ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དམིགས་བསལ་དགེ་རྒན་འོས་སྦྱོང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་གནང་བའི་གསུང་བཤད།

དེ་རིང་འདིར་ཕེབས་པའི་དགེ་འདུན་པ་རྣམས་དང༌། ཕྱག་སྦྲེལ་ཤེས་རིག་བཀའ་བློན། ཤེས་རིག་དྲུང་ཆེས་དབུས་པའི་ཤེས་རིག་ལས་བྱེད་རྣམ་པ། རིགས་ལམ་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་ཀྱི་དབུ་ལས་རྣམ་པ། དེ་རིང་མགྲོན་གྱི་གཙོ་བོ་བསླབ་པ་མཐར་ཕྱིན་ཏེ་དམིགས་བསལ་དགེ་རྒན་འོས་སྦྱོང་ལ་ཞུགས་མཁན་གྱི་དགེ་འོས་སློབ་སྦྱོང་བ་རྣམ་པ་ཚོ་དང༌། གཞན་ཡང་འདིར་ཕེབས་པའི་ཆོས་གྲོགས་ཚང་མར། དེ་རིང་དམིགས་བསལ་དགེ་རྒན་འོས་སྦྱོང་དེ་རེ་དོགས་སྣ་ཚོགས་ཀྱི་འོག་ནས་འགོ་འཛུགས་ཐུབ་པ་དེའི་ཐོག་གངས་ཅན་སྐྱིད་གཤོངས་ལ་བྲེལ་ཟིང་མང་པོ་ཡོད་པའི་བར་གསེང་ནས་ང་རང་ངོ་མ་འདིར་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང༌། ཤེས་རིག་བཀའ་བློན་དང་དྲུང་ཆེས་དབུས་པའི་ཤེས་རིག་གི་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌།
ད་ལྟ་འདིར་བྲེལ་བ་ཡང་དེ་ཙམ་མེད་སྟབས། ངས་ཁྱེད་ཚོར་སྒྲུང་དང་གནས་ཚུལ་འདྲ་མི་འདྲ་ཁ་ཤས་ཞུ་རྒྱུའི་འདོད་པ་ཡོད། ངས་ཞིབ་ཚགས་ཤེས་ཀྱི་མེད་ཀྱང༌། རེ་བ་ལ་འདིར་ཡོད་མི་བཅུ་བདུན་ཚང་མ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཤེས་པའི་ཐོག་ནས་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་དང་བླངས་ཀྱིས་ཕེབས་པ་ཤ་སྟག་རེད་སྙམ་གྱི་ཡོད། གང་ལྟར་སྐབས་དང་དུས་ཀྱིས་མ་འགྲོ་རང་འགྲོ་ཆགས་པ་དང༌། གཞན་དག་གིས་བསྐོས་པ། གནས་སྐབས་འགྲོ་ས་སྡོད་ས་མེད་ནས་ཡོང་བ་དེ་འདྲ་མིན་པའི་ཡིད་ཆེས་ཡོད།
ད་ལྟ་ང་ཚོས་འབད་བརྩོན་བྱེད་པའི་ལས་དོན་འདི་ལས་སླ་པོ་ཞིག་མིན། ལྷག་པར་དུ་ལས་དོན་འདིའི་ནང་ཞུགས་མཁན་ཚོས་ལས་དོན་འདིའི་ངོ་བོ་དང༌། འདི་ལ་བརྟེན་པའི་མི་རིགས་དང་སྤྱི་ཚོགས་ཀྱི་ད་ལྟ་དང་མ་འོངས་པར་རྙོག་འཛིང་དང་དགེ་མཚན་གང་ཡོང་ཚང་མ་ཚོད་དཔག་ཐུབ་པ་ཞིག་དགོས། འདི་ནི་ནམ་རྒྱུན་སྤྱི་ཡོངས་དགེ་རྒན་འོས་སྦྱོང་བ་ཚོ་དང་མི་འདྲ་ཞིང༌། དེ་དག་ལ་ལམ་ཞིག་ཡོད་པ་དེའི་ཐོག་འཁོར་ལོ་གཏོང་སྟངས་དང༌། གཡས་གཡོན་དུ་གཞན་ཞིག་ཡོང་ན་གང་བྱེད་དགོས་པ་བཅས་སྣུམ་འཁོར་ཁ་ལོ་བའི་སྦྱང་ས་ལྟ་བུ་ཞིག་ཆགས་ཟིན། གང་ལྟར་ལམ་དང་འགྲོ་སྟངས་གཉིས་ཀ་གཏན་འཁེལ་ཡོད་ཅིང༌། དེའི་ནང་འགྲོ་ལུགས་འགྲོ་སྟངས་བསླབ་རྒྱུ་ཙམ་མ་གཏོགས་དམིགས་བསལ་རང་འགུལ་གྱིས་གསར་གཏོད་དང༌། འགན་འཁུར་གྱི་གནས་བབ་ཆེན་པོ་ཞིག་མེད།
ད་ལྟ་འོས་སྦྱོང་སྤྲད་ཡུལ་ཁྱེད་ཚོ་མི་བཅུ་བདུན་པོ་དེ་མ་འོངས་པར་ལམ་བཟོ་རྒྱུ་དང་དེའི་སྟེང་འཁོར་ལོ་གཏོང་རྒྱུའི་ལས་འགན་གཉིས་ཀ་འཁྱེར་མཁན་ཞིག་རེད། ད་ལྟ་ལམ་མེད་པ་མ་ཟད། ཤིང་ནགས་དང༌། བྲག ཆུ་སོགས་གེགས་སྣ་ཚོགས་ཡོད་པ་དེ་དག་བསལ་ཏེ་ལམ་ཇི་ལྟར་བཟོ་དགོས་པ་དང༌། ལམ་བཟོས་རྗེས་དེའི་ཐོག་མི་ཚོ་ཇི་ལྟར་འཁྲིད་དགོས་པ་དང་འཁོར་ལོ་ཇི་ལྟར་གཏོང་དགོས་པ་བཅས་མཉམ་དུ་བྱེད་དགོས། བཙན་བྱོལ་བོད་གཞུང་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་པའི་ལས་གཞི་ཡིན་སྟབས། ཁྱེད་ཚོའི་བསམ་བློའི་ནང་འདི་ལས་སླ་པོ་དང༌། འདིའི་ནང་འཚོ་ཐབས་ཡག་པོ་ཞིག་རག་རྒྱུའི་དགོངས་ཚུལ་ཡོད་ཀྱི་མ་རེད་ལ། གལ་སྲིད་ཡོད་ན་ནོར་བ་རེད།
བྱུང་རབས་ལ་འགྱུར་བ་གཏོང་རྒྱུའི་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ཐོག་ཕན་ནུས་ཡོད་པའི་གདོང་ལེན་པ་དང་མདུན་བསྐྱོད་པ་ཞིག་ཆགས་སྟབས་ལམ་འགྲོ་རྒྱུག་པོ་དང་གྲ་འགྲིག་པོ་བྱུང་ན། འབྱུང་འགྱུར་བོད་ཀྱི་བྱུང་བའི་ནང་ཞབས་འདེགས་ཆེན་པོ་ཞུ་ཐུབ་པའི་གོ་སྐབས་ཡོད་རེད། གལ་ཏེ་ནོར་འཁྲུལ་དང༌། འཐུས་ཤོར། གྲ་མ་འགྲིག་པ་བྱུང་ན། མི་རིགས་ཀྱི་བདེ་རྩ་ལ་གནོད་རྒྱུའི་ཉེན་ཁ་བཅས་གོ་སྐབས་དང་ཉེན་ཁ་གཉིས་ཀ་ཡོད་པའི་གནས་སྟངས་ཤིག་རེད། དེས་ན་ཁྱེད་ཚོ་གལ་འགངས་དང་གནད་འགག་ཆེན་པོའི་ལས་ཀྱི་སྣེ་མོར་གཏོགས་པ་ཞིག་ཆགས་ཀྱི་ཡོད་པ་དེ་ངེས་པར་དུ་སེམས་ནང་ཚོར་བ་ཡོད་པ་དང་མཁྱེན་གནང་དགོས་པ་གལ་ཆེན་པོ་རེད།
ངས་ད་ལྟ་ཁྱེད་ཚོར་གསལ་འདེབས་ཞུ་རྒྱུ་དེ་ས་བཅད་ལྔ་ལ་ཕྱེ་ཡོད། ཕལ་ཆེར་ཐུགས་ལ་བཅངས་ནས་དཔྱད་པ་གནང་སླ་བ་ཡོང་གི་རེད། འོན་ཀྱང་དེ་དག་མ་ཞུས་སྔོན་དུ་སྔོན་འགྲོའི་གསལ་འདེབས་ཞུ་རྒྱུ་ལ། ད་ལྟ་ཁྱེད་ཚོར་ཞུ་བཞིན་པ་འདི་ལམ་སྟོན་དང༌། གདམས་ངག