རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་།

དུས་རབས་འདིའི་སྐབས་ཀྱི་ཕྱི་ནང་ཤེས་བྱའི་བང་མཛོད་འཛིན་པ་མཁས་དབང་སློབ་དཔོན་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་མཆོག་དགུང་གྲངས་བདུན་བཅུ་དོན་ལྔར་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཚེས་ལ་བཅོས་མིན་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་དང་། རིན་པོ་ཆེ་མཆོག་ཟམ་གདོང་སྐུ་གོང་མའི་མཆོག་སྤྲུལ་ཡང་སྲིད་སྐུ་ཕྲེང་ལྔ་པར་ངོས་འཛིན་ཞུས་ཏེ་ཆོས་ཞུགས་གནང་སྟེ་གསན་བསམ་གནང་མུར་དུས་འགྱུར་གྱིས་བྱེས་སུ་ཕེབས་དགོས་ཆགས་ཀྱང་། བཙན་བྱོལ་ནང་ཕེབས་ཕྲལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཕུགས་འགྱངས་ཀྱི་ཐོག་མའི་དམིགས་ཡུལ་མ་འོངས་སོན་རྩར་དེང་དུས་ཤེས་བྱ་ཡོན་ཏན་མཁོ་སྤྲོད་གནང་རྒྱུའི་དགོངས་པ་ཡོད་པའི་གཞི་རིམ་སློབ་གྲྭ་ཁག་ནང་ཕྱི་ལོ་ ༡༩༦༠ ལོ་ནས་ཆོས་དགེ་གནང་སྟེ་བོད་ཕྲུག་ན་གཞོན་ཚོར་ཆོས་ཕྱོགས་བྱ་བའི་རྨང་གཞི་སློབ་སྟོན་དང་། ཕྱི་ལོ་ ༡༩༦༥ ནས་སློབ་སྤྱིའི་མཚན་གནས་བཞེས་ཏེ་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་གོང་འཕེལ། ཡང་ཕྱི་ལོ་ ༡༩༧༡ ནས་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་འཁོར་དང་པོ་སྐོར་ཡུལ་ཝཱ་ར་ཎ་སིའི་གཙུག་ལག་ཁང་གི་སློབ་སྤྱི་དང་ངེས་སྟོན་པའི་མཚན་བཞེས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་མེས་པོ་རྣམ་པའི་སྲོལ་རྒྱུན་ཁག་ལ་བསླབ་པ་སློབ་གཉེར་དང་ཁྱབ་སྤེལ་བསྟི་གནས་འཕགས་ཡུལ་གྱི་ཤེས་ཡོན་སྡེ་ཚན་སྒྲིག་འཛུགས་དང་དོ་མཉམ་པ་སྲ་བརྟན་ཕུགས་འཕེར་བཟོ་གནང་མཛད་པ། ཕྱི་ལོ་ ༡༩༩༦ ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་དང་། ཕྱི་ལོ་ ༢༠༠༡ ལོར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པའི་མཚན་གནས་ཕུལ་བཞེས་དང་འབྲེལ་བཙན་བྱོལ་བོད་མིའི་སྲི་ཞུ་བའི་བླང་དོར་སྒྲིག་གཞིར་ལེགས་བཅོས་དང་བཅའ་ཁྲིམས་སོགས་གཏན་འབེབས་ཀྱིས་བོད་མིའི་སྒྲིག་འཛུགས་འདི་ཉིད་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་འཛིན་སྐྱོང་གནང་ཐུབ་པ་ཞིག་བཟོ་གནང་། ཕྱི་ལོ་ ༢༠༡༢ ལོར་བགྲེས་ཡོལ་ཕེབས་མཚམས་བོད་འབངས་ཀྱི་མགོན་དཔུང་གཅིག་ཉིད་་༸གོང་ས་ཡིད་བཞིན་ནོར་བུ་མཆོག་གི་༧སྐུ་སྒེར་ཡིག་ཚང་ནང་གལ་ཆེའི་མཚན་གནས་བཞེས་པ་དང་སྦྲགས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་བསྟན་སྲིད་མི་ཉམས་གཅེས་སྲུང་དང་། ལྷག་པར་ཕ་རོལ་དགྲ་བོའི་བསམ་སྦྱོར་ངན་པ་མཐའ་དག་ལ་འཛེམས་ཟོན་རྩ་བ་ནས་མེད་པའི་ངང་མཐའ་གཅིག་ཏུ་ཞི་རྒོལ་གྱི་བྱ་བ་སྤེལ་དང་སྤེལ་མུས་སོགས་ཀྱི་མཛད་བཟང་གཞུང་མང་ཡོངས་ལ་ཧ་ཅང་བཀའ་དྲིན་ཆེ་བས་རྗེས་དྲན་ཞུ་བ་དང་ཆབས་ཅིག་མ་འོངས་པར་ཡང་སྐུ་ཁམས་བཟང་
ཞིང་། སྐུ་ཚེ་ཡུན་རིང་ཞབས་པད་བརྟན་ཐོག་བསྟན་སྲིད་ཞབས་འདེགས་ཀྱི་བྱ་བ་མཐའ་དག་ཐུགས་ཀྱི་བཞེད་དགོངས་བཞིན་འབད་མེད་ལྷུན་གྱི་འགྲུབ་པའི་གསོལ་སྨོན་མཆོག་གསུམ་སྤྱན་སྔར་ཞུ་རྒྱུ་བཅས། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ལས་ཁང་ནས་ཁྲུམས་སྨད་ཟླ་བའི་ཚེས་ ༤ ཉིན་
གུས་ཕྱག་བཅས།
ཕུལ།།