རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་གསུང་ཆོས་བཀའ་དྲིན་བསྐྱངས་པ།

༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༢༣ ནས་ ༢༤ ཉིན་གཉིས་རིང་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འབྲས་བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ནས་གསོལ་བ་བཏབ་པ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གོར་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་གསར་པའི་ནང་དགའ་ལྡན་ལྷ་བརྒྱ་མའི་ཉམས་ཁྲིད་བསྩལ་བ་མ་ཟད། Driphong (3)༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་སྔ་དྲོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་འབྲས་བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ཟུང་འབྲེལ་ཐོག་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པ། དེ་བཞིན་ ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༢༥ ཕྱི་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་གསོལ་འདེབས་ཞུས་པ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད་དབུ་འཛུགས་ཙམ་མཛད་ཅིང་། འཕྲོས་རྣམས་རྗེས་ལོར་དུས་ཚོད་འོས་འཚམས་ཤིག་ཏུ་གནང་རྒྱུ་རེད་འདུག

Driphong (2)གསུང་ཆོས་སུ་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་དང་མཁན་ཟུར་རྣམ་པ། སྤྲུལ་སྐུ་རྣམ་པ་དང་དགེ་འདུན་འདུས་མང་། གཞན་ཡང་འབྲས་སྤུངས་སྒོ་མང་དང་། དགའ་ལྡན་ཤར་བྱང་གཉིས། སེ་ར་བྱེས་སྨད་གཉིས་བཅས་ཀྱི་དགེ་འདུན་པ་ཁག་གཅིག་དང་། དེ་བཞིན་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་དང་། མོན་གྷོ་ས་གནས་གཞིས་གྲོང་ཁག་གི་མི་སྐྱ་ཁག་ཅིག་བཅས་མི་ཚོགས་ཧ་ཅང་ཆེན་པོ་འདུ་འཛོམས་བྱུང་འདུག

Driphong (1)༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་སྔ་དྲོ་འབྲས་བློ་གླིང་ཚྭ་བ་ཁམས་ཚན་གྱི་གཙུག་ལག་ཁང་གསར་པ་སྒོ་དབྱེ་གནང་བ་མ་ཟད། གསུང་བཤད་ལྗིད་ཆེ་བའང་བསྩལ་འདུག

༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༢༧ ནས་འབྲས་བློ་གླིང་ཚྭ་བ་ཁམས་ཚན་གྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དཔལ་མཉམ་མེད་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཁྲིད་དབུ་འཛུགས་མཛད་ཅིང་། དེ་ནི་ ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༡ ཉིན་མཇུག་བསྒྲིལ་གནང་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༢ ཉིན་སྔ་དྲོ་ཁམས་ཚན་ནས་བརྟན་བཞུགས་ཀྱང་བསྟར་འབུལ་ཞུས་ཡོད་པ་རེད།