ཡོ་རོབ་རྒྱལ་ཁབ་གསུམ་ནང་འཚམས་གཟིགས་བསྐྱངས་པ།

༄༅། ། ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་མངའ་སྡེ་ཆེན་པོའི་སྲིད་སྐྱོང་མཆོག་དང༌། རང་གཞུང་སུད་སི་སྐུ་ཚབ་དོན་གཅོད་ཁང༌། ཡོ་རོབ་རྒྱལ་ཁབ་གསུམ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་གདན་ཞུ་མགྲོན་འབོད་ཞུས་པ་བཞིན་རང་གཞུང་བཀའ་བློན་ཁྲི་པ་དང་བདེ་དྲིལ་བཀའ་བློན་གཅིག་ལྕོགས་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ཕྱི་ཟླ་ ༥ ཚེས་ ༢ ནས་ཕྱི་ཚེས་ ༡༡ བར་སུད་སི་དང༌། ཨི་ཊ་ལི། ཇར་མ་ནི་བཅས་རྒྱལ་ཁབ་གསུམ་ནང་འཚམས་འདྲིར་ཕེབས་ནས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་དང༌། གྲོས་ཚོགས་དབུ་ཁྲིད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འགན་ཁུར་བ། རང་རིགས་མི་མང༌། གསར་འགྱུར་ལས་རིགས་པ་སོགས་ཁག་མང་པོར་མཇལ་འཕྲད་གནང་སྟེ་བོད་དོན་རྒྱབ་སྐྱོར་གྱི་བདེན་རྒྱབ་སྐུལ་འདེབས་སོགས་འཚམས་འདྲིའི་གནང་སྒོ་ཁག་ཕུན་སུམ་ཚོགས་པོའི་ལེགས་གྲུབ་ཟིན་ནས་ཕྱི་ཚེས་ ༡༢ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གྲུབ།

ཕྱི་ཚེས་ ༢ ཉིན་བཀའ་བློན་ཁྲི་པ་མཆོག་རྒྱ་གར་ནས་སུད་སི་ཛུ་རིཀ་གནམ་ཐང་དུ་ཕེབས་འབྱོར་གནང་སྐབས་སུད་སིར་གནས་བཞུགས་རང་གཞུང་སྐུ་ཚབ་དོན་གཅོད་མཆོད་སྐྱབས་པ་འཆི་མེད་རིག་འཛིན་ལགས་དང༌། ཡོ་རོབ་བོད་མི་མང་སྤྱི་འཐུས་ཚེ་རིང་རྡོ་རྗེ་ལགས། སུད་སི་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དཔལ་ཚེ་རིང་ལགས། རི་ཀོན་དགོན་གྱི་མཁན་ལས་དང༌། ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ནས་གནམ་ཐང་དུ་བསུ་བ་ཟབ་རྒྱས་ཞུས་ཡོད་པ་རེད། སྐུ་ངལ་འཁྱུག་ཙམ་གནང་རྗེས་སུད་སི་རང་གཞུང་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ལྷན་དུ་རྒྱལ་ས་སྦན་དུ་སུད་སི་ཕྱི་སྲིད་ལས་ཁུངས་གཞུང་ལས་ཁང་དུ་ཕེབས་ནས་ཕྱི་སྲིད་ལས་ཁུངས་ཆབ་སྲིད་སྡེ་ཚན་གྱི་གཙོ་འཛིན་སྐུ་ཞབས་པི་ཊར་མོ་རིར་མཆོག་ནས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ལ་མཛའ་བརྩེ་ལྷག་བསམ་ཟོལ་མེད་ཀྱིས་གུས་བསུ་གནང་སྟེ་སུད་སི་རྒྱལ་ཁབ་ནང་ཕེབས་པར་དགའ་བསུ་ཆེན་པོ་གནང་བ་དང༌། མགྲོན་སྦྱིན་གཉིས་བར་སུད་བོད་ཀྱི་མཛའ་འབྲེལ་གོང་འཕེལ་དང༌། བོད་དོན་ཐད་དོན་ཕན་ལྡན་པའི་རྒྱབ་སྐྱོར་གནང་སྒོའི་སྐོར་དུས་ཡུན་སྐར་མ་ ༤༥ ལྷག་ཙམ་རིང་མཇལ་མོལ་ལྷུག་པར་གནང་ཡོད། བཀའ་བློན་ཁྲི་པ་མཆོག་གིས་སུད་སི་རྒྱལ་ཁབ་དང༌། སྲིད་གཞུང་གི་དབུ་ཁྲིད་རྣམ་པ་དང༌། རྒྱ་ཆེའི་མི་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་གནང་སྟེ་སུད་སིའི་ནང་བོད་མི་མང་པོ་ཞིག་རང་ཡུལ་གཉིས་པ་ལྟར་བོད་སྤྱི་པའི་སྒྲིག་འཛུགས་དང༌། བོད་མིའི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐུབ་པའི་མཐུན་འགྱུར་ཆེན་པོ་གནང་བ་དང༌། ལྷག་པར་བོད་རྒྱ་གཉིས་བར་གཉིས་སྨན་དབུ་མའི་ལམ་ལ་བརྟེན་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་དང༌། བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས། ལྷག་པར་བར་སྐབས་བོད་ཀྱི་གྲགས་ཅན་ཆབ་སྲིད་བཙོན་པ་འགའ་ཞིག་སྲོག་སྐྱོབ་དང་གློད་གྲོལ་ཐོག་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་སོགས་ལ་བོད་གཞུང་མང་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་པ་དང༌། ཡང་བཀའ་ཁྲི་མཆོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་པ་ལྟར་བོད་རྒྱ་གཉིས་ཀྱི་རྩོད་རྙོག་ཞི་བ་ཆབ་སྲིད་ཀྱི་གྲོས་མོལ་བྱས་པ་བརྒྱུད་བོད་དོན་དཀའ་རྙོག་སེལ་ཐབས་སུ་སྔ་ལོ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་ཚོགས་པ་བོད་དང་རྒྱ་ནག་ཏུ་ཆེད་གཏོང་གནང་བའི་གནས་ཚུལ་དང༌། བོད་རྒྱའི་བར་བསྐྱར་མཐུད་བྱུང་བའི་འབྲེལ་ལམ་དེ་དག་སྐྱོན་བྲལ་ཡར་རྒྱས་བཏང་ནས་བོད་དོན་གྱི་རྩ་དོན་བསྒྲུབ་བྱ་མངོན་འགྱུར་ཡོང་ཐབས་སུ་བཙན་བྱཽལ་བོད་གཞུང་མང་ནས་བོད་དང༌། རྒྱ་ནག་རྒྱལ་སྤྱིའི་སྤྱི་ཚོགས་བཅས་པའི་ནང་བོད་མིའི་ཆབ་སྲིད་ལངས་ཕྱོགས་ཀྱི་ངོས་འཛིན་གསལ་སྟོན་དང༌། བོད་རྒྱ་ཕན་ཚུན་ཡིད་ཆེས་ཀྱི་ཆབ་སྲིད་ཁོར་ཡུག་བཟང་པོ་ཞིག་སྐྲུན་བཞིན་པའི་གནད་དོན་སྐོར་ངོ་སྤྲོད་གནང་བར་བོད་ཕྱོགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བཞེངས་ཕྱོགས་ལ་ཁོང་ཉིད་སེམས་འགུལ་ཆེན་པོ་བྱུང་ཡོད་པ་རེད། སུད་སི་གཞུང་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་དང༌། ཨ་རི་གཞུང་དང༌། ཡོ་རོབ་རྒྱལ་ཁབ་ཁག་མཉམ་སྦྲེལ་གྱིས་བོད་རྒྱ་དོན་ཕན་ལྡན་པའི་ཞི་མོལ་དང༌། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཡོང་ཐབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་བཟང་པོ་སྲ་བརྟན་གོང་འཕེལ་གྱི་ལས་འཆར་གོ་སྒྲིག་དང་མཐུན་འགྱུར་གནང་རྒྱུ། གཞིས་བྱེས་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང༌། མི་མང་བདེ་དོན་ཐོག་མཐུན་འགྱུར་གནང་རྒྱུ་སོགས་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་ཞལ་བཞེས་ཆེན་པོ་གནང་ཡོད་པ་དང༌། བཀའ་ཁྲི་མཆོག་ཀྱང་སུད་སི་རྒྱལ་ཁབ་ནང་ཡང་ཡང་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་གནང་བ་བཅས་མཇལ་འཕྲད་དོན་སྙིང་ལྡན་པ་བྱུང་ཡོད་པ་རེད།

