རིག་གནས་གང་ཡང་རུང་བ་ལ་སློབ་སྦྱོང་བྱེད་རྒྱུར་སྟ་གོན་དང་སྔོན་འགྲོའི་ཆ་རྐྱེན་བཟོ་རྒྱུ་དེ་རེད།

ད་ལྟ་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཆ་བཞག་ན། སློབ་གྲྭ་མ་ཐོན་པར་མཐོ་རིམ་སློབ་སྦྱོང་བྱེད་རྒྱུ་མེད། སློབ་ཚན་གང་ཡང་རུང་བ་ཞིག་ཟུར་དུ་བླངས་ནས་དེ་ལ་གཏིང་ཟབ་པོས་སློབ་སྦྱོང་བྱེད་པ་ལ་སློབ་གྲྭའི་ནང་སློབ་རྒྱུ་ཚང་མ་ཚང་དགོས། ད་ལྟ་འདིའི་ནང་འཛིན་གྲྭ་བཅུ་གཉིས་བར་དུ་རེད། སྒྲོམ་གཞིའི་ནང་སྔོན་འགྲོ་དང༌། དེ་ནས་འཛིན་གྲྭ་ལྔ་པའི་བར། དེ་ནས་འཛིན་གྲྭ་བརྒྱད་པའི་བར། དེ་ནས་འཛིན་གྲྭ་བཅུ་གཉིས་བཅས་ཀྱི་བར་དུ་བཟོས་ཡོད། དེའི་ནང་བྱེད་རྒྱུའི་སློབ་སྦྱོང་དེར་གཞི་རིམ་ཟེར་གྱི་ཡོད། གང་ལྟར་རིག་གནས་གང་ཡང་རུང་བའི་ཐོག་གཏིང་ཟབ་པོས་སློབ་སྦྱོང་བྱེད་རྒྱུ་དང༌། མཐོ་རིམ་གྱི་སློབ་སྦྱོང་བྱེད་རྒྱུར་མེད་དུ་མི་རུང་བའི་སྔོན་འགྲོའི་གཞི་རྩ་ཡིན་སྟབས། དེ་ལ་གཞི་རིམ་གྱི་སློབ་སྦྱོང་ཟེར་གྱི་ཡོད།

དེ་ལ་གཾདྷཱིས་བུནིཡཱདཱི་ཞེས་གསུང་གི་ཡོད། བོད་སྐད་དུ་བསྒྱུར་ན་རྨང་གཞི་དང་གཞི་རིམ་ཞེས་བརྗོད་ཆོག བུནིཡཱདིའ་ཏཱལིའམ་ནས་བོད་བསྒྱུར་བྱེད་དུས་གཞི་རིམ་གྱི་ཤེས་ཡོན་ནམ། གཞི་རིམ་གྱི་སློབ་སྦྱོང་ཟེར། དཔེར་ན། འཛིན་གྲྭ་བཅུ་གཉིས་ནང་སླེབས་སྐབས་ཚན་རིག་ཡིན་ན། བརྒྱུད་ལམ་ལོགས་ཀ་དང༌། སྒྱུ་རྩལ་ཡིན་ན་བརྒྱུད་ལམ་ལོགས་ཀ་ནང་སོང་སྟེ་ཅུང་ཟད་དབྱེ་བ་ཕྱེ་ཡང༌། དེ་ནི་མཐོ་རིམ་མིན། དེ་ལྟར་ཚན་རིག་དང་སྒྱུ་རྩལ་སློབ་སྦྱོང་བྱེད་པའི་སྔོན་འགྲོའི་དགོས་མཁོ་རྣམས་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་སྐབས་སློབ་དགོས་པ་མ་གཏོགས། ཚན་རིག་དང་སྒྱུ་རྩལ་ངོ་མ་དེ་དེའི་སྐབས་སུ་མི་སློབ་པར་བརྟེན། ང་ཚོས་གཞི་རིམ་གྱི་སྲིད་ཇུས་ཟེར་དགོས་པའི་རྒྱུ་མཚན་དེ་རེད།

མ་འོངས་པར་མཐོ་རིམ་ཤེས་ཡོན་གྱི་སྲིད་ཇུས་ཤིག་ཡོང་དགོས་ཀྱང༌། ད་ལྟའི་གནས་སྐབས་ལ་ང་ཚོས་སྲིད་ཇུས་ཡོངས་སུ་རྫོགས་པ་ཞིག་ཕལ་ཆེར་བཟུང་ཐུབ་ཀྱི་མ་རེད་སྙམ། གང་ཡིན་ཞེ་ན། ང་ཚོའི་མཐོ་རིམ་སློབ་སྦྱོང་བྱེད་ས་ཚང་མ་གནས་ཡུལ་རྒྱལ་ཁབ་ཁག་གི་མཐོ་རིམ་སློབ་གྲྭ་ཁག་ལ་བརྟེན་དགོས་པ་མ་ཟད། དེ་དག་ནང་བསླབ་རྒྱུའི་སློབ་ཚན་གང་ཡོད་པ་དེ་རང་རེད། གལ་སྲིད་ང་ཚོས་མཐོ་རིམ་ཤེས་ཡོན་གྱི་སྲིད་ཇུས་ཤིག་གཏན་ལ་ཕབ་ནའང༌། སྤྱི་ཡོངས་ཀྱི་འགྲོ་ཕྱོགས་མ་གཏོགས། སློབ་སྦྱོང་བྱེད་སྟངས་ངོ་མའི་ཐོག་སྲིད་བྱུས་གང་ཡང་མི་ཐུབ། འདིར་གཞི་རིམ་ལ་དབྱིན་སྐད་ནང་School Education དང་Basic Education རེད། གང་ལྟར་མདོར་བསྡུས་ནས་བཤད་ན།

སློབ་གྲྭའི་འཛིན་རིམ་མཐའ་མའི་བར་དུ་བསླབ་རྒྱུའི་ཤེས་ཡོན་དེ་ལ་གཞི་རིམ་ཤེས་ཡོན་ཟེར་གྱི་ཡོད། གོ་བ་གཞན་པ་ཞིག་ལ། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་དང༌། དེ་མིན་གཏིང་ཟབ་ཀྱི་སློབ་སྦྱོང་གང་བྱས་ནའང་དེ་བྱེད་ཐུབ་པའི་གཞི་རྩ་མེད་ན་དེས་ཁུངས་འཁྱོལ་མི་ཐུབ། དཔེར་ན། སློབ་གྲྭ་འགྲིམས་མ་མྱོང་བའི་མི་ཞིག་ལམ་སེང་མཐོ་རིམ་སློབ་གྲྭའི་ནང་བཅུག་པ་ལྟ་བུ་རེད། གཞི་རྩའི་ཤེས་ཡོན་ཡིན་པའི་ཆ་ནས་གཞི་རིམ་ཟེར་བ་རེད། འདིའི་ནང་སློབ་གྲྭའི་འཛིན་གྲྭ་ཆ་ཚང་མ་ཐོན་བར་གྱི་ཤེས་ཡོན་སྲིད་ཇུས་དེ་ཡོད་པ་ལས་སློབ་གྲྭ་ཐོན་ཟིན་ནས་མཐོ་རིམ་སློབ་སྦྱོང་ལ་འགྲོ་སྐབས་གང་འདྲ་བྱེད་དགོས་པའི་སྐོར་དེ་མེད་སྟབས། དེ་ལྟ་བུ་ཞིག་ལ་གཞི་རིམ་ཞེས་བརྗོད་རུང་སྙམ།

རང་ཁ་རང་གསོ་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད། གཞན་བརྟེན་གྱི་བསམ་བློ་འདོར་རྒྱུ་དེ་རེད། ང་ཚོ་བོད་མིའི་སྤྱི་ཚོགས་ནང་སྔོན་མ་ཡིན་ན་གཞན་བརྟེན་གྱི་བསམ་བློ་དེ་མེད། བཙན་བྱོལ་དུ་སླེབས་ནས་ལོ་ལྔ་བཅུ་ཙམ་བར་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་ཀྱིས་རོགས་རམ་བྱེད་མཁན་མང་ཐག་ཆོད་སྟབས། ད་ལྟ་བོད་པ་སྤྱི་སྒེར་ཚང་མར་གཞན་བརྟེན་གྱི་བསམ་བློ་དེ་ཧ་ཅང་ཤུགས་ཆེ་ཆགས་ཡོད། དེའི་དབང་གིས་ཉིན་ཞིག་ང་ཚོ་མི་རིགས་ཆ་ཚང་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁའི་མཚམས་སུ་སླེབས་ཡོད་པར་བརྟེན། གཞི་རིམ་གྱི་ཤེས་ཡོན་འདི་བརྒྱུད་ནས་རང་ཁ་རང་གསོ་ཐུབ་པའི་ཐབས་ལམ་ཞིག་བཙལ་ན་མ་གཏོགས། སློབ་སྦྱོང་སྤྲད་ནས་རང་ཁ་རང་གསོ་མི་བྱེད་མཁན་གྱི་མི་ཞིག་བཟོས་ན། སློབ་སྦྱོང་སྤྲད་པའི་དམིགས་ཡུལ་རྩ་བ་ནས་མ་འགྲུབ་པ་མ་ཟད། དམིགས་ཡུལ་ལོག་པ་ཞིག་ཏུ་འགྲོ ད་ལྟའི་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་དེ་རང་ཁ་རང་གསོ་མིན་པར། བག་མེད་ལོངས་སྤྱོད་ཀྱི་དཔལ་འབྱོར་གྱི་གནས་སྟངས་རེད། དབྱིན་སྐད་ལ་Consumerism ཟེར།

རང་ཁ་རང་གསོ་བྱུང་བ་ལ་གཞན་བརྟེན་གྱི་བསམ་བློ་འདོར་དགོས་ཞེས་བརྗོད་སྐབས། གཞན་བརྟེན་གྱི་བསམ་བློ་ལའང་གཉིས་རེད། གཞན་ལ་ལག་པ་བཟེད་ནས་བཟའ་རྒྱུ་དང༌། གཞན་ལ་བཤུ་གཞོག་བཏང་ནས་བཟའ་རྒྱུ་དེ་རེད། དཔེར་ན། བིལ་གེཊ་(Bill Gate) ཧ་ཅང་ཕྱུག་པོ་རེད་ཟེར་གྱི་ཡོད་རུང༌། རང་ཁ་རང་གསོ་མིན་ཞིང༌། འཛམ་གླིང་གི་མི་མང་པོ་ལ་བཤུ་གཞོག་བཏང་ནས་ཕྱུག་པོ་ཆགས་པ་ཞིག་རེད།

དེང་སང་རྒྱུན་གནས་ཐུབ་པའི་(Sustainable) དཔལ་འབྱོར་གྱི་སྐད་ཆ་མང་པོ་ཞིག་བཤད་ཀྱི་ཡོད། ཡིན་ནའང་Consumption དེ་Sustainable ཐོག་ལ་འགྲོ་གི་མེད། གང་ལྟར་བག་མེད་ལོངས་སྤྱོད་ཀྱི་བྱེད་སྟངས་དེ་རྒྱུན་གནས་ཐུབ་པའི་ཕྱོགས་སུ་འགྲོ་གི་མེད་པར་བརྟེན། ཐོན་སྐྱེད་རྒྱུན་གནས་ཐུབ་པའི་ཕྱོགས་སུ་འགྲོ་ཐབས་མེད། ང་ཚོ་ཆོས་ཕྱོགས་ཀྱི་རིག་གཞུང་ནས་བལྟས་ན། ས་ཡི་གོ་ལ་འདིའི་ཐོག་ལོ་འབུམ་ཕྲག་ཁ་ཤས་རིང་མེ་འཇིག་ཆུ་འཇིག་གི་བསྐལ་པ་མི་ཡོང་བ་བརྗོད་ཅིང༌། ད་ལྟའི་བསྐལ་པ་བཟང་པོ་འདི་ལ་དུས་ཀྱི་ཁུགས་པ་བཅོ་བརྒྱད་ཡོད་པ་མ་ཟད། སངས་རྒྱས་སྟོང་འབྱོན་རྒྱུའི་ནང་ནས་ད་ལྟ་བཞི་མ་གཏོགས་བྱོན་མེད།

དེའི་དབང་དུ་བྱས་ན་ས་ཡི་གོ་ལ་འདི་རྒྱུན་རིང་གནས་རྒྱུ་ཡིན་རུང༌། ད་ལྟའི་དཔལ་འབྱོར་གྱི་གནས་སྟངས་དེས་དུས་ཚོད་ཐུང་དུ་བཏང་སྟེ། གཅིག་བྱས་ན་ང་ཚོའི་མི་ཚེའི་ནང་མེས་འཇིག་པ་མཐོང་སྲིད། གང་ཡིན་ཞེ་ན། དེང་སང་ཕྱོགས་ཚང་མར་ས་གཞི་ཚ་རུ་(Global Warming) ཕྱིན་པའི་སྐད་ཆ་བཤད་ཀྱི་ཡོད་ཅིང༌། དེ་ནི་གཞན་གང་ཡང་མིན་པར། བསྐལ་པ་མེས་འཇིག་ཡོང་བའི་སྔ་ལྟས་ལྟ་བུ་རེད། དེ་ནི་ད་ལྟའི་དཔལ་འབྱོར་གནས་སྟངས་དེ་རང་ཁ་རང་གསོ་མིན་པར། བཤུ་གཞོག་དང་གཞན་བརྟེན་གྱི་གནས་སྟངས་ཐོག་འགྲོ་བ་དེའི་དབང་གིས་བྱུང༌། སྲིད་ཇུས་ནང་ཧ་ཅང་རྒྱས་པོ་བྱེད་རྒྱུ་མེད་སྟབས། མདོར་བསྟན་ཡིན་རུང་གང་ལ་གང་འཚམས་ཀྱིས་གསལ་པོ་འཁོད་ཡོད། མ་རྩའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་མཐའ་གཉིས་སྤོང་ཟེར་བ་དང་རང་ཁ་རང་གསོ་གཉིས་དབར་འབྲེལ་བ་ཆགས་ཡོད།

ད་ལྟ་ཕན་ལ་འཛམ་གླིང་ནང་དཔལ་འབྱོར་གྱི་ལམ་སྲོལ་གྲགས་ཆེ་བ་གཉིས་རེད། དང་པོ་མ་རྩའི་རིང་ལུགས་དང༌། གཉིས་པ་དམར་པོའི་རིང་ལུགས་སམ་སྤྱི་ཚོགས་རིང་ལུགས། ཡང་ན་གུང་ཁྲན་རིང་ལུགས་ཞེས་གང་བཤད་ཀྱང༌། གང་ལྟར་ཀཱལ་མར་ཁེ་སིའི་(Karl Marx) རིང་ལུགས་དེ་རེད། རིང་ལུགས་དེ་གཉིས་ཀྱི་བྱུང་སྟངས་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྟབས་མདོར་བསྡུས་ཤིག་ཞུས་ན། ད་ལྟའི་གནས་སྐབས་སུ་འཛམ་གླིང་ནང་དཀའ་ངལ་ཡོད་ཚད་ཀྱི་འབྱུང་ཁུངས་དེ་དཔལ་འབྱོར་གྱི་ལམ་སྲོལ་ཐོག་ནས་བྱུང་བ་རེད་ཅེས་བཤད་ན་མ་འགྲིགས་པ་མེད།

