ཡོངས་གླིང་ཚོགས་ཁང་དུ་དབུ་མའི་ལམ་གྱི་ཐོག་གནང་བའི་གསུང་བཤད།

༄༅། །སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང༌། ཚོགས་འདུ་གོ་སྒྲིག་གནང་མཁན་གྱི་ཚོགས་སྐོང་འགན་འཛིན་རྣམ་པ། དེ་བཞིན་ཕྱོགས་མང་པོ་ཞིག་ནས་ཕེབས་པའི་ཚོགས་བཅར་བ་རྣམ་པ་བཅས་ལ། ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང༌།ལྷག་པར་དུ་བོད་ཀྱི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། 

དེ་རིང་ང་ཚོགས་འདུ་འདིར་ཟམ་གདོང་སྤྲུལ་སྐུ་སྒེར་ངོས་ནས་བཅར་བ་ཞིག་མ་གཏོགས། བཀའ་བློན་ཁྲི་པའི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་བཅར་མེད་པར་བརྟེན། ངས་ཞུ་རྒྱུའི་སྐད་ཆ་དེ་ཚོ་ཡང་སྒེར་གྱི་བསམ་ཚུལ་ཞིག་རེད། དེ་དང་ཐོག་ནས་གསལ་པོ་མ་བཟོས་པ་ཡིན་ན། དགོངས་ཕྱོགས་ནོར་བ་ཡོང་སྲིད། སྤྱིར་བཏང་བཀའ་བློན་ཁྲི་པའི་ངོ་བོར་བཅར་མ་ཆོག་པ་མེད། བཀའ་བློན་ཁྲི་པའི་ངོ་བོར་ཤོག་གསུངས་ནའང་ཕལ་ཆེར་སླེབས་ཡོད་ཚོད་ཡིན། ང་འདིར་སྒེར་ངོས་ནས་བཅར་བ་ཡིན། བཀའ་བློན་ཁྲི་པའི་ངོ་བོར་བཅར་བ་མིན་ཞེས་ཞུས་པ་དེར་ཡང་གསལ་བཤད་ཅིག་ཞུ་དགོས་མཐོང༌། དེ་སྔའི་བང་རིམ་སྒྲིག་སྟངས་ལྟར་བྱས་ན་ཚོགས་འདུ་གྲོལ་ཁར་བཅར་རྒྱུ་ཡིན་ཡང༌། རྗེས་སུ་མཛད་འཆར་ལ་འགྱུར་བ་ཕྱིན་འདུག དེ་རིང་དབུ་འབྱེད་མཛད་སྒོའི་སྟེང་བཅར་རྒྱུ་དེ་ཉིན་གཉིས་གསུམ་གོང་ལ་མ་གཏོགས་ཐག་གཅོད་བྱུང་མེད། དེ་རྗེས་བཀའ་ཤག་ཚོགས་རྒྱུ་བྱུང་མེད་པས། བཀའ་ཤག་གི་ངོ་བོར་བཅར་རྒྱུའི་ཐག་གཅོད་བྱ་རྒྱུའི་གོ་སྐབས་མ་བྱུང་བ་རེད། ལས་དོན་བྱུང་རིམ་གྱི་ཐོག་ནས་དེ་འདྲ་ཞིག་རེད། དེ་ཚོ་ཚང་མས་གསལ་པོ་མཁྱེན་པ་གནང་རོགས་གནང་ཞུ་རྒྱུ་ཡིན།
ཆབ་སྲིད་ཀྱི་གོ་རྟོགས་གཏིང་ཟབ་ཡོད་པའི་བོད་མི་བློ་མཐུན་པ་མི་ཉུང་བ་ཞིག་གིས་འདས་པའི་ལོ་གཅིག་ཙམ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་ཆེད་མང་ཚོགས་རང་འགུལ་གྱིས་ལས་འགུལ་ཞིག་སྤེལ་རྒྱུའི་དགོངས་བཞེས་དང་ཐག་གཅོད། དེ་བཞིན་འབད་བརྩོན་གནང་སྟེ་དེ་རིང་འདིར་དངོས་སུ་གཞི་རྒྱ་ཆེན་པོའི་ཚོགས་ཆེན་ཐེངས་དང་པོ་ཚོགས་ཐུབ་པ་དེ་ནི་ཧ་ཅང་གཟི་བརྗིད་དང་དུས་ཀྱི་དགོས་མཁོ་ཞིག་རེད། དེ་ལ་ངས་དགའ་བསུ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དུས་ཚོད་གང་འཚམས་བར་དུ་ལས་འགུལ་ཤུགས་ཆེན་པོ་དང༌། དེ་ནས་ག་ལེར་ཐང་ཆད་དེ་ཡལ་འགྲོ་བ་མ་ཡིན་པར། རྒྱུན་གནས་ཐུབ་པའི་རེ་བ་རྒྱག་གི་ཡོད་ལ། ཡིད་ཆེས་ཀྱང་བྱེད་བཞིན་ཡོད།
ད་ལྟའི་འཛམ་གླིང་གི་ཆབ་སྲིད་གནས་བབ་འདི་ཞིབ་ཚགས་པོས་གཟིགས་པ་ཡིན་ན། བོད་མི་རིགས་ཀྱི་འཐབ་རྩོད་དེ་ཧ་ཅང་དཀའ་རྙོག་ཆེན་པོ་དང་བསྒྲུབ་དཀའ་བ་ཞིག་ཡིན་པ་བཤད་མི་དགོས། མང་པོ་ཞིག་གིས་དེའི་གནས་སྟངས་དེ་སྐབས་རེ་མ་མཁྱེན་པ་དང༌། སྐབས་རེ་དགོངས་པ་བཞེས་ཀྱི་མེད་པ་ལྟ་བུ་ཞིག་འདུག ང་ཚོའི་དཀའ་རྙོག་དེ་ལས་སླ་པོས་སེལ་ཐུབ་པ་ཞིག་མིན། དེ་འཛམ་གླིང་གི་མི་རིགས་གཞན་དང་ས་ཁུལ་གཞན་གྱི་དཀའ་རྙོག་དང་རྩ་ནས་མི་འདྲ། འོན་ཀྱང་དགའ་སྒོམ་སྤོབས་པ་སྐྱེ་འོས་པ་ཞིག་ལ། འདས་པའི་ལོ་ཞེ་བརྒྱད་རིང་འཛམ་གླིང་ནང་ང་ཚོའི་འཐབ་རྩོད་དེ་རྩ་མེད་དུ་མ་ཕྱིན་པ་མ་ཟད། ད་དུང་གནས་བབ་གོང་ནས་གོང་དུ་བསྐྱོད་ཐུབ་པ་བྱུང་བའང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཉག་གཅིག་གི་རླབས་ཆེན་མཛད་འཕྲིན་དང༌། ལྷག་པར་དུ་ྋསྐྱབས་མགོན་རིན་པོ་ཆེ་རྒྱལ་སྤྱིའི་ནང་བོད་མིའི་དབུ་ཁྲིད་ཙམ་མ་ཡིན་པར་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཞི་བདེའི་དེད་དཔོན་དང༌། ནང་སེམས་ཀྱི་དབུ་ཁྲིད་ཅིག་ཆགས་པ་ཡིན་སྟབས། དེའི་དབང་གིས་ང་ཚོའི་གནས་བབ་དེ་གནས་ཐུབ་པ་བྱུང༌། དེ་འདྲའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་མེད་ན། ད་ལྟའི་རྒྱལ་སྤྱིའི་གླེང་སྟེགས་ཐོག་ནས་ང་ཚོའི་གནས་ཚུལ་ཧ་ལམ་ཡལ་ཟིན་ཤས་ཆེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ད་བར་ཐོག་མར་དམག་གི་ནུས་ཤུགས་དང༌། དེ་ནས་དཔལ་འབྱོར་དང་ཁྲོམ་རྭའི་ནུས་ཤུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་དེང་རབས་དེང་རབས་ཞེས་པ་ནི་དྲང་བདེན་དང་ཡ་རབས་ཀྱི་ཀུན་སྤྱོད་ལས། ཚོང་དང་དཔལ་འབྱོར་གྱི་ཁེ་ཕན་གལ་ཆེ་བར་བརྩི་བའི་དུས་རབས་དེ་ལ་གོ་དགོས།ཀྱི་འཇིག་རྟེན་འདིའི་ནང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གནས་བབ་དང་སྟོབས་ཤུགས་ཇི་འདྲ་ཞིག་ངོམས་ཀྱི་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། ཆབ་སྲིད་ཀྱི་དཔྱད་ཞིབ་པ་ཞིག་གིས་དངོས་ཡོད་གནས་བབ་ཐོག་ནས་བལྟས་ན་བོད་ཀྱི་གནས་ཚུལ་རྩ་བརླག་ཏུ་འགྲོ་བའི་རྒྱུ་རྐྱེན་ཡོངས་རྫོགས་ཚང་ཡང༌། ད་དུང་དེ་སྔ་ལས་སྲ་བརྟན་དུ་གནས་པ་ནི་ཡ་མཚན་དངོས་བྱུང་ལྟ་བུ་ཞིག་ཏུ་མངོན། སྐབས་དེ་དུས་ཀྱི་ཨ་རིའི་སྲིད་འཛིན་ཁི་ལིན་ཊོན་གྱིས་རྒྱ་ནག་ལ་དམིགས་བསལ་གནས་བབ་ཀྱི་ཐོབ་ཐང་གཏན་འཇགས་སྤྲོད་སྐབས་དྲང་གཏམ་ཞིག་གསུངས་ཡོད། བྱམང་གཙོ་དང་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང༌། བོད་ཀྱི་གནད་དོན་དེ་ཚོ་ཨ་རིས་སེམས་ཁུར་བྱེད་དགོས་པའི་གལ་ཆེའི་དོན་གནད་ཡིན་རུང༌། དེའི་དབང་གིས་རྒྱ་ནག་གི་ཁྲོམ་རྭ་བློས་གཏོང་ཐབས་མེད། རྒྱ་ནག་གི་ཁྲོམ་རྭ་ནི་ཨ་རིའི་མང་ཚོགས་ཀྱིས་མི་ཚེའི་ནང་རྙེད་པར་དཀའ་བའི་གོ་སྐབས་ཤིག་རེད།བྱ ཅེས་གསུངས་ཡོད། ཁོང་གིས་ཞལ་སངས་པ་རེད་མ་གཏོགས། དེ་འདྲའི་དགོངས་ཚུལ་འཛམ་གླིང་གི་སྟོབས་ཆེན་སྟོབས་ཆུང་གི་རྒྱལ་ཁབ་ཡོངས་རྫོགས་ལ་ཡོད་མུས་རེད། རྒྱ་ནག་དང་ཐག་ཉེ་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་དེ་ཚོ་ནི་འཇིགས་སྣང་ཁོ་ནའི་འོག་སྡོད་དགོས་པ་དང༌། རྒྱ་ནག་དང་ཐག་རིང་བའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནི་འདོད་རྔམས་ཁོ་ནའི་ངང་སྡོད་དགོས་པ་བཅས་མདོ་དོན་འདོད་རྔམས་དང་འཇིགས་སྣང་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གདོང་ཐུག་ཁ་གཏད་གཅོག་རྒྱུའི་འདོད་པ་སུ་ལའང་མེད། གནས་ཚུལ་དེ་འདྲའི་འོག་ནས་ང་ཚོས་ཐད་ཀར་མཐོང་ཐུབ་པའི་བྱུང་རིམ་ལ་བལྟས་ན། རྒྱ་གར་དང་རྒྱ་ནག་གཉིས་པོ་ནི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ནང་ནས་མི་འབོར་མང་ཤོས་དང༌། དཔལ་འབྱོར་དང་དམག་ཤུགས་གཉིས་ཀྱི་ཐོག་ནས་སྟོབས་ཤུགས་ཆེ་ཤོས་དེ་རེད། ད་ལྟའི་རྒྱ་གར་ནི་རྒྱ་ནག་དང་གནས་ཚུལ་གང་གི་ཐོག་ནས་རྗེས་ལུས་དང་ཞན་ཆ་ཡོད་པ་ཞིག་མིན། ཕྱི་ལོ་ ༡༩༦༢ ལོའི་རྒྱ་གར་དང༌། ༢༠༠༨ ལོའི་རྒྱ་གར་དབར་གནམ་སའི་ཁྱད་རྒྱུགས་ཟིན། ཁྱོན་ཡོངས་ཀྱི་འཛམ་གླིང་མཐུན་ཕྱོགས་ཀྱི་འགྲོ་སྟངས་ལ་བལྟས་ནའང༌། རྒྱ་གར་རྒྱ་ནག་གི་མདུན་ལ་མགོ་སྒུར་དགོས་པ་དང་ཞེད་སྣང་བྱེད་དགོས་པའི་གནས་བབ་ཅིག་གི་ནང་བསྡད་མེད་རུང༌། རྒྱ་དཀར་ནག་གི་ས་མཚམས་ཀྱི་རྩོད་རྙོག་དེ་ད་ལྟ་ཡང་ཐག་གཅོད་ཐུབ་མེད། དེ་ནི་ཐག་གཅོད་བྱེད་འདོད་མེད་ནས་ལུས་པ་ཞིག་མིན་ཡང༌། ཆ་རྐྱེན་མང་པོ་ཞིག་ཚང་གི་མེད། རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་མཉམ་ཚོགས་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་པའི་རྒྱ་གར་གྱི་ས་ཆ་ཀི་ལོ་མི་ཀྲར་གྲུ་བཞི་མ་སྟོང་ཕྲག་བརྒྱད་ཅུ་ཙམ་ཡོད་པ་དེ་ཚོ་ཨིན་ཆི་གཅིག་ཀྱང་མ་ལུས་པ་ཚུར་མ་བླངས་བར་དུ་ང་ཚོས་ནམ་ཡང་ངལ་གསོ་རྒྱག་གི་མིན་ཞེས་སྤྱི་མོས་ཀྱིས་གྲོས་ཆོད་བཞག་ཡོད་ཀྱང་ལག་ལེན་ལ་བསྟར་ཐུབ་མེད། དེ་དག་ཚང་མ་རྒྱལ་སྤྱིའི་གནས་བབ་ཡ་མཚན་ཅན་ཞིག་འོག་ཚུད་ཡོད་སྟབས་ལས་སླ་པོས་ཐག་གཅོད་བྱེད་ཐུབ་ཀྱི་མེད། འོན་ཀྱང་བོད་ཀྱི་དྲི་བའམ་བོད་ཀྱི་དཀའ་རྙོག་དེ་འཛམ་བུ་གླིང་གི་སྡིངས་ཆའི་ཐོག་གཏན་བརླགས་མ་སོང་བར་ཉིན་རེ་ནས་ཉིན་རེ་དང༌། ལོ་རེ་ནས་ལོ་རེར་ཇེ་མཐོར་འགྲོ་བ་དེ་ངས་གོང་དུ་ཞུས་པ་བཞིན་ྋགོང་ས་སྐྱབས་མགོན་ཆེན་པོའི་མཛད་པ་འཕྲིན་ལས་ཁོ་ན་ལས་བྱུང༌། ྋསྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་ཡོང་ཐུབ་པ་དང༌། དེ་ལ་འཛམ་གླིང་གཞུང་མང་གཉིས་ནས་རྒྱབ་སྐྱོར་ཞུ་ཐུབ་པའི་གཞི་རྩ་དེ་གང་རེད་ཅེ་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་རེད། དབུ་མའི་ལམ་གྱི་སྲིད་བྱུས་དེ་འདྲ་ཞིག་གཏན་ལ་ཕབ་མེད་ན། འཛམ་གླིང་ནང་མང་ཚོགས་ཀྱི་རྒྱབ་སྐྱོར་ཕལ་ཆེར་ཡོད་སྲིད་ཀྱང༌། གཞུང་ཁག་གི་རྒྱབ་སྐྱོར་རག་རྒྱུའི་རེ་བ་མེད་པ་མ་ཟད། ྋསྐྱབས་མགོན་རིན་པོ་ཆེ་འཛམ་གླིང་ཡུལ་གྲུ་ཡོངས་ལ་ད་ལྟ་བཞིན་གཟི་བརྗིད་ཆེན་པོ་དང༌། ལས་སླ་པོའི་ཐོག་ནས་ཕེབས་བཞུགས་ཐུབ་རྒྱུར་ཏན་ཏན་སྐུ་ངལ་འཕྲད་སྲིད། ད་གིན་གོང་གི་སྔོན་འགྲོའི་གསུང་བཤད་གནང་མཁན་ཞིག་གིས་གསུངས་པ་བཞིན་ྋསྐྱབས་མགོན་རིན་པོ་ཆེ་གང་དུ་ཆིབས་སྒྱུར་བསྐྱངས་རུང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ནུས་ཤུགས་ཡོད་ཚད་བེད་སྤྱོད་ཀྱིས་འགོག་རྐྱེན་བཟོ་ཐབས་མ་བྱས་པ་བྱུང་མེད། ྋརྒྱལ་བ་རིན་པོ་ཆེ་ཁ་བྲལ་རིང་ལུགས་པ་རེད་ཅེས་ཚང་མར་བཤད་སྐབས། ྋསྐྱབས་མགོན་རིན་པོ་ཆེའི་དབུ་མའི་ལམ་གྱི་སྲིད་བྱུས་ང་ཚོས་ཤེས་ཀྱི་ཡོད། ཁ་བྲལ་གསུང་གི་མི་འདུག དེ་ཁྱེད་རང་ཚོའི་རྣམ་རྟོག་གིས་བཟོས་པ་མ་གཏོགས། ྋརྒྱལ་བ་རིན་པོ་ཆེ་ཁ་བྲལ་མིན་པ་དེ་ང་ཚོས་ཤེས་ཀྱི་ཡོད་ཅེས་རྒྱལ་ཁབ་ཚང་མས་ལན་བརྒྱབ་བདེ་པོ་ཞིག་དང༌། དེ་ལས་ལྡོག་སྟེ་ཁ་བྲལ་ཡིན་པའི་རྒྱུ་མཚན་གང་རེད། ཁ་བྲལ་གྱི་ཕྱག་ལས་གང་གནང་སོང་ཞེས་དྲིས་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཤད་རྒྱུ་མེད་པར་ལུས་པ་དང༌། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་འགྲེལ་བརྗོད་བྱེད་སྐབས། དེ་དྲང་བདེན་མ་ཡིན་པའི་གནས་ཚུལ་རེད་ཅེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཤད་ཐུབ་ཀྱི་མེད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ད་བར་ཧ་ཅང་གི་རྒྱལ་ཁབ་ཆུང་ཆུང་དང༌། འཁྲིས་སུ་འབྲེལ་ལམ་ཡོད་ས་བལ་ཡུལ་ལྟ་བུ་དང༌། བར་ལམ་ཞིག་ནས་ཨུ་རུ་སུ་ལྟ་བུ་རེ་གཉིས་ཀྱི་ཐོག་ལ་རྒྱ་ནག་གི་བཀོད་བྱུས་འགྲོ་བ་མ་གཏོགས། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་ཆེ་བར་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་མི་ཐུབ་པ་དང༌། ྋསྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་འགོག་རྐྱེན་བཟོ་མི་ཐུབ་པ། བོད་ཀྱི་གནད་དོན་གླེང་སྟེགས་ག་འདྲ་ཞིག་གི་ཐོག་ཏུའང་འགོག་པ་མེད་པར་གླེང་ཐུབ་པའི་རྒྱུ་མཚན་དེ་དབུ་མའི་ལམ་གྱི་སྲིད་བྱུས་འདི་རང་ལ་ཐུག་ཡོད། འཛམ་གླིང་གི་འགོ་ཁྲིད་མང་པོས་དབུ་མའི་ལམ་གྱི་སྲིད་བྱུས་གསལ་པོ་ཤེས་ཀྱི་ཡོད་པའང༌། ཉེ་ཆར་ལོ་སྔོན་མའི་ཕྱི་ཟླ་བཅུ་པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཨ་རིའི་གྲོས་ཚོགས་ཀྱིས་ྋགོང་ས་མཆོག་ལ་གསེར་གྱི་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་ཚོགས་གཙོའི་གསུང་བཤད་དང༌། སྲིད་འཛིན་གྱི་གསུང་བཤད། གྲོས་ཚོགས་གོང་མའི་ཚོགས་གཙོའི་གསུང་བཤད་བཅས་ཀྱི་ནང་ཚང་མས་ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་དེ་གཞན་དང་མི་འདྲ་བའི་གཟི་བརྗིད་ཅན་ཞིག་ཡིན་པར་བརྟེན། དེ་ལ་ང་ཚོས་ངོས་འཛིན་དང་རྒྱབ་སྐྱོར། མོས་མཐུན་ཆ་ཚང་ཡོད་པ་མཚོན་བྱེད་དུ་གཟེངས་བསྟོད་འདི་འབུལ་གྱི་ཡོད་ཅེས་གསལ་པོ་གསུངས་ཡོད།
ད་ལྟའི་ང་ཚོའི་ཆབ་སྲིད་ཀྱི་དངོས་ཡོད་གནས་ཚུལ་ཚང་མས་མཁྱེན་དགོས་པ་ཞིག་ལ། ཕྱི་ལོ་ ༡༩༤༩ རྗེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་གསར་དུ་གཞུང་ཚབ་གཏོང་རེས་ཀྱི་འབྲེལ་བ་འཛུགས་མཁན་ཚང་མས་བོད་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་པ་དེ་ངོས་ལེན་བྱས་རྗེས་གཞི་ནས་གཞུང་ཚབ་གཏོང་རེས་ཀྱི་འབྲེལ་བ་འཛུགས་དགོས་ཀྱི་ཡོད། གོ་མིན་ཏང་གི་སྲིད་གཞུང་གི་སྐབས་ནས་གཞུང་ཚབ་ཀྱི་འབྲེལ་བ་ཡོད་མཁན་དེ་ཚོས་ཁས་ལེན་གསར་པ་དེ་བྱས་མེད། དེ་ཚོར་ཡང་གཞུང་འབྲེལ་གྱི་སྲིད་བྱུས་གང་ཡོད་ཅེ་ན། དཔེར་ན། དབྱིན་ཇིའི་གཞུང་དང་རྒྱ་གར་གྱི་གཞུང་ལྟ་བུ་ནི་གོ་མིན་ཏང་གི་སྐབས་ནས་གཞུང་ཚབ་ཀྱི་འབྲེལ་བ་ཡོད་པའི་གྲས་རེད། ཁོང་ཚོའི་ངོས་ནས་ཁ་ཤས་ཀྱིས་བོད་དེ་རྒྱ་ནག་གི་རང་སྐྱོང་གི་ས་ཁུལ་ཞིག་ཏུ་ཁས་ལེན་བྱེད་པ་དང༌། ཁ་ཅིག་གིས་བོད་ཀྱི་སྐོར་ལ་འཛིན་པའི་སྲིད་བྱུས་གང་ཡང་མེད་པའང་ཡོད། དེ་འདྲའི་རྒྱལ་ཁབ་ཉུང་ཉུང་རེད། ད་ལྟའི་སྐབས་སུ་ཐེ་ཝན་གཞུང་དང་གཞུང་ཚབ་ཀྱི་འབྲེལ་བ་ཡོད་མཁན་གྱི་རྒྱལ་ཁབ་ཉུང་ཤས་ལས་མེད། ཕྱི་ལོ་ ༢༠༠༡ ལོར་རྒྱབ་ཁབ་བཅུ་དྲུག་འདུག ཁ་ཤས་ནི་ངས་མིང་ཡང་གོ་མ་མྱོང་བའི་ཨ་ཕི་རི་ཀའི་རྒྱལ་ཁབ་ཆུང་ཆུང་དེ་འདྲ་རེད། ད་ལྟ་དེ་ཡང་ཉུང་དུ་ཕྱིན་ནས་བཅུ་ཙམ་ལ་མར་ཟགས་ཟིན་པ་རེད་ཟེར་གྱི་འདུག དེ་དག་རྒྱ་ནག་མཉམ་དུ་གཞུང་ཚབ་ཀྱི་འབྲེལ་བ་མེད་སྟབས། བོད་ཀྱི་ཐོག་ལ་འདི་བྱ་འདི་མིན་གྱི་ལངས་ཕྱོགས་ཤིག་མེད། འཛམ་གླིང་གི་རྒྱལ་ཁབ་སུ་ཞིག་གིས་ཕྱི་ལོ་ ༡༩༥༡ ལོའི་སྔོན་གྱི་བོད་ཀྱི་གནས་སྟངས་ངོས་ལེན་མེད་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་པའི་ལངས་ཕྱོགས་ཤིག་གཟུང་ནའང༌། གཞུང་འབྲེལ་གྱིས་རྒྱབ་སྐྱོར་ཐོབ་རེ་མེད། གནད་དོན་དེ་ཚོ་གསལ་པོ་མཁྱེན་པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཕྱོགས་ཡོངས་ཀྱི་གནས་ཚུལ་རྣམས་ལ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་མ་ཡིན་པར་ཞིབ་ཚགས་པོས་གཟིགས་དགོས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད་ལ། ད་ལྟའི་འཛམ་བུ་གླིང་འདིའི་སྤྱི་ཡོངས་ཀྱི་འགྱུར་འགྲོས་ག་འདྲ་ཞིག་ཡོད་པ་མཁྱེན་དགོས་པའང་ཧ་ཅང་ཐུགས་གལ་ཆེན་པོ་རེད། ཆབ་སྲིད་ཀྱི་གནས་སྟངས་ག་འདྲ་ཞིག་ཡིན་རུང༌། འཛམ་གླིང་སྤྱི་ཡོངས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འགྲོ་དགོས། ད་ལྟ་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་དར་ཁྱབ་ཆེན་པོ་ཕྱིན་ཟིན་པའི་གནས་སྐབས་འདིའི་ནང་འཛམ་གླིང་སྤྱི་འགྲོས་དང་རྩ་བ་ནས་མ་བསྟུན་པར་ལོགས་སུ་བསྡད་རྒྱུའི་གོ་སྐབས་མེད་ལ། ཟུར་ཐོན་གྱིས་བསྡད་ན་གྲོགས་མེད་གཅིག་པུར་ལུས་པ་མ་གཏོགས། དེ་ལས་གཞན་པའི་གནས་སྟངས་ཤིག་ཡོང་ཐབས་མེད། ཡོ་རོབ་གླིང་ཕྲན་གྱི་བྱུང་རབས་ལ་བལྟས་ན། ཡོ་རོབ་ནང་གི་རྒྱལ་ཁབ་རྣམས་རང་གི་མངའ་དབང་གི་དོན་དུ་ལོ་སྟོང་ཕྲག་ཁ་ཤས་རིང་མུ་མཐུད་དམག་འཁྲུག་གིས་འཛམ་གླིང་དམག་ཆེན་དང་པོ་དང༌། ལྷག་པར་དུ་དམག་ཆེན་གཉིས་པའི་རྗེས་ལ་ཡོ་རོབ་ཀྱི་ཡུལ་ལུང་སོ་སོའི་ཆབ་སྲིད་ཀྱི་མངའ་དབང་གཏན་འཁེལ་ནས་སོ་སོའི་ས་མཚམས་དང་དངུལ་ལོར། སོ་སོའི་ནང་སྲིད་དང་ཕྱི་འབྲེལ་གྱི་སྲིད་བྱུས་བཟུང་ནའང༌། འདས་པའི་ལོ་ཤས་ནང་འཛམ་གླིང་ཆབ་སྲིད་ཀྱི་འགྱུར་འགྲོས་ཤིག་གིས་སོ་སོའི་རང་བཙན་གྱི་ཁེ་དབང་མང་པོ་བློས་བཏང་ནས་སྤྱི་མཐུན་ཞིག་མ་འཛུགས་ཐབས་མེད་བྱུང༌། ད་ཆ་ཡོ་རོབ་ཀྱི་རྒྱལ་ཁབ་རེ་གཉིས་མ་གཏོགས་གཞན་རྣམས་ཡོ་རོབ་སྤྱི་མཐུན་མཉམ་འབྲེལ་ནང་ཞུགས་ཟིན་པ་མ་ཟད། སོ་སོའི་དངུལ་ལོར་ཡང་བསྡུ་གསོག་བརྒྱབས་ཟིན་པ་དང༌། ས་མཚམས་ཀྱང་གཅིག་གིས་གཅིག་ལ་ཐོངས་མཆན་སྤྲོད་རེས་བྱེད་མི་དགོས་པའི་གནས་སྟངས་ཆགས་ཟིན། དེ་བཞིན་ཕྱི་འབྲེལ་གྱི་སྲིད་བྱུས་ཀྱང་མཉམ་འབྲེལ་གྱི་སྲིད་བྱུས་ལ་མ་བསྟུན་པར་ལོགས་སུ་བཟོ་མི་ཐུབ་ལ་བཟོ་གིན་ཡང་མེད། ད་བར་ཧ་ཅང་མཁྲེགས་པོས་ཡོ་རོབ་སྤྱི་མཐུན་ནང་ལ་འཛུལ་གྱི་མིན་ཟེར་མཁན་ཚོ་ཡང༌། དེང་སང་མང་མོས་ཐག་གཅོད་འོས་བསྡུའི་སྐབས་སུ་འཛུལ་དགོས་ཟེར་མཁན་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་ནང་སཱརྐ་ SAARC ལྟ་བུ་སོ་སོའི་རང་བཙན་གྱི་མངའ་དབང་མང་པོ་ཞིག་བློས་བཏང་སྟེ་མཉམ་མཐུན་བྱ་རྒྱུའི་འབད་བརྩོན་མ་བྱས་ཐབས་མེད་རེད། ང་ཚོའི་མི་ཚེའི་ནང་འཛམ་གླིང་མི་རིགས་རྒྱལ་ཁབ་ཁག་གི་མངའ་དབང་དང་ས་མཚམས་དེ་ཚོ་འགྱུར་ལྡོག་འགྲོ་སྲིད། ཨཱཅཱརྱ་བིནོབཱ་བྷཱབེ་མཆོག་གིས་གླིང་ཆེན་དང་མངའ་ཁུལ་ལྟ་བུ་རེ་རེའི་ནང་ཚང་མ་མཉམ་མཐུན་གྱིས་འགྲོ་དགོས་པ་དང༌། དཔེར་ན་རྒྱ་གར་གྱི་ཕྱོགས་གསུམ་ན་ཡོད་པའི་རྒྱལ་ཁབ་ཨ་ཕ་གྷ་ན་སི་ཐན་དང༌། མཡན་མཱར། ཤྲིའལངྐཱ་གསུམ་པོ་རྒྱ་གར་དང་མཉམ་མཐུན་གཅིག་གི་ནང་སླེབས་ན་ཨེ་ཤི་ཡའི་ཡར་རྒྱས་དང་ཞི་བདེ་ལ་ཕན་རླབས་ཆེ་ཞེས་གསུངས་ཡོད། དེ་ནི་སྐབས་དེ་དུས་ཀྱི་གནས་སྟངས་ལ་དགོངས་པ་བཞེས་པ་ཞིག་མིན་པར། དུས་རབས་ཉེར་གཅིག་ཉེར་གཉིས་ནང་འཛམ་གླིང་ཆབ་སྲིད་ཀྱི་གནས་བབ་ག་འདྲ་ཞིག་འགྲོ་རྒྱུར་དགོངས་པ་བཞེས་པ་ཞིག་རེད། དེར་བརྟེན་མི་རིགས་རེ་རེས་རང་བཙན་གྱི་རྒྱལ་ཁབ་རེ་རེ་གཟུང་དགོས་པ་མཁས་པ་དེ་ཚོས་གཟིགས་ཀྱི་མེད་ལ། གཟུང་དགོས་པ་དང་འཛིན་ཐུབ་པའང་གཟིགས་ཀྱི་མེད། བོད་ལྟ་བུར་མཚོན་ན། ས་ཁྱོན་ནི་ཧ་ལམ་རྒྱ་གར་གྱི་ས་ཁྱོན་གྱི་ཕྱེད་ཀ་ལས་མ་ལྷག་རུང༌། མི་ཉུང་བ་ཞིག་ཡོད། མི་འབོར་ནི་རྒྱ་གར་གྱི་གྲོང་ཁྱེར་གཅིག་གི་མི་འབོར་ལས་མེད། མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱི་བར་ལ་མི་འབོར་ཉུང་བའི་རྒྱལ་ཁབ་ཅིག་གིས་ས་ཁྱོན་ཆེན་པོ་ཞིག་བཟུང་ནས་རྒྱུན་རིང་གནས་ཐབས་དཀའ། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་མིན་པར། ད་ལྟ་རང་བཙན་ཡོད་དབང་དུ་བཏང་ནའང༌། ༡༩༥༡ ལོའི་སྔོན་གྱི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་བཞིན་ད་བར་སྡོད་ཐབས་དཀའ། དཔེར་ན་བལ་ཡུལ་དང་འབྲུག་ཡུལ་ནང་གི་ཆབ་སྲིད་ཀྱི་འགྱུར་ལྡོག་དང༌། དེ་ཚོ་ལ་ཁྱིམ་མཚེས་སྟོབས་ཆེན་རྒྱལ་ཁབ་ཚོས་འབྲེལ་བ་བྱེད་སྟངས་ལ་བལྟས་ན་རང་སྲིད་རང་སྐྱོང་མ་གཏོགས། དངོས་ཡོད་གནས་སྟངས་ཐོག་ནས་མངའ་དབང་ཡོངས་རྫོགས་ཀྱི་རང་བཙན་ཕལ་ཆེར་དཀའ། ང་ཚོས་དངོས་ཐོག་བདེན་འཚོལ་དང༌། དངོས་ཡོད་གནས་ཚུལ་དང་བསྟུན་དགོས་ཤིང༌། དེ་ལས་ལྡོག་སྟེ་ཕྱིན་ན་རྟོག་བཟོས་རྨི་ལམ་མམ་སྣང་བརྙན་ཙམ་ལས། ལག་པར་ཡོང་རྒྱུ་གང་ཡང་མེད། ཕྱི་ལོ་ ༡༩༥༡ ལོ་ནས་ད་བར་གྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུབ་ཆ་ལྟ་བུར་མཚོན་ན། བོད་པ་ལས་གཞན་པའི་གྲངས་ཉུང་མི་རིགས་ལྔ་བཅུ་ང་བཞི་ཡོད་ཅིང༌། མི་འབོར་གྱི་ཆ་ནས་ཁ་ཤས་བོད་པ་ལས་མང་བ་དང༌། ཕལ་མོ་ཆེ་བོད་པ་ལས་ཉུང༌། དེ་དག་མི་འབོར་མང་ཉུང་གི་ཆ་ནས་བརྩི་བ་ཡིན་ན་བོད་པ་དེ་དྲུག་པའམ་བདུན་པ་ཞིག་ལ་སླེབས། ས་ཁྱོན་གྱི་ཆ་ནས་ལོགས་སུ་ཡོད་པ་དང་འདྲེས་པའང་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནམ་རྒྱུན་ཤོད་སྟངས་ནང་མང་པོ་ཁ་ཐོར་དང་ཉུང་ཉུང་མཉམ་སྡོད་ཅེས་གྲངས་ཉུང་མི་རིགས་ཁ་ཤས་ཉུང་དྲགས་ནས་ས་ཁུལ་གཅིག་ལ་མཉམ་སྡོད་དང༌། ཁ་ཤས་མང་དྲགས་ནས་གྲངས་མང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ཐོར་ཞིང་གནས། བོད་པ་ནི་ཧ་ཅང་ཉུང་གྲས་མིན་ཡང༌། ས་ཁུལ་བྱེ་བྲག་པ་གཅིག་གི་ནང་མི་རིགས་ཡོངས་རྫོགས་ཁ་མ་ཐོར་བར་མཉམ་སྡོད་བྱེད་མཁན་གྱི་མི་རིགས་ཤིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ནང་བསྐྲུན་པའི་ཆ་རྐྱེན་དེ་དག་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱུང་ན། ང་ཚོའི་དགོས་མཁོའི་ཆབ་སྲིད་ཀྱི་མཐུན་རྐྱེན་ཡོངས་རྫོགས་དེའི་ནང་ཧ་ལམ་མ་ཚུད་པ་མེད། རང་སྲིད་རང་སྐྱོང་གི་གནས་བབ་དེ་འདྲ་ཞིག་བྱུང་ན། ཕྱི་ལོ་ ༡༩༥༡ ལོའི་སྔོན་གྱི་དགའ་ལྡན་ཕོ་བྲང་གཞུང་གིས་ཆབ་སྲིད་སྐྱོང་སྟངས་ལས་ལྷག་པ་མ་བྱུང་ནའང་དེ་ལས་ཞན་པ་ཞིག་མི་ཡོང༌། དེ་དུས་ཀྱི་གཞུང་དགའ་ལྡན་ཕོ་བྲང་དེ་རང་བཙན་ཆ་ཚང་གི་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཡང༌། རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསྟན་མ་ཐུབ་པའི་དབང་གིས་ད་ལྟའི་གནས་བབ་འདི་བྱུང༌།
༡༩༤༧ ཕྱི་ཟླ་ ༣ པའི་ནང་རྒྱ་གར་བར་བརྒལ་སྲིད་གཞུང་གིས་ཨེ་ཤི་ཡའི་མཐུན་འབྲེལ་ཚོགས་ཆེན་བསྐོངས་སྐབས་རྒྱ་གར་རང་བཙན་ཐོབ་མེད། ༡༩༤༧ ཕྱི་ཟླ་ ༨ པའི་ནང་གཞི་ནས་རྒྱ་གར་ལ་རང་བཙན་ཐོབ། སྐབས་དེར་རྒྱ་གར་གྱིས་ཆེད་མངགས་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དེ་ཨེ་ཤི་ཡའི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མངོན་པར་གསལ་ཐུབ་ན་དགོངས་ནས་གོ་མིན་ཏང་སྲིད་གཞུང་གིས་དགག་བྱ་ཤུགས་ཆེ་བྱེད་མིན་ལ་མ་ལྟོས་པར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དང༌། བོད་ཀྱི་སྐུ་ཚབ་ལོགས་སུ་གདན་འདྲེན་གྱིས་རྒྱལ་གླུ་དང༌། རྒྱལ་དར། ཞབས་སྟེགས་བཅས་ཟུར་དུ་གྲ་སྒྲིག་གིས་ཨེ་ཤི་ཡའི་ནང་གི་རྒྱལ་ཁབ་མི་འདྲ་བ་གཉིས་ཀྱི་གྲངས་ཀ་བྱས་ཏེ་བསྡད་རྒྱུ་བྱུང༌། ལྕམ་སརོཇིནཱིནཱཡཌཱུ་ནི་རྒྱ་གར་རང་བཙན་རྩོད་ལེན་པ་གྲགས་ཅན་ཞིག་ཡིན་ཞིང༌། ཁོང་ནེཧརཱུ་དང་ཉེ་པོ་ཡིན་ལ། གཱནྡཱི་དང་དམིགས་བསལ་ཉེ་པོ་ཞིག་རེད། ཁོང་བོད་པའི་སྐུ་ཚབ་ཚོགས་པ་དང་འབྲེལ་བ་གཙོ་བོ་གནང་མཁན་དེ་རེད་འདུག རྒྱ་གར་གྱིས་དེ་དུས་ནས་བོད་པའི་ངོས་ནས་སོ་སོའི་ཆབ་སྲིད་ཀྱི་མངའ་དབང་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་བསྟན་ཐབས་ལ་ཧ་ཅང་གྲ་སྒྲིག་དང་རེ་བ་གནང་འདུག ནེཧརཱུས་བོད་པའི་སྐུ་ཚབ་ཚོ་ཕྱིར་ལོག་སྐབས་ང་ཚོའི་ངོས་ནས་གང་ལས་མེད་པ་དེ་ཞུས་ཡོད། ད་མཐའ་མ་ཁྱེད་རང་ཚོའི་ཕྱག་ལ་རེད། བྱེད་ཐབས་གང་ཡང་མི་འདུག་ཅེས་གསུངས་འདུག ཞེ་ས་མ་ཞུས་ན། ཁོང་འུ་ཐུག་པ་ལྟ་བུ་ཞིག་བྱུང་འདུག