བཀའ་བཅས་གང་ཡང་མ་རེད། དེ་ནི་བོད་གཞུང་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱི་བསམ་འཆར་དང་མཐོང་སྣང་ཙམ་ཞིག་རེད། དེ་གསལ་པོ་མཁྱེན་པའི་ཐོག་ནས་རང་གིས་ཞིབ་འཇུག་གནང་སྟེ་འདོད་པ་མཐུན་པ་དང་ཉམས་སུ་བླང་འོས་པ་འདུག་དགོངས་ན། དེའི་ཐོག་སླར་ཡང་བསམ་ཞིབ་གཏིང་ཟབ་དང༌། དེ་འགྲུབ་ཐབས་ཆེད་ཕྱག་ལས་གནང་དགོས། ཡང་དེ་འགྲིག་གི་མི་འདུག་དགོངས་ན། མ་འགྲིག་པའི་རྒྱུ་མཚན་དེ་སྐྱོན་བརྗོད་ཆེད་མིན་པར། ལྷག་བསམ་རྣམ་དག་གིས་རིགས་པའི་སྒྲུབ་བྱེད་ཐོག་ནས་དགོངས་འཆར་དང་སྐྱོན་བརྗོད་བྱེད་དགོས། དེ་བཞིན་ཐུགས་མ་མཐུན་ན། ང་འདིར་འདོད་པ་མི་མཐུན་པར་བརྟེན། ཁས་ལེན་ཐུབ་ཀྱི་མི་འདུག་ཅེས་བསམ་ཕོད་པ་དང་བཤད་ཕོད་པ་ཞིག་དགོས། དེ་མིན་གཅིག་གིས་ལབ་གཅིག་གིས་ཉན་ནས་ཕྱིན་ན། བརྡར་ཤ་ཆོད་པ་མི་ཡོང་ལ་ཕན་ཐོགས་ཀྱང་མེད། ང་ཚོ་ཚང་མ་ནང་པ་མཚན་ཉིད་པ་ཆགས་ཡོད་མེད་མི་ཤེས་རུང༌། ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་ཟེར་གྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཛམ་བུ་གླིང་གི་ཆོས་ལུགས་གཞན་གྱི་སྟོན་པ་དང་མི་འདྲ་བར་གང་གསུངས་ཡོད་ཅེ་ན། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་མགར་བ་ཚོས་མེའི་ནང་བསྲེགས་པ་དང༌། གཟོང་གིས་བཅད་པ། རྡོ་ལ་བརྡར་བ་སོགས་ཀྱིས་དཔྱད་ནས་གསེར་དེ་ཚད་ལྡན་ཡིན་མིན་བལྟས་པ་བཞིན། ངས་བཤད་པའི་གདམས་ངག་དེ་ཚོ་ལའང་མངོན་གྱུར་བསྟན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་ཡོད་མེད་དང༌། ཅུང་ཟད་ལྐོག་གྱུར་བསྟན་པའི་ཆ་ལ་དངོས་སྟོབས་རྗེས་དཔག་གིས་གནོད་པ་ཡོད་མེད། ཤིན་ཏུ་ལྐོག་གྱུར་བསྟན་པའི་ཆ་ལ་ཡིད་ཆེས་རྗེས་དཔག་གིས་གནོད་པ་ཡོད་མེད་བཅས་དཔྱད་པ་གསུམ་གྱིས་དག་པར་བྱས་ནས་ངེས་པ་རྙེད་ན། གཞི་ནས་ཉམས་ལེན་བྱེད་དགོས་མ་གཏོགས་སངས་རྒྱས་ལ་དད་པ་དང་གུས་ཞབས། རྒྱ་གཞུང་གི་ཚིག་ངོ་མ་ལྟར་ན་སངས་རྒྱས་ལ་དམིགས་པའི་སྤོབས་པ་ཡོད་པ་ཙམ་གྱིས་ཁས་ལེན་ན་མི་འགྲིག་གསུངས་པ་དེ་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། མདོར་ན་སོ་སོའི་བློ་ཡིས་དཔྱད་ནས་དཔྱད་མཐའ་རྙེད་པ་དེ་ཁས་ལེན་དགོས། དེས་ན་དེ་རིང་ངས་ཞུ་རྒྱུ་ཚང་མ་དཔྱད་གཞི་ཙམ་རེད། ཁྱེད་ཚོས་དཔྱད་པ་གནང་དགོས་པ་ལས་བཀའ་བློན་ཁྲི་པས་གང་བཤད་དེ་ཇི་བཞིན་ཁས་ལེན་དགོས་ཞེས་བཤད་ཀྱི་ཡོད་མ་རེད།
དེ་ནས་དོན་དག་དང་པོ་དེ་བོད་ལ་སངས་རྒྱས་ཀྱི་བསྟན་པ་མ་དར་གོང་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་གནས་བབ་དང༌། ཇི་ལྟར་སངས་རྒྱས་ཀྱི་བསྟན་པ་དར་བ། དེ་རྗེས་སངས་རྒྱས་དང་སངས་རྒྱས་ལས་གཞན་པའི་ཆོས་ལུགས་འཛིན་མཁན་ཚང་མའི་ཤེས་ཡོན་གྱི་རྣམ་གཞག་ཇི་ལྟར་བྱུང་བ་བཅས་མཁྱེན་དགོས། བོད་པ་བཞིན་ཤེས་ཡོན་རྒྱ་ཆེ་གཏིང་ཟབ་དང༌། འཆད་རྩོད་རྩོམ་གསུམ་ནུས་པའི་མཁས་པ་མང་པོ་བྱུང་བ་རྒྱལ་ཁབ་དང་མི་རིགས་གཞན་སུ་ལའང་བྱུང་མེད་ཅེས་ཐག་བཅད་ནས་བཤད་ཀྱི་ཡོད། དེ་ཡང་བོད་མི་ནང་ཁུལ་ཙམ་མིན་པར་རྒྱལ་སྤྱིའི་མཁས་པ་ཚོགས་པའི་སྡིངས་ཆའི་ཐོག་ཏུའང་དེ་རང་ལབ་ཀྱིན་ཡོད། ད་ཕན་སུས་ཀྱང་དེ་མིན་པར་སྒྲུབ་པའི་རིགས་པ་དང༌། དན་རྟགས་སྟོན་མཁན་བྱུང་མ་སོང༌། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ནས་འཆད་རྩོད་གཉིས་མི་ཚེ་གཅིག་རིང་ཡོང་དགོས་མ་གཏོགས། མི་ཚེ་རྫོགས་པའི་རྗེས་ལག་རྗེས་འཇོག་རྒྱུ་གང་ཡང་མེད། རྩོམ་པའི་བྱ་བ་ནི་རྩོམ་ཡིག་གནས་པའི་བར་དུ་མཐོང་དུ་ཡོད། འོན་ཀྱང་ཚད་ལྡན་གྱི་མཁས་པ་ཡིན་ཕྱིན་འཆད་རྩོད་རྩོམ་གསུམ་གནང་དགོས་པའི་ངེས་པ་མེད་ཅིང༌། སྒྲུབ་པ་ཉམས་ལེན་ཁོ་ན་གནང་མཁན་མཁས་པ་མང་པོ་ཡོད། དེ་བཞིན་སྒྲུབ་པ་ཉམས་ལེན་དང་འཆད་པའི་བྱ་བ་ཙམ་མ་གཏོགས། ཤོག་ལྷེ་གཅིག་ཀྱང་མི་རྩོམ་མཁན་ཡང་ཧ་ཅང་མང༌། འཆད་རྩོད་རྩོམ་གསུམ་གྱི་བྱ་བ་གནང་མཁན་ཡང་སྤྱི་ཡོངས་མཁས་པའི་གྲངས་འབོར་ནང་ནས་གསུམ་ཆ་གཅིག་ལོངས་ཀྱི་ཨེ་ཡོད་སྙམ། ཡིན་ནའང་བོད་ཀྱི་རྩོམ་རིག་གི་འབོར་དང༌། བརྗོད་གཞི་རྣམ་གྲངས་མི་འདྲ་བ། གཏིང་ཟབ་ད་ལྟ་མཐོང་རྒྱུ་ཡོད་པ་ཙམ་ལའང་ཆ་བཞག་ན། དེ་ཙམ་འཛམ་བུ་གླིང་གི་རྒྱལ་ཁབ་དང་མི་རིགས་སུ་ལའང་བྱུང་མེད།
འཛམ་གླིང་ནང་རྒྱ་གར་དང་རྒྱ་ནག་གཉིས་ལ་ཡིག་ཐོག་ཏུ་འཁོད་པ་དང་བྱུང་བ་རིག་པའི་མཚན་ཉིད་དང་མཐུན་པའི་ལོ་སྟོང་ཕྲག་བདུན་ལྷག་ཙམ་གྱི་བྱུང་རབས་ཡོད་ཅིང༌། སྒྲུང་གཏམ་ལྟར་ན་ལོ་སྟོང་ཕྲག་བདུན་ལས་བརྒལ། མི་འབོར་ནི་ཧ་ཅང་ཆེ། བོད་ཀྱི་མི་འབོར་ནི་རྒྱ་དཀར་ནག་གི་མི་འབོར་གྱི་བརྒྱ་ཆའི་གྲངས་ཆུང་ནང་མ་གཏོགས་མེད། གང་ལྟར་བརྒྱ་ཆ་གཅིག་ཀྱང་ལོངས་ཀྱི་མེད། རིག་གཞུང་རྙིང་པའི་བྱུང་རབས་རིང་པོ་ཡོད་པ་དང་མི་འབོར་ཧ་ཅང་ཆེ་བའི་རྒྱལ་ཁབ་དེ་གཉིས་ཀྱི་མཁས་པའི་གྲངས་འབོར་དང་རྩོམ་ཡིག་གི་ལག་རྗེས་རྣམས་ཕྱོགས་གཅིག་ལ་བཞག དེ་བཞིན་བོད་པ་ལོ་ཆིག་སྟོང་ཉིས་བརྒྱ་ཙམ་གྱི་བྱུང་རབས་དང་ས་ཡ་དྲུག་ལས་མི་བརྒལ་བའི་མི་འབོར་ཙམ་གྱིས་ནང་དོན་རིག་པ་ཙམ་མིན་པར་ཕྱི་ནང་ཐུན་མོང་བའི་རིག་གནས་ཡོངས་རྫོགས་ཐོག་ལག་རྗེས་འཇོག་པ་གཉིས་མཚུངས་བསྡུར་བྱས་ན་ཧ་ཅང་གསལ་པོ་རེད། སྒྲུབ་བྱེད་མང་པོ་བཀོད་ནས་ལབ་དགོས་དོན་མི་འདུག ཨང་རྩིས་བརྒྱབ་རྒྱུ་རེད།