བརྒྱ་ཕྲག་བཅོ་བརྒྱད་བར་འཛམ་གླིང་ནང་དཀའ་ངལ་མང་པོ་དེ་ཙམ་མེད་པ་མ་ཟད། གྲགས་ཅན་གྱི་ཤེས་ཡོན་གྱི་ལམ་སྲོལ་ཚང་མའང་བྱུང་ཟིན། འོན་ཀྱང་བརྒྱ་ཕྲག་བཅོ་བརྒྱད་རྗེས་ཚན་རིག་དང་འཕྲུལ་ཆས་ཀྱི་གསར་གཏོད་བྱུང་བར་བརྟེན། མི་ལ་དངོས་གནས་ཕན་ཐོགས་ཡོད་པའི་ལྟ་གྲུབ་དང་ཤེས་ཡོན་གཞན་གང་ཡང་ཡར་རྒྱས་འགྲོ་ཐུབ་མེད། མ་གཞི་ནས་དེ་ནི་འགྱུར་བ་འགྲོ་བའི་སོ་མཚམས་ཤིག་ཡིན་རུང༌། དེའི་ཐོག་མིའི་སྤྱི་ཚོགས་ནང་མི་འདྲ་བ་གང་བྱུང་ཡོད་ཅེ་ན། འཁོར་ལོ་དང་འཕྲུལ་ཆས་ལ་བརྟེན་ནས་མིའི་དགོས་མཁོ་ལས་མང་བའི་ཅ་ལག་བཟོ་སྐྲུན་བྱེད་རྒྱུ་དེ་བྱུང༌། དེ་སྔ་ཡིན་ན་འཕྲུལ་ཆས་དང་འཁོར་ལོའི་བེད་སྤྱོད་དེ་ཙམ་མེད་སྐབས་སོ་སོའི་དགོས་མཁོ་དང་འཚམས་པའི་བཟོ་སྐྲུན་དང་བེད་སྤྱོད་བྱེད་པ་ལས། དགོས་མཁོ་ལས་ལྷག་པའི་བཟོ་སྐྲུན་དང་བེད་སྤྱོད་མི་བྱེད། དེ་ནི་བརྒྱ་ཕྲག་བཅུ་བདུན་བཅོ་བརྒྱད་ནང་གི་སྐད་ཆ་རེད།

དུས་རབས་ཉི་ཤུ་པའི་ནང་བོད་དུ་རྒྱ་མི་མ་སླེབས་བར་ང་ཚོ་བོད་པའི་སྤྱི་ཚོགས་འདིའང་རང་ཁ་རང་གསོ་ཡིན་ཞིང༌། ལྷམ་བཟོ་མཁན་ལ་མཚོན་ན། ལྷམ་ཉོ་མཁན་ཇི་ཙམ་ཡོད་པ་དེ་ཚོའི་དགོས་མཁོ་བསྒྲུབས་ཐུབ་ཙམ་རེད། ལྷམ་ཉོ་མཁན་བརྒྱ་མ་གཏོགས་མེད་ནའང་ལྷམ་སྟོང་ཕྲག་གཅིག་བཙོང་བའི་གོ་སྐབས་ནམ་ཡང་བྱུང་མེད། དེ་བཞིན་སྣམ་བུ་ལ་མཚོན་ནའང༌། གྱོན་མཁན་ག་ཚོད་ཡོད་པ་དེ་ཙམ་ཐོན་སྐྱེད་བྱེད་ཅིང༌། མི་གཅིག་ལ་གྱོན་གོས་གསུམ་བཞི་ལྔ་ཡོད་འགྲོ གལ་ཏེ་སྐུ་དྲག་ཆེན་པོ་ཡིན་ན་དྲུག་བདུན་མ་གཏོགས། མི་གཅིག་ལ་ཇཡ་ལལིཏཱ་(Jaya Lalita) བཞིན་ལྷམ་ཆ་སྟོང་ཕྲག་ཁ་ཤས་འདུག་ཟེར་བ་མཐོང་ཐོས་མེད། ཐོན་སྐྱེད་སྐྲུན་མཁན་ཚོའི་ཐོན་སྐྱེད་མ་འཚོང་བར་ཡང་ལྷག་གི་མེད། གང་ལྟར་དགོས་མཁོ་དང་ཐོན་སྐྱེད་གཉིས་ཏག་ཏག་ཁ་བརྒྱབས་ནས་ཡོད།

དེ་འདྲ་སྡོད་སྐབས་རང་བཞིན་གྱི་འབྱུང་ཁུངས་ལ་ཡང་གནོད་འཚེ་ཡོང་གི་མེད། བདག་ཉིད་ཆེན་པོ་གཱཾདྷཱིས་ང་ཚོའི་ས་གཞི་འདིས་ཨ་མ་བཞིན་འདིའི་ཐོག་འཚོ་མཁན་སྲོག་ཆགས་ཡོངས་རྫོགས་ཀྱི་དགོས་མཁོ་གང་ཡོད་པ་དེ་བཀང་ཐུབ་ཀྱང༌། མི་གཅིག་གིའང་འདོད་རྔམས་ཚིམ་པར་བྱེད་མི་ཐུབ་ཅེས་གསུངས་པ་དེ་ཧ་ཅང་བདེན་པ་རེད། ང་ཚོ་དགོས་མཁོའི་ནང་མ་བསྡད་པར་དགོས་མཁོ་ལས་མང་བའི་ཅ་ལག་ཐོན་སྐྱེད་བྱེད་འགོ་ཚུགས་སྐབས་བཟོ་གྲྭའི་དུས་རབས་(Industrialization) དེ་བྱུང༌། ནུབ་ཕྱོགས་སུ་བཟོ་གྲྭའི་དུས་རབས་བྱུང་ནས་གྱོན་ཆས་དང༌། བཟའ་ཆས། ལྷམ་སོགས་མིའི་དགོས་མཁོ་ལས་ཧ་ཅང་མང་བའི་ཐོན་སྐྱེད་བྱེད་འགོ་ཚུགས་ཤིང༌། ཐོན་སྐྱེད་དེ་དག་ཉོ་མཁན་གྱི་ཁྲོམ་རྭ་ཞིག་དགོས་སྐབས་མི་ཚང་མའི་བསམ་བློའི་ནང་ཡོད་པའི་འདོད་རྔམས་དེ་ཤུགས་ཆེ་རུ་གཏང་རྒྱུ་དང་བཤུ་གཞོག་གཏོང་འགོ་ཚུགས།

མིའི་འདོད་རྔམས་རྒྱ་ཆེ་རུ་གཏོང་བའི་ཐབས་ཤེས་གཙོ་བོ་དེ་གང་བྱས་ཡོད་ཅེ་ན། མཚུངས་བསྡུར་དང་འགྲན་བསྡུར་(Comparison and Competition) གཉིས་པོ་བསླབ་རྒྱུ་དེ་རེད། ཕྲུ་གུ་ཆུང་ཆུང་ཁ་གྲག་ཤེས་མ་ཤེས་དང༌། གོམ་པ་རྒྱག་ཤེས་མ་ཤེས་ཙམ་ནས་མཚུངས་བསྡུར་དང་འགྲན་བསྡུར་བྱེད་རྒྱུ་དེ་སློབ་ཀྱི་ཡོད། དེར་བརྟེན་ང་ཚོའི་ཤེས་ཡོན་སྲིད་ཇུས་ནང་མཚུངས་བསྡུར་དང་འགྲན་བསྡུར་བཀག་རྒྱུ་དེ་གཙོ་འདོན་བྱས་ཡོད། དེ་ལྟར་མཚུངས་བསྡུར་དང་འགྲན་བསྡུར་བྱེད་སྐབས་སོ་སོའི་ངོས་འཛིན་བརླག་འགྲོ་བ་དང༌། རང་ངོ་རང་གིས་མ་ཤེས་ཤིང༌། དེ་ཡང་ཕ་མ་དང་དགེ་རྒན་ཚོས་ཕྲུ་གུ་ལ་ཁྱིམ་མཚེས་ཀྱི་ཕྲུ་གུ་ཁྱེད་རང་ལོ་མཉམ་དེས་འདི་འདྲ་འབྲི་གི་འདུག འདི་འདྲ་ཀློག་གི་འདུག ཁྱེད་རང་གིས་ད་དུང་འབྲི་ཤེས་ཀྱི་མི་འདུག ཀློག་ཤེས་ཀྱི་མི་འདུག་ཅེས་ཕྲུ་གུ་གཞན་དང་མཚུངས་བསྡུར་བྱས་རྗེས་འགྲན་བསྡུར་བྱེད་དུ་བཅུག་པ་ཡོངས་གྲགས་རེད།

མཚུངས་བསྡུར་དང་འགྲན་བསྡུར་བྱེད་སྐབས་སོ་སོའི་དགོས་མཁོ་གང་ཡིན་བརྗེད་པ་མ་ཟད། མི་གཞན་གྱི་དགོས་མཁོ་ཡང་བརྗེད་འགྲོ་བ་རེད། དེ་འདྲའི་ཐོག་ནས་མི་གཞན་དང་མཉམ་དུ་མཉམ་རུབ་དང་མཐུན་ལམ་བྱེད་རྒྱུའི་གནས་སྟངས་དེ་མེད་པ་ཆགས་པར་བརྟེན། འཛམ་གླིང་གི་དཀའ་ངལ་ཚང་མ་དེ་ནས་འགོ་ཚུགས་པ་རེད། མཚུངས་བསྡུར་དང་འགྲན་བསྡུར་གྱི་བསམ་བློ་དེ་སླེབས་ན་རྟག་ཏུ་རང་རྒྱལ་གཞན་ཕམ་མ་གཏོགས། མིའི་རང་བཞིན་གྱི་བཟང་སྤྱོད་ལ་ཡོད་པའི་གཉིས་ཀ་རྒྱལ་བའི་བསམ་བློ་དེ་བརླག་འགྲོ་བར་བརྟེན། མཉམ་འབྲེལ་(Cooperation) དེ་ཡོང་ཐབས་མེད།

དེང་སང་ནུབ་ཕྱོགས་པས་དྲང་བདེན་དང་རང་དབང་གི་འགྲན་བསྡུར་(Free and Fair Competition) ཞེས་པའི་རྫུན་ཆེན་པོ་ཞིག་བཤད་ཀྱི་ཡོད། དེ་ནི་སུས་བལྟས་ཀྱང་ཤེས་ཐུབ། Free and Fair ཐོག་ནས་Competition ཇི་ལྟར་བྱེད་ཐུབ། ང་མཇུག་ལ་སྡོད་ཀྱི་ཡིན། ཁྱེད་རང་སྔོན་ལ་ཕེབས་རོགས་ཞེས་བཤད་ནས་འགྲན་བསྡུར་བྱེད་མཁན་སུའང་མེད། དཔེར་ན། རྒྱུགས་ཤར་གློད་མཁན་གཉིས་པོས་ང་གཉིས་མཉམ་དུ་སླེབས་པ་བྱེད་དགོས་ཟེར་ན་གཞི་ནས་Fair ཆགས་རྒྱུ་དང༌། མི་གཞན་དེ་མཇུག་ཏུ་ལུས་པའི་འབད་བརྩོན་ཁྱོན་ནས་མ་བྱེད་ན་Free ཆགས་ཀྱི་རེད། དེར་བརྟེན་Free and Fair ཟེར་བའི་Competition དེ་རྩ་བ་ནས་ཡོང་མི་སྲིད་པའི་རྫུན་ནག་པོ་ནག་རྐྱང་ཞིག་རེད། དེ་ལས་ལྷག་པའི་རྫུན་ཞིག་མེད། Competeབྱས་པའི་རྗེས་ལ་Fair ཡོང་ཐབས་མེད་པ་དེ་ཧ་ཅང་གསལ་པོ་རེད། སུ་ཡང་སོ་སོ་ཕམ་ཆེད་འགྲན་བསྡུར་བྱེད་ཀྱི་མེད།

དེ་ལྟར་མཚུངས་བསྡུར་དང་འགྲན་བསྡུར་གྱི་བསམ་བློ་ལ་བརྟེན་ནས་མི་ཚོ་དགོས་མཁོ་ལས་ལྷག་པའི་འདོད་རྔམས་བྱེད་ཅིང༌། ལྷམ་ཆ་གཅིག་ཡོད་པས་མ་འགྲིགས་པར། ཞོགས་པ་འཆམ་འཆམ་དང༌། ཁྲུས་ཁང༌། ལས་ཁུངས། དགོང་མོ་གསོལ་ཚིགས། སྒྲོག་ཙེ་སྤོ་ལོ། རྐང་རྩེ་སྤོ་ལོ་སོགས་ཀྱི་ཆེད་ལྷམ་མི་འདྲ་བ་མེད་ན་སྡོད་ཐབས་རྩ་ནས་མེད་པ་ཀླད་པ་བཀྲུས་ཏེ་བཟོས་ཡོད། དེ་ཚོ་ཚང་མའི་ནང་དགོས་མཁོ་གཅིག་ཀྱང་མེད། འདོད་རྔམས་ཤ་སྟག་རེད། དགོས་མཁོ་ལས་བརྒལ་བའི་འདོད་རྔམས་ལ་བརྟེན་བག་མེད་ལོངས་སྤྱོད་(Consume) བྱེད་ཀྱི་ཡོད། སྤྱིར་བཏང་Consume ཚིག་གི་གོ་དོན་ནི་མེད་པ་བཟོ་བ་ཞེས་པ་དེ་རེད། ཧིན་སྐད་ལ་ཨུཔབྷོག་དང༌། ཨུཔཡོག་ཟེར་བའི་ཚིག་གཉིས་ཡོད། ཨུཔཡོག་ནི་ཚུལ་དང་མཐུན་པའི་བེད་སྤྱོད་བྱེད་རྒྱུ་དང༌། ཨུཔབྷོག་ནི་བག་མེད་ལོངས་སྤྱོད་(Consume) བྱེད་རྒྱུ་དེ་རེད། དེ་བཞིན་དབྱིན་སྐད་དུ་Use ཟེར་བ་ནི་ཚུལ་མཐུན་བེད་སྤྱོད་བྱེད་རྒྱུ་དེ་རེད།

བག་མེད་ལོངས་སྤྱོད་ནི་Use རྐྱང་རྐྱང་གིས་མི་འགྲིགས་པར་Consume བྱེད་དགོས་ཀྱི་ཡོད། ལོ་གཅིག་ནང་ལྷམ་ཆ་བརྒྱ་ཐམ་པ་འཕྲོ་བརླག་གཏོང་ཐུབ་ན་མི་དེ་ཡག་ཤོས་རེད། གང་ཡིན་ཞེ་ན། ཁོ་ཁྲོམ་རྭའི་མི་ཞིག་ཆགས་ཀྱི་ཡོད། ཁྲོམ་རྭའི་དཔལ་འབྱོར་ཟེར་བ་དེ་གཞན་གང་ཡང་མིན་ཞིང༌། མི་དེ་དག་རྟག་ཏུ་ཉོ་མི་ཚར་བར་སྡོད་དགོས་པ་དང༌། དེའི་ཆེད་དུ་དངུལ་གང་མང་མང་བཟོ་མ་ཚར་བར་སྡོད་དགོས། གང་ལྟར་མི་ཚེ་གཅིག་པད་ཤག་བཟོ་རྒྱུ་དང༌། ཁྲོམ་ནས་ཉོ་རྒྱུ་དེ་གཉིས་མ་གཏོགས། ལས་ཀ་གཞན་པ་ཁྱོན་ནས་བྱེད་རྒྱུ་མེད་པ་ལྟ་བུ་རེད། སོ་སོའི་ཕྲུ་གུར་ལྟ་ལོང་མེད་པ་དང༌། སོ་སོའི་ཁྱིམ་ཐབ་མཉམ་དུ་ལྷོད་ལྷོད་སྡོད་ལོང་མེད་པ། སོ་སོའི་གྲོགས་པོ་མཉམ་དུ་ལྷོད་ལྷོད་སྡོད་ལོང་མེད། དེང་སང་དཔེ་ཞིག་ཤོད་སྲོལ་འདུག་ཅིང༌། བིལ་གེཊ་(Bill Gate) བྲེལ་བ་འཚུབ་འཚུབ་ངང་འགྲོ་སྐབས་ཨ་སྒོར་(Dollar) བརྒྱ་ཞིག་ཟག་པ་རེད། བསྒྲུགས་ནས་དུས་ཚོད་འཕྲོ་བརླག་བཏང་བ་ལས། གཡུག་ན་ཨ་སྒོར་བརྒྱ་ལས་མང་བ་འཐོབ་རྒྱུ་རེད་བསམས་ནས་རྒྱུགས་ཕྱིན་པ་རེད།

དེ་ཚོ་དཔེ་ཧ་ཅང་ཡག་པོ་རེད་ལ། དངོས་ཡོད་ཀྱི་དཔེའང་རེད། དེ་ལྟར་མི་ཚེ་ཧྲིལ་པོ་དངུལ་བཟོ་རྒྱུ་དང༌། ཁྲོམ་རྭ་ནས་ཉོ་རྒྱུ། དེ་བག་མེད་ལོངས་སྤྱོད་བྱེད་རྒྱུ་མ་གཏོགས། སོ་སོ་དང་མི་གཞན་གྱི་ཆེད་དུ་དུས་ཚོད་མེད། གལ་ཏེ་ང་ཚོ་ལྷོད་ལྷོད་བསྡད་ན། ཐོན་སྐྱེད་མང་པོ་བྱེད་མཁན་ཚོའི་ཁྲོམ་རྭ་འགག་རྒྱུ་རེད། ལུང་པ་གཅིག་གཉིས་ནང་ཁྲོམ་རྭ་ཡོད་པས་མི་ཕན། འཛམ་གླིང་ཡོངས་རྫོགས་Globalize བྱེད་དགོས་ཀྱི་ཡོད།

ངས་བསྡོམས་བརྒྱབས་ནས་ཞུས་ན། ཨ་རིའི་མཁས་པ་གྲགས་ཅན་ཞིག་གིས་When Corporation rules the world ཟེར་བའི་དེབ་ཅིག་བྲིས་ཡོད་པ་དེའི་ནང་Consumerism དང་ཁྲོམ་རྭའི་དཔལ་འབྱོར་གྱིས་གང་དུ་འཁྲིད་རྒྱུ་དང༌། མིའི་སྤྱི་ཚོགས་དང་འཛམ་བུ་གླིང་གཉིས་ཀ་གང་དུ་འགྲོ་རྒྱུ་བཅས་གསལ་ཡོད། ཁྲོམ་རྭའི་དཔལ་འབྱོར་ལམ་སྲོལ་དར་བའི་དབང་གིས་Ozone layer འཕྲོ་བརླག་ལ་འགྲོ་བ་དང༌། ས་གཞི་ཚ་དྲོད་ཆེ་རུ་འགྲོ་བ། ཆུ་ཡི་དཀའ་ངལ་ཡོད་པ་མ་ཟད། ཁོར་ཡུག་ཉམས་ཆག་ཕྱིན་པའི་དབང་གིས་ན་ཚ་འདྲ་མིན་ཡོང་བ་སོགས་གནས་ཚུལ་ཧ་ཅང་མང་པོའི་ཐོག་འབྲེལ་བ་ཡོད་པ་ཞིག་རེད། དེ་ཚོ་ཚང་མ་རྟག་ཏུ་བཤུ་གཞོག་གཏོང་བའི་ལས་རིམ་མ་གཏོགས། རང་ཁ་རང་གསོའི་ལས་རིམ་ཞིག་མིན་པ་དེའི་དབང་གིས་རེད།

དེ་འདྲའི་བཤུ་གཞོག་གི་གནས་སྟངས་དེ་ནུབ་ཕྱོགས་ལ་དར་རྒྱས་ཕྱིན་པའི་དབང་གིས་ཀཱལ་མར་ཁེ་སི་(Karl Marx) ལ་དམར་པོའི་རིང་ལུགས་ཀྱི་བསམ་བློ་དེ་འཁོར་ཞིང༌། དེའི་ནང་རྡོག་རྡོག་དེ་གང་རེད་ཅེ་ན། དེ་ནི་རིན་ཐང་འཕར་མའི་(Surplus Value) བེད་སྤྱོད་བྱེད་སྟངས་དེ་རེད། The Capital ཟེར་བའི་དེབ་ཕྲེང་ལྔ་དྲུག་ཡོད་པ་ཆ་ཚང་ཀློག་ནའང་ནང་དོན་རྡོག་རྡོག་དེ་རང་རེད། གང་ལྟར་འགག་རྩ་དེ་རིན་ཐང་འཕར་མའི་གནས་སྟངས་དེར་ཐུག་ཡོད།

ཁོང་གིས་རྒྱུ་མཚན་གང་བཤད་ཡོད་ཅེ་ན། མ་རྩའི་བདག་པོས་ཐོན་སྐྱེད་ཐོག་ནས་ཁེ་བཟང་མང་པོ་བཟོ་བ་དེ་བཟོ་པ་དང་ཞིང་པས་དཀའ་ལས་བརྒྱབས་ཏེ་བྱུང་ནའང༌། ཁོང་ཚོར་ཁེ་བཟང་དེ་ནས་ཆ་ཤས་ཆུང་ངུ་མ་གཏོགས་མ་རག་པར་བརྟེན། འཛམ་གླིང་གི་བཟོ་པ་དང་ཞིང་པ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རིན་ཐང་འཕར་མའམ་ཁེ་བཟང་དེ་མ་རྩའི་བདག་པོ་དང༌། ལས་ཀ་བྱེད་མཁན་གཉིས་ཀ་ལ་གཅིག་པ་འཐོབ་རྒྱུ་ཞིག་བཟོ་དགོས་ཟེར།

མར་ཁེ་སིས་ཀྱང་ཐོན་སྐྱེད་ཉུང་དུ་གཏོང་དགོས་འདུག་ཅེས་བཤད་མེད་པ་མ་ཟད། ད་དུང་ཐོན་སྐྱེད་མང་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ནང་སླེབས་ན་དགོས་མཁོ་གང་ཡོད་ལེན་ཆོག་དང༌། ནུས་པ་གང་ཡོད་བྱེད་ཆོག་ཡོང་རྒྱུ་ཞིག་བསམ་བློ་བཏང་ཡོད། འོན་ཀྱང་ཁོང་གིས་ཀྱང་མ་རྩའི་རིང་ལུགས་ཀྱི་རྩ་བའི་སྐྱོན་ཆ་དེ་མ་སངས་པའི་ཐོག་ནས་མ་རྩའི་རིང་ལུགས་ཀྱིས་བཟོས་པའི་ཁེ་བཟང་བགོ་བཤའ་རྒྱག་སྟངས་དེ་བཤད་པ་མ་གཏོགས། མ་རྩའི་རིང་ལུགས་དང་བག་མེད་ལོངས་སྤྱོད་རིང་ལུགས་ཀྱིས་འགྲིག་གི་མི་འདུག་ཅེས་བཤད་མེད།

ངས་རྒྱུན་དུ་གང་བཤད་ཀྱི་ཡོད་ཅེ་ན། འཛམ་གླིང་ནང་མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་རིང་ལུགས་མ་གཏོགས་མེད། ནུབ་ཕྱོགས་པའི་དཔལ་འབྱོར་རིང་ལུགས་དེ་སྒེར་པའི་མ་རྩའི་རིང་ལུགས་དང༌། དམར་པོའི་དཔལ་འབྱོར་རིང་ལུགས་དེ་རྒྱལ་ཁབ་ཀྱི་མ་རྩའི་རིང་ལུགས་རེད། དེ་ནི་དེ་སྔོན་ཨུ་རུ་སུ་སོགས་ནང་རྒྱུན་རིང་དར་རུང་ད་ཆ་ཚང་མ་མེད་པ་ཆགས་ཟིན། དེང་སྐབས་འཛམ་གླིང་ནང་མ་རྩའི་རིང་ལུགས་མ་གཏོགས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་གནས་སྟངས་གཅིག་ཀྱང་མེད། དམར་པོའི་དཔལ་འབྱོར་རིང་ལུགས་ཀྱང་མ་རྩའི་རིང་ལུགས་རེད་ཅེས་བཤད་དགོས་དོན་ཡང༌། རིན་ཐང་འཕར་མ་(Surplus Value) དེ་བཟོ་པ་ཞིང་པ་སུ་ལའང་ཐོབ་མེད། རྒྱལ་ཁབ་ལ་བདག་པ་རེད། དེས་ན་སྒེར་བདག་ཅན་གྱི་མ་རྩའི་རིང་ལུགས་དང་སྲིད་གཞུང་གི་མ་རྩའི་རིང་ལུགས་(The Private Capitalism and State Capitalism) ལས་གཞན་མེད།

དཔལ་འབྱོར་གྱི་ལམ་སྲོལ་འདི་རྩ་མེད་མ་བཟོས་བར་འཛམ་གླིང་ནང་བཤུ་གཞོག་མེད་པ་དང༌། འཚེ་བ་མེད་པ། ཁོར་ཡུག་སྲུང་སྐྱོབ་བཅས་བྱེད་མི་ཐུབ། མི་སྐྱོ་པོ་རྣམས་སྐྱོ་པོའི་སྡུག་བསྔལ་ལས་གྲོལ་ཏེ་ཕྱུག་པོ་ཆགས་མི་ཐུབ། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་རྣམས་ཡར་རྒྱས་ཕྱིན་ཟིན་པ་དང༌། (Developed Countries) ཡར་རྒྱས་འགྲོ་བཞིན་པ། (Developing Countries) ཡར་རྒྱས་འགྲོ་རྒྱུར་བསྡད་པ་(Under Develop Countries) བཅས་གསུམ་དུ་དབྱེ་བ་ཕྱེ་གི་ཡོད། མི་ཚོའི་བསམ་བློའི་ནང་ད་ལྟ་དབྱེ་བ་གསུམ་ཡོད་ཀྱང༌། ལོ་ལྔ་བཅུ་དང་བརྒྱ་ཡི་རྗེས་སུ་གཅིག་པ་ཆགས་འགྲོ་གི་རེད་དྲན་གྱི་ཡོད། དེ་ནི་རྫུན་མ་གཏོགས་ཡོང་ཐབས་རྩ་ནས་མེད། ད་ལྟ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ཇི་ཙམ་ཡར་རྒྱས་ཕྱིན་རུང་དེའི་ཚོད་ཀྱིས་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་རྣམས་འགྲོ་རྒྱུ་རེད། དཔེར་ན། རིམ་པ་གསུམ་ཞིག་ཡོད་ན། འདི་རང་སོར་བསྡད་པ་དང༌། གཉིས་པོ་དེ་ཡར་ཕྱིན་ན། འདྲ་མཉམ་ཡོང་བའི་གོ་སྐབས་ཤིག་བསམ་ཆོག འོན་ཀྱང་དེ་འདྲ་རྩ་ནས་མེད་ཅིང༌། སྔོན་ལ་འགྲོ་མཁན་སྔོན་ལ་འགྲོ་བ་དང༌། རྗེས་ལ་འགྲོ་མཁན་རྗེས་རང་ལ་འགྲོ་ཞིང༌། ལོ་བརྒྱ་ཐམ་པ་ཕྱིན་ནའང་ཁྱད་པར་དེ་རང་བསྡད་པ་མ་གཏོགས་འདྲ་མཉམ་ཡོང་སྟངས་མེད། དེ་ཡོང་སྟངས་མེད་པའི་རྒྱུ་མཚན་ནི། རང་ཁ་རང་གསོ་མེད་པ་དང༌། བཤུ་གཞོག་དང་གཞན་བརྟེན་བྱས་པའི་དབང་གིས་རེད། རང་ཁ་རང་གསོ་ཞེས་པ་ནི་ཁྲོམ་རྭའི་རིང་ལུགས་དང་འགལ་ཟླ་ཏག་ཏག་ལ་ངོས་འཛིན་བྱེད་ན་འགྲིག

ཁྲོམ་རྭ་ཞེས་པ་ནི་གཞན་གྱིས་བཟོས་པ་དེ་དངུལ་གྱིས་ཉོ་དགོས་པ་དེ་ལ་ཁྲོམ་རྭ་ཟེར། དེ་འདྲ་མིན་པར་དང་པོ་རང་གི་དགོས་མཁོ་དང་རང་གི་འདོད་རྔམས་དེ་རང་གིས་ངོ་ཤེས་པ་བྱེད་དགོས། འཛམ་གླིང་གི་མི་ཚང་མར་སོ་སོའི་དགོས་མཁོ་ཆ་ཚང་སྒྲུབ་པའི་ཐོབ་ཐང་དང་ལས་འགན་ཡོད་ལ། དེ་བསྒྲུབ་ཀྱང་དགོས། ཁ་གཅིག་པུ་དེ་ལག་པ་གཉིས་ཀྱིས་གསོས་མ་ཐུབ་ན་ཧ་ཅང་ངོ་ཚ་པོ་རེད། དཔེར་ན། རང་གི་དགོས་མཁོ་དེ་ལོ་གཅིག་ལ་ལྷམ་ཆ་གཉིས་ཀྱིས་འདང་ན།

ལོ་གཅིག་ལ་ལྷམ་ཆ་གཉིས་དེ་མེད་དུ་མི་རུང་བ་ཡིན། དེ་ཉོ་རྒྱུའི་མཐུན་རྐྱེན་ཡང་རང་གི་འཇོན་ཐང་ཐོག་ནས་བསྐྲུན་དགོས། གང་ལྟར་མི་གཞན་བཤུ་གཞོག་བཏང་སྟེ་ཁེ་བཟང་ལེན་པ་མ་ཡིན་པར། རང་གིས་ཐོན་སྐྱེད་བྱས་ཏེ་བསྒྲུབ་ཐུབ་པ་ཞིག་ངེས་པར་དུ་དགོས། བདག་ཉིད་ཆེན་པོ་གཱཾདྷཱིའི་གྲོང་གསེབ་རང་སྐྱོང་ཟེར་བ་དེ་རང་ཁ་རང་གསོ་(Self Sufficient) བྱེད་རྒྱུའི་དགོངས་ཚུལ་དེ་རང་རེད། དཔེར་ན་གྲོང་གསེབ་གཅིག་ནང་མི་ཚང་ལྔ་བཅུ་ཐམ་པར་ཞིང་ས་ཨེ་ཀར་བརྒྱ་ཐམ་པ་ཡོད་ན། མི་ཚང་ལྔ་བཅུ་དེར་མི་འབོར་ལྔ་བརྒྱ་དྲུག་བརྒྱ་ཇི་ཙམ་ཡོད་ནའང་དེའི་དགོས་མཁོ་ཡོངས་རྫོགས་ཕྱི་ནས་དབོར་འདྲེན་བྱས་ནས་ཉོ་དགོས་པ་མ་ཡིན་པར། བཟའ་རྒྱུ་དང༌། འཐུང་རྒྱུ། གྱོན་རྒྱུ། རྩེད་རྒྱུ་སོགས་གང་ཡོད་ཚང་མ་ས་ཁུལ་དེ་རང་ནང་ངལ་རྩོལ་བྱས་ཏེ། ཐོན་སྐྱེད་བྱེད་ཐུབ་པ་ཞིག་དགོས་ཤིང༌། གལ་ཏེ་དགོས་མཁོ་བཅུ་དགུ་ཡོད་ན་ཐོན་སྐྱེད་ཉི་ཤུ་ཐམ་པ་བྱེད་ནའང་སྐྱོན་མེད། དེ་ལ་བཱབཱ་ནཱག་རཱཇས་སམྲྀདྡྷིའམ་ཕུན་སུམ་ཚོགས་པ་ཞེས་གསུངས། འོན་ཀྱང་དགོས་མཁོ་བཅུ་དགུ་ཡོད་ན་ཐོན་སྐྱེད་བརྒྱ་ཐམ་པ་བྱེད་ན་མི་འགྲིགས། དེ་རང་ཁ་རང་གསོ་ཆགས་ཀྱི་མེད།

