ཡོངས་སུ་བསྔོ་བའི་ཆེད་བརྗོད།

༄༅།། བདག་ཉིད་ཆེན་པོ་འབྲོམ་གྱིས། རྒྱལ་བའི་བཀའ་ནི་སྡེ་སྣོད་རྣམ་གསུམ་སྟེ།། གདམས་ངག་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི།། བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་འདི།། འགྲོ་བ་གང་གིས་བགྲང་ཡང་དོན་ཡོད་འགྱུར།། ཞེས་ཇི་སྐད་གསུངས་པ་བཞིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་དབང་པོ་དང་བག་ལ་ཉལ་དང་ཇི་ལྟར་འཚམས་པ་ལྟར་གྱི་ཐེག་པ་གསུམ་དང་བརྒྱུད་སྡེ་བཞིས་བསྡུས་པའི་ཆོས་ཀྱི་སྡེ་སྣོད་ཇི་སྙེད་ཅིག་བཀའ་བསྩལ་བ་ཐམས་ཅད་ཕྱིས་རབས་ཀྱི་གདུལ་བྱ་བློ་དང་བརྩོན་འགྲུས་ཞན་པ་རྣམས་ཀྱིས་གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་ཇི་ལྟར་ཉམས་སུ་ཉེན་པའི་ཚུལ་ལ་རྨོངས་པར་གྱུར་པ་ན། བྱང་ཆུབ་སེམས་ཀྱི་མངའ་བདག་མཉམ་མེད་ཇོ་བོ་རྗེ་དཔལ་མར་མེ་མཛད་ཡེ་ཤེས་ལ་བོད་ཀྱི་སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་ཉེ་བར་སྐུལ་བ་ལ་བརྟེན་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཚང་ལ་མ་ནོར་བ་མཐར་ཆགས་སུ་སྟོན་པའི་བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་མཛད་ཅིང༌། ཆེ་བ་བཞི་དང་ཁྱད་ཆོས་གསུམ་གྱིས་ཕྱུག་པའི་གདམས་ངག་འདིས་བོད་ཙམ་མ་ཟད། རྒྱ་གར་འཕགས་པའི་ཡུལ་དུའང་མཁས་པ་མགུ་བ་བསྐྱེད་ཅིང༌། བློ་གྲོས་དམན་པ་རྣམས་རྗེས་སུ་བཟུང་བའི་ཐབས་ཚུལ་རྨད་དུ་བྱུང་བ་ཞིག་བྱུང་བ་དེ་ནི་གངས་ལྗོངས་བོད་ཀྱི་སློབ་མ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་ཁྱད་པར་བ་ཞིག་ཏུ་གྲུབ་ཡོད།

རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། དཔལ་མཉམ་མེད་ཇོ་བོ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བ་ལྟ་བུའི་གདམས་པ་ཟབ་མོ། སྐལ་བ་ལྡན་པའི་གང་ཟག་སངས་རྒྱས་ཀྱི་སར་བགྲོད་པའི་ཚུལ་གྱི་ལམ་གྱི་རིམ་པ་འདི་ཉིད་གདུལ་བྱ་བློ་གྲོས་དམན་པ་རྣམས་ཀྱིས་ངག་ཏུ་གཟུང་སླ་ཞིང༌། ཡིད་ལ་འཆར་བདེ་བའི་ཚིགས་བཅད་དུ་ལུང་རྟོགས་བསྟན་པའི་མངའ་བདག་རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོས་བསྡེབས་པར་མཛད་པ་“ལམ་རིམ་སྙིང་པོ་བསྟན་འཛིན་བྱེ་བའི་འབྱུང་གནས་” ཞེས་བྱ་བ་འདི་ནི་རྨད་དུ་བྱུང་བའི་ལེགས་བཤད་ལས་དང་པོ་བ་རྣམས་ལ་ལྷག་པར་དུ་མཁོ་བ་ཞིག་ཏུ་བཞུགས་ནའང༌། དཔེ་རྒྱུན་དཀོན་པས་དོན་གཉེར་ཅན་ཡོངས་ལ་ཆོས་སྦྱིན་སྤེལ་སླད་རྣམ་དཔྱོད་དང་བློ་གྲོས་ཀྱི་འཇུག་པ་ཡངས་པའི་ཚེ་དང་ལྡན་པ་བློ་བཟང་ཆོས་འབྱོར་གྱིས་པར་སྐྲུན་བྱས་འདུག་པ་འདིས་བསྟན་འགྲོ་ཡོངས་ལ་ཕན་རླབས་རྒྱ་ཆེ་འབྱུང་བ་གདོན་མི་ཟ།

དེ་ཡང་རྗེ་བདག་ཉིད་ཆེན་པོས། གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ།། ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང༌།། དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས།། རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ།། ཞེས་གསུངས་པ་ལྟར་གསུང་རབ་འདི་ཉིད་པར་དུ་སྐྲུན་པ་ལས་བྱུང་བའི་རྣམ་དཀར་གྱི་ཕུང་པོ་རླབས་པོ་ཆེ་ཅི་མཆིས་པ་དེ་དག་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་སྐུ་ཚེ་བརྟན་ཅིང་བོད་གཞིས་བྱེས་མྱུར་དུ་འཛོམས་པ་དང༌། མཚུངས་མེད་བླ་མ་པཎ྄ཌིཏ་འཇིགས་མེད་ཤེས་རབ་གྲགས་པ་དང༌། གཞུང་འདིའི་མཛད་པ་པོ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་ཀྱི་ཐུགས་དགོངས་རྫོགས་ཤིང༌། རྫོང་དཀར་ཐོས་བསམ་བཤད་སྒྲུབ་དར་རྒྱས་གླིང་གིས་མཚོན་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་དབྱར་མཚོ་ལྟར་འཕེལ་ཞིང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་འགྲོ་བའི་བསྔོ་སྨོན་བཟང་པོའི་མཚམས་སྦྱོར་དུ་ཤཱཀྱའི་དགེ་སྦྱོང་བློ་བཟང་བསྟན་འཛིན་གྱིས་དྭང་བས་སྨོན་པ་དགེ་བར་གྱུར་ཅིག།།།

རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོས་བསྡེབས་པའི་ལམ་རིམ་སྙིང་པོ་བསྟན་འཛིན་བྱེ་བའི་འབྱུང་གནས་ཞེས་བྱ་བ་པར་སྐྲུན་སྐབས་བསྐུལ་ངོར་མཛད་པ་ཞིག་ཡིན།