དེ་ལྟ་བུའི་མཁས་པ་མང་པོ་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཞིག་ལ་བརྟེན་ནས་བྱུང་བ་རེད། ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཁྱོན་ནས་མེད་པར་སངས་རྒྱས་རང་བྱུང་ཟེར་བ་བཞིན་རང་བྱུང་གི་མཁས་པ་ཡོང་རྒྱུ་མེད། དེ་ནི་ཤེས་ཡོན་སློབ་སྦྱོང་སྦྱངས་ནས་ཡོང་དགོས། ཕྱོགས་གཅིག་ནས་བོད་ལ་ཤེས་ཡོན་གྱི་གོ་སྐབས་ ཡོངས་ཁྱབ་ལ་མེད། དེང་སང་ལྟ་བུ་བོད་པའི་ན་གཞོན་ཡིན་ཕྱིན་ངེས་པར་དུ་སློབ་གྲྭར་འགྲོ་དགོས་པ་དང༌། གཞི་རིམ་འཛིན་གྲྭ་མ་ཐོན་ན་མི་ཆོག་པའི་གནས་སྟངས་མེད། རྒྱ་མི་དང་པོ་བོད་དུ་ཡོང་སྐབས་ཁོང་ཚོ་ལྐུགས་པ་དང༌། རྗེས་ལུས། ཆེས་མུན་ནག སློབ་གྲྭ་གཅིག་ཀྱང་ཡོད་པ་མ་རེད་ཅེས་བཤད་ཡོད་པའང་ཆ་ཤས་ཤིག་བདེན་སྲིད། དེ་སྐབས་སློབ་གྲྭར་མ་འགྲོ་ན་མི་ཆོག་པའི་སྒྲིག་གཞི་མེད་ལ། སློབ་གྲྭར་འགྲོ་འདོད་ནའང་ཉེ་འགྲམ་དུ་སློབ་གྲྭ་མེད་པའང་དངོས་ཡོད་གནས་ཚུལ་རེད། ཕྱོགས་གཞན་ཞིག་ནས་སློབ་སྦྱོང་ལ་དོན་གཉེར་ཡོད་ན། བཟའ་བཏུང་མེད་པའི་སྤྲང་པོའམ། ཡང་ན་བོད་རྒྱལ་ཁབ་ལ་དབང་སྒྱུར་མཁན་གྱི་རྒྱལ་པོ་གང་ཡིན་རུང༌། སློབ་སྦྱོང་གི་གོ་སྐབས་དང་མཐུན་རྐྱེན་ཡོད་པ་རེད། དེང་སང་བཞིན་སྒྲིག་འཛུགས་ལྡན་པའི་སྒྲོམ་གཞི་འདྲ་ཆགས་པོ་དང་ལས་བསྡོམས་སྐྱོར་ཆོག་ཅིག་མེད་ཀྱང༌། བོད་ནང་ཤེས་ཡོན་གྱི་འདུན་པ་ཡོད་པའི་ན་གཞོན་གཅིག་ཤེས་ཡོན་སློབ་སྦྱོང་མ་རག་པར་ལུས་འདུག་ཟེར་བ་ཞིག་ཧ་ལམ་བཙལ་ནའང་རྙེད་རྒྱུ་མེད། དེར་བརྟེན་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་འཛམ་གླིང་གི་ཡུལ་གྲུ་དང་མི་རིགས་གཞན་གྱིས་བསྒྲུན་དུ་མེད་པ་ཁྱད་པར་བ་ཞིག་ཡོད་པར་བརྟེན་ཧ་ཅང་དཀའ་ངལ་ཅན་གྱི་གནས་སྐབས་སུའང་བོད་པའི་ངོས་འཛིན་དང་བོད་པའི་མཚན་སྙན་མ་བརླགས་པ་མ་ཟད། འཛམ་གླིང་གི་མི་ཚང་མས་ཚུར་སྐད་ཆ་འདྲི་བ་དང༌། དགེ་རྒན་བྱེད་རོགས་ཞེས་ཡོང་བ་མ་གཏོགས། ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་བཞི་བཅུ་ཞེ་དྲུག་ཕྱིན་པ་དེའི་ནང་ཁྱེད་ཚོས་ཤེས་ཀྱི་མི་འདུག ཁྱེད་ཚོ་མུན་ནག་དང་རྨོངས་པ་རེད་འདུག ང་ཚོས་ཕར་བསླབ་དགོས་ཟེར་བ་ཞིག་ བྱུང་མེད། ལོ་བཅོ་ལྔ་ཉི་ཤུའི་སྔོན་བཙན་བྱོལ་ནང་དུའང་ནང་དོན་རིག་པའི་སློབ་སྦྱོང་ཐོན་པ་ཚོའང་ཡར་ཐོན་གྱི་རྒྱལ་ཁབ་ཚོའི་ནང་དགེ་རྒན་དུ་འགྲོ་བ་ཡིན། འོན་ཀྱང་དེང་སང་དགེ་ཕྲུག་བྱས་ནས་འགྲོ་མཁན་མང་དུ་འགྲོ་མུས་རེད།
བོད་ནང་དེང་རབས་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་མ་དར་བའི་དབང་གིས་བོད་པ་ཆབ་སྲིད་ཀྱི་ཆ་ནས་སྐྱོ་པོ་ཆགས་པ་རེད་ཅེས་ཤོད་མཁན་ཡོད་པ་བདེན་ཤས་ཆེ། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན། ཕྱི་ལོ་ ༡༩༥༩ བར་དུ་བོད་ནང་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་མ་དར་བ་དེས་ད་རེས་ང་ཚོ་དཀའ་ངལ་འདི་འདྲ་བྱུང་བའི་སྐབས་ལའང་ལྟོགས་ཤི་ཐེབས་དགོས་པའི་ཉམ་ཐག་པོ་མ་བྱུང་བར་ད་དུང་མི་རིགས་ཀྱི་སྤོབས་པ་དང་་གཟི་བརྗིད་དེ་བཟུང་ནས་འགྲོ་ཐུབ་པ་དེ་བྱུང་བ་རེད། བོད་པའི་ངོས་འཛིན་ནི་དེ་རང་རེད། དེ་ལས་གཞན་པའི་བོད་པའི་ངོས་འཛིན་གང་ཡང་མེད། དེ་འདྲའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་བཟང་པོ་ལ་བརྟེན་ནས་ང་ཚོ་བོད་མ་ཤོར་བར་དུ་མ་ཉམས་པར་གནས་པ་རེད་ལ། ད་ལྟའང་དེའི་རྒྱུན་ཡོད་མུས་རེད། གདན་ས་ཁག་གི་སྐད་ཆ་མ་བཤད་པར། ད་ལྟ་ཁྱེད་ཚོ་བཞུགས་སའི་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་ས་རཱ་མཐོ་སློབ་ལྟ་བུ་དེ་དབྱིན་ཇི་དང༌། ཨང་རྩིས། ཚན་རིག འཕྲུལ་ཆས་སོགས་ཀྱི་མཐོ་སློབ་མིན་པར། སྲོལ་རྒྱུན་གྱི་སློབ་ཚན་ཁག་བསླབ་ས་ཞིག་རེད། དེས་ན་གནད་དོན་དེ་འཛམ་བུ་གླིང་གི་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱིས་དོ་སྣང་ཡོད་པ་ཡིན་སྟབས་དེའི་ཆ་ནས་གནས་ཤིང༌། མུན་ནག་དང་རྗེས་ལུས་རེད་ཅེས་ཤེས་ཡོན་ལྡན་པ་སུས་ཀྱང་མཐོང་ཆུང་གཏོང་གི་མེད་པ་མ་ཟད། རེ་བ་ཆེན་པོ་ཞིག་བརྒྱབས་ནས་ལྟ་བཞིན་པ་རེད།
འོན་ཀྱང་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་དེར་དུས་ཚོད་དང་མཐུན་པར་དགོས་ངེས་ཀྱི་འགྱུར་བ་མ་བཏང་བའི་ཞན་ཆ་ཞིག་ཏན་ཏན་བྱུང་བ་དེ་ང་ཚོས་ཁས་ལེན་དགོས། དེ་ཡང་ཐུན་མོང་ཐ་སྙད་རིག་གནས་ཀྱི་ཤེས་ཡོན་ལམ་སྲོལ་ཐོག་དུས་མཐུན་དགོས་ངེས་ཀྱི་ཡན་ལག་ཁ་ཤས་ང་ཚོས་མ་བླངས་པར་ལུས་པ་དེས་ད་ལྟ་སྐྱོན་ཆ་ཕྲན་བུ་བྱུང་ཡོད། དེ་ང་ཚོས་ངོ་ཤེས་དགོས། དོན་སྙིང་བོད་ཀྱི་འདས་པའི་ལོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱའི་བྱུང་རབས་ནང་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཚད་ལྡན་ཡོད་པ་ལ་བརྟེན་ནས་བོད་མི་རིགས་ནི་འཛམ་བུ་གླིང་གི་མི་རིགས་གཞན་ལས་ཁྱད་པར་འཕགས་པ་དེ་ད་ལྟའི་བོད་རིགས་ན་གཞོན་ཚོས་མཐོང་དགོས་པ་དང༌། ཤེས་དགོས་པ། ངོ་འཕྲོད་དགོས་པ་ཞིག་རེད།