ཕྱི་ཚེས་ ༣ ཉིན་ཛུ་རིཀ་གྲོང་ཁྱེར་གྱི་ཉེ་འདབས་གྲགས་ཅན་ཚོགས་ཁང་ཞིག་ཏུ་སུད་སི་བོད་རིགས་མི་མང་ནས་བཀའ་བློན་ཁྲི་པ་མཆོག་ལ་དགའ་བསུའི་སྣེ་ལེན་གྱི་ཉིན་གུང་གསོལ་སྟོན་རྒྱ་ཆེ་ཞིག་འདེགས་འབུལ་ཞུས་པ་དང༌། བོད་རིགས་ཚོགས་པ་ཁག་གི་འགན་ཁུར་བ་དང༌། བཙོན་པ་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་སོགས་རང་རིགས་འགོ་མང་ཡོངས་ནས་བཀའ་ཁྲི་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་སུད་སི་རང་རིགས་མི་མང་རྣམས་ནས་བོད་སྤྱི་པའི་སྒྲིག་འཛུགས་གནས་སྟངས་དང༌། རང་དབང་རྩོད་ལེན་གྱི་ཆབ་སྲིད་ལས་འགུལ། བོད་ཀྱི་ཆོས་དང་རིག་གཞུང་གོམས་སྲོལ་བཟང་པོ་མི་ཉམས་གཅེས་འཛིན་གྱི་གནས་སྟངས། དངོས་པོའི་བྱ་གཞག་གོང་འཕེལ་གྱི་གནས་ཚུལ་བཅས་སྙན་གསན་ཞུས་ཡོད་པ་རེད། བཀའ་བློན་ཁྲི་པ་མཆོག་ནས་དེར་འདུས་རང་རིགས་འགོ་མང་སེར་སྐྱ་བདུན་བརྒྱ་བརྒལ་བར་རང་གཞུང་བཀའ་ཤག་གི་འཚམས་འདྲི་གནང་བ་དང་སྦྲགས་མི་མང་ནས་ཐད་ཀར་འོས་འདེམས་གནང་བའི་སྐབས་བཅུ་གཉིས་པའི་བཀའ་ཤག་ཐུན་མོང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང༌། འཛིན་སྐྱོང་ལས་དོན་གྱི་གཞི་རིམ་ལྟ་གྲུབ་ཏུ་བཟུང་ནས་གཙོ་བོ་བོད་ཀྱི་བདེན་མཐའ་གསལ་ཐབས་བོད་རྒྱ་གཉིས་གང་མྱུར་ཐད་ཀའི་གྲོས་མོལ་ལ་བརྟེན་ནས་བོད་ཀྱི་དཀའ་རྙོག་མཐར་ཕྱིན་པ་སེལ་ཆེད་རྒྱ་གཞུང་དང་བར་སྐབས་འབྲེལ་ལམ་བསྐྱར་མཐུད་གནང་བའི་གནས་ཚུལ་དང༌། བོད་རྒྱའི་འབྲེལ་ལམ་དེ་དག་དོན་སྨིན་ལྡན་པའི་ཡར་རྒྱས་ཡོང་ཐབས་སུ་བོད་ཕྱོགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བཞེངས་ཕྱོགས་རྣམས་རྒྱ་ནག་དང༌། རྒྱལ་སྤྱི། རང་རིགས་མི་མང་བཅས་པའི་ནང་གོ་རྟོགས་གོང་སྤེལ་གྱི་ཕྱི་འབྲེལ་ཐབས་བྱུས་ཀྱི་གོམས་སྟབས་གསུམ་གྱི་མཛད་ཕྱོགས་སྐོར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆབ་སྲིད་དང༌། འཛིན་སྐྱོང་ལས་དོན་ཐོག་དུས་གསུམ་གསལ་གཟིགས་ཀྱིས་ལམ་སྟོན་གནང་བ་ཁག་བཀའ་ཤག་ནས་རང་གཞུང་གི་ཉིན་རེའི་ལས་དོན་ཕྱག་ལེན་གྱི་གྲོས་རིམ་ནང་གཏན་འབེབས་དང་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་ཞིང༌། གྲོས་ཚོགས་ཀྱི་བཀའ་ཁྲོལ་གཏན་འབེབས་གནང་བ་བརྒྱུད་བར་སྐབས་བཙན་བྱོལ་བོད་མིའི་དཔལ་འབྱོར་འདུ་འགོད་ཀྱི་ལམ་སྲོལ་དང༌། གཞིས་ཆགས་ཁག་གི་གནས་སྟངས་བརྟན་ལྷིང་སྲ་བརྟན་ཐོག་གཞི་རིམ་མང་གཙོའི་ལམ་སྲོལ་གྱི་སྒྲིག་འཛུགས་ནུས་ལྡན་གོང་འཕེལ། ལྷག་པར་འཚེ་བ་མེད་ཅིང༌། ཁྲིམས་མཐུན་དང༌། རང་བྱུང་ཁོར་ཡུག་ལ་མི་གནོད་པའི་ཞིང་འབྲོག་ཞོར་གསུམ་དང༌། མཉམ་སྦྲེལ་ཁེ་ལས་གཉེར་སྐྱོང་གི་ལས་དོན་ཡར་རྒྱས་སྐོར། དེ་བཞིན་ཤེས་ཡོན་དང༌། འཕྲོད་བསྟེན། ཆོས་རིག་བཅས་ཀྱི་ལས་དོན་ཡར་རྒྱས་གོང་འཕེལ་གྱི་དགོངས་ཚུལ་བཟང་པོ་བཅས་ངོ་སྤྲོད་ཞིབ་ཕྲ་གནང་བར་མ་ཟད། མི་མང་གི་དྭོགས་འདྲི་ཁག་ལ་བཀའ་ལན་ཁ་གསལ་གནང་བར་རྒྱ་ཆེའི་མི་མང་ནས་ངོས་འཛིན་བཟང་པོ་ཞིག་བྱེད་དང༌། ལག་ལེན་བསྟར་མིན་ལ་མ་ལྟོས་པར་མི་མང་གི་སྲིད་གཞུང་ཞིག་ནས་མི་མང་ལ་འགན་ཁུར་ལྡན་པའི་གཞུང་གི་མཛད་ཕྱོགས་སྲ་བརྟན་ཡོད་པ་ཕྱི་གསལ་ནང་གསལ་བྱུང་ནས་དགའ་བསུ་ཆེན་པོ་ཞུས།

ཕྱི་ཚེས་ ༥ ཉིན་བཀའ་བློན་ཁྲི་པ་མཆོག་ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་མངའ་སྡེ་ཆེན་པོའི་སྲིད་སྐྱོང་མཆོག་ནས་གཞུང་འབྲེལ་མགྲོན་འབོད་ཞུས་པ་ལྟར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་མཁས་དབང་ལུ་ཨི་ཌན་ཝར་ཊལ་མཆོག་ནས་ཆེ་མཐོང་ཆེན་པོས་གཞུང་འབྲེལ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་གནང་བ་དང་འབྲེལ་མཇལ་འཕྲད་གནང་སྟེ་བོད་དང་ལྷོ་ཊི་རོལ་རང་སྐྱོང་མངའ་སྡེའི་བར་ཆབ་སྲིད་དང༌། རིག་གཞུང༌། མང་གཙོའི་ལམ་སྲོལ་བཟང་པོ་སོགས་རང་སྐྱོང་གི་གནས་བབ་བཟང་པོའི་ཉམས་མྱོང་སྤེལ་རེས་དང༌། མཛའ་མཐུན་རྒྱུན་མཐུད་ཡར་རྒྱས་གོང་འཕེལ་སྐོར་དགོངས་འཆར་བརྗེ་ལེན་ནང་ལྷུག་གནང་ཡོད་པ་རེད། མངའ་སྡེའི་སྲིད་སྐྱོང་མཆོག་གིས་ཐུགས་འགན་རྐང་བཞེས་གནང་སྟེ་སྦོ་ཛེན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ལྷོ་ཊི་རོལ་རང་སྐྱོང་མངའ་སྡེའི་རང་སྐྱོང་ཆབ་སྲིད་དང༌། འཛིན་སྐྱོང༌། ཁྲིམས་ལུགས། ཚོང་དོན། རྒྱལ་སྤྱིའྀ་འབྲེལ་ལམ་སོགས་སྐོར་མཁས་དབང་མང་པོ་འདུས་པའི་དབུས་སུ་བཀའ་བློན་ཁྲི་པ་མཆོག་སྐུ་མགྲོན་དུ་གདན་འདྲེན་ཞུས་ཏེ་ཉིན་གཉིས་རིང་ལྷོ་ཊི་རོལ་རང་སྐྱོང་མངའ་སྡེ་ཨི་ཊ་ལིའི་རྒྱལ་ཁོངས་གནས་ཡོད་ཀྱང་ཡོ་རོབ་དང༌། རྒྱལ་སྤྱིའི་ནང་རང་སྐྱོང་མངའ་སྡེ་ཚད་གཞི་མཐོ་ཤོས་སུ་ངོས་འཛིན་བྱེད་པར་མ་ཟད། དོན་དམ་ཨི་ཊ་ལིའི་མངའ་སྡེ་གཞན་དང་བསྡུར་ཐབས་མེད་པའི་ཆབ་སྲིད་རང་དབང་དང༌། འཛིན་སྐྱོང་ཚགས་ཚུད་ལྡན་ལ། སྤྱི་ཚོགས་ཡར་རྒྱས་དམིགས་བསལ་ཅན་གྱི་རྣམ་པ་བཟང་པོ་ཡོད་པའི་ལོ་རྒྱུས་རང་བཞིན་དང༌། ཆབ་སྲིད་ལྟ་བ། འཛིན་སྐྱོང་ལམ་སྲོལ་སོགས་ཀྱི་གཞི་རིམ་ལྟ་གྲུབ་སྐོར་གྱི་ཉམས་མྱོང་ལེགས་ཆ་མང་པོ་ཞིག་ངོ་སྤྲོད་གནང་བར་གསན་བཞེས་དང༌། བཀའ་བློན་ཁྲི་པ་མཆོག་ནས་ཀྱང་བོད་འདི་རྒྱ་ནག་དང་ཁ་བྲལ་འགྲོ་མི་དགོས་པའི་ཐོག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