གང་ལྟར་དགོས་མཁོ་དང་འཚམས་པའི་ཐོན་སྐྱེད་དང༌། ཐོན་སྐྱེད་དང་འཚམས་པའི་བེད་སྤྱོད་ཅེས་པ་དེ་ལ་རང་ཁ་རང་གསོ་ཟེར། རང་ཁ་རང་གསོ་ཞེས་པའི་ཚིག་དེ་སྔོན་མ་ནས་ཡོད་པའི་ཚིག་ཅིག་ཡིན་སྟབས་ང་ཚོས་དེ་བེད་སྤྱོད་བཏང་བ་རེད། ཡིན་ནའང་གང་ནས་བསྒྱུར་ས་ཚིག་ནི་Self Supportive, Self Sufficient ཞེས་པ་དེ་རེད། དེ་ཁ་གསོ་རྒྱུ་རྐྱང་པའི་སྐད་ཆ་མིན་ཞིང༌། མི་ཚོའི་དགོས་མཁོ་ཡོངས་རྫོགས་དེའི་ནང་ཚུད་ཡོད། མདོར་ན་འཕྲོད་བསྟེན་དང༌། ཤེས་ཡོན། ཆོས་ཕྱོགས། སྤྱི་ཚོགས་བཅས་ཚང་མའི་དགོས་མཁོ་དང༌། དེ་དང་འཚམས་པའི་ཐོན་སྐྱེད་གཉིས་མཉམ་དུ་འགྲོ་རྒྱུ་ནི་རང་ཁ་རང་གསོའི་གནད་དོན་གཙོ་བོ་དེ་རེད།

རང་ཁ་རང་གསོ་ཡོང་བ་དང༌། རང་ཁ་རང་གསོའི་ཐོག་འགྲོ་བ་ལ་ཧ་ཅང་གི་ཚད་མཐོའི་ཤེས་ཡོན་དགོས། ཚད་མཐོའི་ཤེས་ཡོན་དང་རང་དབང་ཅན་གྱི་བསམ་བློ་མེད་ན། ད་ལྟའི་བག་མེད་ལོངས་སྤྱོད་ཀྱི་སྤྱི་ཚོགས་འདིའི་ནང་རང་ཁ་རང་གསོར་བསྡད་དུ་མི་བཅུག ཕྱི་ནས་འབུད་རྒྱག་རྒྱག་མཁན་མང་པོ་ཡོད་སྟབས་ང་ཚོས་སློབ་སྦྱོང་སྤྲད་ནས་མི་དེ་རང་དབང་ཡོད་པ་ཞིག་བཟོ་དགོས། ཤེས་ཡོན་སྲིད་བྱུས་ཀྱི་དེབ་འདིའི་དོན་ཚན་ལྔ་པའི་ནང་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་ལ་རང་དབང་དང༌། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་དོན་ཚན་བཞི་བཀོད་ཡོད། དོན་ཚན་བཞི་པོ་དེ་བསྒྲུབ་ཐུབ་ན་རང་བཞིན་གྱིས་རང་ཁ་རང་གསོ་ཆགས་འགྲོ་རྒྱུ་རེད།

དེ་ཡང་གང་དང་གང་ལ་རང་དབང་དགོས་ཞེ་ན། རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པའི་ནུས་པ་དེ་རེད། བླང་དོར་གྱི་གནས་ནི་ང་ལ་དགོས་པ་དང་མི་དགོས་པ། ངས་བྱེད་ཆོག་པ་དང་མི་ཆོག་པ། ངས་བྱེད་དགོས་པ་དང་མི་དགོས་པ་རྣམས་མི་གཞན་གྱི་ཁ་ལ་ཉན་པ་དང༌། བརྙན་འཕྲིན་ལ་ལྟ་བ། ཚགས་པར་ཀློག་པ། དྲིལ་བསྒྲགས་བྱེད་པ་བཅས་ལ་བརྟེན་ནས་མིན་པར། སོ་སོ་རང་གིས་བྱེད་ཐུབ་པའི་རང་དབང་ཞིག་དགོས་སྟབས། དེ་འདྲའི་ཐག་གཅོད་བྱེད་ཐུབ་པ་དང༌། བྱེད་ནུས་པའི་བསམ་བློ་དེ་ལ་བསམ་སྤྱོད་ཀྱི་རང་དབང་དང༌། རང་དབང་གཉིས་པ་ནི་འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་བརྟེན་པའམ། གཞན་ལ་བཤུ་གཞོག་བྱེད་མ་དགོས་པར། རང་གི་འབད་རྩོལ་གྱིས་བསྒྲུབས་པའི་ཐོན་སྐྱེད་ཀྱི་སྒོ་ནས་ཡང་དག་པར་འཚོ་ནུས་པའི་འཚོ་བའི་རང་དབང༌། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་ཐུབ་པའི་སྲུང་སྐྱོབ་ཀྱི་རང་དབང་བཅས་རང་དབང་གསུམ་དེ་ངེས་པར་དུ་དགོས།

དེའི་ནང་ནས་དེང་སང་ཕྱོགས་ཐམས་ཅད་ནས་དམག་འཁྲུག་རྟག་ཏུ་ཡོང་བར་བརྟེན། སྲུང་སྐྱོབ་ཀྱི་རང་དབང་དེ་ཧ་ཅང་ཁག་པོ་རེད། ལྷག་པར་དུ་དེང་རབས་སྤྱི་ཚོགས་ནང་ང་ཚོ་བཙན་བྱོལ་བོད་མིའི་ཁྲོད་བསམ་བློ་རང་དབང་ཡོད་མཁན་ཧ་ལམ་དཀོན་པོ་རེད། ཐག་གཅོད་ཚང་མ་ནུབ་ཕྱོགས་དང་དེང་རབས་ཀྱི་དྲིལ་བསྒྲགས་ལ་བལྟས་ནས་བྱེད་པ་མ་ཟད། དེ་བཞིན་དུ་འཚོ་བ་ཡང་བཤུ་གཞོག་མ་གཏོགས་རང་སྟོབས་ཀྱིས་བཙལ་ཐུབ་ཀྱི་མེད། དེས་ན་བསམ་སྤྱོད་ཀྱི་རང་དབང་དང༌། འཚོ་བའི་རང་དབང༌། སྲུང་སྐྱོབ་ཀྱི་རང་དབང་བཅས་ཡོང་ཐུབ་པ་དེ་ཤེས་ཡོན་ཐོག་ནས་བྱེད་དགོས།

ལར་ནས་རང་དབང་ཙམ་གྱིས་མི་ཕན་ཞིང༌། མི་ཟེར་བ་དེ་སྤྱི་ཚོགས་ཀྱི་སྲོག་ཆགས་ཤིག་ཡིན་སྟབས། གཞན་གྱི་དོན་དང་སྤྱི་ཚོགས་ཀྱི་དོན་དུ་རང་ཉིད་བློས་བཏང་སྟེ་སྲི་ཞུ་སྒྲུབ་ནུས་པའི་གཞན་ཕན་(Altruism) དེ་དགོས། གང་ལྟར་སོ་སོའི་མི་རབས་ནང་ཆ་ཚང་བེད་སྤྱོད་བཏང་ནས་མི་རབས་གསར་པར་གང་ཡང་སྤྲད་རྒྱུ་མེད་པ་དེ་འདྲ་ཞིག་མིན་དགོས།

འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་འཐོན་ཁུངས་གཉིས་ཀར་གནོད་སྐྱོན་མ་བཏང་བར་སའི་གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་བཟང་པོ་རྣམས་མི་ཉམས་པར་མི་རབས་གསར་པར་རྩིས་སྤྲད་དེ་རྒྱུན་འཛིན་ཐུབ་དགོས།

དེ་དང་ཆབས་ཅིག་འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང་ལམ་ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་(Innovation) བྱེད་པའི་ནུས་པ་དེ་དགོས་ཤིང༌། བཞི་པོ་དེ་ཤེས་ཡོན་གྱི་དམིགས་ཡུལ་ངོ་མ་དེ་རེད། ད་ལྟ་འདིར་དོན་ཚན་བཞིར་བསྡུས་ཡོད་རུང༌། ཨཱཅཱརྱབིནོབཱབྷཱབེ་མཆོག་གིས་དོན་ཚན་གསུམ་ནང་བསྡུས་ཡོད། ང་ཚོས་དོན་ཚན་གཅིག་སྣོན་པ་བརྒྱབས་ནས་དོན་ཚན་བཞི་བཟོས་པ་རེད།

དངོས་གནས་སློབ་སྦྱོང་ཐོན་པ་ཞིག་ཡིན་ན་གོང་སྨོས་རྣམས་ཆ་ཚང་བྱེད་ཐུབ་དགོས། དེ་མ་ཐུབ་ན་Ph. D སོགས་ཤེས་ཚད་ལག་ཁྱེར་མཐོ་པོ་ག་ཚོད་ཡོད་ནའང༌། ཤེས་ཡོན་མེད་པ་དང་གཅིག་པ་རེད། དེ་བཞི་པོ་ཚང་ན་རང་ཁ་རང་གསོ་རང་བཞིན་གྱིས་ཡོང་ཞིང༌། སུ་ལའང་བཤུ་གཞོག་མི་གཏོང་བ་དང༌། སུའི་ཅ་ལག་ལའང་བག་མེད་ལོངས་སྤྱོད་མི་བྱེད་པ་མ་ཟད། རང་གི་ཅ་ལག་ལའང་བག་མེད་ལོངས་སྤྱོད་མི་བྱེད་པར། དགོས་མཁོ་དང་འཚམས་པའི་ཐོན་སྐྱེད་དང༌། ཐོན་སྐྱེད་དང་འཚམས་པའི་ལོངས་སྤྱོད་ཐོག་ནས་འགྲོ་བ་དེ་ལ་རང་ཁ་རང་གསོ་ཟེར། དེའི་ཐབས་ལམ་ནི་ཚད་དང་ལྡན་པའི་སློབ་སྦྱོང་སྤྲད་རྒྱུ་དེ་རེད། ཚད་དང་ལྡན་པའི་སློབ་སྦྱོང་དེ་དམིགས་ཡུལ་བཞི་པོ་དེ་བསྒྲུབ་ཐུབ་པའི་ཆེད་སྤྲོད་ཀྱི་ཡོད། དེས་ན་ཐབས་ལམ་དང་དམིགས་ཡུལ་གཉིས་ཀ་ཤེས་ཡོན་སྲིད་ཇུས་ནང་གསལ་པོ་ཡོད་ཞུ་རྒྱུ་ཡིན།

མི་རྣམས་དུད་འགྲོ་བཞིན་བཟོ་བ་ལ་དེང་རབས་དཔལ་འབྱོར་གྱི་ལམ་སྲོལ་ལས་ལྷག་པའི་ཐབས་ལམ་དང༌། རྒྱུ་རྐྱེན་གཞན་ཧ་ལམ་མེད་ཅེས་བཤད་ནའང་འགྲིགས། དམག་བརྒྱབ་རྒྱུ་དང༌། མི་གསོད་རྒྱུ། རྐུ་མ་བརྐུ་རྒྱུ། རྫུན་བཤད་རྒྱུ་སོགས་འཛམ་གླིང་ནང་བཟང་སྤྱོད་དང་འགལ་བའི་ལས་ཀ་རྣམས་བསྡོམས་བརྒྱབ་ན་བརྒྱ་ཆ་༩༩ དངོས་ཤུགས་བརྒྱུད་གསུམ་ནས་དཔལ་འབྱོར་གྱི་ལམ་སྲོལ་དང༌། དཔལ་འབྱོར་འདུ་འགོད་དང་འབྲེལ་བ་ཤ་སྟག་རེད། དེར་བརྟེན་རང་ཁ་རང་གསོ་དེ་ཧ་ཅང་གལ་ཆེན་པོ་རེད།

ང་ཚོ་ནང་པའི་སྐད་ཆ་ཤོད་སྟངས་བྱེད་ན་ཡང་དག་པའི་འཚོ་བ་ཟེར་བ་དེ་རེད། འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ནས་ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་ལས་ཀྱི་མཐའ་གཉིས་ཡོང་ན་རང་བཞིན་གྱིས་རང་ཁ་རང་གསོ་ཟེར་བ་དེ་ཆགས་རྒྱུ་རེད། དེར་བརྟེན་དཔལ་འབྱོར་སྐོར་གྱི་དྲི་བ་དེ་དང༌། རང་ཁ་རང་གསོའི་སྐོར་གྱི་དྲི་བ་གཉིས་ལ་ལན་ལོགས་སུ་མི་དགོས་པར་གཅིག་གིས་འགྲིག་པ་ཡིན།

ཁོར་ཡུག་སྲུང་སྐྱོབ་དེ་སྤྱིར་འཛམ་བུ་གླིང་དང༌། ལྷག་པར་དུ་བོད་པ་ལ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་ས་མཐོའི་སྡེར་ཐང་(Plateau) དེ་ཨེ་ཤི་ཡ་ཡོངས་རྫོགས་ཀྱི་ཁོར་ཡུག་དང་འབྲེལ་བ་ཤུགས་ཆེ་ཡོད། སྔོན་མ་ཕྱི་ལོ་༡༩༥༩ ཙམ་བར་བོད་ཀྱི་ཁོར་ཡུག་དེ་འཕྲོ་བརླག་ཏུ་ཕྱིན་མེད། སྤྱིར་འཕྲོ་བརླག་འགྲོ་ལས་སླ་པོ་ཞིག་རེད། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཕྱིན་ན། བོད་ཀྱི་ཁོར་ཡུག་རྐྱང་པའི་གནས་སྟངས་མིན་པར། ཨེ་ཤི་ཡ་ཡོངས་རྫོགས་དང༌། དེ་ལ་བརྟེན་ནས་འཛམ་གླིང་ཡོངས་རྫོགས་ཀྱི་ཁོར་ཡུག་གི་གནས་སྟངས་དང་འབྲེལ་བ་ཡོད་པ་ཞིག་རེད།

ཨེ་ཤི་ཡའི་ཆུ་བོ་ཆེན་པོ་རྣམས་བོད་ནས་ཐོན་ཏེ་རྒྱ་གར་དང༌། པཱཀིསིཐཱན། བངྒལཱདེཤ རྒྱ་ནག ལའོ་སི། ཀམབོཌིཡཱ། ཝེཏནམ། ཐཡིལེན་བཅས་སུ་བརྒྱུད་ཅིང༌། ལོ་གསུམ་སྔོན་གྱི་གྲངས་ཚད་ཅིག་ལ་ཆ་བཞག་ན། ཨེ་ཤི་ཡའི་མི་འབོར་བརྒྱ་ཆ་བཞི་བཅུ་ཞེ་གཉིས་ཞེ་གསུམ་གྱིས་བོད་ནས་ཡོང་བའི་ཆུ་བེད་སྤྱོད་བཏང་སྟེ་འཚོ། དེ་ནི་དངོས་ཡོད་གནས་སྟངས་རེད། རྒྱ་ནག་ནང་དུའང་མི་ཚོགས་ཆེ་བའི་གྲོང་ཁྱེར་ཆེན་མོ་ཕལ་མོ་ཆེ་བོད་ནས་ཡོང་བའི་ཆུ་རྒྱུན་དེ་ཚོའི་གཡས་གཡོན་ལ་གནས་ཡོད། དེས་ན་བོད་ནང་གི་ཁོར་ཡུག་ཉམས་ཆག་སྤྱི་དང༌། ལྷག་པར་དུ་བོད་ནང་རྡུལ་ཕྲན་སྙིགས་རོ་རྣམས་སྦས་ན། ཆུ་ཚང་མ་སྦགས་བཙོག་གིས་འཕྲོ་བརླག་ཕྱིན་ནས་ཨེ་ཤི་ཡའི་མི་འབོར་གྱི་བརྒྱ་ཆ་བཞི་བཅུ་ཞེ་གྲངས་ཤིག་རྩ་མེད་ལ་འགྲོ་ཉེན་ཡོད་སྟབས། བོད་སའི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ང་ཚོའི་དམིགས་བསལ་གྱི་ལས་འགན་ཞིག་རེད། སྤྱིར་བཏང་ཁོར་ཡུག་སྲུག་སྐྱོབ་བྱེད་རྒྱུ་དེ་མི་ཙམ་མ་ཟད། སྲོག་ཆགས་ཡོངས་རྫོགས་ཀྱི་ལས་འགན་རེད། ཡོང་རྒྱུ་བསྡད་པའི་མི་རབས་ཀྱིས་བེད་སྤྱོད་གཏོང་རྒྱུའི་ས་ཡི་གོ་ལ་འདི་ང་ཚོས་མི་རབས་གཅིག་ནང་ཚང་མ་བཙོག་པ་བཟོས་ཏེ་མེད་པར་གྱུར་ན་ཧ་ཅང་ཕངས་པོ་རེད།