དོན་དག་གཉིས་པ་ནི། ཕྱི་ལོ་ ༡༩༥༩ ལ་ང་ཚོ་སྐྱབས་བཅོལ་དུ་སླེབས་མ་ཐག་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ནས་བོད་པའི་སློབ་གྲྭ་ཟུར་འཛུགས་གནང་བ་རེད། ཁྱེད་ཚོ་མང་ཆེ་བ་དེ་ནས་ཐོན་པ་ཤ་སྟག་ཡིན་སྟབས་རྒྱས་བཤད་བྱེད་རྒྱུ་མིན། དེ་ལ་བརྟེན་ནས་འདས་པའི་ལོ་ ༤༦ རིང་ང་ཚོའི་ཞན་ཆ་མང་པོ་ཞིག་ཡོ་བསྲང་ཐུབ་པ་དང༌། ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་མང་པོ་ཞིག་ཀྱང་བསྒྲུབས་ཐུབ་པ་བྱུང་ཡོད། འོན་ཀྱང་ཞན་ཆ་ནི་ང་ཚོ་ ༡༩༥༩ ལོར་རྒྱ་གར་དུ་སླེབས་མ་ཐག་ལམ་སེང་རྒྱ་གར་གྱི་ལམ་སྲོལ་དེ་རང་ཐོག་ཕྱིན་པ་མ་གཏོགས་ཐབས་ལམ་གཞན་གང་ཡང་མེད། ཡིན་ནའང་ཕྱི་ལོ་ ༡༩༧༠ དོན་གྲངས་ཙམ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་དགོས་མཁོ་དང་འཚམས་པའི་དེང་རབས་ཀྱི་སློབ་སྦྱོང་སྤྲོད་སྟངས་ཀྱི་ལམ་སྲོལ་ཞིག་མ་བཟོ་ཐབས་མེད་བྱུང་ཡང༌། རྗེས་ལུས་མང་པོ་ཐེབས་ཟིན། ད་ལྟ་ཤེས་རིག་དྲུང་ཆེས་ང་ཚོ་ལ་དཀའ་ངལ་དང་ཞན་ཆ་མང་པོ་བྱུང་ཡོད་ཅེས་གསུངས་པ་དེ་ང་ཚོས་ངོས་ལེན་གནང་དགོས། སྐབས་དེ་དུས་ང་ཚོའི་གནའ་རབས་ཀྱི་ཤེས་ཡོན་ནས་ལམ་སེང་ལག་བསྟར་ཐུབ་པའི་ཁེ་ཕན་རྣམས་དུས་མཐུན་བླངས་མ་ཐུབ་སྟབས། ད་ལྟ་འཛམ་བུ་གླིང་སྤྱི་ཡི་སློབ་སྦྱོང་ཐོན་པར་གྲགས་པའི་མི་དེ་ཚོ་དང་ ་གཅིག་པའི་དཀའ་ངལ་དེ་ཡོང་བ་རེད། མདོར་ན་བཙན་བྱོལ་བ་གཞིས་ཆགས་པ་ནས་བཟུང་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཐོག་བསམ་བློ་མ་བཏང་བ་དང༌། འཆར་འགོད་ཀྱིས་འགྱུར་བ་གཏོང་མ་ཐུབ་པ་བཅས་ལས་བྱུང་བ་རེད། གང་ལྟར་ཕྱི་ལོ་ ༡༩༥༩ སྔོན་ལ་བོད་ཀྱི་སྤྱི་ཚོགས་ནང་ཤེས་ཡོན་ལམ་སྲོལ་གང་འདྲ་ཞིག་ཡོད་པ་དང༌། དེས་ང་ཚོའི་མི་རིགས་གང་འདྲ་ཞིག་ཏུ་བསྐྲུན་ཐུབ་ཡོད་པ། ཕྱི་ལོ་ ༡༩༥༩ རྗེས་ལ་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པའི་དེང་རབས་སློབ་སྦྱོང་གི་གོ་སྐབས་གང་འདྲ་ཞིག་ཐོབ་པ་དང༌། དེ་ད་ལྟ་ང་ཚོས་ཇི་ཙམ་བར་བསྐྱལ་ཡོད་པ་བཅས་འདི་གཉིས་ཐོག་བསྐྱར་ཞིབ་གནང་རྒྱུ་དེ་ཁྱེད་རང་ཚོའི་ལས་འགན་ཞིག་རེད། ངས་གཅིག་དང་གཉིས་ཞེས་ཞིབ་ཚགས་ཞུ་རྒྱུའི་དུས་ཚོད་དང་གོ་སྐབས་མི་འདུག ས་བོན་ཙམ་དུ་ཞུས་པ་ཡིན།
དོན་དག་གསུམ་པ་ནི། ཕྱི་ལོ་ ༡༩༥༩ ནས་ད་བར་ལག་ལེན་ལ་བསྟར་བའི་ཤེས་ཡོན་ལམ་སྲོལ་དེ་ཇི་ལྟར་བྱུང་བ་དང༌། ད་ཆ་གང་དུ་སླེབས་མིན་བཅས་མང་ཆེ་བས་མཁྱེན་ཤག་རེད། ཡིན་ནའང་འདིར་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུ་ན་བསམ་བྱུང༌། ང་ཚོའི་སྔ་མོའི་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་དེ་རྒྱ་གར་ནས་བྱུང་བ་རེད། རྒྱ་གར་གྱི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་དེ་ཆེས་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་བཤད་མི་དགོས། ཡིན་ནའང་བརྒྱ་ཕྲག་བཅུ་བདུན་པའི་མཇུག་དང་བཅོ་བརྒྱད་པའི་མགོར་ཨིསཊ་ཨིན་དྲི་ཡ་ཀམ་པ་ནི་East India Companyཟེར་བ་དེས་རྒྱ་གར་གྱི་ས་ཁྱོན་གང་ལ་གང་འཚམས་ཤིག་ལ་དབང་བསྒྱུར་བྱས་ཤིང༌། དེ་རྗེས་དབྱིན་གཞུང་རང་གིས་དབང་བསྒྱུར་བྱེད་འགོ་ཚུགས་པ་རེད། དབྱིན་གཞུང་གིས་རྒྱ་གར་ནང་ཆབ་སྲིད་དབང་བསྒྱུར་བརྟན་པོ་ཡོང་ཆེད་མཁས་པ་ཚོས་དུས་ནས་དུས་སུ་ཉམས་ཞིབ་བྱེད་ཀྱི་ཡོད། ཉམས་ཞིབ་བྱེད་མཁན་གྲགས་ཆེ་བ་གཅིག་སྐུ་ཞབས་མེ་ཀོ་ལེ་Macaulayརེད། རྗེས་སུ་ལོཌ་Lordཡང་ཆགས་པ་རེད། ཁོང་ཕྱི་ལོ་ ༡༨༣༠ སོ་གྲངས་ནང་རྒྱ་གར་དུ་ལོ་བཞི་ལྔ་བསྡད་རིང་མདྲཱས་དང༌། ཧེདརཱ་བཱད། ཀལ་ཀཏཱ། དིལླཱི། ཝཱརཱཎསཱི་སོགས་རྒྱ་གར་ཤར་ནུབ་ལྷོ་བྱང་གི་གྲོང་ཁྱེར་ཆེན་པོ་ཁག་དང༌། གྲོང་གསེབ་མང་པོའི་ནང་སྐོར་བསྐྱོད་ཀྱིས་ཞིབ་འཇུག་བྱས་ཏེ་ཕར་ལོག་རྗེས་དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་མི་ཆགས་པར་བརྟེན། གྲོས་ཚོགས་འོག་མའི་ནང་གཏམ་བཤད་རིང་པོ་གཉིས་བྱས་པ་དེའི་ནང་རྒྱ་གར་ནང་སྲོལ་རྒྱུན་ཤེས་ཡོན་གྱི་ལམ་སྲོལ་ཆེས་ཕུན་སུམ་ཚོགས་པ་ཞིག་འདུག རྒྱ་གར་མི་མང་ཡོངས་རྫོགས་ཡི་གེ་འབྲི་ཀློག་ཤེས་པ་དང་སློབ་སྦྱོང་ཡོད་པ་མིན་ཡང༌། གྲལ་རིམ་དམིགས་བསལ་བ་ཉུང་ཤས་ཤིག་གི་ཤེས་ཡོན་དང་བསམ་བློའི་གནས་ཚད་ཧ་ཅང་མཐོ་པོ་འདུག གནས་བབ་དེ་ལ་སྐྱོན་ནམ་འགྱུར་བ་ཞིག་གཏང་མ་ཐུབ་ན། རྒྱ་གར་ཐོག་དབྱིན་གཞུང་གི་དབང་སྒྱུར་རྒྱུན་རིང་གནས་ཐུབ་ཐབས་མི་འདུག གལ་སྲིད་རྒྱ་གར་ཐོག་ང་ཚོའི་དབང་སྒྱུར་རྒྱུན་རིང་བསྡད་དགོས་ན། རྒྱ་གར་གྱི་ན་གཞོན་ཚོར་ང་ཚོའི་འདོད་པ་དང་མཐུན་པའི་ཤེས་ཡོན་སྤྲད་དེ་རྗེས་མ་ང་ཚོ་ལ་རྟག་ཏུ་ཡིད་ཆེས་བློས་འགེལ་དང་ཅི་གསུང་བཀའ་སྒྲུབ་བྱེད་མཁན་ཞིག་ཏུ་བཟོ་དགོས། དེ་འདྲ་བཟོ་མ་ཐུབ་ན་ང་ཚོའི་དབང་བསྒྱུར་རྒྱ་གར་ནང་ལོ་གྲངས་ཀ་བརྒྱབ་ཆོག་པ་ཞིག་རེད། ཅེས་བཤད་པར་བརྟེན་དབྱིན་གཞུང་གིས་དེ་དངོས་གནས་རེད་འདུག ཁྱེད་རང་ཚོགས་ཆུང་ལ་བསྐོ་རྒྱུ་ཡིན། ཁྱེད་རང་གིས་དབུ་ཁྲིད་འོག་རྒྱ་གར་ནང་ཤེས་ཡོན་ལམ་སྲོལ་གསར་པ་ཞིག་འཛུགས་རྒྱུའི་འཆར་གཞི་བསྒྲིག་དགོས་ཞེས་བཤད་འདུག