དིལླྰིར་རྒྱ་གར་ནང་ཡོད་ནང་དོན་རིག་པའི་སྲོལ་རྒྱུན་སྣ་ཚོགས་ཀྱི་ཚོགས་ཆེན་ཐོག་ཚོགས་ཞུགས་གནང་བ།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནི་དིལླྰིར་ཉིན་གཉིས་རིང་ཚུགས་པའི་རྒྱ་གར་ནང་ཡོད་ནང་དོན་རིག་པའི་སྲོལ་རྒྱུན་སྣ་ཚོགས་ཀྱི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་ཐོག་ནས་ཕེབས་བསུའི་གསུང་བཤད་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་སྒྱུར་བཅས་མཛད་ཡོད།

Samdhong Rinpoche Delhiདེ་ཡང་དགའ་ལྡན་ཕོ་བྲང་གི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་དིལླཱིར་ཡོད་པའི་ཧ་ཡཏ་རི་ཇེན་སི་ཞེས་པའི་གསོལ་མགྲོན་ཁང་དུ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༢༠ དང་ ༢༡ བཅས་ཉིན་གཉིས་རིང་ “རྒྱ་གར་ནང་ཡོད་ནང་དོན་རིག་པའི་སྲོལ་རྒྱུན་སྣ་ཚོགས་ཀྱི་ཚོགས་ཆེན་” ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་ཀྱི་བླ་ཆེན་རྣམ་པ་དང་། གཞན་ཡང་རྒྱ་གར་ནང་ཡོད་ཆོས་ལུགས་ཁག་གི་དབུ་ཁྲིད་དང་མཁས་དབང་རྣམ་པ་བཅས་མི་སྣ་བརྒྱ་ཕྲག་བརྒལ་བ་མཉམ་འཛོམས་ཀྱིས་མིའི་རིན་ཐང་གོང་འཕེལ་གཏོང་ཐབས་དང་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་ཡར་རྒྱས་གཏོང་ཕྱོགས་སྐོར་བགྲོ་གླེང་ཟབ་རྒྱས་གནང་འདུག

2014-09-20-Interfaith-G18ཚེས་ ༢༠ ཉིན་སྔ་དྲོ་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་དིལླཱི་མངའ་སྡེའི་སྲིད་སྐྱོང་ནཇཱིབ་ཇངྒ་མཆོག་དང་༧གོང་ས་མཆོག་རྣམ་གཉིས་དབུ་བཞུགས་ཐོག་མར་མེ་ཞལ་ཕྱེ་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགའ་བསུའི་གསུང་བཤད། བོད་གཞུང་ཟློས་གར་གྱི་འཁྲབ་སྟོན་པ་རྣམ་པས་ཆོས་ལུགས་མཐུན་འབྲེལ་གྱི་བསྟོད་ཚིག ནང་དོན་རིག་པའི་སྲོལ་རྒྱུན་སྣ་ཚོགས་ཀྱི་སྐུ་ཚབ་རྣམ་པས་ཞལ་འདོན་ནམ་གསུང་འཕྲིན། ༧གོང་ས་མཆོག་གིས་འདི་ལྟ་བུའི་ཚོགས་ཆེན་བསྐོང་དགོས་དོན་གྱི་གསུང་བཤད། སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད། ༧གོང་ས་མཆོག་གི་ངོས་ནས་སྐུ་མགྲོན་རྣམས་ལ་ཕྱག་རྟགས་བསྩལ་སོན། སྤྱི་ཁྱབ་འབྲེལ་མཐུད་པ་བསྟན་པ་ཚེ་རིང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ་དབུ་འབྱེད་མཛད་སྒོ་གྲུབ་འདུག

དེ་ནས་ “ཆོས་ལུགས་ཕན་ཚུན་གོ་རྟོགས་དང་མིའི་བཟང་སྤྱོད་” དང་། “ཁོར་ཡུག་དང་། ཤེས་ཡོན། སྤྱི་ཚོགས་” བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་དང་། སྡེ་ཚན་དུ་བགོས་ནས་བགྲོ་གླེང་བཅས་གནང་འདུག

ཚེས་ ༢༡ ཉིན་རྒྱབ་ཏུ་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་ཀི་རེན་རི་ཇི་ཇུ་མཆོག་དང་༧གོང་ས་མཆོག་རྣམ་གཉིས་དབུ་བཞུགས་ཐོག་རིམ་བཞིན་ཨིན་ཧིན་ཐོག་ལས་འཆར་རྣམས་སྒྲོག་སྦྱང་དང་། ཆོས་ལུགས་ཁག་གི་སྐུ་ཚབ་རྣམས་ཀྱིས་སོ་སོའི་དགོངས་ཚུལ། ༧གོང་ས་མཆོག་གིས་གསུང་བཤད། སྐུ་མགྲོན་གཙོ་བོས་གསུང་བཤད། བོད་གཞུང་ཟློས་གར་གྱི་འཁྲབ་སྟོན་པ་རྣམས་ཀྱིས་ “རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་” ཞེས་པའི་གླུ་གཞས། ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ་ཚོགས་ཆེན་རྒྱལ་ཁའི་ངང་གྲུབ་འདུག

ཐེངས་འདིའི་ཚོགས་ཆེན་ནང་ཁ་ཆེ་དང་། གཅེར་བུ་པ། ཡི་ཤུ། སིཁ། ཇིའུ། བ་ཧཡ། ཛུ་ར་དུ་དིན་སོགས་ཆོས་ལུགས་ཁག་དགུའི་དབུ་ཁྲིད་རྣམ་པ་དང་མཁས་དབང་བཅས་བརྒྱ་ལྷག་ཕེབས་ཞུགས་གནང་བ་མ་ཟད། དེའི་ཁོངས་མོ་རཱ་རཱི་བཱཔཱུ། ཏརུཎ་སཱགར་མཧཱརཱཇ། མཽལཱནཱ་ཝཱཧིདཱུདུན་ཁཱན། མོཧིནདར་སིངྷ་། དཱདཱི་མིསྟྲཱི། རབཡེ་ཨེཛིཀིལ་མལེཀར། སྭཱམཱི་ཅིདཱནནྡ་སོགས་ཡོད་འདུག