་སུ་རྫོགས་པ་ཆབ་སྲིད་གོང་བུ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་རྩོད་ལེན་གནང་སྟེ་བོད་ནང་མི་མང་མང་གཙོའི་ལམ་སྲོལ་ལྡན་པའི་རང་སྐྱོང་གི་ཆབ་སྲིད་འཛིན་སྐྱོང་དང༌། བོད་མིའི་ཆོས་དང་རིག་གཞུང་དང༌། མི་རིགས་ཀྱི་ཕུལ་བྱུང་གོམས་སྲོལ་བཟང་པོ་རྒྱུན་འཛིན། བོད་ཀྱི་སྔོ་ལྗང་ཁོར་ཡུག་སྲུང་སྐྱོབ་ལྡན་པའི་འཛམ་གླིང་ཞི་བདེའི་བསྟི་གནས་ཤིག་ཏུ་འགྱུར་ཐབས་སོགས་ཀྱི་རང་རེའི་དམིགས་ཡུལ་གྱི་དགོངས་ཚུལ་ཁག་ངོ་སྤྲོད་གནང་སྟེ་ཉིན་གཉིས་རིང་དབུ་ཁྲིད་རྣམས་དང༌། མཁས་དབང་རྣམ་པའི་བར་ཤིན་ཏུ་མཛའ་འབྲེལ་ལྡན་ལ་དོན་ཕན་ལྡན་པའི་ཉམས་མྱོང་གི་ལེགས་ཆ་བཟང་པོ་ཞིག་སྤེལ་རེས་ཐུབ་ཡོད། ལྷག་པར་མངའ་སྡེའི་གཞུང་ནས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་ལྷག་བསམ་ཟོལ་མེད་ཀྱི་བཀའ་བཞེས་གནང་བ་སོགས་ལ་བཀའ་བློན་ཁྲི་པ་མཆོག་དམིགས་བསལ་ཐུགས་འགུལ་ཆེན་པོ་ཞིག་བྱུང་ཡོད་པ་རེད། ད་དུང་ཉེ་འཁོར་གྱི་རང་སྐྱོང་མངའ་སྡེ་གཞན་ཞིག་གི་སྲིད་སྐྱོང་མཆོག་ཀྱང་བཀའ་ཁྲི་མཆོག་གི་མཇལ་ཁ་འཚམས་འདྲིར་བཅར་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་གཞུང་མང་ལ་འཚམས་འདྲི་གནང་བ་དང་འབྲེལ་གོང་མཚུངས་བདེན་རྒྱབ་གནང་རྒྱུའི་ཞལ་བཞེས་གནང་འདུག ཕྱི་ཚེས་ ༦ ཉིན་བཀའ་བློན་ཁྲི་པ་མཆོག་ནས་གཙུག་ལག་སློབ་གྲྭ་དེ་གར་ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། གསར་འགོད་པ་སོགས་བརྒྱ་ཕྲག་འདུས་པར་དེང་སྐབས་བོད་ཕྱི་ནང་གི་བོད་མིའི་གནས་སྟངས་དང༌། བོད་ཀྱི་དུས་བབ་སྐོར། བོད་རྒྱ་འབྲེལ་བའི་ད་ཡོད་གནས་སྟངས་སྐོར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བྱ་གཞག་ཡར་རྒྱས་དང༌། མི་མང་མང་གཙོའི་ལམ་སྲོལ་སྲ་བརྟན་གོང་འཕེལ་སྐོར་སོགས་ངོ་སྤྲོད་གསུང་བཤད་དང༌། དྲི་བ་ཁག་ལ་བཀའ་ལན་གནང་བར་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་སྙིང་སྟོབས་འཕེལ་བའི་སྐུལ་ལྕག་ཆེན་པོ་བྱུང་ཡོད་པ་རེད།

ཕྱི་ཚེས་ ༧ ཉིན་བཀའ་བློན་ཁྲི་པ་མཆོག་རྒྱལ་ས་རོམ་དུ་ཕེབས་ནས་ཨི་ཊ་ལིའི་ཕྱི་སྲིད་ལས་ཁུངས་སུ་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ལྕམ་སྐུ་མར་གྷི་ཏེ་ཌ་ནས་སྣེ་ལེན་ཟབ་རྒྱས་ཞུས་པ་དང་འབྲེལ་མཇལ་འཕྲད་གནང་སྟེ་ཨི་ཊ་ལིའི་གཞུང་ནས་ད་བར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འཛམ་གླིང་ཞི་བདེ་གོང་འཕེལ་གྱི་རླབས་ཆེན་དགོངས་པ་ཁག་དང༌། ལྷག་པར་གཉིས་སྨན་དབུ་མའི་ལམ་གྱི་དགོངས་པར་བརྟེན་ནས་བོད་ཀྱི་དཀའ་རྙོག་གནད་དོན་གང་མྱུར་ཐག་གཅོད་དང༌། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་དད་རང་དབང༌། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་རྒྱལ་སྤྱིའི་བྱ་གཞག་ནང་རྒྱབ་སྐྱོར་གནང་ཐུབ་པའི་ཁོར་ཡུག་མཐའ་དག་ནང་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནང་དང་གནང་འཆར་གྱི་གནས་ཚུལ་སྐོར་ངོ་སྤྲོད་གནང་བ་དང༌། བཀའ་བློན་ཁྲི་པ་མཆོག་ནས་ཀྱང་ཁོང་ཚོའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་གཞག་ཡོང་ཐབས་དང༌། བོད་རྒྱ་གཉིས་བར་བར་སྐབས་འབྲེལ་བ་བསྐྱར་གསོ་བྱུང་བ་དེ་དག་སྐྱོན་བྲལ་ཡར་རྒྱས་ཐོག་ཕན་ཚུན་ཞི་བའི་གྲོས་མོལ་བྱས་པ་བརྒྱུད་བོད་ཀྱི་དཀའ་རྙོག་གང་མྱུར་གཙང་གསེལ་ཡོང་ཐབས་སུ་སྔར་བས་ཆེ་བའི་རྒྱ་གཞུང་ལ་ལྟ་སྐུལ་སྐུལ་འདེབས་གནང་རྒྱུ་སོགས་ངོ་སྤྲོད་དང་གཞེན་སྐུལ་གནང་སྒོ་ཁག་ལ་ཞལ་བཞེས་བཟང་པོ་བྱུང་བ་བཅས་མཇལ་མོལ་དོན་དང་ལྡན་པ་བྱུང་ཡོད། དེ་རྗེས་ཨི་ཊ་ལིའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ལམ་བྷར་ཊི་ནི་མཆོག་དང༌། ཁོང་ཨི་ཊ་ལིའི་སྲིད་བློན་དང༌། ཕྱི་སྲིད་བློན་ཆེན་སོགས་ཀྱི་ཐུགས་འགན་བཞེས་མྱོང་བའི་ཤེས་མྱོང་ཅན་གྱི་དབུ་ཁྲིད་ཡིན། སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་གོང་འོག་གི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་པ། གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཨེན་ཏེ་ཀོ་པི་ནི་ཊ་སོགས་དང་མཇལ་འཕྲད་གནང་སྟེ་ཨི་བོད་ཕྱོགས་གཉིས་བར་མཛའ་མཐུན་སྔར་བས་གོང་འཕེལ་དང༌། བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་སོགས་གནད་དོན་མང་པོའི་སྐོར་དགོངས་འཆར་བརྗེ་ལེན་དང༌། ཁོང་ཚོའི་ཕྱོགས་ནས་བོད་དོན་རྒྱབ་སྐྱོར་ཐད་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་ཤུགས་ཆེ་མངོན་པར་བཀའ་བློན་ཁྲི་པ་མཆོག་དགྱེས་ཉམས་ཆེན་པོ་བྱུང་ཡོད་པ་རེད། ཡང་གྲོས་ཚོགས་འཐུས་མི་ཇི་ཡ་ནི་གོ་སྒྲིག་གནང་བའི་གསར་འགོད་ལྷན་ཚོགས་ཐོག་གདན་འདྲེན་ཞུས་ཏེ་བཀའ་བློན་ཁྲི་པ་མཆོག་དང༌། སྲིད་དོན་ཚོགས་པ་ཁག་གི་སྐུ་ཚབ་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་བདུན་བཅས་ནས་ཛྲབོད་ལ་རང་དབང་དང་རྒྱ་ནག་ལ་མང་གཙོ་ཛྲ ཞེས་པའི་བརྗོད་གཞིའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་དང༌། བོད་རྒྱའི་འབྲེལ་བའི་གནད་དོན་སྐོར། ཨི་ཊ་ལིའི་གཞུང་དང༌། གྲོས་ཚོགས། མི་མང་བཅས་ནས་བོད་མིའི་རང་དབང་འཐབ་རྩོད་ལ་སེམས་ཁུར་ཆེན་པོས་རྒྱབ་སྐྱོར་གནང་བའི་གནས་ཚུལ་སོགས་ངོ་སྤྲོད་གསུང་བཤད་གནང་བར་དྲིལ་བསྒྲགས་ཆེན་པོ་བྱུང་ཡོད། དེ་ཉིན་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང༌། བོད་རིགས་ཚོགས་པ་ནས་བཀའ་ཁྲི་མཆོག་ལ་གུས་བསུ་སྣེ་ལེན་གྱི་གསོལ་སྟོན་རྒྱ་ཆེ་ཞིག་བཤམས་གནང་བར་རྒྱལ་ས་རོམ་གྱི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་སྦལ་ཊར་སྦོ་ཌོ་རི་ནི་མཆོག་ཆེད་བཅར་གནང་སྟེ་བཀའ་བློན་ཁྲི་པ་མཆོག་རྒྱལ་སའི་ནང་ཕེབས་པར་དགའ་བསུ་ཆེན་པོ་གནང་བ་དང་ཕན་ཚུན་འཚམས་འདྲི་དང་བོད་དོན་གནས་ཚུལ་སྐོར་སོགས་གསུང་མོལ་ལྷུག་པར་གནང༌། གསོལ་སྟོན་ཐོག་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇི་ཡ་ནི་སྦར་ཌི་དང་ལས་རོགས། ཨི་བོད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་གྷུ་ཌར་ཀོ་ལོ་ན་དང༌། ལས་རོགས་རྣམ་པ། རང་རིགས་དང་བོད་དོན་རྒྱབ་སྐྱོར་བའི་འགན་ཁུར་བ་བཅས་འདུ་འཛོམས་ཆེན་པོ་བྱུང་སྟེ་སླད་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་ཐད་དོན་སྙིང་ཆེན་པོ་ལྡན་པའི་ངོ་སྤྲོད་གསུང་བཤད་དང་གྲོས་བསྡུར་ལྷུག་པོ་བྱུང་ཡོད་པ་རེད།

ཕྱི་ཚེས་ ༨ ཉིན་བཀའ་བློན་ཁྲི་པ་མཆོག་འཇར་མན་ཕི་ཊིཀ་ནོ་མན་ཐེབས་རྩའི་རྩ་འཛུགས་ནས་མགྲོན་འབོད་གནང་བ་ལྟར་འཇར་མན་དུ་ཕེབས་ནས་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཀོན་ཊ་ལེན་སེ་ཌིབ་དང༌། ལས་རྩོལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཇར་ཧར་ཌི། ཐེབས་རྩ་ལྷན་ཁང་གི་འགན་འཛིན་ཚོགས་མི་བཅས་ནས་སྣེ་ལེན་ཟབ་རྒྱས་ཞུས་པ་དང་འབྲེལ་སླད་ཕྱིན་མཛའ་འབྲེལ་གོང་འཕེལ་དང༌། རྒྱབ་སྐྱོར་ལས་དོན་སྐོར་དོན་སྨིན་ལྡན་པའི་དགོངས་འཆར་བརྗེ་ལེན་གནང༌། བཀའ་ཁྲི་མཆོག་ནས་ཕི་ཊིཀ་ནོ་མན་ཐེབས་རྩ་ཁང་ནས་ད་ཕན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་ཁག་དང༌། ལྷག་པར་བཙན་བྱོལ་ནང་མི་མང་མང་གཙོའི་ལམ་སྲོལ་སྲ་བརྟན་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས་ཐད་བསམ་བློ་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང༌། ལམ་སྲོལ་ལམ་སྟོན། དངོས་པོའི་མཐུན་རྐྱེན་སོགས་གཏོང་ཕོད་ཆེན་པོའི་རྒྱབ་སྐྱོར་གནང་ཡོད་པར་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད། ཕྱི་ཚེས་ ༩ ཉིན་བཀའ་ཁྲི་མཆོག་རྒྱལ་ས་སྦར་ལིན་དུ་འདི་ལོ་ཕྱི་ཟླ་ ༤ པའི་ནང་གསར་དུ་དབུ་བརྙེས་པའི་འཇར་མན་གྲོས་ཚོགས་འཐུས་མིའི་སྲིད་དོན་ཚོགས་པ་ཁག་གི་སྐུ་ཚབ་བོད་དོན་རྒྱབ་སྐྱོར་བ་འཐུས་མི་ཉི་ཤུ་སྐོར་གྱི་གུས་བསུ་སྣེ་ལེན་གྱི་ལྷན་ཚོགས་སུ་ཕེབས་ནས་འཐུས་མི་རྣམས་དང་མཇལ་མོལ་གནང་སྟེ་འཇར་མན་གྲོས་ཚོགས་དང༌། སྲིད་གཞུང་ནས་བོད་དོན་ཐད་དོན་ཕན་ལྡན་པའི་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་སྐོར་དགོངས་འཆར་བརྗེ་ལེན་དང༌། རང་གཞུང་གི་རེ་སྐུལ་ཞུ་སྒོ་ཁག་འཐུས་ཚང་ཞུས་པར་འཐུས་མི་རྣམས་ནས་སེམས་འགུལ་ཆེན་པོས་ཞལ་བཞེས་གནང་ཡོད། དེ་རྗེས་འཇར་མན་ཕྱི་སྲིད་ལས་ཁུངས་སུ་ཕེབས་ཏེ་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤ་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཕ་རན་ཀེ་སྦུར་སྦ་ཅ་དང༌། རྒྱ་ནག་འབྲེལ་བའི་ལས་དོན་སྡེ་ཚན་གྱི་འགན་འཛིན་ལྕམ་མ་ཡེ་ཀ་ལ་སི་པེ་ཐ་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་བོད་རྒྱ་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་བྱས་ཏེ་བོད་ཀྱི་དཀའ་རྙོག་སེལ་ཐབས་རང་གཞུང་གི་ལྷག་བསམ་ཟོལ་མེད་ཀྱི་མཛད་ཕྱོགས་གཙོ་བོར་གྱུར་པའི་བོད་དོན་གནས་ཚུལ་ངོ་སྤྲོད་དང༌། འཇར་མན་གཞུང་ཕྱོགས་ནས་རྒྱབ་སྐྱོར་གནང་དང་གནང་བཞེད་ཀྱི་གནས་ཚུལ་གསན་བཞེས་སོགས་མཇལ་མོལ་དོན་དང་ལྡན་པ་བྱུང་ཡོད། ཡང་དེ་ཉིན་ཨ་རིར་རྟེན་གཞི་གནང་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡན་ལག་ལས་ཁུངས་ཤིག་སྦར་ལིན་དུ་དབུ་འབྱེད་གནང་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོ་རོབ་ཁུལ་གྱི་སྲིད་དོན་ལས་རིགས་པ་དང༌། བོད་སྐྱོར་ཚོགས་པ་ཁག་གི་འགན་ཁུར་བ། གསར་འགྱུར་ལས་རིགས་པ། རང་རིགས་མི་མང་བཅས་བརྒྱ་ཕྲག་མང་པོར་རང་གཞུང་གི་འཚམས་འདྲི་དང༌། གཞུང་གི་མཛད་ཕྱོགས་སྐོར་གསུང་བཤད་རྒྱ་ཆེ་གནང༌། ཕྱི་ཚེས་ ༡༠ ཉིན་ཧིམ་སོྦག་གྲོང་ཁྱེར་དུ་གདན་ཞུས་ལྟར་ཕེབས་ནས་ཕི་ཊིཀ་ནོ་མན་ཐེབས་རྩ་ཁང་དང༌། འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ། ས་གནས་རང་རིགས་མི་མང་བཅས་ནས་གོ་སྒྲིག་གནང་བ་ལྟར་གྲགས་ཅན་ཚོགས་ཁང་ཞིག་ཏུ་འཇར་མན་ལས་རིགས་ཁག་གི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་དང༌། བོད་མི་རྣམས་ལ་བཙན་བྱོལ་བོད་གཞུང་གི་རྩ་དོན་སྒྲུབ་བྱའི་མཛད་ཕྱོགས་སྲིད་བྱུས་དང༌། བོད་དོན་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ལས་འགུལ་སྤེལ་ཐབས་སྐོར། བོད་སྤྱི་པའི་སྒྲིག་འཛུགས་སྲ་བརྟན་གོང་འཕེལ་དང༌། ཆོས་དང་རིག་གཞུང་སྲུང་སྐྱོབ་སྐོར་སོགས་གལ་ཆེའི་གསུང་བཤད་གནང་བར་མི་མང་ནས་དམིགས་བསལ་དགའ་གུས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཐུབ་པ་བྱུང་ཡོད། ད་དུང་བཀའ་ཁྲི་མཆོག་གང་དུ་ཕེབས་ཀྱང་གསར་འགྱུར་ལས་རིགས་པར་མཇལ་མོལ་བཅས་འཚམས་འདྲི་གནང་སྒོ་ཧ་ཅང་ལེགས་གྲུབ་བྱུང་བ་བཅས།