ངས་མིང་བརྗེད་འདུག་མ་གཏོགས་དེའི་ནང་རྒྱ་གར་གྱི་པབྱྜིཏ་མཁས་པ་གཅིག་དང་དབྱིན་ཇིའི་མཁས་པ་གཞན་གཅིག་ཡོད་འདུག མེ་ཀོ་ལེ་དེའི་ཚོགས་གཙོ་རེད། ཕྱི་ལོ་ ༡༨༤༦ ཡིན་ནམ་ ༡༨༤༧ དེ་འདྲ་ཞིག་ལ་ཀ་ལི་ཀ་ཏར་ལོཌ་མེ་ཀོ་ལེའི་ཆེད་གཉེར་ཚོགས་ཆུང་Lord Macaulay Commissionབཙུགས་ཏེ་རྒྱ་གར་ནང་ཤེས་ཡོན་ལམ་སྲོལ་གསར་པ་ཞིག་འཛུགས་རྒྱུའི་འབད་བརྩོན་བྱས་པ་རེད། དེ་ལ་དེང་རབས་ཀྱི་ཤེས་ཡོན་སོགས་གང་ཡང་མ་བཏགས་པར། དབྱིན་སྐད་ཐོག་ནས་བསླབ་རྒྱུའི་ཤེས་ཡོན་English Educationཞེས་བཏགས་འདུག ཚོགས་ཆུང་དེའི་ནང་གྲོས་བསྡུར་བྱུང་བའི་ཚིག་ཐོ་ཚང་མ་དེང་སང་ལག་ཏུ་ཐོབ་རྒྱུ་ཡོད། ཚིག་ཐོ་དེ་དག་རྗེས་མ་ཁྱེད་རང་ཚོར་གཏང་རོགས་ལབ་ཀྱི་ཡིན། ངེས་པར་དུ་ཀློག་ཐུབ་པ་གནང་དགོས། དེའི་ནང་ཁོ་རང་གི་རོགས་པ་དབྱིན་ཇིའི་མཁས་པ་གཞན་དེས་དབྱིན་སྐད་ཀྱི་ཤེས་ཡོན་སྒྲོམ་གཞི་དེ་རྒྱ་གར་ནང་བཙུགས་ན་ཉེན་ཁ་ཆེ་ཞིང༌། ཁོང་ཚོས་དབྱིན་ཇི་སྦྱངས་ནས་དེང་རབས་ཀྱི་ཤེས་ཡོན་མཐོ་པོ་ཆགས་ན། དབྱིན་ཇི་ལ་ངོ་རྒོལ་བྱེད་མཁན་གྱི་འགོ་ཁྲིད་ཀྱང་འདི་ནས་འཐོན་སྲིད། དེ་ལས་ད་ལྟ་རྗེས་ལུས་དང་མུན་ནག་གང་ཡིན་དེ་རང་ལ་བཞག་ན། ང་ཚོའི་དབང་བསྒྱུར་དེ་བརྟན་པ་གནས་ཐུབ་ཅེས་ཤུགས་ཆེན་པོས་བཤད་ཀྱང༌། མེ་ཀོ་ལེ་དང་རྒྱ་གར་གྱི་མི་དེས་ཁས་ལེན་བྱས་མེད། རྒྱ་གར་གྱི་མི་དེས་དེ་འདྲ་ཡོང་ཐབས་མེད། སློབ་སྦྱོང་ཡག་པོ་སྤྲད་ན་ཏན་ཏན་རྒྱ་གར་གྱི་ན་གཞོན་དེ་ཚོ་དབྱིན་ཇིའི་དབང་སྒྱུར་ལ་ལུས་ངག་ཡིད་གསུམ་གྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་ང་ཚོས་བཟོ་ཐུབ་ཅིང༌། བཟོ་དགོས་ཀྱི་རེད་ཅེས་མེ་ཀོ་ལེ་ལ་རྒྱབ་སྐྱོར་བྱས་ཡོད། མཐའ་མ་རྒྱབ་གཉེར་བཞིན་དབྱིན་གཞུང་གིས་ཤེས་ཡོན་སྲིད་བྱུས་ངོས་ལེན་གྱིས་རྒྱ་གར་ནང་དབྱིན་ཇིའི་སློབ་གྲྭ་གསར་པ་འཛུགས་རྒྱུའི་ལས་དོན་འགོ་འཛུགས་བྱུང༌། གང་ལྟར་ལོཌ་མེ་ཀོ་ལེས་ང་ཚོས་རྒྱ་གར་གྱི་པགས་པའི་ཚོས་གཞི་བརྗེ་པོ་བརྒྱབས་ཏེ་དཀར་པོ་བཟོ་མི་ཐུབ། དེ་དུས་རྒྱ་གར་བ་རྣམས་ནག་པོ་དང་ཁོ་རང་ཚོའི་མི་རིགས་དེ་དཀར་པོར་བརྩི་བ་རེད། པགས་པ་ལས་གཞན་པ་བསམ་བློ་དང༌། མངོན་འདོད། འབྲེལ་བ་བྱེད་སྟངས་ཚང་མ་དབྱིན་ཇི་མི་དཀར་པོ་དང་མཐུན་པ་བཟོ་ཐུབ་ན་ང་ཚོའི་དབང་བསྒྱུར་དེ་བརྟན་པོ་གནས་ཐུབ་ཅེས་གསལ་པོ་བཤད་ཡོད། ཁོང་ཚོས་བཟོས་པའི་ཤེས་ཡོན་གྱི་ལམ་སྲོལ་དེ་ད་ལྟའི་བར་དུ་རྒྱ་གར་ནང་གྲ་མ་ཞིག་གྲུ་མ་ཉམས་པར་ཡོད་མུས་རེད། རྒྱ་གར་རང་བཙན་བྱུང་རྗེས་ཤེས་ཡོན་སྲིད་བྱུས་གསར་པ་བཟོ་ཆེད་ཚོགས་ཆུང་རིམ་པ་ལྔ་བཙུགས་ཤིང༌། རཱདྷཱ་ཀྲྀཥ྄ཎ་ཚོགས་ཆུང་ Radhakrishan Commissionནས་ཨཱཅཱརྱ་རཱམ་མཱའུརྟི་ཚོགས་ཆུང་Acharya Rammurti Commissionབར་གྱི་ཚོགས་ཆུང་དེ་ཚོས་བསམ་ཚུལ་ཚད་ལྡན་མང་པོ་བཏོན་ཡང༌། ལོཌ་མེ་ཀོ་ལེའི་སྒྲོམ་གཞིར་འགྱུར་བ་གཏོང་ཐུབ་མེད། དགེ་རྒན་གྱི་ཕོགས་རིམ་མ་གཏོགས་ཚོགས་ཆུང་དེ་ཚོའི་རྒྱབ་གཉེར་གཞན་རྣམས་རྒྱ་གར་གྱི་སྲིད་གཞུང་རིམ་པས་ལག་ལེན་རྩ་བ་ནས་བསྟར་མེད། དཔེར་ན་ཀོ་ཋཱ་རཱི་ཚོགས་ཆུང་Kothari Commissionབཙུགས་རྗེས་དེས་རྒྱབ་གཉེར་བྱས་པའི་ཕོགས་རིམ་སྤྲད་པ་མ་གཏོགས། དོན་དག་གཞན་གཅིག་ཀྱང་ད་བར་ལག་ལེན་བསྟར་བ་བྱུང་མེད། དེའི་དབང་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་སི་བི་ཨེས་ཨི་Central Board of Secondary Educationསྒྲོམ་གཞིའི་ནང་བོད་སྐད་དེ་མ་སྐད་ཚུལ་དུ་བསླབ་རྒྱུ་ཞིག་བཅུག་པ་མ་གཏོགས། གཞན་རྣམས་གཅིག་པ་རེད། དེར་བརྟེན་དེའི་གྲུབ་འབྲས་རྡོག་རྡོག་ཅིག་ཞུ་ན། རྒྱ་གར་བཞིན་ན་གཞོན་ལས་མེད་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བ་དེ་རེད། དེའི་རྒྱུ་མཚན་ཡང་ཤེས་ཡོན་གྱི་ལམ་སྲོལ་དེ་ནས་སློབ་སྦྱོང་ཐོན་སྐབས་གླ་ཆ་སྤྲད་ནས་གཡོག་པོར་བཀོལ་མཁན་ཞིག་བཙལ་བ་མ་གཏོགས། རང་གི་རྐང་པའི་ཐོག་ལངས་ནས་རང་དབང་གིས་མི་ཚེ་བསྐྱལ་རྒྱུའི་འདུན་པ་དང༌། ནུས་པ། གཤིས་ཀ་བཅས་གསུམ་ག་མེད་པ་བཟོ་བ་རེད། ང་ཚོའི་ནང་དུ་བལྟས་ནའང་བི་ཨེ་དང༌། བི་ཀོམ། ཨེམ་ཨེ་ཐོན་སྐབས་ལམ་སེང་ལས་ཀ་ཞིག་འཚོལ་གྱི་ཡོད་མ་གཏོགས། ལས་ཀ་ཞིག་བྱེད་ཀྱི་ཡོད་ཟེར་མཁན་ཧ་ཅང་ཉུང་ཉུང་རེད། ལས་ཀ་ཞིག་འཚོལ་གྱི་ཡོད་ཟེར་མཁན་ནང་དུའང་ལས་ཀ་རག་སོང་ཟེར་མཁན་ཡང་དཀོན་པོ་རེད། རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཚོགས་པའི་Association of Indian Universitiesཚོགས་གཙོ་བྱེད་སྐབས་ངའི་ཚོགས་གཙོའི་གཏམ་བཤད་ནང་དེང་སང་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཡོངས་རྫོགས་ན་གཞོན་ལས་མེད་ལས་ཀ་མི་འཕེར་མཁན་བསྐྲུན་སའི་བཟོ་གྲྭ་ཆགས་ཟིན་པར་བརྟེན། ང་ཚོའི་ཤེས་ཡོན་གྱི་ལམ་སྲོལ་ལ་གཞི་རིམ་གྱི་འགྱུར་བ་ཞིག་གཏང་མ་ཐུབ་ན་རེ་བ་བརྒྱབ་རྒྱུ་ལྷག་མེད་ཅེས་གསལ་པོ་བཤད་ཡོད། དེ་སྐབས་སུས་ཀྱང་དེ་མ་རེད་ཅེས་ཤོད་མཁན་མ་བྱུང༌། གཏམ་བཤད་དེ་ཤུགས་ཆེན་པོ་དང་ཧམ་པ་ཚ་པོ་ཞིག་ཏུ་དགོངས་སྲིད་ཀྱང༌། དོན་ངོ་མ་དེ་རང་རེད། གལ་ཏེ་རང་གི་ཕ་མ་ཚོ་རང་འཚོ་ཐུབ་ངེས་ཡིན་ཡང༌། ཕྲུ་གུ་མཐོ་རིམ་སློབ་གྲྭ་ནས་ཐོན་པའི་སྐབས་སུ། ཧ་ཅང་ཚོང་པ་ཆེན་པོ་དེ་འདྲ་ཡིན་ན་གནས་ཚུལ་ཐ་དད་རེད་མ་གཏོགས། མང་ཆེ་བས་གཡོག་ལས་འཚོལ་རྒྱུ་ལས་གཞན་པའི་ཐབས་ལམ་མེད་པར་མཐོང་ཞིང༌། བརྒྱ་ལ་གཡོག་པོར་བཀོལ་མཁན་ཞིག་མ་རག་ན་མྱོས་རྫས་བཟའ་བ་དང༌། ཆང་རག་འཐུང་བ། བར་འཁྱམས་བསྡད་པ་སོགས་ཀྱི་ངང་ནས་མི་ཚེ་ཟད་དེ་མཐར་སྤྱི་ཚོགས་དང་གང་ཟག་སྒེར་གཉིས་ཀར་ཕན་མ་ཐོགས་པའི་གནས་སྟངས་ཤིག་ཡོང་གི་ཡོད།