ཉིན་གསུམ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆུང་གི་སྙན་ཐོ་རྒྱས་ཤོས་དེ་ཐོན་འདུག དེའི་ནང་བལྟས་ན་ཧ་ཅང་ཉེན་ཚབས་ཆེན་པོ་རེད་འདུག ད་ལྟ་ང་ཚོས་ཐབས་ཤེས་མ་བྱས་པར་ལོ་ཁ་ཤས་འགོར་ན་ཧ་ལམ་ས་ཡི་གོ་ལ་འདི་གནས་པའི་རེ་བ་མེད་པ་ལྟ་བུ་ཞིག་བཤད་འདུག སྔོན་མ་ཨ་རིའི་སྲིད་འཛིན་སྐུ་གཞོན་ཟུར་པ་འདི་ལོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨེལ་གྷོར་(Al Gore) གྱིས་The Inconvenient Truth ཞེས་པའི་གློག་བརྙན་ཞིག་བཟོས་ཡོད། དེ་ཁྱེད་རང་ཚོས་ངེས་པར་དུ་གཟིགས་དགོས། དེའི་ནང་ད་ལྟའི་འཛམ་གླིང་གི་ཁོར་ཡུག་གནས་སྟངས་དེ་གང་དུ་སླེབས་མིན་བསྟན་ཡོད།

ང་ཚོ་ཐོག་མ་རྒྱ་གར་དུ་འབྱོར་སྐབས་ཆུ་མཉམ་དུ་འཁྱེར་བ་དང་ཆུ་ཉོ་བའི་ལུགས་སྲོལ་མེད། སྐབས་དེར་མེ་འཁོར་འབབ་ཚུགས་སུ་འཐུང་ཆུ་ཡོད་ས་དེ་ནས་འཐུང་རྐྱང་བྱེད་ཀྱི་ཡོད། ཁ་ལག་མ་བཟས་པར་ཟླ་བ་གཅིག་ཙམ་དང༌། ཆུ་མ་འཐུང་བར་ཉི་མ་གསུམ་ཙམ། དབུགས་མ་རྔུབ་པར་སྐར་མ་ཁ་ཤས་ལས་སྡོད་མི་ཐུབ། དེས་ན་མིའི་སྲོག་འཚོ་བ་ལ་ཛ་དྲག་གི་དགོས་མཁོ་མེད་དུ་མི་རུང་བ་དེ་རླུང་དང་ཆུ་གཉིས་པོ་རེད། དེང་སྐབས་རླུང་བཙོག་པ་ཆགས་ནས་གང་སར་ཁ་རས་གྱོན་དགོས་པ་དང༌། གློ་ནད་ན་བ། སྐྲན་ནད་ན་བ་སོགས་མཐོང་དུ་ཡོད། དེང་སྐབས་ཆུ་གཙང་མ་མེད་པར་ཁྲོམ་རྭ་ནས་ཉོ་དགོས་ཀྱི་ཡོད། ང་ཚོས་ཁོར་ཡུག་སྲུང་སྐྱོབ་བྱེད་མ་ཐུབ་ན། ད་ལྟ་ཆུ་མཉམ་དུ་འཁྱེར་ནས་འགྲོ་བ་བཞིན་ང་ཚོའི་མི་ཚེའི་ནང་དབུགས་རྔུབ་རྒྱུའི་རླུང་གཙང་མ་ལྟོ་ཕད་ནང་

མཉམ་དུ་འཁྱེར་དགོས་པ་ཏན་ཏན་ཆགས་ཀྱི་རེད་བསམ་གྱི་འདུག ཁོར་ཡུག་སྲུང་སྐྱོབ་དེ་མིའི་རྒྱུན་སྤྱོད་དང་འབྲེལ་བ་ཆེན་པོ་རེད། གལ་ཏེ་བག་མེད་ལོངས་སྤྱོད་ཀྱི་རྒྱུན་སྤྱོད་ཅིག་ཡིན་ན་ཁོར་ཡུག་སྲུང་སྐྱོབ་བྱེད་མི་ཐུབ། མིའི་རྒྱུན་སྤྱོད་དེ་རང་ཁ་རང་གསོ་ཞིག་ཆགས་ན། རང་བཞིན་གྱིས་ཁོར་ཡུག་སྲུང་སྐྱོབ་ཡོང་ཐུབ།

ངས་སྐབས་རེ་རྩེད་མོ་དང་སྦྲགས་ཏེ་ནུབ་ཕྱོགས་པ་དང་རྒྱ་གར་བ་ཚོ་ལ་བཤད་རྒྱུ་ཞིག་ལ། སྔོན་མ་རྒྱ་གར་ནང་ལྐུགས་ཤོས་ཤིག་བཙལ་དགོས་བྱུང་སྟེ་བཙལ་དུ་འགྲོ་སྐབས་མི་ཞིག་གིས་ཤིང་སྡོང་གི་ཡལ་གའི་སྒང་བསྡད་ནས་སོ་སོ་སྡོད་སའི་ཡལ་ག་དེ་སྟ་རེས་གཅོད་བཞིན་ཡོད་པ་མཐོང་བར་བརྟེན། མི་དེ་ལྐུགས་པའི་མཆོག་ཏུ་བརྩི་རུང༌། དེང་སང་མི་དེ་སྤྱང་པོའི་གྲས་སུ་ཚུད་དགོས་པ་ལྟ་བུ་རེད། གང་ཡིན་ཞེ་ན། རྒྱ་གར་དང་ཨ་རི་གཉིས་ཤིང་སྡོང་ཞིག་གི་ཡལ་ག་གཉིས་ཀྱི་སྒང་ལ་བསྡད་ནས་སོ་སོ་སྡོད་སའི་ཤིང་སྡོང་དེ་གཅོད་ཀྱིན་ཡོད། དེ་བཅད་ན་ཟག་རྒྱུ་རེད་ཅེས་བརྗོད་ན། སྔོན་ལ་ཁོས་གཅད་རྒྱུ་དེ་མཚམས་བཞག་ན་ངས་གཞག་རྒྱུ་ཡིན། ཁོས་མ་བཞག་བར་ངས་ཅིའི་ཕྱིར་བཞག་དགོས་ཞེས་བཤད་ཀྱི་ཡོད། Kyoto Protocol ཐོག་རྒྱ་གར་གྱིས་ས་ཡིག་མ་བརྒྱབ་ན་ཨ་མི་རི་ཀས་བརྒྱབ་རྒྱུ་མིན་ཟེར་བ་དང༌། ཨ་མི་རི་ཀས་ས་ཡིག་མ་བརྒྱབ་ན་རྒྱ་གར་གྱིས་བརྒྱབ་རྒྱུ་མིན་ཞེས་བཤད་མུས་རེད། ལུང་པ་གཉིས་ཀའི་ཁོར་ཡུག་གི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པ་ཚང་མས་ཤེས་གསལ་རེད།

དེ་བཞིན་ཨ་མི་རི་ཀས་ཁོར་ཡུག་གལ་ཆེན་ཡིན་རུང༌། ཨ་རི་བའི་མི་ཚེ་སྐྱེལ་སྟངས་ལ་འགྱུར་བ་གཏོང་མི་ཐུབ་ཅེས་བཤད་ཀྱི་ཡོད། གལ་ཏེ་དེ་བྱེད་ཐུབ་ཀྱི་མེད་ན། རྩ་མེད་འགྲོ་རྒྱུར་ངོས་ལེན་བྱེད་དགོས། འདས་པའི་ལོ་གཉིས་ནང་ཨ་མི་རི་ཀའི་ནང་ཀཊ་རི་ན་ལ་བརྟེན་ནས་དཀའ་ངལ་གང་བྱུང་བ་དང༌། ཉེ་ཆར་ཤིང་ནགས་ལ་མེ་ཤོར་ནས་མི་འབུམ་ཕྲག་མང་པོ་བྲོས་བྱོལ་བྱེད་དགོས་པའི་གནས་སྟངས་གང་བྱུང་བ་ཚང་མ་གསལ་མཐོང་ཡིན་རུང༌། ད་དུང་མི་ཚེའི་འགྲོ་སྟངས་འགྱུར་བ་གཏོང་མི་ཐུབ་ཅེས་ཟེར་གྱི་ཡོད། དེ་སྤྱང་པོ་ཡིན་ན། ཤིང་སྡོང་གི་ཡལ་གའི་རྩེ་ལ་བསྡད་ནས་ཡལ་ག་གཅོད་མཁན་དེ་ལྐུགས་པ་རེད་ཅེས་ལབ་ཐུབ་བམ། གང་ལགས་ཤེ་ན། ཟག་རྒྱུ་ཡིན་པ་སྔོན་མ་དེས་ཤེས་ཀྱི་མེད།

འོན་ཀྱང་ད་ལྟའི་གཅོད་མཁན་དེ་ཚོས་གཅད་ན་ཟག་རྒྱུ་ཡིན་པ་མ་ཟད། ཟག་ནས་ཤི་གི་ཡོད་པའང་ཤེས་ཀྱི་ཡོད། ད་དུང་དེ་བཞག་གི་མེད། དེ་མི་འཇོག་པའི་རྒྱུ་མཚན་ནི་ཕར་ཕྱོགས་ཀྱིས་བཞག་གི་མི་འདུག་ཟེར་བ་རེད། དེ་དག་ལ་སྤྱང་པོ་དང༌། སྤྱི་ཚོགས་དཔལ་ཡོན་ལྡན་པ། ཤེས་ཡོན་ཅན་དུ་བརྩི་ན། ལྐུགས་པ་དང༌། སྤྱི་ཚོགས་དཔལ་ཡོན་མི་ལྡན་པ། ཤེས་ཡོན་མེད་པ་དེ་གང་འདྲ་ཞིག་ལ་བརྩི་དགོས་སམ། གལ་ཏེ་སོ་སོའི་མགོ་ལ་སོ་སོས་སྟ་རེ་དང་ཐོ་བ་གཞུ་མཁན་དང༌། རང་སྲོག་རང་གིས་གཅོད་མཁན་དེ་དེང་རབས་པ་དང་སྤྱི་ཚོགས་དཔལ་ཡོན་ལྡན་པ་ཡིན་ན། ཀླ་ཀློ་དང༌། སྤྱི་ཚོགས་དཔལ་ཡོན་མི་ལྡན་པ་དེ་ཧ་ཅང་ཡག་ས་རེད། རང་ཤི་རྒྱག་མཁན་དེ་ལ་ཡར་རྒྱས་ཕྱིན་པ་དང༌། མཁས་པ། ཧ་ཅང་ཡག་པོ་རེད་ཅེས་ལབ་དགོས་པ་གང་ཡང་མི་འདུག

དེ་ནས་ཤེས་ཡོན་སྲིད་ཇུས་ནང་གལ་ཆེ་ཤོས་དེ་གང་རེད་ཅེས་གསུངས་སོང༌། དོན་ཚན་གཉིས་པ་དང༌། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་ནང་ཤེས་ཡོན་སྲིད་ཇུས་ཀྱི་སྙིང་པོ་བསྡུས་ཡོད། དེ་དག་གཙོ་ཆེ་ཤོས་རེད་ཞུ་རྒྱུ་ཡིན།

དབུས་བོད་སློབ་འཛིན་ཚོགས་ནང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་རྒྱུར་ཁག་པོ་གང་ཡང་མེད། ཆ་ཤས་ཤིག་ད་ལྟའང་ལག་ལེན་ལ་འགྲོ་བཞིན་པ་རེད། རིང་པོ་མི་ཐོགས་པར་ཆ་ཚང་ཞིག་ལག་ལེན་ལ་འགྲོ་རྒྱུ་རེད་བསམ་གྱི་འདུག ད་དུང་ཕྱོགས་གཞན་ཞིག་ནས་བལྟས་ན། དབུས་བོད་སློབ་འཛིན་ཚོགས་འོག་ཡོད་པའི་སློབ་གྲྭ་དེ་ཚོ་འཛིན་སྐྱོང་གཅིག་གི་འོག་ཁྱབ་ཡོད་སྟབས། ལག་བསྟར་བྱེད་རྒྱུའི་ཐག་གཅོད་བྱུང་བའི་ཉིན་མོ་དེ་ནས་ཚང་མ་ལ་སྤྱི་ཡོངས་ཀྱིས་ལག་བསྟར་འགྲོ་རྒྱུ་རེད། དེའི་ཐོག་དུས་ཚོད་ཕྲན་བུ་འགྱངས་ན་མ་གཏོགས་ལག་བསྟར་བྱེད་མ་ཐུབ་པའི་སེམས་ཁྲལ་མེད། ང་ཚོའི་ངོས་ནས་མཐུན་རྐྱེན་མ་འཛོམས་བར་དུ་སྒུག་དགོས་པ་མ་གཏོགས། སྒྲིག་འཛུགས་ཐོག་ནས་ལག་བསྟར་མི་ཐུབ་པའི་དཀའ་ངལ་མེད་སྙམ།

ཚོགས་ཆུང་གསུམ་པའི་དྲི་བ་ཁག

ཕལ་ཆེ་བ་གོང་དུ་ཞུས་ཟིན་རུང༌། བསམ་བློ་གཏོང་སྟངས་ཅུང་ཙམ་ཁྱད་པར་འགྲོ་བ་ལྟ་བུ་འདུག

༡ ང་ཚོའི་ཤེས་ཡོན་སྲིད་ཇུས་འདི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག དམིགས་སུ་བཀར་ནས་ཤེས་ཡོན་གྱི་ངོས་འཛིན་ལེའུ་ནང་གསལ། ནང་པ་སངས་རྒྱས་པའི་རིང་ལུགས་དང༌། གཡུང་དྲུང་བོན་གཉིས་ཀྱི་ནང་དོན་གཞི་ལ་གཞག་རྒྱུ་ཡིན་པ་གསལ་འདུག་ཀྱང་སློབ་ཚན་གྱི་སྒྲོམ་གཞི་བཀོད་སྒྲིག་གནང་སྐབས་གཡུང་དྲུང་བོན་གྱི་སྐོར་མངོན་གསལ་མི་འདུག་པས་དེ་གསལ་བཤད་ཡོད་པ་དང༌།

༢ བལ་ཡུལ་ནང་བོད་ཡིག་ཞར་བྱུང་སློབ་ཚན་ཞིག་གི་ངོ་བོར་སློབ་ཁྲིད་བྱེད་ཆོག་པ་ཙམ་ལས། སློབ་ཚན་གྱི་སྒྲོམ་གཞིའི་ཁོངས་གཏོགས་ཀྱི་སློབ་ཚན་ཞིག་ཡིན་པ་བལ་ཡུལ་གཞུང་ནས་ངོས་འཛིན་དང་སློབ་ཁྲིད་ཆོག་པའི་བཀའ་འཁྲོལ་མེད་པར་བརྟེན། སློབ་ཚན་གཞན་དག་བོད་ཀྱི་སྐད་ཡིག་ནང་སློབ་ཁྲིད་ལག་བསྟར་བྱེད་རྒྱུར་དཀའ་ངལ་རིམ་བཞིན་ཡོང་རྒྱུ་ཡིན་ན་ལམ་སྟོན་བཀའ་སློབ་གནང་སྐྱོང་ཡོང་བ་ཞུ།

༣ ལོ་གསུམ་གྱི་སྔོན་འགྲོའི་འཛིན་གྲྭའི་ལམ་སྲོལ་བོད་མིར་འོས་འཚམས་ཤིག་གསར་གཏོད་མ་བྱུང་བར་མོན་ཊི་སོ་རིའི་ལམ་སྲོལ་ལྟར་ལག་བསྟར་བྱ་རྒྱུ་ཞེས་གསལ་འདུག་པ། བོད་མིར་འོས་འཚམས་མ་བྱུང་བར་ཞེས་པ་དེ་དུས་ཡུན་ཇི་ཙམ་ཡིན་པ་དང༌། ད་ལྟ་དེའི་ཕྱོགས་ལས་འགོ་བརྩམས་ཡོད་དམ།

དེ་བཞིན་ཤྲིའནགར་ནང་ང་ཚོའི་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་རྒྱུ་དེ་འདྲ་དགོངས་པ་ཡོད་མེད་བཀའ་སློབ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།

བཀའ་ལན་ཁག

ང་ཚོའི་སྲོལ་རྒྱུན་ཤེས་ཡོན་གྱི་འབྱུང་ཁུངས་སམ་གཞི་རྩ་ནི་ཆོས་དང་བོན་གཉིས་རེད་ཅེས་བཤད་ཡོད། བོད་ནང་ཆོས་དང་བོན་གཉིས་ཀྱི་བྱུང་རིམ་ལ་མཚོན་ན་བོན་དེ་སྔོན་དང༌། ཆོས་དེ་རྗེས་ལ་བྱུང༌། ཡིན་ནའང་ཆོས་དར་བའི་རྗེས་སུའང་བོན་མུ་མཐུད་གནས་ཡོད། ཆོས་ནང་བོན་གྱི་བརྡ་ཆད་མང་པོ་འདྲེས་ཡོད་ལ། དེ་བཞིན་བོན་ནང་དུའང་ཆོས་ཀྱི་ལྟ་གྲུབ་མང་པོ་འདྲེས་ཡོད། ད་ལྟའི་གནས་སྐབས་སུ་ཆོས་བོན་གྱི་དབྱེ་བ་ཐ་སྙད་ཁ་ཤས་ཐོག་ནས་ཕྱེ་བ་མ་གཏོགས། གནས་ཚུལ་མང་པོ་ཞིག་གཅིག་གྱུར་རེད། དཔེར་ན། ཕར་ཕྱིན་དང་ཚད་མ་ལྟ་བུ་ཡིན་ན། བོན་གྱི་ཚད་མ་དང་བོན་གྱི་ཕར་ཕྱིན། ནང་པའི་ཚད་མ་དང་ནང་པའི་ཕར་ཕྱིན་ཞེས་མང་པོ་ཞིག་ཕར་བླུག་ཚུར་བླུག་ལྟ་བུ་རེད།

སངས་རྒྱས་པ་ཚོས་ཚད་མའི་སྐབས་སུ་བུམ་པ་ཆོས་ཅན་ཞེས་བཤད་རུང༌། བོན་པོ་ཚོས་བུམ་པ་བོན་ཅན་ཞེས་བརྗོད། ཆོས་ཅན་དང་བོན་ཅན་མ་གཏོགས། མི་རྟག་སྟེ་བྱས་པའི་ཕྱིར་ཞེས་པ་གཅིག་པ་རེད། གལ་ཏེ་བུམ་པ་ཆོས་ཅན། མི་རྟག་སྟེ།བྱས་པའི་ཕྱིར་ཞེས་བརྗོད་ན། སངས་རྒྱས་པའི་བརྗོད་སྟངས་རེད། བུམ་པ་བོན་ཅན། མི་རྟག་སྟེ།བྱས་པའི་ཕྱིར་ཞེས་བརྗོད་ན། བོན་པོའི་རྟགས་བཀོད་སྟངས་རེད། དེ་མ་གཏོགས་རྟགས་དང༌། བསྒྲུབ་བྱའི་ཆོས། བསྒྲུབ་བྱ། ཆོས་ཅན་ཚང་མ་གཅིག་པ་རེད།

དེས་ན་ང་ཚོས་བོད་ཀྱི་ལེགས་བྱང་ནང་ཆོས་བོན་གྱི་དབྱེ་བ་གསལ་པོ་ཞིག་རེ་ཁས་བཅད་པ་ལྟ་བུ་ཞིག་བཟོ་དཀའ། སློབ་ཚན་ནང་ཆོས་བོན་གཉིས་ཀ་སླེབས་པ་མ་གཏོགས། ཆོས་སླེབས་ནས་བོན་མ་སླེབས་པ་དང༌། བོན་སླེབས་ནས་ཆོས་མ་སླེབས་པ་མེད་རུང༌། མང་ཉུང་དང་རྒྱ་ཆེ་ཆུང་གི་ཁྱད་པར་ཡོང་སྲིད། ད་ལྟ་ཤེས་ཡོན་སྲིད་ཇུས་གསར་པའི་འོག་སློབ་ཚན་གོ་སྒྲིག་གི་ལས་རིམ་འགྲོ་བཞིན་པ་མ་གཏོགས། གཏན་འཁེལ་བ་བྱུང་མེད། དེས་ན་བོན་དེ་གསལ་མི་འདུག་གསུངས་པ་དེ་ད་ལྟ་སྔ་དྲགས་པ་རེད། མ་འོངས་པར་བོན་གྱི་ཆ་ཤས་གང་ཡོད་པ་དེ་གནས་རྒྱུ་རེད། ལྷག་པར་སློབ་ཚན་གོ་སྒྲིག་ནང་ཆོས་བོན་གཉིས་ཀ་ངེས་པར་དུ་ཚང་དགོས་པ་དེ་སྲིད་ཇུས་ཀྱི་དགོངས་དོན་རེད།

བལ་ཡུལ་ནང་བལ་ཡུལ་གཞུང་གི་ལམ་སྲོལ་དང་མཐུན་པའི་སློབ་གྲྭ་འཛིན་སྐྱོང་བྱེད་རྒྱུ་དང༌། རྒྱུགས་སྤྲོད་སོགས་ཀྱི་ལས་རིམ་ནང་བོད་སྐད་མི་ཚུད་ན། དེ་ནི་དངོས་ཡོད་ཀྱི་དཀའ་ངལ་ཆེན་པོ་ཞིག་རེད། དེས་ན་སློབ་སྦྱོང་གི་སྐད་ཡིག་བོད་ཡིག་བྱེད་རྒྱུ་དེ་སྒྲིག་འཛུགས་ལྡན་པའི་སློབ་གྲྭ་ཁག་ནང་མགྱོགས་པོ་ཞིག་ལག་ལེན་བསྟར་ཐུབ་རེ་མེད་པ་ཡིན་སྲིད། ཡིན་ནའང་ཤེས་ཡོན་སྲིད་ཇུས་ནང་ཡོད་པའི་དགོས་པ་དམིགས་ཡུལ་དང༌། ཤེས་ཡོན་ངོས་འཛིན་སོགས་མང་པོ་ཞིག་སྐད་ཡིག་གི་དབྱེ་བ་མེད་པའི་ཐོག་ནས་ལག་ལེན་བསྟར་ཐུབ། མ་འོངས་པར་ང་ཚོ་རྒྱུན་རིང་བལ་ཡུལ་ནང་གནས་དགོས་ན། ཐབས་ལམ་ཞིག་འཚོལ་དགོས་ཀྱི་རེད། དེ་ལོ་གཅིག་གཉིས་ནང་བསྒྲུབ་མ་ཐུབ་ནའང་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ཞིག་གཞག་དགོས།

བལ་ཡུལ་ལ་མཚོན་ན། བལ་ཡུལ་གྱི་ཡུལ་མིའི་ནང་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་བེད་སྤྱོད་བྱེད་པ་མ་ཟད། རང་གི་མ་སྐད་ཡིན་མཁན་མང་པོ་ཞིག་ཡོད་འདུག ཁོང་ཚོ་ལའང་སོ་སོའི་སྐད་ཡིག་གི་ཐོབ་ཐང་ཞིག་དགོས། དཔེར་ན། ད་ལྟ་རྒྱ་གར་གྱི་སྐད་ཡིག་གི་རྣམ་གྲངས་ནང་བོད་ཀྱི་སྐད་ཡིག་ངོས་འཛིན་བྱུང་མེད་ཀྱང༌། ངོས་འཛིན་ཡོང་ཆེད་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལ་བརྟེན་པའི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཚང་མས་བོད་ཀྱི་སྐད་ཡིག་ལ་ངོས་འཛིན་དགོས་ཞེས་ལས་རིམ་ཞིག་འགྲོ་མུས་རེད། བལ་ཡུལ་ནང་དུའང་མ་འོངས་པར་མང་གཙོ་ཚད་ལྡན་ཞིག་བྱུང་ན་མི་རིགས་ཡོངས་རྫོགས་ཀྱི་སྐད་ཡིག་ལ་ངོས་ལེན་དགོས་པ་ཞིག་ཆགས་རྒྱུ་རེད། ང་ཚོའི་རེ་བ་ལ་དེའི་ཆེད་དུ་བལ་ཡུལ་གྱི་ཡུལ་མི་ཚོས་འབད་རྩོལ་བྱེད་ཀྱི་རེད་སྙམ། དེ་ཕྱོགས་གཅིག་རེད།

ཕྱོགས་གཞན་ནས་མ་འོངས་པར་རིམ་པས་ང་ཚོའི་བློ་ཁོག་གིས་འདང་ན་བོད་ཀྱི་སྐད་ཡིག་དེ་སློབ་གྲྭའི་སྐད་ཡིག་གི་ངོ་བོར་བེད་སྤྱོད་གཏོང་བའི་སློབ་གྲྭ་ཚུགས་ཐུབ་པའང་ཡོང་སྲིད། བོད་ནང་རྒྱ་མིའི་དབང་ཤུགས་ཆེ་སྟབས་བོད་ཡིག་སློབ་པའི་སློབ་གྲྭ་ཟུར་དུ་བཙུགས་པ་ཚོའང་རྒྱུན་གནས་མ་ཐུབ་པ་མང་པོ་འདུག བལ་ཡུལ་ནང་དེ་ཙམ་ཛ་དྲག་ཨེ་ཡོད། གཙོ་བོ་བོད་ཀྱི་ཕ་མ་ཚོ་དང༌། སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ལ་གལ་གནད་ཆེན་པོར་བརྩིས་ཏེ་སོ་སོའི་ཕྲུ་གུ་བལ་ཡུལ་ཁྱོན་ཡོངས་ཀྱི་སློབ་སྦྱོང་གི་ལམ་སྲོལ་ནང་མ་བཏང་བར་ཟུར་དུ་འགྲོ་བའི་བློ་ཁོག་ཅིག་དང༌། སྤྱི་ཡོངས་ཀྱི་སྒྲིག་འཛུགས་ནང་ཚུད་མིན་ལ་མ་ལྟོས་པར་ཤེས་ཡོན་སྲིད་ཇུས་དང་མཐུན་པའི་ཤེས་ཡོན་གྱི་ལམ་སྲོལ་ཞིག་ལག་ལེན་བསྟར་ན། དེ་རྩ་བ་ནས་འགྲོ་ས་མེད་པ་ཞིག་ཨེ་ཡོང༌། སྤྱིར་བཏང་ངས་བལ་ཡུལ་གྱི་གནས་སྟངས་མ་ཤེས་སྟབས། ཞིབ་ཚགས་པོ་ཞུ་མི་ཐུབ་ཀྱང༌། རགས་ཙམ་བལྟས་སྐབས་ལམ་ཞིག་ཕལ་ཆེར་ཡོང་སྲིད་སྙམ། རྒྱ་གར་ནང་ཆ་བཞག་ནའང་རྒྱ་གར་གྱི་ཁྱོན་ཡོངས་ཀྱི་ཤེས་ཡོན་ལམ་སྲོལ་ནང་མི་འགྲོ་བར་ཟུར་དུ་འགྲོ་མཁན་མང་པོ་ཡོད། དེ་ཚོར་ཡང་ཟུར་དུ་ལམ་ཞིག་འཐོབ་མུས་རེད།

མོན་ཊི་སོ་རིའི་ཚབ་ཅིག་ག་དུས་ཡོང་གི་རེད་ཅེས་བཀའ་གནང་སོང༌། ད་ལྟ་འགོ་བཙུགས་མེད། གོང་དུ་ཞུས་པ་བཞིན་མོན་ཊི་སོ་རི་དང་ང་ཚོའི་ལམ་སྲོལ་དབར་མི་མཐུན་པ་ཆེན་པོ་མེད། དེར་བརྟེན་གནས་སྐབས་རིང་བཞག་པ་རེད། དུས་ཡུན་དེ་ཙམ་ནང་ང་ཚོའི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཞིག་བཟོ་ཐུབ་ཅེས་དུས་ཚོད་རེའུ་མིག་ལྟ་བུ་བཟོ་མི་ཐུབ་ཀྱང༌། དེའི་ཐོག་མགྱོགས་པོ་ལས་ཀ་འགོ་འཛུགས་རྒྱུ་དང༌། ག་ལེར་ལམ་ལུགས་ཤིག་གཏན་འབེབས་ཐུབ་པ་ཡོང་གི་རེད།

ཤྲིའནགར་ལ་ཡོད་པའི་སློབ་གྲྭ་དེ་ཚོར་བཙན་བྱོལ་གཞུང་གིས་མཐུན་འགྱུར་ཞུ་བ་མ་གཏོགས། བཙན་བྱོལ་གཞུང་དང་ཤེས་རིག་ལས་ཁུངས་ཀྱི་བཏང་འཛིན་འོག་ཡོད་པའི་སྒྲིག་འཛུགས་ཤིག་མིན་སྟབས། རྐང་དེ་ཤྲཱིནགར་ནང་ཡོད་པའི་མང་ཚོགས་ཀྱིས་ཐག་གཅོད་རྒྱུ་ཞིག་རེད། ཁོང་ཚོས་བོད་ཀྱི་སྐད་ཡིག་སློབ་པའི་དགོས་མཁོ་ཞིག་གཟིགས་ན། དེའི་ཆེད་དུ་མཐུན་འགྱུར་ཇི་དགོས་ཤེས་རིག་ལས་ཁུངས་ཀྱིས་གནང་དགོས། ད་ལྟ་ཁོང་ཚོ་ཤྲཱིནགར་གྱི་སློབ་སྦྱོང་གི་ལམ་སྲོལ་ནང་འགྲོ་མུས་རེད། དེའི་ཐོག་ཤེས་རིག་ལས་ཁུངས་ཀྱིས་དེ་འདྲ་མ་རེད་འདི་འདྲ་རེད་ཅེས་ཐེ་གཏོགས་བྱེད་རྒྱུའི་བསམ་ཚུལ་མེད།

ཁོང་ཚོ་མི་རབས་ནས་མི་རབས་བོད་ནང་ཡོད་པའི་བོད་པ་ཁ་ཆེ་ཟེར་བ་དེ་རེད། བོད་པ་བོད་རྐྱང་རེད། ཡིན་ནའང་རྒྱ་གར་ནང་ལོག་ཟིན་རྗེས་གནས་བབ་དམིགས་བསལ་ལྟ་བུ་ཞིག་ཡོད་ཅིང༌། གནས་བབ་དེ་ང་ཚོས་མེད་པ་བཟོས་ན་ཕྱོགས་གཉིས་ཀར་ཕན་ཐོགས་གང་ཡང་མེད། དེས་ན་ད་ལྟ་གང་ཡོད་རང་འཇགས་བཞག་པའི་ཐོག་ཏུ་བཙན་བྱོལ་གཞུང་གིས་བོད་མི་ཡིན་པའི་ཆ་ནས་ཐོབ་ཐང་དང༌། ཁེ་ཕན། རོགས་སྐྱོར་གང་དགོས་བྱེད་ན་བསམ་པ་དེ་གཞུང་གི་སྲིད་ཇུས་རེད།