ང་ཚོའི་སྐུ་ཚབ་ཚོགས་པ་བོད་ནས་ཚུར་ཕེབས་དུས། བདག་ཉིད་ཆེན་པོ་གཱནྡཱི་ཚོགས་འདུར་ཕེབས་རྒྱུ་ཡིན་པ་དང༌། སྐུ་ཚབ་ཚང་མས་གཱནྡཱི་ལ་མཇལ་འཕྲད་ཞུ་རྒྱུ་ཡིན་པ་ཧ་ལམ་མཁྱེན་གྱི་མེད་ཚོད་འདུགཚོགས་འདུ་དབུ་འཛུགས་ཟིན་རྗེས་གཞི་ནས་གཱནྡཱི་ལ་མཇལ་རྒྱུའི་དུས་ཚོད་ཞུ་སྐབས། དེ་དུས་གཱནྡཱིའི་དུས་ཚོད་རེའུ་མིག་ཆ་ཚང་ཁེངས་ཟིན་ནའང༌། གཱནྡཱིས་ད་ལྟ་དུས་ཚོད་མེད་ཀྱང༌། བོད་པའི་སྐུ་ཚབ་ཚོགས་པ་དང་མ་མཇལ་ན་རྩ་བ་ནས་འགྲིག་ཐབས་མེད་ཅེས་གསུངས་ཏེ། ཁོ་རང་ཞལ་ལག་གི་དུས་ཚོད་དང་བསྟུན་ནས་གདན་འདྲེན་ཞུས་ཏེ་ཞལ་ལག་མཆོད་ཀྱིན་བཀའ་མོལ་གནང་འདུག དེ་བཞིན་ང་ཚོས་གཱནྡཱི་ལ་ཕྱག་རྟགས་སུ་བཞུགས་གདན་དང་གོས་ཆེན་བཅས་ཕུལ་བ་ལ། གཱནྡཱིས་ཐུགས་རྗེ་ཆེ། ཧ་ཅང་ཡག་པོ་འདུག ཡིན་ནའང་འདི་དག་ང་ལ་བེད་སྤྱོད་མེད་པས་ཅི་བྱ་ཞེས་བཀའ་གནང་འདུག སྐབས་དེར་བྱུང་བའི་སྐུ་ཚབ་ཚོགས་པ་དང་གཱནྡཱིའི་བར་གྱི་བཀའ་མོལ་ཆ་ཚང་ཡིག་ཐོག་ཏུ་ཡོད་ཅིང༌། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་ཨེ་ཤི་ཡའི་མཐུན་འབྲེལ་ཚོགས་ཆེན་ཚུགས་ཏེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ལ་དེབ་ཆུང་ཞིག་ཟུར་དུ་འགྲེམས་སྤེལ་ཞུས་ཡོད་པར། ཁྱེད་ཚོས་གཟིགས་ཨེ་ཡོད། སྐབས་དེ་དུས་ཀྱི་ང་ཚོའི་གནས་བབ་དེ་དག་གཟིགས་དགོས་ངེས། སླར་ཡང་གཱནྡཱིས་བོད་ཀྱི་སྐུ་ཚབ་ཚོགས་ཆུང་ལ་ངའི་མི་ཚེའི་ཉམས་ལེན་དེ་བདེན་པ་དང་འཚེ་བ་མེད་པ་ལ་བྱེད་ཀྱི་ཡོད། བོད་དེ་ནང་པའི་ཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། བོད་ཀྱི་ནང་པ་ཚོའི་དགོངས་ཚུལ་གྱི་ཨཧིྀསཱའི་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་འགྲེལ་བཤད་ཅིག་ང་ལ་གནང་བ་ཡིན་ན་ཧ་ཅང་ཕན་ཐོགས་ཡོང་བ་འདུག་ཅེས་བཀའ་གནང་འདུག རྗེས་མ་ཁོང་ཚོ་བོད་ལ་ཕར་ལོག་ནས་བཀའ་ཤག་ལ་སྙན་གསན་ཞུས་པར། བཀའ་ཤག་གི་ཕྱག་བྲིས་ཤིག་གནང་ཡོད་པ་དེ་ཞྭ་སྒབ་པའི་རྒྱལ་རབས་ནང་འཁོད་ཡོད། འདི་ཚོ་ཀློག་ན་ད་ལྟ་ཡང་ངོ་ཚ་དགོས་པ་ཞིག་འདུག དེའི་ནང་ང་ཚོས་ཨཧིཾསཱ་ཞེས་པའི་དོན་ལམ་སེང་ཞུ་ཐབས་བྲལ་ཞིང༌། རྗེས་མ་གོ་བསྡུར་གྱིས་ག་ལེར་སྙན་གསན་ཞུ་ཆོག་ཅེས་འཁོད་ཡོད། སྐབས་དེར་བཀའ་ཤག་ནས་ཨཧིཾསཱ་ཞེས་པ་དེ་འཚེ་བ་མེད་པའི་དོན་དུ་མཁྱེན་མེད་ཚོད་འདུག
དེས་ན་ད་ལྟ་དབུ་མའི་ལམ་ལས་གཞན་པའི་སྲིད་བྱུས་ཤིག་འཛིན་ན། ཡང་བསྐྱར་དེ་སྔ་བཞིན་གྲོགས་མེད་གཅིག་པུར་འགྲོ་བའི་གནས་སྟངས་ཤིག་མ་གཏོགས། གཞུང་ཁག་གི་ཆབ་སྲིད་ཀྱི་དབང་འཛིན་པ་རྣམས་ཀྱིས་མངོན་གསལ་དོད་པོས་ང་ཚོ་མཉམ་དུ་ལངས་ཐུབ་པ་དང༌། ང་ཚོར་རྒྱབ་སྐྱོར་བྱེད་ཐུབ་པའི་གོ་སྐབས་ཤིག་ལྷག་གི་མ་རེད། མདོ་དོན་སྙིང་པོ་གང་ཞུས་ཀྱི་ཡོད་ཅེ་ན། དབུ་མའི་ལམ་གྱི་སྲིད་བྱུས་འདིའི་དབང་གིས་བོད་ཀྱི་འཐབ་རྩོད་དེ་འཛམ་གླིང་སྡིངས་ཆའི་ཐོག་ནས་མ་ཡལ་བར་བསྡད་ཐུབ་པ་དང༌། ྋརྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་བྱུང་བ་ལ་ཧ་ཅང་ཐུགས་ཕན་གསོས་ཡོད། ང་ཚོས་བོད་དོན་བདེན་མཐའ་གསལ་བའི་འཐབ་རྩོད་བྱེད་བཞིན་པའི་སྐབས་ནས་དབུ་མའི་ལམ་ལ་བརྟེན་ནས་ང་ཚོར་ཁེ་ཕན་རླབས་ཆེན་རག་ཡོད་པ་དེ་གསལ་པོ་མཁྱེན་དགོས། དེ་ནི་རྒྱལ་སྤྱིའི་ནང་གི་གནས་སྟངས་རེད།
ང་ཚོའི་གནས་སྟངས་ལ་མཚོན་ན། ཕྱི་ལོ་ ༡༩༧༩ ནས་ཕྱི་ལོ་ ༡༩༩༤ བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང༌། སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་དབར་འབྲེལ་མཐུད་ཐེངས་ཉི་ཤུ་ཙམ་དང༌།བོད་ནང་དངོས་ཡོད་གནས་ཚུལ་གཟིགས་མཁན་གྱི་སྐུ་ཚབ་ཚོགས་པ་ཐེངས་སྔ་རྗེས་ཕེབས་པ་བཅས་ལས་བོད་ནང་ཡོད་པའི་རྒྱ་ཆེའི་མང་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་བ་དང༌། རྒྱལ་སྤྱིའི་ནང་ལའང་བོད་ཀྱི་གནད་དོན་རྟོགས་པར་ཕན་རླབས་ཆེན་པོ་བྱུང་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཐུག་འབྲེལ་མ་གནང་བར། བཙན་བྱོལ་བ་རྣམས་བཙན་བྱོལ་དུ་བསྡད་པ་དང༌། བོད་དུ་ཡོད་པ་རྣམས་བཙན་འོག་ཏུ་བསྡད་དེ་ལུས་པ་ཡིན་ན། འཐབ་རྩོད་དེ་ཧ་ཅང་ཁག་པོ་ཆགས་ཟིན། གང་ལྟར་ཕན་ཚུན་སྐད་ཆ་བཤད་ས་ཡོད་པ་ཞིག་ངེས་པར་དུ་དགོས། གཞན་མ་བྱུང་ནའང༌། རྒྱ་ནག་གི་ངོས་ནས་ཁྱེད་ཚོས་འདི་འགྲིགས་མ་སོང་ཞེས་སྐྱོན་འཛུགས་བྱེད་ས་ཡོད་པ་ཞིག་དང༌། ང་ཚོའི་ངོས་ནས་བོད་ནང་གི་གནས་བབ་འདི་འདྲ་འདུག ཁྱེད་རང་ཚོས་མ་འོས་མ་འཚམས་པ་འདི་འདྲ་བྱེད་ཀྱི་འདུག་ཅེས་སྐད་ཆ་བཤད་རྒྱུ་འབྲེལ་བ་ཡོད་པ་དེའི་ཐོག་ནས་གོ་སྐབས་དེ་བཏོན་དགོས་ཤིང༌། འབྲེལ་བ་རྩ་བ་ནས་མེད་ན་གོ་སྐབས་བཏོན་ཐབས་མེད།
ཕྱི་ལོ་ ༡༩༧༩ ལོར་སྐྱབས་མགོན་རིན་པོ་ཆེ་ཝཱ་རཱ་ཎ་སཱིར་ཆིབས་སྒྱུར་བསྐྱངས་ཏེ་མཆོད་རྟེན་ཆེན་པོའི་གཡས་ཕྱོགས་ཀྱི་སྤང་སྟེང་ང་ཚོ་མང་ཚོགས་ཀྱིས་མཇལ་ཁ་དང་བཀའ་སློབ་ཞུ་སྐབས། རིང་པོར་མ་ཐོགས་པར་བོད་གཞིས་བྱེས་ཕན་ཚུན་འགྲོ་འོང་དང༌། ཐུག་འཕྲད་ཀྱི་གོ་སྐབས་ཡོང་གི་རེད་ཅེས་བཀའ་གནང་ཡོད། དེའི་སྔོན་དུ་ཨི་ལཱ་ཧཱ་བཱད་ལ་ཆིབས་སྒྱུར་སྐབས་སུ་ཏིང་ཞའོ་ཕིང་གི་གནས་ཚུལ་དེ་ཐོག་མ་བྱུང་སྐབས་ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཞིབ་ཚགས་གོ་བསྡུར་གཏན་འབེབས་གནང་ཟིན་པ་ཡིན་སྟབས་ཕར་ལན་གནང་ཆོག་རེད། ད་རེས་གསུང་འཕྲིན་ནང་བཀའ་གནང་བ་བཞིན་བདུན་ཅུ་དོན་གྲངས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་མཉམ་དུ་མ་འོངས་པར་འབྲེལ་བ་བྱུང་སྐབས་ང་ཚོའི་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་སྟངས་ག་འདྲ་ཡིན་པ་དེ་ཐེངས་མང་བཀའ་བསྡུར་གནང་ཟིན། དྲུག་ཅུ་རེ་བདུན་རེ་བརྒྱད་ནས་དེའི་སྐོར་ལ་དགོངས་བཞེས་དང་བཀའ་བསྡུར་གནང་འགོ་ཚུགས་པ་ཞིག་རེད། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་བོད་རྒྱའི་འབྲེལ་ལམ་བྱུང་བ་དེའི་ཉེར་ལེན་ལ་བརྟེན་ནས་བར་ལམ་ཕར་འགྲོ་ཚུར་འགྲོ་བྱེད་རྒྱུ་བྱུང༌། སྒོ་ཕྱེ་བ་དེའི་དབང་གིས་ལས་སླ་པོ་ཞིག་མེད་ཅིང༌། མི་མང་པོའི་ཚེ་སྲོག་འགྲོ་གི་ཡོད་རུང༌། སྔོན་མ་ཁྱོན་ནས་འགྲོ་ས་མེད་པའི་ལྕགས་ཀྱི་རྭ་བ་ལྟ་བུ་དེ་ཐེངས་གཅིག་མེད་པ་ཆགས་སྐབས་དེ་ནས་བཟུང་ད་བར་བོད་ནས་ན་གཞོན་མང་པོ་ཞིག་རྒྱ་གར་དུ་སློབ་སྦྱོང་བྱེད་རྒྱུ་དང༌། དེ་བཞིན་བོད་ཆོལ་ཁ་གསུམ་གྱི་མི་མང་པོ་ཞིག་རྒྱ་གར་ལ་གནས་སྐོར་དང་གཉེན་འཕྲད། ྋརྒྱལ་བ་རིན་པོ་ཆེའི་མཇལ་ཁ་དང་གསུང་ཆོས་ཞུ་བའི་གོ་སྐབས་ཐོབ་པ་བྱུང༌། ཕྱི་ལོ་ ༡༩༧༩ སྔོན་ལ་བོད་ནས་བྲོས་ཐར་བའི་མི་རེ་གཉིས་ཡོང་སྐབས་ཧ་ཅང་རྩ་ཆེར་བརྩིས་ནས་གཞིས་ཆགས་ཡོངས་རྫོགས་སུ་དྲིལ་བསྒྲགས་དང་གནས་ཚུལ་གསུང་ཆེད་གདན་འདྲེན་ཞུ་དགོས་པ་ཆགས་ཡོད། གལ་ཏེ་དབུ་མའི་ལམ་གྱི་སྲིད་ཇུས་གཏན་ལ་ཕབ་མེད་ན་རེ་ཟུང་སྔོན་མ་བཞིན་བྲོས་ནས་ཡོང་མདོག་ཁ་པོ་རེད་མ་གཏོགས། ད་ལྟ་བཞིན་ལོ་ལྟར་མི་སྟོང་ཕྲག་མང་པོ་ཕར་འགྲོ་ཚུར་འོང་བྱེད་རྒྱུ་ཡོད་པ་དང༌། ཡང་ན་སྐྱབས་བཅོལ་གྱི་གནས་བབ་ཐོག་བསྡད་རྒྱུ་ཡོད་པ་དེ་འདྲ་ཡོང་ཐབས་མེད། གང་ལྟར་དེ་སྔ་ལས་སླ་རུ་ཕྱིན་པ་དེ་དབུ་མའི་ལམ་གྱི་སྲིད་ཇུས་གཏན་ལ་ཕབ་པ་ལ་བརྟེན་ནས་བྱུང༌།
ལྷག་པར་དུ་ཕྱི་ལོ་ ༢༠༠༢ ནས་ ༢༠༠༧ བར་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་རྣམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་བྱེད་དང་མཉམ་དུ་འབྲེལ་མོལ་ཐེངས་དྲུག་བྱུང་བ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་སྐྱབས་མགོན་རིན་པོ་ཆེའི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་བཞེངས་ཕྱོགས་གཉིས་པོ་འདི་ཕྱི་གསལ་ནང་གསལ་འཛམ་གླིང་ལ་ཡོངས་གྲགས་ཆགས་ཡོད། དེ་སྔོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བཞིན་པའི་འབྲེལ་མོལ་ལ་ཧ་ཅང་གསང་རྒྱ་བྱས་ཏེ་སུ་ལའང་གསལ་བཤད་བྱེད་ཀྱི་མེད། རྒྱ་ནག་གཞུང་རང་གིས་འབྲེལ་མོལ་ཐེངས་གསུམ་པ་བཞི་པ་ནས་ཡོ་རོབ་མཉམ་འབྲེལ་དང༌། ཡོ་རོབ་ནང་ཡོད་པའི་རྒྱལ་ཁབ་ཁ་ཤས། ཨ་རི། དེ་བཞིན་བྱང་ཨ་རིར་ཡོད་པའི་རྒྱལ་ཁབ་ཁ་ཤས་ལ་གཞུང་ཚབ་འབྲེལ་ལམ་བརྒྱུད་ནས་འཆར་ཅན་ནང་དོན་འགྲེལ་བརྗོད་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཏེ། རྒྱལ་ཁབ་ཚང་མས་སྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེས་ཕྱོགས་དེ་ཇི་ཙམ་གྱིས་ཡང་དག་པ་དང་འོས་ཤིང་འཚམས་པ་ཡིན་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་བསམ་ཕྱོགས་དེ་ཇི་ཙམ་གྱིས་ཡང་དག་པ་མིན་པ་དང་འོས་འཚམས་མིན་པ་ཉིན་རེ་ནས་ཉིན་རེར་གསལ་རྟོགས་བྱུང་ཞིང༌། རྒྱ་ནག་གིས་འགྲེལ་བརྗོད་བྱེད་སྐབས་རྒྱལ་ཁབ་དེ་ཚོས་འདི་ག་འདྲ་རེད། དེ་ག་འདྲ་རེད་ཅེས་འདྲི་བརྩད་བྱེད་དུས་ལན་འདེབས་མེད་པ་ཡང་ཡང་ཡོང་གི་ཡོད་འདུག གང་ལྟར་ང་ཚོའི་གནས་ཚུལ་མང་པོ་ཞིག་རྒྱལ་སྤྱིའི་སྟེང་གསལ་པོ་ཆགས་པའི་གོ་སྐབས་ཐོབ་སྟེ་འཛམ་གླིང་ནང་བོད་ཀྱི་གནས་བབ་ཧ་ཅང་ཚད་མཐོར་ཕྱིན་པའང་དབུ་མའི་ལམ་གྱི་སྲིད་ཇུས་དང་དེའི་འོག་ནས་མེས་འཚིག་མེར་གཏུག་གི་འབྲེལ་བ་ཞིག་ཡོད་པ་དེ་ལ་བརྟེན་ནས་བྱུང༌། ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚང་མའི་བསམ་བློའི་ནང་རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞེས་སྟངས་གང་ཡིན་པ་དང༌། གུ་ཡངས་གཏོང་ཐབས་མེད་པའི་ཐ་མའི་དམ་ཚིག་གང་ཡིན་པ། བཀའ་བསྡུར་ཐོག་ནས་འགྲིགས་ཆགས་འོས་པའི་གནས་སྟངས་གང་ཡིན་པ་བཅས་ཧ་ཅང་གསལ་པོ་ཆགས་ཡོད། དེར་བརྟེན་དབུ་མའི་ལམ་གྱི་ཕན་ཡོན་དང་གྲུབ་འབྲས། དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་གནས་སྟངས་དེ་ཚོ་ཚང་མ་རྒྱ་ཆེའི་མང་ཚོགས་ཀྱིས་གསལ་པོ་མཁྱེན་དགོས་པ་ཧ་ཅང་གལ་ཆེ།
དེས་ན་ད་རེས་ཁྱེད་རྣམ་པས་ལས་འགུལ་འདི་འདྲ་ཞིག་སྤེལ་ཏེ་སྤྱི་ཚོགས་ནང་མངོན་གསལ་དོད་པོ་ཆགས་ཐུབ་པ་བཟོས་པ་དེ་དགོས་པ་དང་དགེ་མཚན་ལྡན་པ་ཞིག་རེད། གཞུང་གིས་འཛིན་པའི་སྲིད་ཇུས་ཤིག་ཡིན་པར་བརྟེན་གཞུང་རང་གིས་དྲིལ་བསྒྲགས་དང་གསལ་བཤད་བྱེད་དགོས་པ་དེ་གཞུང་གི་ལས་འགན་ཡིན་པས། འདས་པའི་ལོ་བཞི་ལྔའི་ནང་དྲིལ་བསྒྲགས་ལས་ཁུངས་ནས་འགན་ཁུར་གྱིས་ཡིག་ཆ་པར་བསྐྲུན་དང༌། གཏམ་བཤད་ཁག་ཕྱོགས་བསྡུས་ཀྱིས་བརྙན་འཕྲིན་འཁོར་ཐག་དང་འོད་སྡེར་སོགས་བཟོས་ཏེ་ཕྱོགས་ཐམས་ཅད་ལ་རིན་མེད་དུ་བཀྲམས་ཡོད། དེ་བཞིན་སྔ་ཕྱི་བར་གསུམ་དུ་མི་འགྲོ་ཆེད་མངགས་དབུ་མའི་ལམ་གྱི་འགྲེལ་བརྗོད་དང་དྲིལ་བསྒྲགས་ཆེད་ས་གནས་གང་སར་བཏང་རུང༌།གཞུང་གི་ངོས་ནས་དྲིལ་བསྒྲགས་བྱས་པ་དེ་ཚོ་ཧ་ལམ་ཆོ་ག་ཕྱག་ལེན་ལྟ་བུ་ཆགས་ནས་དེ་ཙམ་གྱིས་མང་ཚོགས་ལ་ཕན་ནུས་ལྡན་པ་ཞིག་དང༌། ནུས་པ་ཐོན་པ་ཞིག་ཡོང་ཁག་པོ་འདུག དེས་ན་མང་ཚོགས་ནང་ནས་རང་འགུལ་ཞིག་ཡོང་དགོས་ཤིང༌། དེ་ནི་ཁ་ཞེ་གཉིས་མེད་ཀྱི་རང་འགུལ་ཞིག་དགོས་པ་མ་གཏོགས་གཞན་ཞིག་གིས་བརྒྱུད་བསྐུལ་བྱས་པ་དང༌། ལྷག་པར་དུ་གཞུང་གིས་བརྒྱུད་བསྐུལ་བྱས་ནས་མང་ཚོགས་ཀྱི་རང་འགུལ་ཡིན་མདོག་བྱས་ན་ཕན་ཐོགས་གང་ཡང་མེད། ད་ལྟ་ཁྱེད་ཚོའི་རང་འགུལ་དེ་དོན་དམ་གྱི་རང་འགུལ་ཞིག་རེད། སུས་ཀྱང་བརྒྱུད་བསྐུལ་བྱས་མེད། སྐྱབས་མགོན་རིན་པོ་ཆེས་བརྒྱུད་བསྐུལ་གནང་མེད་ལ། བཙན་བྱོལ་གཞུང་གིས་ཀྱང་བརྒྱུད་བསྐུལ་ཞུས་མེད། སྤྱི་ཡོངས་ནས་དབུ་མའི་ལམ་གྱི་གོ་རྟོགས་དགོས་ཀྱི་ཡོད་པ་གལ་ཆེན་པོ་ཡིན་པ་དེ་ག་དུས་ཡིན་ནའང་བཀའ་གནང་གི་ཡོད་པ་མ་གཏོགས། ལས་འགུལ་འདི་འདྲ་ཞིག་བརྩམ་དགོས་ཞེས་ད་བར་དངོས་ཤུགས་བརྒྱུད་གསུམ་ནས་བརྒྱུད་བསྐུལ་ཞུས་མེད་ལ། ནམ་ཡང་ཞུ་རྩིས་ཀྱང་མེད། ལར་ནས་མང་ཚོགས་སོ་སོའི་ངོས་ནས་རང་འགུལ་གྱིས་ལས་དོན་དེ་འདྲ་ཞིག་བརྩམས་ཐུབ་པ་དེས་དབུ་མའི་ལམ་གྱི་སྲིད་ཇུས་ལ་དོན་དམ་པའི་རྒྱབ་སྐྱོར་ཐོབ་ཀྱི་ཡོད་ལ། རྒྱ་ནག་དབང་འཛིན་པ་ཚོ་ལའང་བརྡ་ལན་ཡག་པོ་ཞིག་འཕྲོད་ངེས་རེད།
ད་ལྟ་གོང་དུ་གསུང་བཤད་གནང་མཁན་གྱིས་གསུངས་པ་བཞིན་བོད་མི་མང་ཚོགས་ཀྱིས་མང་མོས་ཐག་གཅོད་འོས་བསྡུ་མི་དགོས་པར་ྋསྐྱབས་མགོན་རིན་པོ་ཆེ་སྐུ་ཉིད་ཀྱིས་ཐག་གཅོད་གནང་རོགས་གནང་ཞེས་ཞུས་པའི་རྗེས་ལ་བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་གཏན་འབེབས་ཀྱིས་རྒྱལ་སྤྱིའི་གནས་བབ་དང༌། རྒྱལ་ནང་གི་གནས་བབ་ཀྱི་འགྱུར་འགྲོས་ལ་གཟིགས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་ཐག་གཅོད་གནང་རོགས་གནང་ཞེས་སྐུ་དབང་ཆ་ཚང་ཕུལ་ཏེ། དེའི་རྗེས་སུ་སྤྱི་མོས་གྲོས་ཆོད་ནང་ྋསྐྱབས་མགོན་རིན་པོ་ཆེས་ཐག་གཅོད་གང་གནང་བ་དེ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་བ་དང་གཅིག་གྱུར་གྱིས་ནུས་ཤུགས་ལྡན་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་ཞུས་ཡོད། དེར་བརྟེན་ྋསྐྱབས་མགོན་རིན་པོ་ཆེས་གང་ཐག་གཅོད་གནང་བ་དེ་མི་གཅིག་གི་ཐག་གཅོད་ཆགས་ཀྱི་མེད། མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་བ་དང་གནས་བབ་གཅིག་མཚུངས་ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་དེ་ད་བར་འགྱུར་བ་གང་ཡང་ཕྱིན་མེད། ལར་ནས་མང་མོས་ཐག་གཅོད་འོས་བསྡུ་ཞེས་པ་དེ་ཐེངས་གཅིག་རེ་མ་གཏོགས་ཉིན་རེ་རེ་བཞིན་གནང་དགོས་པའི་གནས་སྟངས་མེད། དེས་ན་དངོས་ཡོད་གནས་ཚུལ་ནི་དབུ་མའི་ལམ་གྱི་སྲིད་ཇུས་ལ་གཞིས་བྱེས་བོད་མིས་མང་མོས་ཀྱི་རྒྱབ་སྐྱོར་ཡོད་པ་ཧ་ཅང་གསལ་པོ་རེད། བར་ལམ་ལྟ་ཕྱོགས་དང་བཤད་ཕྱོགས་ཤིག་ལ་དབུ་མའི་ལམ་གྱི་སྲིད་ཇུས་འདི་གཞུང་འཛིན་གྱི་སྲིད་ཇུས་ཤིག་མ་གཏོགས་མང་ཚོགས་ཀྱི་རྒྱབ་སྐྱོར་དེ་ཙམ་ཤུགས་ཆེ་མེད་པའི་རྣམ་པ་བསྟན་ཐབས་བྱེད་མཁན་ཡོད་ལ། དེ་འདྲའི་རྣམ་པའང་འཐོན་གྱི་ཡོད། གཞུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པའི་ལྟ་གྲུབ་འཛིན་མཁན་དེ་ཚོས་སྤེལ་བའི་དྲིལ་བསྒྲགས་དང༌། ལས་འགུལ། དེ་མཚུངས་མི་མང་ལ་བརྒྱུད་བསྐུལ་དེ་མང་བ་དང་ཤུགས་ཆེ་བ་ལྟ་བུ་ཡོང་གི་ཡོད་རུང༌། དེའི་ཁ་གཏད་དུ་མང་ཚོགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཆེད་དུ་དེ་ཙམ་ཡོང་ཐུབ་ཀྱི་མེད།དཔེར་ན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་མཚོན་ནའང་འགའ་ཞིག་གི་ལངས་ཕྱོགས་དེ་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་གསུངས་ཀྱང་དངོས་སུ་ལས་འགུལ་སྤེལ་སྐབས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་དེ་བསྟན་རྒྱུའི་འབད་བརྩོན་བྱས་ཀྱང་གསལ་པོ་ཤར་གྱི་མེད་ལ། བསྟན་ཡང་ཐུབ་ཀྱི་མེད། ཀུན་སློང་ཡོད་རུང༌། རྣམ་འགྱུར་གཞན་ཞིག་འཐོན་འགྲོ་བ་ཡིན། དཔེར་ན་ན་ནིང་རྒྱ་གར་རྒྱལ་ས་ལྡི་ལིར་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་ལས་འགུལ་ཧ་ཅང་ཡག་པོ་ཞིག་སྤེལ་འདུག