འདི་ཡན་ང་ཚོས་ད་བར་ཉམས་ལེན་བྱས་པའི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་དང་ཤེས་ཡོན་གྱི་ལམ་སྲོལ་དེ་ཇི་ལྟར་ཡིན་པ་དང༌། ཇི་ལྟར་བྱུང་བ་བཅས་མདོ་ཙམ་ཞུས་པ་ཡིན། ཁྱེད་ཚོས་ཞིབ་ཚགས་པོས་ཉམས་ཞིབ་བྱས་ཏེ་མཁྱེན་པ་གནང་དགོས།
དོན་དག་བཞི་པ་ནི། རྒྱ་གར་གྱི་ནང་ཤེས་ཡོན་གྱི་ལམ་སྲོལ་དེས་འགྲིག་གི་མི་འདུག དེ་ལ་འགྱུར་བ་གཏང་དགོས། གདམ་ག་གཞན་ཞིག་Other alternative Education systemའཚོལ་དགོས་ཟེར་མཁན་མི་ཆེ་ཆུང་འདྲ་མིན་མང་པོ་བྱུང་ཞིང༌། ར་བཱིན྄དྲ་ནཱཐ་ཋཱཀུར་Rabindranath Tagoreགྱིས་ཤཱནྟི་ནིཀེཏན་Shantineketanདང༌། ཤྲིའ་ཨརབིན་ྡགྷོཥ་Sri Aurobindo Ghoshཡིས་ཨརབིནྡ་ཨཱཤྲམ།Aurobindo Ashram ལྕམ་ཨེ་ནི་བེ་སན་ཊ་Annie Besant ཡིས་ཧིན་རྡུའི་སློབ་གྲྭ་Hindu School དང་ཧིན་རྡུའི་མཐོ་སློབ།Hindu College མཐའ་མ་མདན་མོཧན་མཱལབིའཡ་Madan Mohan Malviya ཡིས་བནཱརས་ཧིན་རྡུའི་གཙུག་ལག་སློབ་ཁང༌། Benaras Hindu University དེ་བཞིན་གུརུ་ཀུལ་ཀངྒཌཱི་དང༌།Gurukul Kangri བདག་ཉིད་ཆེན་པོ་གནྡྷིའི་ཀཱཤཱི་བིདྷ྄ཡཱ་པིའཋ།Mahatma Gandhi Kashividyapeeth གུཇརཱཏ་བིདྷ྄ཡཱ་པིའཋ་Gujrat Vidyapeethསོགས་དབྱིན་ཇིའི་ཤེས་ཡོན་ལམ་སྲོལ་ལས་ལྡོག་ནས་ཤེས་ཡོན་གྱི་ལམ་སྲོལ་གསར་པ་ཞིག་འཛུགས་རྒྱུའི་དོན་དུ་ཡིན་ཡང༌། ལོ་ཤས་སོང་རྗེས་ག་ལེར་འདམ་གྱི་ཐོག་འདྲེད་བརྡབ་ཤོར་བ་བཞིན་མཐའ་མར་མེ་ཀོ་ལེ་ནས་བྱུང་བའི་རྒྱ་གར་ཁྱོན་ཡོངས་ཀྱི་ཤེས་ཡོན་གྱི་བརྒྱུད་རིམ་དེའི་ནང་སིམ་པ་མ་གཏོགས། རང་རྐྱ་འཕེར་བ་བསྡད་ཐུབ་པ་བྱུང་མེད།
དེ་ཚོའི་ནང་ནས་ཕྲན་བུའི་ཁྱད་དུ་ཐོན་པ་མ་ཟད། དམིགས་བསལ་གཞི་རིམ་ཤེས་ཡོན་དང་འབྲཻལ་བ་ཡོད་པ་ནི་བདག་ཉིད་ཆེན་པོ་གནྡྷིའི་ཤེས་ཡོན་ལམ་སྲོལ་གསར་པ་ཞེས་པ་དེ་རེད། དེ་ལ་ནཨཱི་ཏཱལཱིམ་Nai Talimཞེས་བརྗོད་ཅིང༌། ནཨཱི་ནི་གསར་པ་དང༌། ཏཱལིའམ་ནི་ཤེས་ཡོན་རེད། དེ་ལའང་བྱུང་རབས་ཤིག་ཡོད་རེད། ཁྱེད་ཚོས་ཀྱང་གོ་ན་ཡག་པོ་འདུག གནྡྷི་ནི་ཚོད་བལྟ་ཤ་སྟག་གནང་ནས་ཕེབས་མཁན་ཞིག་རེད། རང་རྣམ་ལའང་ངའི་བདེན་པའི་ཚོད་བལྟ་My Experiment with truthཞེས་སྐུ་ཚེ་ཧྲིལ་པོ་བདེན་པ་འཚོལ་ཆེད་ཚོད་བལྟ་ཤ་སྟག་གནང་ནས་ཕེབས་པ་རེད། དེ་ལྟར་ཤེས་ཡོན་གྱི་ལམ་སྲོལ་རྙིང་པ་དེས་འགྲིག་གི་མི་འདུག ཤེས་ཡོན་གྱི་ལམ་སྲོལ་གསར་པ་ཞིག་དགོས་ཀྱི་འདུག་ཟེར་བའི་སྐད་ཆ་དེ་སྔོན་མ་ནས་བྱུང་མྱོང་བ་ཞིག་རེད།
མཧཱདེབ་དེསཱཨཱི་ཞེས་དགོངས་པ་མ་རྫོགས་བར་གནྡྷིའི་སྒེར་དྲུང་ལྟ་བུ་ཕྱག་ལས་མུ་མཐུད་གནང་མཁན་གྲགས་ཆེན་པོ་ཞིག་བྱུང་ཞིང༌། ཁོང་གནྡྷིའི་ལྷན་དུ་སེཝཱགྲཱམ་ཨཱཤྲམ་ Sevagram Ashramདུ་བཞུགས་སྐབས་རབིའན྄དྲ་ནཱཐ་ཋཱཀུར་མཉམ་དུ་ཤྲཱིལངྐཱའི་ཤེས་ཡོན་གྱི་ལས་ཀ་བྱེད་མཁན་ཨཱརྱ་ནཡཀམ་Dr.Arya Nayakamདང་ཁོང་གི་ལྕམ་གཉིས་ཕྱག་ལས་གནང་བཞིན་ཡོད་འདུག ཁོང་གཉིས་ཀ་ལོན་ཌོན་གྱི་ཨོཀ་སི་ཕོར་ཌི་གཙུག་ལག་སློབ་ཁང་Oxford Universityནས་རིག་པའི་ཆུ་གཏེར་Ph.Dགྱི་ཕྱག་འཁྱེར་ཐོན་པ་ཞིག་རེད། དེ་སྐབས་གནྡྷིས་ནཱག་པུར་གཡས་གཡོན་ལ་སློབ་གྲྭ་གསར་པ་འཛུགས་ཆེད་ནཡ་ཀམ་ལ་འགན་འཁྲི་གནང་སྟེ་དེ་དུས་རྒྱ་གར་གྱི་སློབ་གྲྭའི་ལམ་སྲོལ་དང་གཅིག་མཚུངས་ཡིན་ཡང༌། ཚུལ་ཁྲིམས་དང་སྤྱོད་ལམ་ཐོག་ནས་མི་འདྲ་བ་བཟོ་རྒྱུའི་ཐབས་ཤེས་བྱས་པ་རེད། མཧཱདེབ་དེསཱཨཱི་ལ་ནཱརཱཡཎ་དེསཱཨཱི་ཞེས་པའི་བུ་འབྲིང་བ་ཞིག་ཡོད་ཅིང༌། ད་ལྟའང་བཞུགས་པ་མ་ཟད། འདི་ལོ་དགུང་ལོ་བརྒྱད་ཅུ་གྱ་གྲངས་རེད། དེ་དུས་ ནཱརཱཡཎ་དེསཱཨཱི་ལོ་བཅུ་རེད། སློབ་སྦྱོང་ཡག་པོ་ཡོང་ཆེད་ཨཱརྱ་ནཡ་ཀམ་གྱིས་སློབ་སྤྱི་བྱེད་པའི་སློབ་གྲྭར་བཅུག་འདུག སློབ་གྲྭར་ཉིན་གཉིས་ཕྱིན་ནས་ཚུར་ལོག་སྐབས་རང་གི་ཕ་མཧཱདེབ་དེསཱཨཱི་ལ་སང་ཉིན་ནས་སློབ་གྲྭར་འགྲོ་རྒྱུ་མིན། བྱབ་གང་ཡང་མི་འདུག་ཟེར་ནས་ཨུ་ཚུགས་ཇི་ཙམ་བྱས་ཀྱང་འགྲོ་འདོད་གནང་མི་འདུག ཕས་ཁྱེད་རང་སློབ་གྲྭར་མ་ཕྱིན་ན་འགྲིག འོན་ཀྱང་བཱ་བཱུ་ལ་སྐད་ཆ་ཞིག་འདྲི་ན་ཞེས་བཤད་འདུག འདིར་བཱ་བཱུ་ནི་གནྡྷི་ལ་ཟེར་གྱི་ཡོད། ནཱརཱཡཎ་དེསཱཨཱིས་འགྲིག་གི་འདུག