གལ་ཏེ་ཁོང་ཚོའི་ངོས་ནས་བོད་ཡིག་བསླབ་རྒྱུའི་ཐུགས་འདོད་ཡོད་ན་དེའི་ཐོག་ང་ཚོས་མཐུན་འགྱུར་འབུལ་ཆོག གལ་ཏེ་དགོས་ཀྱི་མེད་ན་བཙན་བྱོལ་གཞུང་གི་ངོས་ནས་ངེས་པར་དུ་ཞུ་རྒྱུའི་སྲིད་ཇུས་མེད། བོད་སྐད་སློབ་མིན་ལ་མ་ལྟོས་པར་ད་ལྟའི་ཤེས་ཡོན་སྲིད་ཇུས་ནང་ནས་འབྲེལ་བ་ཡོད་པ་དང༌། ཕན་ཐོགས་པ་དེ་ཚོ་ཁོང་ཚོའི་འགྲོ་བཞིན་པའི་སློབ་གྲྭའི་ནང་ལག་ལེན་བསྟར་ན་དཀའ་ངལ་གང་ཡང་མེད།

ཚོགས་ཆུང་བཞི་པའི་དྲི་བ་ཁག

ད་རེས་ཀྱི་ཟབ་སྦྱོང་འདིའི་ཐོག་ནས་ཤེས་ཡོན་སྲིད་ཇུས་སྐོར་ལ་ང་ཚོའི་དྭོགས་པ་མང་པོ་བསལ་སོང༌། ལྷག་པར་དུ་ཟབ་སྦྱོང་འདི་ལ་བཅར་རྒྱུའི་གོ་སྐབས་ཐོབ་པ་དེས་དོན་དང་ལྡན་པ་ཞིག་བྱུང་སོང༌།

༡ གསུམ་པའི་ཀ་སྡེའི་ནང་གསེས་དང་པོའི་ནང་གསར་གཏོད་ཀྱི་སྒྱུ་རྩལ་བཅས་ཀྱི་ནུས་པ་རྣམས་སད་ཅིང་གོང་དུ་འཕེལ་བར་བྱེད་པ་དང༌། གསར་གཏོད་དགོས་པ་དེ་འདྲ་འཁོད་འདུག སྤྱིར་བཏང་གསར་གཏོད་དེ་གལ་ཆེན་པོ་ཞིག་རེད། ཡིན་ནའང་ང་ཚོའི་དྭོགས་པར་གསར་གཏོད་ཧ་ཅང་གནང་ན། མ་འོངས་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་ཆེན་དང་སྲོལ་རྒྱུན་ཤེས་ཡོན་དེ་དག་ནང་བསྲེས་ལྷད་མི་ཡོང་བའི་ངེས་པ་མི་འདུག་པས་དེ་གསལ་ཁ་ཡོད་པ་ཞུ།

༢ བརྒྱད་པའི་ཀ་སྡེའི་ནང་གསེས་བརྒྱད་པའི་དང་པོར། བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་རིག་པ་དང༌། རྩོམ་རིག་བཅས་སྔོན་འགྲོ་ནས་བཟུང་གཞི་རིམ་གོང་མའི་བར་སློབ་ཚན་གཙོ་བོར་གཞག་དགོས། ཞེས་འཁོད་འདུག་ན། སྔོན་འགྲོ་ལ་བརྡ་སྤྲོད་དང་རྩོམ་རིག་བཞག་ན་ཏག་ཏག་ཅིག་བསྡད་ཀྱི་ཡོད་དམ། སྔོན་འགྲོ་ཆུང་ཆུང་ཡིན་དུས་གང་འདྲ་ཞིག་ཡོང་གི་ཡོད་དམ་བསམ་པའི་དོགས་པ་བྱུང༌།

༣ བཅུ་གཅིག་ནང་ཚན་བཅུ་གཉིས་ནང་སྔོན་འགྲོའི་དགེ་རྒན་དང་དེའི་ལས་རོགས་རྣམས་བུད་མེད་ཡིན་དགོས་པ་གཙོ་འདོན་བྱ་རྒྱུ་འཁོད་འདུག་པས། ལས་འགན་དེ་ལ་ངེས་པར་དུ་བུད་མེད་དགོས་པ་གང་ཡིན་ནམ།

༤ བཅུ་གསུམ་པའི་ནང་གསེས་གཉིས་པའི་ནང་བོད་རིགས་ཀྱི་ཕ་མ་སུས་ཀྱང་རང་གི་ཕྲུ་གུ་རང་ལོ་བཅུ་དྲུག་བར་སློབ་གྲྭར་མ་བཏང་བར་གཞག་མི་ཆོག་ཟེར་བ་ཞིག་བཀོད་ཡོད་ཀྱང༌། གྲྭ་ས་ཁག་ལའང་སློབ་སྦྱོང་བྱེད་ས་ཡོད་སྟབས། གྲྭ་སའང་སྲིད་བྱུས་ནང་བཅུག་ན་ཡག་པོ་མེད་དམ་བསམ་པའི་དོགས་པར་བཀའ་གསལ་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན་ཁག

སྤྱིར་བཏང་གསར་གཏོད་ལའང་སྔོན་མེད་པའི་གསར་གཏོད་བྱེད་རྒྱུ་དང༌། སྲོལ་རྒྱུན་ནང་ལའང་གསར་གཏོད་བྱེད་རྒྱུ་བཅས་གཉིས་རེད། དཔེར་ན། བོད་ནང་ནང་པ་དང་བོན་གཉིས་ཀ་རྒྱུན་རིང་ཕྱིན་པའི་སྲོལ་རྒྱུན་ཡིན་ཞིང༌། དེ་ལ་ཉམས་ཆག་མ་བྱུང་བ་མ་ཟད། ལྔ་བཅུ་ང་དགུའི་བར་དུ་རྒྱུན་འཛིན་ཐུབ་པ་རེད། ཡིན་ནའང་སྲོལ་རྒྱུན་དེ་དག་ནང་གསར་གཏོད་ཧ་ཅང་མང་པོ་བྱུང་ཡོད།

དཔེར་ན་ནང་པ་ལ་མཚོན་ན། རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་ཆོས་བརྒྱུད་སོ་སོའི་ནང་ཤེར་ཕྱིན་གྱི་མདོ་དང༌། ཀླུ་སྒྲུབ་ཐོགས་མེད་ཀྱིས་འགྲེལ་པ་མཛད་པའི་ལྟ་སྒོམ་སྤྱོད་གསུམ་གྱི་གོ་བ་ལེན་སྟངས་དང་འགྲེལ་བཤད་རྒྱག་སྟངས་ལ་བོད་པས་གསར་གཏོད་བྱས་པ་མང་པོ་བྱུང་ཡོད། ད་ལྟ་འདིར་གསར་གཏོད་ཟེར་བ་དེ་དབྱིན་སྐད་ལ་Inventive, Invention ཟེར་བ་དེ་རེད། དེ་Modernization གྱི་སྐད་ཆ་མ་རེད།

ཤེས་ཡོན་སྲིད་ཇུས་འདིའི་ནང་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་གཉིས་ཀྱི་ནང་ནས་སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་ཆེ་བ་ཡིན་ཞེས་འཁོད་ཡོད། བཙན་བྱོལ་གཞུང་གི་སྲིད་ཇུས་ནང་བོད་ཕྲུག་ཅིག་ཡིན་ཕྱིན་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཀ་ཡོད་པ་ཞིག་དགོས། ང་ཚོའི་དཔེ་ལའང༌། འདབ་གཤོག་གཉིས་ལྡན་ཞེས་བཤད་སྲོལ་ཡོད། གལ་ཏེ་སྲོལ་རྒྱུན་དང་དེང་རབས་གཉིས་ཀྱི་ནང་ནས་གཅིག་མ་གཏོགས་འདེམས་མ་ཐུབ་པའི་གནས་སྟངས་ཆགས་ན། དེང་རབས་མ་བྱུང་ནའང་སྲོལ་རྒྱུན་ཤེས་ཡོན་དེ་མཐར་ཕྱིན་པ་བྱུང་ན་བོད་མི་གོ་ཆོད་པ་ཞིག་ཆགས་ཀྱི་རེད་བསམ་གྱི་ཡོད།

སྲོལ་རྒྱུན་གྱི་ཤེས་ཡོན་རྩ་བ་ནས་མེད་པར་དེང་རབས་ཀྱི་ཤེས་ཡོན་རྐྱང་པ་ལས་མེད་ན། མཁས་པ་དང་འཇོན་པོ་ཆགས་སྲིད་ཀྱང༌། བོད་མི་ཚད་ལྡན་ཞིག་ཆགས་ཁག་པོ་རེད། བྱུང་ན་གཉིས་ཀ་དགོས་ཀྱང༌། དེ་མ་བྱུང་ནའང་སྲོལ་རྒྱུན་གྱི་ཤེས་ཡོན་དེ་གལ་ཆེ་བར་བསམ་གྱི་ཡོད། སྲོལ་རྒྱུན་གྱི་ཤེས་ཡོན་དེ་དེང་རབས་མཉམ་དུ་འགྲོ་ཐུབ་ཆེད་གསར་གཏོད་གང་ལ་གང་འཚམས་ཤིག་དགོས། སྲོལ་རྒྱུན་ལ་འགྱུར་བ་བཏང་ནས་གསར་གཏོད་ཡོང་ཐབས་མེད་ཀྱང༌། སྲོལ་རྒྱུན་བེད་སྤྱོད་གཏོང་སྟངས་ཐོག་ཐབས་མཁས་པའི་གསར་གཏོད་(Innovative) དགོས་པ་དེ་གལ་ཆེན་པོ་རེད།

སྤྱིར་བཏང་སྲོལ་རྒྱུན་དེ་གང་འདྲ་ཞིག་ལ་ཟེར་བ་དེ་མཁྱེན་དགོས་པ་གལ་ཆེན་པོ་རེད། མི་རབས་ནས་མི་རབས་བརྒྱུད་དེ་གཤིས་ཀ་ལ་འཇགས་བསྡད་པ་ཡོད་ཚད་སྲོལ་རྒྱུན་མིན། དཔེར་ན། ང་ཚོ་བོད་པས་ཁྲུས་མི་རྒྱག་པའི་གཤིས་ཀ་ཞིག་ཡོད་ཅིང༌། ཕལ་ཆེར་མི་ཚེ་གཅིག་ལ་གཟུགས་པོ་བཀྲུ་མི་མྱོང་བའི་མི་དེ་འདྲ་འབྲོག་པའི་ས་ཁུལ་དུ་ཡོད་སྙམ། དེ་ནི་བོད་པའི་ལེགས་བྱང་དང་སྲོལ་རྒྱུན་མིན་པར་བོད་པའི་ཞན་ཆ་རེད། སྲོལ་རྒྱུན་གང་ཡིན་ཞེ་ན། རྒྱ་གར་སྐད་དུ་པརཾཔརཱ་དང༌། དབྱིན་སྐད་ལ་Tradition ཞེས་བརྗོད་ཀྱི་ཡོད། དེའི་གོ་དོན་གསལ་པོ་བཟོ་དགོས་པ་དེ་གལ་ཆེན་པོ་རེད། དེང་རབས་མཁས་པའི་ནང་ཕལ་ཆེར་སྲོལ་རྒྱུན་གྱི་འགྲེལ་བཤད་རྒྱས་ཤོས་དང༌། གསལ་ཤོས་གནང་མཁན་ཀུམཱརསྦཱམཱི་རེད།

ཁོང་གིས་སྲོལ་རྒྱུན་ལ་ཁྱད་ཆོས་གསུམ་ཚང་དགོས་ངེས་གསུངས་ཡོད། དང་པོ་ནི། ཚད་མའི་སྐྱེས་བུ་ལས་བྱུང་བ་ཞིག་དགོས་ཤིང༌། དཔེར་ན་སངས་རྒྱས་ཚད་མའི་སྐྱེས་བུ་ཡིན་སྟབས། སངས་རྒྱས་ཀྱི་གསུང་རྣམས་ཚད་མ་ཡིན་པར་སྒྲུབ་ཀྱི་ཡོད། དེས་ན་ཚད་མའི་སྐྱེས་བུའི་བརྒྱུད་ལམ་ནས་ཐོག་མ་བྱུང་བ་ཡིན་པ་དང༌། གཉིས་པ་ནི། དེ་ནས་རང་ཉིད་ཀྱི་བར་དུ་རྒྱུད་པ་བར་མ་ཆད་པར་ཡོད་པ་ཞིག་དགོས་ཤིང༌། དཔེར་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནས་རང་གི་རྩ་བའི་བླ་མའི་བར་དུ་ཞལ་ནས་ཞལ་དང་སྙན་ནས་སྙན་དུ་བརྒྱུད་པའི་རྒྱུད་པ་བར་མ་ཆད་པ་ཡོད་པ། གསུམ་པ་ནི། སོ་སོའི་རིགས་སྟོབས་ཀྱིས་ཚད་མ་ཡིན་པ་གཏན་ལ་ཕབ་ཐུབ་པ་ཞིག་དགོས། དེ་གསུམ་ཚང་བ་ལ་སྲོལ་རྒྱུན་ཞེས་བརྗོད་ཀྱི་ཡོད། སྲོལ་རྒྱུན་གྱི་རྒྱུན་ཟེར་བའི་ཚིག་དེ་གོ་སྟོབས་ཆེན་པོ་རེད།

གང་ལྟར་རྨོངས་དད་མི་བྱེད་པ་དང༌། Logic and Common sense ཐོག་ནས་Verify བྱེད་ཐུབ་པ། དེ་བཞིན་unbroken lineage ཞིག་དགོས། དེས་ན་ལེགས་སྦྱར་དང་ཧིན་སྐད་ཀྱི་པརཾཔརཱ་ཟེར་བའི་ཚིག་དེ་ཏག་ཏག་བསྡད་ཅིང༌། པརམ྄་ནི་མཐར་ཐུག་གམ་དོན་དམ་པ། ཡང་ན་བླ་ན་མེད་པ་དང༌། པརཱ་ནི་བར་མ་ཆད་པར་དེ་ནས་བྱུང་བ་ཞིག་ལ་གོ དེ་ལ་སྲོལ་རྒྱུན་ཟེར་བ་མ་གཏོགས་༢༡༣

རྒྱུན་རིང་འཇགས་པའི་གོམས་གཤིས་ཙམ་ལ་སྲོལ་རྒྱུན་ཟེར་གྱི་མེད། དཔེར་ན། རྒྱ་གར་ལ་མཚོན་ན། རིགས་མཆོག་དམན་དང༌། རིགས་དམའ་བ་ལ་རེག་མི་རུང་བ་རྣམས་ཧིན་དུའི་ཆོས་ལུགས་ཀྱི་སྲོལ་རྒྱུན་མིན་ཞིང༌། དེ་ནི་བར་སྐབས་ནས་སྐྱོན་ཞུགས་པ་ཞིག་རེད། དེས་ན་སྲོལ་རྒྱུན་ནི་ཡང་དག་པ་དང་ཚད་མ་ཞིག་ལ་མ་གཏོགས་ཚང་མར་ཚིག་དེ་སྦྱར་རྒྱུ་མེད། དེ་འདྲའི་སྲོལ་རྒྱུན་དེ་དུས་ནས་དུས་སུ་གསར་གཏོད་ཀྱི་ཐབས་ལམ་དང་མཉམ་དུ་འགྲོ་ཐུབ་ན་ཡག་པོ་རེད།