གཅིག་བྱས་ན་འདས་པའི་ལོ་བཞི་བཅུ་ཞེ་གྲངས་ནང་རྒྱ་གར་རྒྱལ་ས་ལྡི་ལིར་བོད་མིའི་འདུ་འཛོམས་ཆེ་ཤོས་ཤིག་ཡིན་ཤས་ཆེ། དེ་སྐབས་ལྷོ་ཕྱོགས་ཀྱི་གདན་ས་ཁག་ནས་ང་ལ་ཞལ་པར་ཐོག་ནས་ལྡི་ལིར་གྲྭ་པ་མང་པོ་འཐོན་གྱི་ཡོད་ཚུལ་གསུངས་བྱུང༌། ངས་གང་གི་ཆེད་དུ་འགྲོའམ་བརྗོད་པར། དབུ་མའི་ལམ་ལ་རྒྱབ་སྐྱོར་ཆེད་ཤོག་གསུངས་པ་བཞིན་འགྲོ་བ་ཡིན་ཞེས་གསུངས་སོང༌། ངས་དེ་ནི་དངོས་གནས་ཡག་པོ་རེད་ཅེས་བཤད་རྒྱུ་བྱུང༌། འོན་ཀྱང་མི་མང་འདུ་འཛོམས་བྱུང་བའི་ལས་འགུལ་དངོས་གཞིའི་ཉིན་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པའི་རྣམ་འགྱུར་རྩ་བ་ནས་ཐོན་མེད། བསམ་བློའི་ནང་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཆེད་འགྲོ་གིན་ཡོད་དགོངས་ཀྱང༌། སྐད་འབོད་བྱེད་སའི་ས་གནས་ལ་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡིན་པའི་རྣམ་པ་དེ་གསལ་ཐུབ་ཀྱི་མི་འདུག དེའི་རྐྱེན་གྱིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་མང་པོ་མི་འདུག་སྙམ་པའི་ལོག་རྟོག་ཡོང་སྲིད།
དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་དགག་པ་ག་འདྲ་ཞིག་བྱེད་དགོས་ནའང༌། ཐོག་མར་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཤེས་དགོས། ཕྱོགས་སྔ་མ་ཤེས་པར་དགག་པ་བྱེད་ཐབས་མེད། ང་ཚོ་མཚན་ཉིད་པའི་གཏམ་དཔེར་ཕྱོགས་སྔའི་ནམ་མ་ལངས་གོང་དགག་པའི་ཉི་མ་ཤར་ཞེས་པ་དེ་འདྲ་གནང་ན་ཕན་ཐོགས་གང་ཡང་མེད། ལར་ནས་དབུ་མའི་ལམ་གང་ཡིན་པ་མ་རྟོགས་པར་ཕན་ཐོགས་མི་འདུག་ཟེར་བ་དེ་སྟོང་བཤད་མ་གཏོགས། དོན་ལྡན་ཞིག་ནམ་ཡང་མིན། རྒྱབ་སྐྱོར་བྱེད་མཁན་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་དེ་མ་ཤེས་ཀྱང་དེ་ཙམ་གྱི་སྐྱོན་མེད་ཅིང༌། ྋརྒྱལ་བ་རིན་པོ་ཆེས་གཏན་ལ་ཕབ་པ་དང་ཡང་དག་པ་ཞིག་ཡིན་པས་དེར་རྒྱབ་སྐྱོར་ཡོད་ཅེས་བཤད་ཀྱང༌། རྒྱབ་སྐྱོར་ཚད་ལྡན་མ་བྱུང་རུང་སྐྱོན་གང་ཡང་མེད། དགག་པ་བྱེད་མཁན་གྱིས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་གནས་བབ་ཇི་ལྟ་བ་བཞིན་དུ་མ་ཤེས་ན། དགག་པ་དེ་སེམས་ཀྱི་ཚོར་སྣང་ཙམ་ལ་སོང་སྟེ། ང་ཚོ་བོད་པའི་ཤོད་སྟངས་བྱས་ན་དགའ་མིན་དགའ་དྭོགས་དང༌། ཤོག་ཁག་ཤོག་འཐེན་གྱི་དགག་པ་བྱེད་མཁན་ཞིག་ལས་ཆབ་སྲིད་ལྟ་གྲུབ་ཀྱི་ཐོག་ནས་དགག་པ་བྱེད་མཁན་ཞིག་ཆགས་མེད། དེར་བརྟེན་ཁྱེད་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་ལ་སློབ་སྦྱོང་དང་ཉམས་ཞིབ། མང་ཚོགས་ལ་གོ་རྟོགས་སྤེལ་བའི་རང་འགུལ་གྱིས་ལས་འགུལ་བརྩམས་པ་འདི་དོན་དང་ལྡན་པ་མ་ཟད། དུས་ཀྱི་དགོས་མཁོ་ཡང་ཡིན་པས། མཐར་སྐྱེལ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དེ་རིང་འདིར་ནན་པོས་ཞུ་འདོད་བྱུང༌།
ད་མཐའ་མར་ཞུ་རྒྱུ་ལ། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ནུས་པ་ཐོན་གྱི་མི་འདུག་གསུང་མཁན་དང་དགོངས་མཁན་མང་པོ་ཡོད་པར་ཐུགས་ཁག་མེད། ལོ་མང་སོང་དུས་ཐང་ཆད་ཡོད་འགྲོ ལར་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་ནུས་པ་ཐོན་དང་མ་ཐོན་ནི་སྲིད་ཇུས་གཞན་པ་ཚོ་དང་བསྡུར་ནས་གཟིགས་དགོས། སྲིད་ཇུས་གཞན་འཛིན་མཁན་ཚོ་ནུས་པ་འདི་འདྲ་ཐོན་འདུག དེས་ན་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཧ་ཅང་རྗེས་ལུས་ཐེབས་འདུག་གསུང་ན་དེ་རྒྱུ་མཚན་དང་ལྡན་པ་ཞིག་རེད། དེ་ལས་གལ་ཆེ་བ་ཞིག་ནི་ད་བར་དབུ་མའི་ལམ་གྱི་སྲིད་ཇུས་མ་བཟུང་བར་བསྡད་ན་གནས་སྟངས་གང་ཆགས་ཡོད་པ་དང༌། དབུ་མའི་ལམ་ལས་གཞན་པའི་སྲིད་ཇུས་རང་བཙན་ནམ་རང་ཐག་རང་གཅོད་ཀྱི་སྲིད་ཇུས་ཤིག་འཛིན་ནས་བསྡད་ན་ཕྱི་ལོ་ ༢༠༠༨ ལོ་འདིར་ང་ཚོའི་གནས་བབ་ག་འདྲ་ཞིག་ཆགས་ཡོད་པ། བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་གྱི་སྲིད་ཇུས་བཞག་ནས་ལམ་གཞན་ཞིག་ལ་ཕེབས་ཡོད་ན་ཕྱི་ལོ་ ༢༠༠༨ ལོར་གནས་བབ་འདི་འདྲ་ཞིག་ཆགས་ཡོད་ཅེས་ཐག་ཆོད་པོ་དང༌། ཞིབ་ཚགས་པོ། རྒྱུ་མཚན་དང་བཅས་པ། ཀུན་གྱི་བློ་ཁ་ཁེངས་པ་ཞིག་གསུང་རྒྱུ་ཡོད་ན། ང་ཚོས་དཔྱད་ཞིབ་བྱེད་པར་ཚད་དང་ལྡན་པ་དང་ཕན་ཐོགས་པ་ཞིག་ཡོང་རྒྱུ་རེད། འོན་ཀྱང་ང་ཚོའི་བསམ་པར་དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་ནུས་པ་ཐོན་པ་བཞིན་སྲིད་ཇུས་གཞན་གང་བཟུང་ཡང་ནུས་པ་ཐོན་མེད་པ་མ་ཟད། ནུས་པ་ཆེ་ཤོས་དང༌། མགྱོགས་ཤོས་ཀྱི་སྲིད་ཇུས་འདི་ལས་མེད། དེར་བརྟེན་ད་བར་ནོར་འཁྲུལ་གང་ཡང་ཕྱིན་མེད། གོམ་པ་རྣམས་ཏག་ཏག་སྤོས་ཡོད་སྙམ། དེའི་ཐོག་ཁྱེད་ཚོས་ཉམས་ཞིབ་ངེས་པར་དུ་གནང་དགོས། ང་ཚོས་ཕྱོགས་ལྷུང་བྱེད་དགོས་དོན་གང་ཡང་མེད། གལ་སྲིད་དངོས་གནས་དབུ་མའི་ལམ་གྱིས་ནུས་པ་མི་ཐོན་པ་དང༌། གཞན་ཞིག་གིས་ནུས་པ་ཐོན་པའི་ངེས་པ་རྙེད་པའི་རྒྱུ་མཚན་དང་བང་བསྒྲིགས་པའི་ལམ་ཞིག་ཡོད་ན་ཧ་ཅང་དགའ་པོ་ཡོང་བ་འདུག དཔེར་ན་སངས་རྒྱས་ཀྱི་གོ་འཕང་སྒྲུབ་མཁན་ཞིག་ཡིན་ན་ས་བཅུ་དང་ལམ་ལྔའི་རིམ་པ་ཆ་ཚང་དང་པོ་ནས་ཤེས་ཏེ་ཚོགས་ལམ་ལ་ཞུགས་པ་ཡིན་ན་སྦྱོར་ལམ་དང༌། མཐོང་ལམ། སྒོམ་ལམ་བཅས་འགྲོ་རྒྱུ་ཡོད་པའི་རིམ་པ་སྔོན་ཚུད་ནས་ཤེས་དགོས་པ་ལྟ་བུ་ཡིན། གང་ལྟར་སྲིད་ཇུས་གཞན་ཞིག་འཛིན་ན། འདི་འདྲ་གོམ་པ་བརྒྱབས་ནས་མཐར་ཐུག་གི་དམིགས་ཡུལ་དེ་སྒྲུབ་ཐུབ་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དེ་གསལ་པོ་བཟོ་དགོས་གལ་ཆེ། དེ་མིན་སེམས་ཚོར་ཙམ་ཆགས་འགྲོ དབྱིན་སྐད་ལ་ emotional ཟེར་བ་དེ་རེད། མི་ཞིག་ཡིན་དུས་སེམས་ཚོར་ཞིག་སླེབས་ཀྱང༌། དེས་གར་ཡང་སླེབས་མི་ཐུབ། སེམས་ཚོར་དེའི་ཐོག་ནས་གང་དྲན་པ་དེ་བདེན་པ་དང་ཡང་དག་པ་ཡིན་པའི་ངེས་པའང་མེད། དེ་ལས་ལྡོག་སྟེ་ཡང་དག་པ་མ་ཡིན་པའི་ཕྱོགས་སུ་འགྲོ་བ་མང་བ་ལྟ་བུ་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་མོལ་ཐེངས་དྲུག་ཟིན་ཡང༌། ཡོང་རྒྱུ་གང་ཡང་མི་འདུག་ཅེས་བཀའ་གནང་མཁན་མང་པོ་ཡོད། དེ་གང་འདྲ་བྱས་ནས་བཀའ་གནང་གི་ཡོད་དམ། དཔེར་ན་རྒྱ་དཀར་ནག་གི་ས་མཚམས་ཀྱི་སྐོར་ལ་གྲོས་མོལ་ཐེངས་ལྔ་བཅུ་དྲུག་ཅུ་ཟིན་ཞིང༌། དེ་དུས་ཀྱི་རྒྱ་གར་གྱི་སྲིད་བློན་ཨཊལ་བིཧཱརཱི་བཇཔེཡཱི་མཆོག་རྒྱ་ནག་ལ་ཕེབས་སྐབས་ས་མཚམས་ཐོག་སྐད་ཆ་བཤད་རྒྱུའི་ལམ་སྟོན་གྱི་ལྟ་གྲུབ་Directive Principles ཅིག་གཏན་འཁེལ་བ་དེའི་འོག་ལ་ཕྱོགས་གཉིས་ཀའི་གྲོས་མོལ་ཚོགས་ཆུང་བསྐོ་འཛུགས་ཀྱིས་ད་བར་གྲོས་མོལ་ཐེངས་བཅུ་ཙམ་བྱས་ཟིན། ཐེངས་རེ་རེའི་ཐག་གཅོད་ནང་ད་རེས་ང་ཚོའི་བཀའ་མོལ་དེ་ཁོར་ཡུག་བཟང་པོའི་ནང་ཧ་ཅང་གསལ་པོ་གནང་རྒྱུ་བྱུང་སོང༌། རྗེས་མ་པེ་ཅིང་ངམ་དིལླཱིར་ཟླ་ཚེས་འདི་འདྲ་ཞིག་ལ་བྱེད་རྒྱུ་ཡིན་ཞེས་དེ་འདྲ་ཞིག་མ་གཏོགས་མ་བྱུང་ཡང༌། གྲོས་མོལ་ཐེངས་བཅུ་བྱས་ཀྱང་ཡོང་རྒྱུ་མི་འདུག་ཅེས་བཞག་གི་མེད། ཕྱོགས་གཉིས་ཀ་སྟོབས་ཆེན་གྱི་རྒྱལ་ཁབ་ཡིན་རུང༌། ད་བར་གྲོས་མོལ་ཐེངས་བཅུ་བྱས་ནས་སོ་སོས་བཤད་པའི་ས་ཁྲའང་ཕར་སྤྲོད་ཚུར་ལེན་ཐུབ་ཀྱི་མེད་ཀྱང༌། གྲོས་མོལ་མུ་མཐུད་བང་བསྒྲིགས་ནས་བྱེད་རྒྱུ་ཡིན་ཤག་གནང་གི་ཡོད།