བཱ་བཱུ་ལ་སྐད་ཆ་འདྲི་རྒྱུ་ཡིན་ཞེས་བརྗོད་དེ་ཤོག་བུ་ཞིག་སྒང་ལ་ང་སློབ་གྲྭར་ཉིན་གཉིས་ཕྱིན་པ་ཡིན། བྱབ་གང་ཡང་མཐོང་མ་སོང༌། ད་ང་སློབ་གྲྭ་དེར་འགྲོ་རྒྱུ་མིན། རྒྱུ་མཚན་འདི་འདྲ་འདི་འདྲ་ཡིན་ཞེས་ཡི་གེ་རིང་པོ་ཞིག་བྲིས་ནས་བཱ་བཱུ་ལ་འབུལ་ཆེད་མཧཱདེབ་དེསཱཨཱིའི་ཕྱག་ཏུ་བསྐུར་འདུག ཡི་གེ་དེ་ཕུལ་སྐབས་གྷན་དྷིས་ལམ་སེང་ལན་དུ་བུ་ལེགས་སོ་Beta, Shabashཞེས་ཚིག་གཅིག་བྲིས་པ་མ་གཏོགས། སློབ་གྲྭར་འགྲོ་དང་མི་འགྲོའི་སྐད་ཆ་གང་ཡང་གསུངས་མེད། ནཱརཱཡཎ་དེསཱཨཱི་དེ་ནས་སློབ་གྲྭར་ཕྱིན་མེད། དེར་བརྟེན་སློབ་སྤྱི་ཨཱརྱ་ནཡ་ཀམ་གྱིས་གྷན་དྷི་ལ་ཁྱེད་ཀྱིས་ནཱརཱཡཎ་དེསཱཨཱི་སློབ་གྲྭར་མ་ཕྱིན་པར་ལེགས་སོ་ཞེས་གསུངས་འདུག་ཀྱང༌། ཕྲུ་གུ་དེའི་མ་འོངས་པའི་མདུན་ལམ་ལ་རྩེད་མོ་རྩེ་བ་མ་རེད་དམ། ཁོ་སློབ་གྲྭར་མ་ཕྱིན་ན་གང་བྱེད་དམ། རྗེས་མ་སློབ་སྦྱོང་ཇི་ལྟར་བྱེད་ཀྱི་རེད་དམ། ཧ་ཅང་ཁག་པོ་ཆགས་ཀྱི་མ་རེད་དམ་ཞེས་རྒྱུ་མཚན་མང་པོ་བཀོད་དེ་ཡི་གེ་རིང་པོ་ཞིག་བྲིས་པར་བརྟེན། གྷན་དྷིས་ཁྱེད་རང་གིས་ལབ་པ་ལའང་རྒྱུ་མཚན་ཡོད་པ་ལྟ་བུ་འདུག ནཱརཱཡཎ་གྱིས་ལབ་པ་ལའང་རྒྱུ་མཚན་ཡོད་པ་ལྟ་བུ་འདུག ང་ཚོ་གསུམ་ཚོགས་འདུ་ཚོགས་དགོས། ནཱརཱཡཎ་ལ་གང་ལབ་རྒྱུ་ཡོད་པ་དེ་ལབ་ཏུ་བཅུག ཁྱེད་རང་ལའང་གང་ལབ་རྒྱུ་ཡོད་པ་དེ་ལབ། ངས་དཀྱིལ་དུ་བསྡད་ནས་གྲོས་བསྡུར་བྱེད་ཆོག་ཅེས་གསུངས་འདུག དེ་དུས་ནཱརཱཡཎ་ལོ་བཅུའི་ཕྲུ་གུ་ཆུང་ཆུང་ཞིག་རེད། ཨཱརྱ་ནཡ་ཀམ་ནི་རིག་པའི་ཆུ་གཏེར་ཐོན་པ་དང་གཟུགས་པོ་ཡང་གྷན་དྷི་ལས་ཆེ་བ་ཞིག་ཡོད་འདུག དེ་ནས་ཉིན་གསུམ་བཞིའི་རིང་རྟག་ཏུ་གྷན་དྷི་དང༌། ནཱརཱཡཎ་དེསཱཨཱི། ཨཱརྱ་ནཡ་ཀམ་གསུམ་པོ་དགོང་དྲོ་འཆམ་འཆམ་ཕེབས་སྐབས་ནཱརཱཡཎ་གྱི་ཁྲིམས་རྩོད་པ་ལྟ་བུ་དེ་གྷན་དྷིས་གནང་ཞིང༌། ནཡ་ཀམ་གྱིས་རང་གི་སྒྲུབ་བྱེད་རྣམས་བཀོད་དེ་ད་ལྟའི་ཤེས་ཡོན་གྱི་གནས་སྟངས་ཐོག་གྲོས་བསྡུར་བྱས་པའི་མཐའ་མར་ཨཱརྱ་ནཡ་ཀམ་གྱིས་ཀྱང་ནཱརཱཡཎ་སློབ་གྲྭར་མ་འགྲོ་བ་དེ་འགྲིག་འདུག་ཅེས་ལབ་དགོས་བྱུང་བ་མ་ཟད། ཁོ་རང་གིས་ཀྱང་ལམ་སེང་སློབ་སྤྱི་དེ་ནས་དགོངས་པ་ཞུས་ཏེ་ནཨཱི་ཏཱལིའམ་གྱི་ལམ་སྲོལ་བཟོ་མཁན་གྱི་མི་དང་པོ་དེ་ཆགས་པ་རེད། དེ་ཡང་ང་ཚོས་ད་ལྟའི་འདིའི་ཐོག་ཉམས་གསོ་ཤ་སྟག་བྱས་པས་ཕན་ཐོགས་མི་འདུག གཞི་རིམ་གྱི་འགྱུར་བ་ཞིག་གཏང་དགོས་ཞེས་ནཨཱི་ཏཱལིའམ་འགོ་ཚུགས་པ་རེད། དེ་ནས་ཌོག་ཊར་ཛ་ཀཱིར་ཧུ་སེན་Dr. Zakir Hussainདང༌། ཀུམཱརཔ྄པཱ།Kumarappaཨཱརྱ་ནཡ་ཀམ་སོགས་མཁས་པ་མང་པོས་ལོ་ནས་ལོ་བསྟུད་ཉམས་ཞིབ་ཀྱིས་ད་ལྟའི་ནཨཱི་ཏཱལཱིམ་དེ་བྱུང་ཞིང༌། འོན་ཀྱང་སྟབས་ཉེས་པ་ལ་གྷན་དྷི་དགོངས་པ་རྫོགས་ཏེ་རྒྱ་གར་རང་བཙན་བྱུང་རྗེས་གཞུང་དང་སྤྱི་ཚོགས་ངོས་ནས་ལག་བསྟར་བྱེད་མཁན་བྱུང་མེད་པར་བརྟེན། ལག་བསྟར་Implementatioinགྱི་ཆ་ཤས་དེ་རྫོགས་མེད། གྷན་དྷི་དགོངས་པ་མ་རྫོགས་ཙམ་གྱི་གཏམ་བཤད་ཅིག་ནང་ནཨཱི་ཏཱལིའམ་ནི་རྒྱ་གར་མི་རིགས་སྤྱི་ཡོངས་ཀྱི་དོན་དུ་ངའི་ཞབས་ཞུ་ཡག་ཤོས་དང༌། ཞབས་ཞུ་མཐའ་མ་དེ་ཡིན་ཞེས་གསུངས་ཡོད། ཤེས་ཡོན་གྱི་ལམ་སྲོལ་འདི་ནི་གྷན་དྷིའི་ཞལ་ཆེམས་ལྟ་བུ་དེ་ཡིན།
འོན་ཀྱང་ལག་བསྟར་མ་ཐུབ་པ་ནི་ད་ལྟའི་འཇིག་རྟེན་ནང་དར་བའི་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་Modern Civilizatonལ་ཐུག་ཡོད་ཅིང༌། གྷན་དྷིའི་ཤེས་ཡོན་གྱི་ལམ་སྲོལ་དང༌། དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་གཉིས་པོ་ཏག་ཏག་ཁ་གཏད་རེད། ཁ་གཏད་ཙམ་དུ་མ་ཟད། གདོང་ཐུག་རང་ཡིན་དུས། དེང་རབས་ཀྱི་མི་ཕལ་ཆེ་བས་དེ་ལ་དོ་སྣང་སྤྲད་མེད། དེ་ལས་ད་ལྟའི་འཛམ་བུ་གླིང་གི་གནས་སྟངས་དང་རྒྱ་གར་གྱི་གནས་སྟངས་ང་ཚོའི་མདུན་ལ་ཡོད་བཞིན་པ་རེད། ནཨཱི་ཏཱལིའམ་གྱི་བྱུང་རབས་ཞིབ་ཚགས་པོས་བཤད་དགོས་དོན་ནི། ང་ཚོའི་ཤེས་ཡོན་སྲིད་བྱུས་ནང་བསམ་ཚུལ་དང་ལྟ་གྲུབ་ཀྱི་གཞི་རྩ་བརྒྱ་ཆ་བརྒྱད་ཅུ་ཙམ་དེ་ནས་བླངས་ཡོད་སྟབས། དེ་རྣམས་ཁྱེད་ཚོས་མཁྱེན་དགོས།
དོན་དག་ལྔ་པ་ནི། མང་པོ་ལབ་དགོས་དོན་མི་འདུག ཤེས་ཡོན་གྱི་སྲིད་བྱུས་ཁྱེད་ཚོའི་མདུན་ལ་ཡིག་ཐོག་ཏུ་ཡོད་པ་དེ་ཀློག་ན་མཁྱེན་རྒྱུ་རེད། ཡིན་ནའང་བསྡོམས་བརྒྱབས་ནས་ཞུ་རྒྱུ་ཞིག་ལ། དབྱིན་ཇིའི་བཤད་སྟངས་བཞིན་དེ་ཀློག་སྐབས་ཡིག་ཕྲེང་རྐྱང་པ་མ་ཀློག་པར་ཡིག་ཕྲེང་བར་གྱི་སྟོང་པ་Between lineདེ་ཚོའང་ངེས་པར་དུ་དོ་ནན་པོས་ཀློག་དགོས། ང་ཚོ་བོད་པའི་བཤད་སྟངས་བྱས་ན་མཐའ་དྲུག་ཚུལ་བཞིའི་སྒོ་ནས་དངོས་བསྟན་དང༌། ཤུགས་བསྟན། ཚིག་གིས་ཟིན་པ། དོན་གྱིས་འཕངས་པ་བཅས་གང་འདུག་དེ་ཚོ་ཆ་ཚང་གཟིགས་ན། གཞི་ནས་ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱི་གནས་སྟངས་དེ་གསལ་པོ་མཁྱེན་ཐུབ་ཀྱི་རེད།