སངས་རྒྱས་ཀྱིས་གསུངས་པའི་མདོའི་ཚིག་རྣམས་དེང་སང་བལྟས་ན་ཧ་ལམ་ཕྱེད་ཀ་ཡང་གོ་མི་ཐུབ། དཔེར་ན། ཤེར་ཕྱིན་གྱི་མདོ་ལྟ་བུ་ཀློག་ན། རབ་འབྱོར་བྱང་ཆུབ་སེམས་དཔའ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཟེར་བ་དང༌། མེད་མེད་ཟེར་བ་ལྟ་བུ་ཚང་མ་ལྡབ་སྐྱོར་ལྟ་བུ་ཡོད་པ་རྣམས་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་ཚོགས་དྲུག་ནང་འགྲེལ་བཤད་གནང་བ་དེ་གསར་གཏོད་རེད།

ཁོང་གིས་སྐབས་དུས་ལ་འཚམས་པའི་སྐད་གཅིག་གི་ཐོག་ནས་སྐབས་དེ་དུས་ཀྱི་གདུལ་བྱ་དང་འཚམས་པར་གོ་རྒྱུ་ཡོད་པ་ཞིག་བཟོས་པ་རེད། དེ་བཞིན་ང་ཚོས་ད་ལྟ་རྩ་བ་ཤེས་རབ་ཀློག་ན་བོད་ཀྱི་འགྲེལ་པ་ཞིག་ལ་མ་བརྟེན་པར་ཤེས་ཐབས་མེད། ས་སྐྱ་པཎ་ཆེན་དང༌། རྗེ་རིན་པོ་ཆེ། རྗེ་བཙུན་རེད་མདའ་བ་སོགས་ཀྱི་འགྲེལ་པར་བརྟེན་ནས་གཞི་ནས་རྩ་བ་ཤེས་རབ་ཏུ་འདི་གསུངས་ཤིང༌། དེ་ནས་ཤེར་ཕྱིན་གྱི་མདོའི་དགོངས་འགྲེལ་འདི་ཡིན་པ་རེད་བསམ་པ་ཞིག་ཡོང་གི་ཡོད།

དེ་ཚོ་ཚང་མ་སྲོལ་རྒྱུན་ལ་བཟོ་བཅོས་བཏང་བ་མིན་ལ། སྲོལ་རྒྱུན་ལ་ལྷག་མ་བསྣན་པ་དང་ཆད་དུ་བཅུག་པ་དེ་འདྲའང་མིན། སྲོལ་རྒྱུན་དེ་གསར་གཏོད་མང་པོའི་ལམ་ནས་དུས་རྟག་ཏུ་འབྲེལ་བ་ཡོད་པ་(Relevant) ཞིག་བཟོས་པར་བརྟེན། དེ་ལ་གསར་གཏོད་ཅེས་བརྗོད། གསར་གཏོད་དེ་Modernization ཐོག་ལ་དགོངས་པ་བཞེས་རྒྱུ་མེད། དེ་ནི་ལོགས་ཀ་ཞིག་ཡིན་པ་གོང་དུ་ཞུས་ཟིན།

བརྡ་སྤྲོད་དང་རྩོམ་རིག་སྔོན་འགྲོ་ནས་གཞག་དགོས་ཟེར་བ་དེའི་ཐོག་ཟིན་བྲིས་སྐབས་སུའང་བགྲོ་གླེང་བྱུང་སོང༌། འོན་ཀྱང་དེ་བཞག་པ་དེ་འགྲིགས་ཡོད་ཞུ་རྒྱུ་ཡིན། བརྡ་སྤྲོད་དང་པོ་སློབ་མཁན་དེ་ཨ་མ་ཡིན་ཞིང༌། ཕྲུ་གུ་ཁ་གྲག་ཤེས་ལ་མ་ཤེས་སྐབས་ནས་བོད་སྐད་ནང་ཁ་གྲག་སྟངས་སློབ་ཀྱི་ཡོད། བརྡ་སྤྲོད་ཅེས་བརྗོད་སྐབས་རིག་གནས་མཐོ་བ་ལ་བརྩི་རྒྱུ་མེད། བོད་ཀྱི་སྐད་ཀྱི་རིག་པ་དེ་རང་བརྡ་སྤྲོད་རེད། ཨ་མས་ཕྲུ་གུར་སྐད་དག་པོ་བརྒྱབ་རྒྱུ་སློབ་པ། དཔེར་ན། དབུས་སྐད་ཡིན་ན་དབུས་སྐད་གཙང་མ་དང༌། གཙང་སྐད་ཡིན་ན་གཙང་སྐད་གཙང་མ། ཨམ་སྐད་ཡིན་ན་ཨམ་སྐད་གཙང་མ་བརྒྱབ་རྒྱུ་སློབ་པ་དེ་དག་བརྡ་སྤྲོད་སློབ་ཀྱི་ཡོད། བརྡ་སྤྲོད་ཅེས་པ་ནི། མིང་གི་ཐ་སྙད་ཐོག་ནས་དངོས་པོ་གང་ཡང་རུང་བ་ཕན་ཚུན་བརྡ་སྤྲོད་པ་དེ་ལ་ཟེར།

རྣམ་དབྱེ་བརྒྱད་དང༌།བྱ་བྱེད་ལས་གསུམ་གྱི་རྣམ་གཞག་མ་བསླབས་ན་བརྡ་སྤྲོད་མ་བསླབས་པར་བརྩི་དགོས་ཀྱི་མེད། དེ་བཞིན་རྩོམ་རིག་ཀྱང་ངག་གི་རིག་བྱེད་ཅིག་རེད། ངག་གི་རིག་བྱེད་ཅེས་བརྗོད་སྐབས་སྐད་ཆ་གུས་ཞབས་དང་ལྡན་པ། སྙན་པོ་ཡོད་པ་དེ་ཚོ་ཡང་རྩོམ་རིག་ནང་དུ་ཚུད་འགྲོ་བ་རེད། དེར་བརྟེན་རྩོམ་རིག་དང་བརྡ་སྤྲོད་ཟེར་དུས་འཛིན་གྲྭ་མཐོ་པོ་ཞིག་ལ་སླེབས་ན་མ་གཏོགས་སློབ་མི་དགོས་པ་ལྟ་བུའམ། ཡང་ན་གཤམ་འོག་ཏུ་སྐད་ཡིག་ཐོག་དོ་སྣང་རྩ་བ་ནས་བཞེས་མི་དགོས་པའི་དགོངས་པ་བཞེས་ན་འགྲིག་གི་མེད།

ལྷག་པར་དུ་ཕྲུ་གུ་ཆུང་ཆུང་སྐད་ཆ་བཤད་ཤེས་མི་ཤེས་སྐབས་དབྱངས་དང་གསལ་བྱེད་ཀྱི་སྒྲ་གདངས་འདོན་སྟངས་རྣམས་དག་ཅིང་གསལ་བ་ཞིག་བསླབས་ཐུབ་ན་བྱང་སླ་བ་ཡོད། ཡུལ་ལུང་ཁ་ཤས་ནང་ལོ་ཡར་སླེབས་ནས་དབྱངས་དང་གསལ་བྱེད་ཀྱི་ཚིག་རྣམས་ཇི་མ་ཇི་བཞིན་འདོན་མ་ཐུབ་པ་མང་པོ་ཡོང་གི་འདུག ཆུང་དུས་ནས་བརྡ་སྤྲོད་དང་རྩོམ་རིག་བསླབ་པའི་མཐུན་རྐྱེན་མ་འཛོམས་པ་ཡིན་སྟབས། རྒས་འཁོགས་ཆགས་དུས་བརྡ་གསལ་པོ་མི་ཡོང་བའི་དཀའ་ངལ་དེ་འཕྲད་ཀྱི་ཡོད། ཕྲུ་གུ་ཆུང་ཆུང་སྐབས་ནས་གཞས་སློབ་པའི་གཞས་ཚིག་ཚང་མ་རྩོམ་རིག་རེད།

གཞས་ཚིག་གི་དོན་ཡང་ག་ལེར་སློབ་ཆོག དེས་ན་བརྡ་སྤྲོད་དང་རྩོམ་རིག་སྔོན་འགྲོ་ལ་བཞག་པ་དེར་སྐྱོན་གང་ཡང་མེད། སྔོན་འགྲོ་ནས་བརྡ་སྤྲོད་བསླབ་དགོས་ཟེར་དུས་བདག་གཞན་དུས་གསུམ་དང་རྟགས་འཇུག་གི་དཀའ་གནད། དོན་རྒྱན་སོ་ལྔ་དང་སྒྲ་རྒྱན་སོགས་ལ་གོ་རྒྱུ་མེད། དམའ་རིམ་གྱི་བརྡ་སྤྲོད་དང་དམའ་རིམ་གྱི་རྩོམ་རིག་རྣམས་སྔོན་འགྲོ་ནས་བསླབ་རྒྱུ་འགོ་བཙུགས་དགོས་ཟེར་གྱི་ཡོད། ཚད་མ་རིག་པའང་དམའ་རིམ་ནས་བསླབ་དགོས་ཀྱི་ཡོད་ཅིང༌། སྐད་ཆ་བཤད་སྟངས་ཚུན་ཆད་ནས་ཚད་མ་རིག་པ་བསླབ་རྒྱུའི་གནས་སྟངས་ཤིག་ཡོད།

སྔོན་འགྲོ་དང་དམའ་རིམ་ལ་བུད་མེད་གཙོ་བོ་བྱེད་རྒྱུ་བརྗོད་ཡོད་པ་ལས་བུད་མེད་མ་གཏོགས་མི་ཆོག་ཅེས་བཤད་མེད། བུ་ཡིས་མི་འཇོན་པ་གང་ཡང་མེད་རུང༌། བུད་མེད་གཙོ་བོ་བྱེད་དགོས་ཟེར་བ་ནི། ཕྲུ་གུ་གསོ་སྐྱོང་གི་ལས་དོན་ཡོངས་རྫོགས་ཕས་བྱེད་ཀྱི་མེད། ཕ་ལ་དེ་ཙམ་གྱི་དུས་ཚོད་ཀྱང་མེད། ཆུ་ཚོད་ཉི་ཤུ་རྩ་བཞིར་ཕྲུ་གུ་གསོ་སྐྱོང་བྱེད་མཁན་དེ་ཨ་མ་ཡིན་སྟབས། ཕྲུ་གུ་ཆུང་ཆུང་གི་བསམ་བློའི་ནང་ཕ་མ་གཉིས་ཀྱི་ནང་ནས་མ་ལ་སེམས་ཐག་ཉེ་བ་ཡོད།

དཔེར་ན། ལོ་གཅིག་གཉིས་ཀྱི་ཕྲུ་གུ་ཞིག་ལ་གཟིགས་དང༌། ཕ་མ་གཉིས་ཡོད་སར་ཕྲུ་གུ་དེར་ཉེས་རྡུང་དང་གཤེ་གཤེ་ཞིག་བཏང་ན། ཕྲུ་གུ་དེ་ཨ་མའི་སར་རྒྱུག་པ་མ་གཏོགས། ཕའི་སར་མི་རྒྱུག་ཅིང༌། ལམ་སེང་ཨ་མའི་པང་པའི་ནང་མགོ་བཞག་པ་དང་ངུ་བ་སོགས་བྱེད་ཀྱི་རེད། གལ་ཏེ་དེར་ཨ་མ་མེད་ན་གཞི་ནས་པ་ལགས་སར་འགྲོ་གི་རེད། དེར་བརྟེན་ཕ་མ་གཉིས་ཀར་སེམས་ཐག་ཉེ་པོ་ཡོད་ཀྱང༌། མ་ལ་སེམས་ཐག་ཉེ་བ་དེ་ཙམ་ཕ་ལ་མེད།

སེམས་ཐག་ཉེ་བས་ཕན་ཐོགས་གང་ཡོད་ཅེ་ན། ཕྲུ་གུའི་འཇིགས་སྣང་དེ་ཆུང་དུ་འགྲོ་གི་ཡོད། བུད་མེད་ཅིག་ལ་འཇིགས་སྣང་མེད་པར་ཐག་ཉེ་པོ་དང་ནང་ཚགས་ཆགས་ཐུབ་པ་ནང་བཞིན། སྐྱེས་པ་གཅིག་ལ་ཁག་པོ་ཡོད་སྟབས། བུད་མེད་གཙོ་འདོན་བྱེད་དགོས་ཟེར་བའི་རྒྱུ་མཚན་དེ་རེད། ལར་ནས་སྐྱེས་པ་ཡང་ཨ་མའི་ཚབ་བྱེད་ཐུབ་པ་ཡོང་ཞིང༌། ང་ཚོ་བོད་ཀྱི་ནང་ལའང་ཕྲུ་གུ་ཆུང་སྐབས་ནས་ཨ་མ་འདས་གྲོངས་སོང་བ་པ་ལགས་ཀྱིས་གསོ་སྐྱོང་བྱས་པ་མང་པོ་ཡོད། པ་ལགས་ཀྱིས་གསོ་སྐྱོང་ཡག་པོ་བྱས་སྟབས་དབང་པོ་སྐྱོན་ཅན་དང་སེམས་པ་མ་བདེ་བ་ཆགས་པ་དེ་འདྲ་ཡོང་གི་མེད། ཡིན་ནའང་ཕ་མ་གཉིས་ཀའི་གདམ་ཁ་ཡོད་ན་ཨ་མ་ལེགས། དེས་ན་སྔོན་འགྲོའི་ཕྲུ་གུ་ཆུང་ཆུང་ལ་སློབ་མཁན་ནང་སྐྱེས་པ་དང་བུད་མེད་གདམ་ག་ཡོད་ན་བུད་མེད་དེ་སྔོན་ལ་འདེམས་དགོས་པ་ཞིག་རེད། གདམ་ག་མེད་ན་སྐྱེས་པས་ཀྱང་བྱེད་ཆོག

འདིའི་ནང་གྲྭ་ས་ཁག་བཅུག་མེད། གྲྭ་ས་ཁག་ནང་ཕྱིན་པ་དེ་སློབ་གྲྭ་དང་གཅིག་པ་རེད། ཚིག་གི་གསལ་ཁ་གཏོད་དགོས་གལ་ཆེ་བ་ཡོད་ན་གཏོད་ཀྱང་ཆོག འོན་ཀྱང་ད་༢༡༦

ལྟ་ཤེས་ཡོན་སྲིད་ཇུས་ཐེངས་གཅིག་གཏན་ལ་ཕབ་ཟིན་པ་ཡིན་སྟབས། འདིའི་ནང་ཚིག་འགྱུར་བ་གཏོང་དགོས་བྱུང་ནའང་གྲོས་ཚོགས་ནང་འགྲོ་དགོས་པའི་གནས་སྟངས་ཤིག་རེད། དཔེར་ན། དངོས་ཡོད་གནས་སྟངས་ཐོག་ཕྲུ་གུ་ཆུང་ཆུང་ཞིག་གྲྭ་ས་ལ་བཏང་ན། སློབ་གྲྭ་ལ་གཏོང་བའི་སྲིད་ཇུས་དང་འགལ་བས་གྲྭ་སར་གཏང་མི་ཆོག་ཅེས་བརྗོད་མཁན་སུའང་མེད། ཚིག་གསལ་པོ་མེད་ནའང་དེའི་དབང་གིས་གྲྭ་སར་འགྲོ་རྒྱུ་འགག་འགྲོ་གི་མ་རེད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

ཕྱི་ལོ་༢༠༠༧ ཟླ་༡༠ ཚེས་༢༩ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་བལ་ཡུལ་སློབ་གྲྭ་ཁག་དང་རྒྱ་གར་ནང་གི་སྒེར་སློབ་ཁག་གི་སློབ་སྤྱི་དང༌། དགེ་ཆེ། གཏན་སློབ་ཁག་དྲུག་གི་རེག་ཊར་བཅས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཐོག་གནང་བའི་གསུང་བཤད།