ཨི་ཛི་རལ་དང་པ་ལི་སི་ཐིན་གྱི་རྙོག་དྲྭ་ནི་བོད་པ་ལས་ཆེས་སྔ་བའི་མི་རིགས་ཀྱི་རྙོག་དྲྭ་རྙིང་པ་དེ་ད་དུང་མུ་མཐུད་འགྲོ་བཞིན་ཡོད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོས་ཇུས་གཏོགས་ཀྱིས་ཐེངས་མང་སྐད་ཆ་བཤད་ཀྱང༌། ཐག་ཆོད་ཐུབ་ཀྱི་མེད།
དེ་བཞིན་ཤྲིའལངྐཱ་དང་ཏ་མིལ་གྱི་རྙོག་དྲྭ་དང༌། རྒྱ་གར་དང་པ་ཀི་སི་ཐན་དབར་གྱི་ཀཤམཱིར་གྱི་རྙོག་དྲྭ་དེ་ཚོའང་གང་ཙམ་རྙིང་ཡང་དུས་ཚོད་རིང་པོ་འགོར་སོང་ཞེས་རྩོད་གླེང་མཚམས་བཞག་གི་མེད། གྲུབ་འབྲས་མ་ཐོན་ན་གྲུབ་འབྲས་ཐོན་གྱི་མེད་ཟེར་བ་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ཤེས་པའི་སྐད་ཆ་ཞིག་ནམ་ཡང་མིན། མི་སྒེར་གྱི་ནང་གི་ལས་ཀ་བྱེད་སྟངས་ལྟ་བུ་ཡིན་ན། ཁོའི་རྩ་ལ་ཐེངས་དྲུག་ཕྱིན་ཡང་སྤྲད་མ་བྱུང༌། ད་འགྲོ་གི་མིན་ཞེས་བཤད་ན་འོས་ཤིང་འཚམས་པ་མཐོང༌། འོན་ཀྱང་རྒྱལ་ཁབ་དང་མི་རིགས་བར་གྱི་གཏིང་ཟབ་ཀྱི་རྩོད་རྙོག་ཅིག་གི་དོན་ལ་ཐེངས་ལྔ་དྲུག་གིས་ཡིད་ཐང་ཆད་ན། ཧ་ཅང་མགྱོགས་དྲགས་པ་རེད། ལྷག་པར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཡང་ཡང་གནང་བའི་བླ་ན་མེད་པའི་ལམ་སྟོན་འགྲན་ཟླ་མེད་པ་ནི་རེ་བ་དེ་བཟང་ས་ནས་བརྒྱབ། གྲ་སྒྲིག་དེ་སྡུག་ས་ནས་བྱེད་གསུངས་པ་དེ་རེད། ྋསྐྱབས་མགོན་རིན་པོ་ཆེས་བཀའ་ཤག་ནང་ཞབས་འདེགས་ཞུ་མཁན་ཚོ་ལ་ཡང་ག་དུས་ཡིན་ནའང༌། རེ་བ་དེ་སང་ཉིན་གནངས་ཉིན་གྲུབ་འབྲས་འཐོན་རྒྱུ་དེ་འདྲ་ཞིག་ཐོག་ལ་བརྒྱབ་དགོས། གྲ་སྒྲིག་དེ་ལོ་བརྒྱ་ཕྲག་འགོར་ཡང་ང་ཚོའི་འཐབ་རྩོད་དེ་མི་རབས་ནས་མི་རབས་བརྒྱུད་མུ་མཐུད་དེ་འགྲོ་ཐུབ་པ་ཞིག་གི་བང་བསྒྲིག་དགོས་ཞེས་བཀའ་གནང་བ་དེ་ནི་རླབས་ཆེན་གྱི་ལམ་སྟོན་ཞིག་རེད།
ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་འབྱོར་དུས་འགོར་ན་ཟླ་བ་ལྔ་དྲུག་ལོ་གཅིག་གཉིས་དང༌། མང་ན་ལོ་བཅུ།དེ་ནས་ཕར་ལོག་རྒྱུའི་བསམ་བློ་གཏོང་བ་མ་གཏོགས། དེ་ནི་རྙོག་དྲྭ་ཧ་ཅང་གཏིང་ཟབ་པོ་དང༌། དུས་ཚོད་མང་པོ་འགོར་བའི་བསམ་བློ་སུ་ལའང་འཁོར་མྱོང་མེད། སྐབས་དེ་དུས་བཀའ་བློན་རྣམ་པ་ལའང་འཁོར་མི་འདུག གྲྭ་ཚང་ཁང་ཚན་དེ་ཚོས་ཐབ་ཀྱང་བརྟན་པོ་མ་བརྒྱབས་པར་འཕྲལ་སེལ་གྱིས་སོ་ཕག་གསུམ་བཙུགས་ནས་བསྡད་པ་དང༌། དེ་དུས་ཀྱི་ཌ་ལ་ཧོ་སིའི་ས་གནས་འགོ་འཛིན་ཀུན་བདེ་གླིང་ཛ་སག་གིས་རྒྱུད་སྨད་གྲྭ་ཚང་ལ་གྲྭ་པ་མང་པོར་གསོལ་ཚིགས་བཟོ་དགོས་པས་ཐབ་འདི་ལས་ཡག་ཙམ་བརྒྱབ་དགོས། སང་ཉིན་འཐོན་མཁན་ལྟ་བུ་བྱས་ནས་ཁུངས་མི་འཁྱོལ་ཞེས་བརྗོད་སྐབས། གྲྭ་པ་ཚང་མས་ཁོ་རྦད་དེ་སྡོད་མཁན་རེད་འདུག བོད་ལ་ལོག་རྒྱུའི་བསམ་བློ་མི་འདུག་ཅེས་ཁ་བཏང་འདུག དེ་དུས་ང་ཚོའི་བསམ་བློ་གཏོང་སྟངས་དེ་འདྲ་ཞིག་རེད། འོན་ཀྱང་ྋསྐྱབས་མགོན་རིན་པོ་ཆེ་སྐུ་རྐྱང་ལ་དགོངས་པ་དེ་འཁོར་ནས་ཕུགས་རྒྱང་རིང་པོར་དགོངས་བཞེས་ཀྱིས་ཟུར་དུ་སློབ་གྲྭ་དང༌། གཞིས་ཆགས་ཁག་བཙུགས་གནང་བ་མ་ཟད། དཔལ་འབྱོར་གྱི་ཐོག་ནས་རང་རྐྱ་འཕེར་བ་ཡོང་ཐབས་ལ་ག་འདྲ་དགོངས་པ་རླབས་ཆེན་བཞེས་འདུག སྐབས་དེ་དུས་གཞིས་ཆགས་ཁག་བཟོས་གནང་མེད་ན། ད་ལྟ་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་ནང་བརླགས་ཟིན། གལ་ཏེ་སང་ཉིན་གནངས་ཉིན་ལོག་པའི་བསམ་བློ་བཏང་ནས་བསྡད་ཡོད་ན་ད་ལྟ་ང་ཚོ་བཟོ་ཐབས་མེད་པའི་དཀའ་ངལ་ནང་ལྷུང་ཟིན།
མི་ས་མ་རི་དང་སྦག་སར་ཡོད་པའི་སྐྱབས་བཅོལ་བ་ཚང་མ་དང་པོ་ཅམ་བཱ་དང༌། ཀུ་ལུ། སྒང་ཏོག་སོགས་ལ་ལམ་བཟོར་བཏང་ཞིང༌། ལམ་བཟོ་མ་གཏོགས་ལམ་སེང་བྱེད་ཆོག་ལས་ཀ་གཞན་གང་ཡང་མེད། དེ་ནས་བརྟན་ལྷིང་གི་གཞིས་ཆགས་ཁག་གི་བང་ཞིག་བསྒྲིག་མེད་ན། ལམ་བཟོ་གཅིག་པུས་ཁུངས་འཁྱོལ་ཐབས་མེད། ལམ་བཟོས་ཚར་ན་ཚང་མ་འཐོར་འགྲོ་རྒྱུ་རེད། ཐོར་ན་གཞིས་ཆགས་དང་སློབ་གྲྭ་ཡོང་ཐབས་མེད་ལ། མི་རིགས་ཀྱི་འཐབ་རྩོད་འདི་མི་མང་གིས་གཞི་རྟེན་ཡང་བྱེད་མི་ཐུབ། དེ་འདྲ་མི་ཡོང་བར་སྐྱབས་བཅོལ་ནང་རྒྱུན་རིང་བསྡད་དགོས་ཡོང་སྲིད་པ་འདི་གསལ་པོ་ཞིག་ྋསྐྱབས་མགོན་རིན་པོ་ཆེས་དགོངས་པ་འཁོར་ཐུབ་པ་དེའི་དབང་གིས་ད་ལྟ་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཟེར་དུས་བཙན་བྱོལ་སྤྱི་ཚོགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་གི་གནས་བབ་ཐོབ་སྟེ། མི་རབས་གསུམ་པ་འཚར་ལོངས་བྱུང་ཡང་རང་གི་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་འཛིན་སྐྱོང་ཐུབ་པ་བྱུང༌།དེར་བརྟེན་ང་ཚོས་རེ་ཐག་ཉེ་པོ་དང་ལམ་སེང་ཐང་ཆད་ཆོག་ཆོག་མ་ཡིན་པར། རེ་བ་བཟང་ས་དང༌། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་དང༌། ད་དུང་ཡང་ང་ཚོ་བོད་པའི་འཐབ་རྩོད་དེ་ལོ་བརྒྱ་ཕྲག་ཁ་ཤས་གནས་ནའང་བོད་དོན་བདེན་མཐའ་མ་གསལ་བར་དང༌། རང་སྲིད་རང་སྐྱོང་གི་གནས་བབ་ཡོངས་རྫོགས་བོད་རིགས་ཡོངས་རྫོགས་ལ་མ་ཐོབ་བར་མི་རབས་ནས་མི་རབས་བརྒྱུད་མུ་མཐུད་འབད་བརྩོན་དང༌། ཕུགས་གཏན་འཁེལ་བའི་ཕུགས་རྒྱང་རིང་པོའི་འཆར་གཞི་ཡོད་དགོས་པ་དེ་ཧ་ཅང་གལ་ཆེ། དེ་འདྲའི་འཆར་གཞི་ཡོད་ན། སང་ཉིན་བོད་ལ་ལོག་རྒྱུ་བྱུང་ཡང་སྐྱོན་གང་ཡང་མེད། དེ་འདྲའི་འཆར་གཞི་མེད་ན་སང་ཉིན་བོད་ལ་ལོག་མ་ཐུབ་པ་བྱུང་ཚེ་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་རེད། ཕུགས་རྒྱང་རིང་པོའི་འཆར་གཞི་བསྒྲིག་རྒྱུ་དེས་བོད་ལ་ལོག་རྒྱུའི་བསམ་བློ་མི་འདུག་ཅེས་བཤད་ན། ཆོ་མེད་ཀྱི་སྐད་ཆ་ཞིག་ལས་སྙིང་པོ་གང་འདུག རྒྱལ་བ་འབྲོམ་སྟོན་པས་སྐད་ཅིག་ཕྱི་མ་ལས་སྔ་མ་གདམ་དགོས་ཞེས་གསུངས་པ་བཞིན་བོད་ལ་ལོག་རྒྱུའི་གོ་སྐབས་དེ་ཆུ་ཚོད་སྐར་མ་གཅིག་ཡིན་ཡང་སྔོན་མ་གདམ་དགོས་པ་དེ་བཤད་མ་དགོས། ག་ཚོད་མགྱོགས་པ་བོད་དོན་བདེན་མཐའ་གསལ་བ་ཡིན་ན་དེ་ཚོད་ཀྱིས་རྒྱ་བོད་གཉིས་ཀར་ཕན་ཐོགས་ཡོད་ངེས་རེད། ཡིན་ནའང་གལ་སྲིད་སང་ཉིན་ལོག་མ་ཐུབ་ན་སང་ཉིན་གྱི་སྡོད་ལུགས་སྡོད་སྟངས་དང༌། སང་ཉིན་ང་ཚོས་འཐབ་རྩོད་དེ་མུ་མཐུད་ནས་འཁྱེར་སྟངས་བཅས་དབུ་མའི་ལམ་དང་འཚེ་མེད་ཞི་བའི་སྲིད་ཇུས་དང་མཉམ་དུ་ཕུགས་ཐག་རིང་པོའི་བང་ཞིག་བསྒྲིག་དགོས་པ་གལ་ཆེན་ཡིན་པ་དེ་ཞུ་འདོད་བྱུང༌།