ད་ལྟའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་དེ་ཞིབ་ཚགས་པོས་གཏན་ལ་ཕབ་ཅིང༌། ཐོག་མ་རྒྱ་གར་གྱི་གྷན་དྷིའི་རྗེས་འབྲང་མཁས་པ་མང་པོ་དང༌། དེ་ནས་བོད་པའི་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་དགེ་རྒན་དང་སློབ་སྤྱི་སོགས་དྲག་གྲས་མང་པོ། དེ་བཞིན་ནུབ་ཕྱོགས་པའི་མཁས་པ་མང་པོ་དང་གོ་བསྡུར་ཞུས་ཏེ་མང་གཙོའི་ལམ་སྲོལ་དང་མཐུན་པའི་ཟིན་བྲིས་ཤིག་མ་གཏོགས། མི་གཅིག་གཉིས་ཀྱིས་རལ་གྲི་གནམ་གཡུགས་བྱས་པ་ཞིག་མིན། དེ་ངེས་པར་དུ་མཁྱེན་དགོས། མཐའ་མ་དེ་ལ་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པ་རེད། གྲོས་ཚོགས་ནང་བྱུང་བའི་བགྲོ་གླེང་དེ་ཚོ་གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ནང་ལ་འཁོད་ཡོད་ཅིང༌། གྲོས་ཚོགས་ནང་རྒྱབ་སྐྱོར་དང་འགལ་ཟླ་གང་བྱུང་འདུག གྲོས་ཚོགས་ཀྱི་བགྲོ་གླེང་དེ་ཧ་ཅང་གནད་འགག་ཆེན་པོ་རེད། གྲོས་ཚོགས་ཚོགས་ཆུང་དུ་ཆ་བགོས་ཀྱིས་ཚོགས་ཆུང་གི་དགོངས་འཆར་རྣམས་ཀྱང་གཟིགས་དགོས། མཐའ་མ་གྲོས་ཚོགས་ཀྱིས་སྣོན་འཕྲི་སྤོར་གཅོག་གནང་དགོས་ཆ་ཚང་གནང་ནས་སྤྱི་མོས་ཐོག་གཏན་འབེབས་བྱུང་ཡོད། དེ་ཚོ་ཁྱེད་ཚོས་ངེས་པར་དུ་མཁྱེན་དགོས། ཁྱེད་ཚོ་ཟླ་བ་གསུམ་ཟུར་དུ་སློབ་སྦྱོང་བྱ་ཡུལ་ལྟེ་བ་ཤེས་ཡོན་སྲིད་བྱུས་དེ་རེད། ཤེས་ཡོན་སྲིད་བྱུས་ཀྱི་དོན་གནད་ཆ་ཚང་མཁྱེན་ན། སློབ་སྦྱོང་བྱེད་དགོས་པའི་སློབ་ཚན་གང་ཡིན་དེའི་ཐོག་ནས་ངོ་འཕྲོད་རྒྱུ་མ་གཏོགས། འདི་བསླབ་དགོས། འདི་བསླབ་མི་དགོས་ཞེས་ཕྱི་ལོགས་ནས་ལབ་ཐུབ་ཐབས་མེད།
ཚང་མས་ཤེས་ཡོན་སྲིད་བྱུས་ལྗགས་ཀློག་གནང་ཡོད་ཤག་རེད། དེའི་ཐོག་ནས་སོ་སོའི་ཁམས་དང་བསམ་པ་དང་དབང་པོ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དགོངས་ཚུལ་གང་ཡོད་བགྲོ་གླེང་གནང་དགོས། བར་ལམ་བཀའ་ཤག་བྲེལ་བ་ཚ་པོ་བྱུང་སྟབས། སློབ་ཚན་གྲ་སྒྲིག་བྱེད་རྒྱུ་བྱུང་མ་སོང༌། ཡིན་ནའང་ཤེས་རིག་ལས་ཁུངས་ནས་ཡག་ཐག་ཆོད་གནང་འདུག ཟླ་བ་མཐའ་མའི་ནང་རྒྱ་གར་གྱི་མཁས་པ་གདན་འདྲེན་ཞུ་སྐབས་བགྲོ་གླེང་གཏིང་ཟབ་གནང་དགོས། ཚང་མས་ཉན་རྐྱང་གིས་དེ་རང་ལ་ཆ་མ་བཞག་པར་དྲི་བ་དྲིས་ལན་དང༌། བགྲོ་གླེང༌། བསམ་ཚུལ་གང་ཡོད་གསལ་འདོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཟླ་བ་གསུམ་སློབ་སྦྱོང་བྱས་རྗེས་ཁྱེད་ཚོའི་ནང་ནས་མང་ཆེ་བས་གཏན་ལ་ཕབ་པའི་ཤེས་ཡོན་སློབ་སྦྱོང་དེས་འགྲིག་གི་མི་འདུག དེའི་ནང་ལས་ཀ་བྱེད་ཀྱི་མིན་ཞེས་བརྗོད་ནའང་འགྱོད་པ་རྩ་བ་ནས་མེད། དེ་ནི་བཙན་དབང་གིས་བཀོལ་རྒྱུ་ཞིག་མིན། སོ་སོའི་རྣམ་དཔྱོད་ཐོག་ནས་དབྱེ་བ་འབྱེད་རྒྱུ་ཞིག་རེད། མི་བཅུ་བདུན་ཆ་ཚང་གིས་འདིའི་འོག་འགྲོ་རྒྱུ་མིན་ཞེས་བརྗོད་ནའང་ཧ་ཅང་འདྲོགས་དགོས་པ་དང༌། འཐུས་ཤོར་ཕྱིན་པ་རེད་བསམ་གྱི་མེད། དེའི་རང་དབང་དེ་ངེས་པར་དུ་ཁྱེད་ཚོར་ཡོད་དགོས། སྤྱིར་འགྲིགས་ཀྱང་ད་དུང་འགྱུར་བ་གཏོང་དགོས་འདི་འདྲ་འདུག་དགོངས་མཁན་ཡོད་ནའང་ང་ཚོས་ངེས་པར་དུ་ཉན་ནས་བསམ་བློ་གཏང་རྒྱུ་དང༌། བགྲོ་གླེང་བྱེད་དགོས་པ་ཞིག་རེད། གང་ལྟར་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་དེ་རྟག་ཏུ་ཡོད་དགོས།
འདི་ཡག་པོ་བྱུང་འདུག འདིའི་ཐོག་ལས་ཀ་བྱེད་ཀྱི་ཡིན་བརྗོད་ན། དེ་ནི་དཀའ་ལས་ཁག་ཤོས་ཤིག་རེད། བློས་གཏོང་མང་པོ་ཞིག་དགོས་ཤིང༌། མི་ཚེ་ཧྲིལ་པོ་འདིའི་ཐོག་བློས་བཏང་མ་ཐུབ་ན། ལོ་ཁ་ཤས་ རྗེས་མི་ཚེ་གཞན་དག་ཅིག་བསྐྱལ་ན་དེ་ཚད་ལྡན་ཞིག་ཡོང་གི་མ་རེད། དེར་བརྟེན་ཁྱེད་ཚོ་ཕར་མེད་ཚུར་མེད་ལ་མ་བཞུགས་པར་ཐག་ཆོད་པོས་ཟླ་བ་གསུམ་སློབ་སྦྱོང་བྱས་རྗེས་འདི་ཡག་པོ་འདུག་དགོངས་ན། སོ་སོའི་མི་ཚེའི་ཆ་ཤས་མང་ཤོས་འདིའི་ཐོག་བཏང་ནས། སྔོན་ལ་རང་གི་མི་ཚེའི་ནང་ཉམས་ལེན་ཐུབ་པ་ཞིག་དང༌། དེ་ནས་སློབ་སྦྱོང་ཕར་སྤྲོད་ཐུབ་པ་ཞིག་གནང་དགོས།
ཤེས་ཡོན་སློབ་སྦྱོང་གསར་པའི་ནང་དོན་ཧྲིལ་གྱིས་བསྡུས་ན། དགེ་རྒན་གྱི་མི་ཚེའི་ནང་སྲིད་བྱུས་དེའི་དོན་ཉམས་ལེན་མ་ཐུབ་ན། ལན་ཙམ་སྤྲོད་པ་དེས་ནུས་པ་ཐོན་ཁག་པོ་རེད། སོ་སོས་ཉམས་ལེན་མི་དགོས་པར་དེབ་ནང་བྲིས་པ་དང༌། མི་གཞན་གྱིས་བཤད་པ་རྣམས་སློབ་ཕྲུག་ལ་ལན་སྐྱེལ་མཁན་དུ་བསམ་བློ་བཏང་ན་ནུས་པ་མི་ཐོན་ཞིང༌། སློབ་ཕྲུག་གི་སེམས་ནང་འཛུལ་ཐབས་མེད། དེ་འཛེམས་ཟོན་མེད་པའི་ཐོག་ནས་ཉིན་མ་དང་པོར་གསལ་པོ་ཞུ་རྒྱུ་ཡིན།
ཟླ་བ་གསུམ་གྱི་གོ་སྐབས་ཐུང་ཐུང་མིན་ཞིང༌། རང་དབང་རྣམ་དཔྱོད་ཐོག་ནས་བརྟག་དཔྱད་གནང་རྒྱུའི་གོ་སྐབས་ཆ་ཚང་ཡོད་མུས་རེད། སློབ་སྦྱོང་ཆ་ཚང་གནང་ནས་ད་དུང་མ་མཁྱེན་པ་དང་དོགས་མ་ཆོད་པ་འདུག་ན་གཞན་དག་ལ་འདྲི་བ་དང༌། བགྲོ་གླེང་སོགས་གནང་དགོས། ང་ཚོ་ཡང་ཡང་བཅར་རྒྱུར་བརྟེན་བགྲོ་གླེང་གི་གོ་སྐབས་ཡོང་གི་རེད། ཟླ་བ་གསུམ་གྱི་དུས་ཚོད་ཆུད་ཟོས་སུ་མ་འགྲོ་བ་དང༌། མཐའ་མའི་ཐག་གཅོད་གང་དུ་འགྲོ་མིན་ལ་མ་ལྟོས་པར་རྣམ་དཔྱོད་ཀྱི་རྩལ་ཆ་ཚང་འདོན་ཐུབ་པ་ཞིག་གནང་རོགས་གནང་ཞེས་མཐའ་དོན་ཞུ་རྒྱུ་དེ་ཡིན། ཐུགས་རྗེ་ཆེ།།

༢༠༠༥ ཕྱི་ཟླ་ ༥ ཚེས་ ༡༠ ཉིན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དམིགས་བསལ་དགེ་རྒན་འོས་སྦྱོང་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་གནང་བའི་གསུང་བཤད།