རྩོམ་སྒྲིག་པའི་གཏམ།

བསྟོད་སྨད་ཙམ་ལ་དགའ་དང་མི་དགའ་ཡི།།
ཚོར་བའི་རྣམ་འགྱུར་སྣ་ཚོགས་མི་མཛད་ཅིང་།།
བཤེས་གཉེན་སྒྲུབ་པས་མཉེས་པར་བྱ་བའི་ལས།།
ཅི་ཡང་སྒྲུབ་ནུས་དགེ་སྦྱོང་དེ་ལ་འདུད།།ཅེས་རང་བཞིན་གྱི་རྒྱན་སྔོན་དུ་བཏང་སྟེ་གང་བརྗོད་པར་བྱ་བ་ནི། བོད་འབངས་རྣམས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བའི་འདྲེན་པ་གཉིས་པ་ལྟ་བུར་བཞུགས་པ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་ཁྱད་པར་ཅན་དང་སྟབས་བསྟུན། བཀའ་དྲིན་རྗེས་དྲན་གྱི་ཞུ་སྒོ་ཇི་སྙེད་ཅིག་ཡོད་པ་ལས། གང་གི་ལེགས་བྱས་ཀྱི་མཛད་པར་མངོན་པར་དགའ་བ་དང་། དད་པའི་སྐྱེ་བོ་མང་པོས་ཡུལ་ཕྱོགས་སོ་སོར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རང་རང་འཁོས་དཔག་གི་བགྱི་བ་སྣ་མང་སྒྲུབ་བཞིན་ཡོད་པ་ནི་གདོན་མི་ཟ་བ་ཡིན།

དེར་བརྟེན་རང་རེའི་ངོས་ནས་ཀྱང་དུས་བཟང་འདིར་བཀའ་དྲིན་རྗེས་དྲན་མཚོན་བྱེད་བྱ་བ་ཅི་ཞིག་གཉེར་ན་ཞེས་ནང་ཁུལ་གྲོས་ཁ་བསྡུར། མཐའ་མའི་གྲོས་ཐག་ནི་ང་ཚོའི་ངོས་ནས་རིན་པོ་ཆེ་མཆོག་གིས་བདག་ཉིད་ཆེན་མོ་གྷན་དྷིའི་ལྟ་གྲུབ་སློབ་ཁྲིད་གནང་བའི་གསུང་ཡིག་ཕབ་ཀྱིས་དེབ་གཟུགས་སུ་པར་སྐྲུན་ཞུས་ན་འགྲིག་མིན་གམ་བཅར་དྲུང་ཡིག་བསྟན་འཛིན་དོན་ཡོད་ལགས་སུ་ནང་མོལ་བཀའ་འདྲི་ཞུས་ཤིང་། དང་ཐོག་རིན་པོ་ཆེ་ནས་མ་མཁྱེན་པ་གནང་རོགས་ཞེས་རེ་ཞུ་ཡང་བྱས་པ་ཡིན། དེ་ལྟར་བྱེད་དོན་ནི་རིན་པོ་ཆེ་མཆོག་ནས་སྔོན་མཁྱེན་བྱུང་མཚམས་དེ་ལྟར་དགོས་དོན་མེད་ཅེས་མཐའ་གཅིག་ཏུ་ཐུགས་འདོད་མ་གནང་བས། བྱ་བ་ཕྱི་བཤོལ་དགོས་པ་ང་ཚོར་ཉམས་མྱོང་ཡོད། འོན་ཀྱང་གསུང་ཕབ་པར་སྐྲུན་མ་ཞུས་སྔོན་རིན་པོ་ཆེ་མཆོག་ལ་སྤྱན་གཟིགས་ཤིག་མི་འབུལ་ཐབས་མེད་དུ་སོང་། དུས་ཚོད་དབང་གིས་འཁྲུངས་སྐར་མཛད་སྟོན་གྱི་རྗེས་སུ་ལུས་ཉེན་དུ་མཐོང་ཚུལ་བྱུང། དྲུང་ཡིག་ལགས་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ངོས་ནས་ཀྱང་རྒྱ་ཆེའི་སྨྱུག་ཐོགས་པ་ཡོངས་ཀྱི་བགོ་སྐལ་དུ་བཀའ་དྲིན་རྗེས་དྲན་གྱི་མངོན་བསྟོད་གླེགས་བམ་ཞིག་རྩོམ་སྒྲིག་བྱས་ན་གང་དགའི་བསམ་ཚུལ་འདུག་པས། ཁྱེད་རང་ཚོ་ལྷན་དུ་རྩོམ་སྒྲིག་ཞབས་ཞུའི་ལས་དོན་བསྒྲུབ་ན་ཞེས་གསུངས་བྱུང། ང་ཚོས་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ལ་དགོངས་ཚུལ་མེད་ཚེ་དེ་དོན་ཞུ་འཐུས་ཞེས་ཞུས་པ་ཡིན། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་ལ་དགོངས་བསྡུར་ཞུས་ཏེ་རྩོམ་སྒྲིག་པའི་འགན་ཁུར་དངོས་སུ་བླངས།
རྩོམ་སྒྲིག་གི་རྒྱུད་རིམ་ནང་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་རྩོམ་ཡིག་སྣ་མང་ཆུ་གཉེར་བཞིན་དུ་འབྱོར་སྐབས་རྩོམ་ཡིག་འགའ་ཤས་ལ་རང་རེའི་ངོས་ནས་རྩོམ་སྒྲིག་དག་བཅོས་བྱ་རྒྱུ་ནི་འོས་སུ་མ་མཆིས་ཀྱང་། སྟོན་པའི་དབུ་ལ་བྱིས་པའི་ལག་རྩེད་མི་བྱེད་ཐབས་མེད་དུ་གྱུར་སོང་བས་རྩོམ་པ་པོར་སྙིང་ནས་བཟོད་པ་གསོལ་རྒྱུ་ཡིན། དེ་བཞིན་རྩོམ་པ་པོ་བྱིངས་ལའང་ཐུགས་འདོད་དང་མཐུན་པ་ཞིག་བྱུང་མེད་ཚེ་དགོངས་སེལ་ཞུ་རྒྱུ་ཡིན། འདིར་འཁོད་རྩོམ་ཡིག་རྣམས་ཀྱི་བརྗོད་དོན་ཐད་རྒྱུན་སྤྱོད་དག་ནོར་བྱུང་བ་དག་གང་ཐུབ་བཅོས་ཁུལ་ལས། དག་སྡེབ་ཀྱི་བཞེད་སྲོལ་སྣ་མང་རིགས་སྤྱི་སྤམ་དུ་བཞག དེ་བཞིན་རྩོམ་ཡིག་གི་བརྗོད་དོན་ལ་རྩོམ་སྒྲིག་པས་བཟོ་བཅོས་གང་ཡང་མ་བྱས་པས། འདིར་འཁོད་རྩོམ་ཡིག་གི་ནང་དོན་རྣམས་རྩོམ་སྒྲིག་པའི་ལྟ་བ་ཡིན་པའི་ཁྱབ་པ་མེད།
མཐའ་དོན་དཔེ་དེབ་རྩོམ་སྒྲིག་གི་བརྒྱུད་རིམ་ནང་མཐུན་འགྱུར་གནང་མཁན་ཡོངས་དང། ལྷག་པར་དཔལ་ལྡན་གསང་ཆེན་སྟོད་རྒྱུད་གྲྭ་ཚང་ནས་རྒྱལ་སྤྱིའི་དཔེ་དེབ་ཨང་རྟགས་གསོལ་བསྩལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀའ་དྲིན་རྗེས་དྲན་གྱི་མངོན་བསྟོད་གླེགས་བམ་འདི་བཞིན་ཀློག་པ་པོའི་ཕྱག་ཏུ་འབྱོར་མཚམས་ང་ཚོས་དགོངས་སེལ་ཞུ་དགོས་པ་མང་དག་ཅིག་ཡོད་ངེས་པར་དགོངས་འཇགས་ཞུ། ཞེས་བཀའ་དྲིན་རྗེས་དྲན་མངོན་བསྟོད་གླེགས་བམ་རྩོམ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༠ ཉིན་བྲིས་པ་དགེ་ལེགས་སུ་གྱུར་ཅིག །