དེ་བཞིན་བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། བོད་དོན་བདེན་མཐའ་གསལ་ཐབས། བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་ཡོང་བའི་ལས་འགུལ་འདིའི་ནང་འཛུགས་སྐྲུན་གྱི་ལས་རིམ་དེ་རྩ་བ་ནས་མ་ཤེས་པ་ལྟ་བུ་འདུག འདི་མི་མང་རང་འགུལ་གྱི་ལས་འགུལ་ཞིག་ཡིན་ཙང་ཁྱེད་ཚོས་འཛུགས་སྐྲུན་གྱི་ལས་རིམ་མང་པོ་ཞིག་བསམ་བློ་གཏོང་དགོས་པ་གལ་ཆེ། སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་རིམ་ཟེར་བ་དེ་ང་ཚོ་བོད་པའི་ནང་ཚིག་གསར་པ་ཞིག་རེད། བདག་ཉིད་ཆེན་པོ་གཱནྡཱིས་འདིའི་མིང་ལ་རཅནཱཏ྄མཀ་ཀཱརྱཀྲམ་ Constructive programཞེས་བཏགས་ཡོད། བོད་སྐད་ལ་འཛུགས་སྐྲུན་གྱི་ལས་རིམ་ཟེར་དུས་བཟོ་གྲྭ་འཛུགས་མཁན་ནམ། ཁང་པ་རྒྱག་པ་ལྟ་བུ་ཞིག་གོ་སྲིད་ཀྱང༌། དེ་ནི་སྤྱི་ཚོགས་དང་མི་རིགས་བརྟན་པོ་གནས་ཐུབ་ཆེད་རྩ་བའི་འཐབ་རྩོད་ཀྱི་རྒྱབ་ལྗོངས་དང་ཡན་ལག་ཏུ་གྱུར་པ་ཞིག་ཡིན། བདག་ཉིད་ཆེན་པོ་གཱནྡཱིས་རྒྱ་གར་རང་བཙན་རྩོད་ལེན་སྐབས་རང་བཙན་རྩོད་ལེན་གྱི་ལས་འགུལ་ལས་སྤྱི་ཚོགས་འཛུགས་སྐྲུན་གྱི་ལས་རིམ་དེ་གལ་ཆེ་བར་བརྩི་ཞིང༌། དབྱིན་ཇིའི་གཞུང་ལ་ངོ་རྒོལ་བྱེད་རྒྱུ་ཉིན་གཅིག་རྗེས་ལུས་ཐེབས་ཀྱང་ཧ་ཅང་ཕན་གནོད་འགྲོ་རྒྱུ་གང་ཡང་མེད། ནང་གི་འཛུགས་སྐྲུན་གྱི་ལས་རིམ་དེ་ཉིན་གཅིག་རྗེས་ལུས་ཐེབས་ནའང་གྱོང་ཆེན་པོ་རག་ཅེས་གསུངས་ཡོད། གཱནྡཱིས་ཕྱི་ལོ་ ༡༩༤༡ ལོར་བརྩམས་པའི་འཛུགས་སྐྲུན་གྱི་ལས་རིམ་དེར་རང་བཙན་ཆ་ཚང་འཛུགས་སྐྲུན་གྱི་ལས་རིམ་Complete independence constructive programཞེས་བཏགས་ཡོད། དེའི་ནང་
༡ ཆོས་ལུགས་ཕན་ཚུན་དབར་མཐུན་ལམ་དགོས་པ་དེ་དང་པོ་རེད། གཱནྡཱིས་རྒྱ་གར་ནང་ཧིནྡཱུ་དང་ཁ་ཆེའི་བར་གྱི་རྩོད་རྙོག་དེ་རྒྱ་གར་རང་བཙན་རྩོད་ལེན་གྱི་ཞན་ཆ་ཆེ་ཤོས་ཤིག་ལ་གཟིགས་ཏེ་ཆོས་ལུགས་ནང་ཁུལ་མཐུན་འབྲེལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་གནང་བ་རེད།
༢ རིགས་དམན་པ་ལ་ལག་པ་འཆང་བ་དང༌། རིགས་དམན་པ་དང་མཉམ་དུ་ཟས་བཟའ་ན་མི་འགྲིགས་ཞེས་རིགས་ཀྱི་ཁྱད་པར་ཆེ་བའི་ལུགས་སྲོལ་མེད་པ་བཟོ་རྒྱུ།
༣ སྤྱི་ཚོགས་ནང་ཆང་རག་དང་མྱོས་འགྱུར་གྱི་བཟའ་བཏུང་བཀག་རྒྱུ།
༤ སོ་སོའི་འཐོན་ཁུངས་བེད་སྤྱོད་དང༌། རང་ཡུལ་གྱི་མཐུན་རྐྱེན་ལ་རང་གིས་བེད་སྤྱོད་བྱེད་རྒྱུ།
༥ གྲོང་གསེབ་ཁག་གི་སྲོལ་རྒྱུན་གྱི་བཟོ་ལས་ཆུང་ཙག་རྣམས་མ་ཉམས་པར་རྒྱུན་འཛིན་བྱེད་རྒྱུ།
༦ གྲོང་གསེབ་ཀྱི་གསང་སྤྱོད་དང༌། ཁྲུས་ཁང༌། ཉེ་འཁོར་བཅས་གཙང་ཉར་བྱ་རྒྱུ།
༧ གཞི་རིམ་ཤེས་ཡོན་གྱི་ཐབས་ཇུས་གསར་པ། དབྱིན་ཇིའི་གཞི་རིམ་ཤེས་ཡོན་གྱི་སྲིད་ཇུས་འོག་མ་ཕྱིན་པར་གཱནྡཱི་རང་གི་གཞི་རིམ་ཤེས་ཡོན་གྱི་སྲིད་ཇུས་ཡོད། ང་ཚོ་ལའང་གཞི་རིམ་གྱི་ཤེས་ཡོན་སྲིད་ཇུས་ཡོད་མུས་རེད།
༨ མི་རྒས་འཁོགས་འབྲི་ཀློག་མི་ཤེས་པར་འབྲི་ཀློག་བསླབ་རྒྱུ།
༩ བུད་མེད་རྣམས་ལས་འགུལ་ནང་མཉམ་ཞུགས་འཇུག་རྒྱུ། དེ་ལས་བུད་མེད་ཚོའི་སྟོབས་ཤུགས་སྤེལ་རྒྱུ་དང་མཉམ་དུ་ཡོང་ཐུབ་པ་བཟོ་རྒྱུ།
༡༠ གྲོང་གསེབ་ཀྱི་མི་ཚང་མའི་ལུས་པོ་བདེ་ཐང་ཡོང་ཆེད་གཙང་སྦྲ་འཕྲོད་བསྟེན་ཐོག་སློབ་སྦྱོང་སྤྲད་རྒྱུ།
༡༡ ས་གནས་སོ་སོའི་སྐད་ཡིག་ཡར་རྒྱས་དང་འཛིན་སྐྱོང་བྱེད་རྒྱུ།
༡༢ ཧིནྡཱིའི་སྐད་རྒྱ་གར་རྒྱལ་ཡོངས་ཀྱི་སྐད་ལ་བཟོ་བའི་འབད་བརྩོན་གནང་རྒྱུ།
༡༣ གྲོང་གསེབ་དང་གྲོང་ཁྱེར་གྱི་དབུལ་ཕྱུག་བར་དབྱེ་བ་མེད་པར་དཔལ་འབྱོར་འདྲ་མཉམ་ཡོང་ཐབས་བྱ་རྒྱུ།
༡༤ ཞིང་པའི་ཞིང་ལས་ཡར་རྒྱས་གཏོང་རྒྱུ་དང་ཞིང་པའི་བདེ་སྡུག་ལ་ལྟ་སྐྱོང་བྱ་རྒྱུ།
༡༥ ས་ཞིང་མེད་མཁན་གྱི་ལས་མི་དཔེར་ན་ཨར་པོ་རྒྱག་མཁན་དང༌། དོ་པོ་དབོར་མཁན་ཚོའི་སྒྲིག་འཛུགས་བཟོ་རྒྱུ་དང༌། དེ་ཚོའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ།
༡༦ གདོད་མའི་མི་རིགས་ཀློ་པ་དེ་དག་གི་སྒྲིག་འཛུགས་བཟོ་རྒྱུ་དང་སློབ་སྦྱོང་སྤྲད་རྒྱུ། རྒྱ་གར་ནང་ལ་ད་ལྟའང་ཀློ་པ་ཧ་ཅང་མང་པོ་ཡོད།
༡༧ མཛེ་ནད་ལ་དམིགས་བསལ་སྨན་བཅོས་དང་ལྟ་སྐྱོང་བྱེད་རྒྱུ། དེ་དུས་རྒྱ་གར་ནང་མཛེ་ནད་ཤུགས་ཆེ་བའི་སྐབས་རེད།
༡༨ སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ་དང་ཆབ་སྲིད་ཀྱི་ལྟ་གྲུབ་ནང་ཞུགས་སུ་འཇུག་རྒྱུ་བཅས་རེད།
དེ་འདྲའི་དོན་ཚན་བཅོ་བརྒྱད་ཡོད་པའི་ལས་རིམ་ཞིག་གཏོད་གནང་ཡོད། ཧོབ་སྟེ་བལྟས་ན་ལས་རིམ་དེ་ཚོ་རྒྱ་གར་རང་བཙན་དང་འབྲེལ་བ་གང་ཡོད་དམ་བསམ་སྲིད། དེ་ཚོ་ཚང་མ་སྤྱི་ཚོགས་ཞབས་ཞུའི་ལས་དོན་མ་གཏོགས་ཆབ་སྲིད་དང་འབྲེལ་བ་མི་འདུག་ཅེས་ལབ་མཁན་མང་པོ་བྱུང་ཡོད། བདག་ཉིད་ཆེན་པོ་གཱནྡཱིས་ཆབ་སྲིད་ཀྱི་ལས་དོན་ངོ་མ་ནི་འཛུགས་སྐྲུན་གྱི་ལས་དོན་དེ་ཚོ་ཡིན་པ་དང༌། དབང་འཛིན་པའི་མཉམ་དུ་འཐབ་རྩོད་བྱེད་རྒྱུ་དེ་ལས་དོན་གཉིས་པ་རེད། རང་བཙན་ཐོབ་ཀྱང་རང་བཙན་བེད་སྤྱོད་བྱེད་མཁན་གྱི་སྤྱི་ཚོགས་འདི་སྲ་བརྟན་ཞིག་མེད་ན་ཕན་ཐོགས་གང་ཡང་མེད་ཅེས་གསུངས་ཡོད། དངོས་གནས་གཱནྡཱིའི་འཛུགས་སྐྲུན་གྱི་ལས་འགུལ་དེ་ཚོའི་ཐོག་ནས་དབྱིན་ཇིའི་གཞུང་ལ་གནོན་ཤུགས་བསམ་ཡུལ་ལས་འདས་པ་ཐེབས་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ནང་རྩ་དོན་གྱི་ལས་ཀ་བྱེད་དགོས་ཞེས་བརྗོད་དུས་རྔམས་སྟོན་ཁྲོམ་སྐོར་དང༌། ཟས་བཅད་ངོ་རྒོལ། གསར་འགོད་གསལ་བསྒྲགས་ཙམ་མ་གཏོགས། དེ་ལས་གཞན་པའི་ཉིན་རེ་ཉིན་རེའི་མི་ཚེའི་འཚོ་བའི་ནང་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་བྱེད་རྒྱུ་ཡོད་པ་དེ་ངོས་མ་ཟིན་པའི་དཀའ་ངལ་མང་པོ་འཕྲད་ཀྱི་འདུག ཕྱི་ལོ་ ༢༠༠༧ གི་འཁྲུངས་ལྷ་དབྱར་གསོལ་གྱི་བཀའ་ཤག་གི་གཏམ་བཤད་ནང་ང་ཚོས་བྱེད་ཐུབ་པའི་ལས་འགུལ་གང་དང་གང་ཡོད་དཔེ་མཚོན་དང་བཅས་འབོད་བསྐུལ་ཞུས་ཡོད། དེ་ཚོ་ཐག་ཆོད་པ་མིན་པར་དཔེ་མཚོན་བསྟན་པ་ཙམ་རེད། དེ་ཚོའི་ཐོག་ས་གནས་སོ་སོའི་མི་མང་རྣམས་ཀྱིས་རང་ངོས་ནས་གང་བྱེད་རྒྱུ་ཡོད་པ་རྣམས་དགོངས་པ་བཞེས་དགོས་པ་དང༌། བང་བསྒྲིག་དགོས། ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་ང་ཚོ་རྒྱ་གར་དུ་སྐྱབས་བཅོལ་ལ་སླེབས་ནས་ལོ་གཅིག་མ་གཏོགས་ཕྱིན་མེད། སྐབས་དེར་ྋསྐྱབས་མགོན་རིན་པོ་ཆེ་ཌ་ལ་ཧོ་སི་ལ་ཆིབས་བསྒྱུར་གྱིས་བཀའ་སློབ་ནང་བོད་མི་གཅིག་གིས་ཁྲུས་ཡག་པོ་ཞིག་བརྒྱབ། གོས་གཙང་མ་ཞིག་གྱོན་ནའང་བོད་ཀྱི་རྩ་དོན་ལ་ཕན་གྱི་རེད་ཅེས་བཀའ་གནང་ཡོད། དེ་ནི་གཱནྡཱིའི་གཙང་སྦྲ་འཕྲོད་བསྟེན་གྱི་ལས་འགུལ་དང་གཅིག་མཚུངས་ལྟ་བུ་རེད། དེ་ཚོ་རྩ་དོན་དང་འབྲེལ་བ་ཡོད་པ་མ་ཤེས་ན། རང་གི་མི་ཚེའི་ལས་དོན་ཧ་ཅང་མང་པོ་ཞིག་སྒེར་དོན་མ་གཏོགས་བོད་ཀྱི་རྩ་དོན་མིན་པའི་བཟོ་འདྲ་ཆགས་ཀྱི་རེད། ཉིན་ཞག་ཕྲུགས་གཅིག་གི་ནང་ཚོང་པ་ཡིན་ན་ཚོང་རྒྱག་སྟངས་དང༌། བཟོ་པ་ཡིན་ན་བཟོ་བྱེད་སྟངས། ཞིང་པ་ཡིན་ན་ས་ཞིང་འདེབས་སྟངས་དེ་ཚོ་ཡན་ཆད་ནས་རྩ་དོན་དང་འབྲེལ་བ་ཡོད་པའི་གནད་འགག་དེ་ཤེས་ནས་འཛུགས་སྐྲུན་གྱི་ལས་དོན་ཐོག་ཅི་ཐུབ་ཀྱིས་ཞུགས་དགོས་པ་ནི་ཧ་ཅང་གལ་ཆེ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་དག་བསམ་འཆར་གྱི་ཚུལ་དུ་མདོར་བསྡུས་ཤིག་ཁྱེད་ཚོར་ཞུས་ན་བསམ་བྱུང༌། ད་དུས་ཚོད་རིང་པོ་ཕྱིན་འདུག སྤྱིར་བཏང་ཁྱེད་ཚོའི་ལས་འགུལ་འདི་བོད་པའི་ལས་འགུལ་གཞན་བཞིན་དུས་ཚོད་རིང་པོ་འགྲོ་དུས་ཐང་ཆད་ནས་ཡལ་འགྲོ་བ་ཞིག་མིན་པར་གོང་ནས་གོང་དུ་དང་རྒྱུན་མཐུད་ཐུབ་པ་ཡོང་བའི་རེ་འདུན་ཞུ་གི་ཡོད། ཐུགས་རྗེ་ཆེ།།

༢༠༠༨ ཕྱི་ཟླ་ ༢ ཚེས་ ༡༥ ཉིན་མི་མང་གི་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་གོ་སྒྲིག་འོག་དྷ་ས་ཡོངས་གླིང་ཚོགས་ཁང་དུ་
དབུ་མའི་ལམ་གྱི་ཐོག་གནང་བའི་གསུང་བཤད།