ཡོ་རོབ་དང་ཨ་རིར་འཚམས་གཟིགས་གནང་བ།

༄༅། ། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་འབྲེལ་མཐུད་རང་གཞུང་སྐུ་ཚབ་ལས་ཁུངས། དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ནས་མགྲོན་འབོད་ཞུས་པ་བཞིན་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་དིལླི་ནས་མཁའ་ལམ་ཐོག་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་བསྟི་གནས་བེལ་ཇི་ཡམ་རྒྱལ་ཁབ་ཀྱི་རྒྱལ་ས་བཱ་ར་སིལ་གནམ་ཐང་དུ་ཕེབས་འབྱོར་སྐབས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་འབྲེལ་མཐུད་རང་གཞུང་སྐུ་ཚབ་དྲུང་ཆེ་སྐལ་བཟང་རྒྱལ་མཚན་ལགས་དང༌། བཱ་ར་སིལ་དོན་ཁང་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མསི་མན། ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ། རང་རིགས་ཁག་བཅས་ནས་བསུ་བ་ཟབ་རྒྱས་ཞུས་ཏེ་ནཱ་ལེན་ཌ་ནང་པའི་ཆོས་ཚོགས་སུ་ཆེད་ཕེབས་གནང༌། ཉིན་རྒྱབ་བཱ་ར་སིལ་རང་གཞུང་འབྲེལ་མཐུད་སྐུ་ཚབ་ལས་ཁུངས་སུ་མགྲོན་འབོད་ལྟར་ཕེབས་ནས་སྐུ་ཚབ་ངོ་ལས་ཀྱི་ལས་དོན་སྙན་ཞུ་གསན་པར་མ་ཟད། རང་གཞུང་གི་མཛད་ཕྱོགས་བཀོད་སྒྲིག་གནང་འོས་ཁག་གནང་ཡོད་པ་རེད།

དེ་རྗེས་བེལ་ཇི་ཡམ་རྒྱལ་ཡོངས་ཉིན་རེའི་གསར་ཤོག་ལ་ལིབ་རེ་དང༌། སྦིལ་ཇིཀ། དེ་བཞིན་རོལ་ཊར་སོགས་ཀྱི་གསར་འགོད་པར་ཐུག་འཕྲད་གནང་སྟེ་གསར་འགོད་པས་དེང་སྐབས་བོད་ནང་གི་དུས་བབ་གནས་ཚུལ་དང༌། བོད་རྒྱ་བར་སྐབས་གསར་དུ་འབྲེལ་བ་བྱུང་བའི་གནས་ཚུལ། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང༌། འཛིན་སྐྱོང་གནས་ཚུལ། རྒྱ་ནག་གི་མི་རབས་གསར་པའི་འགོ་ཁྲིད་འཕོ་འགྱུར་གནས་ཚུལ། ཡོ་རོབ་རྒྱལ་ཁབ་ཁག་གི་སྲིད་གཞུང་དང༌། གྲོས་ཚོགས། རྒྱ་ཆེའི་མི་མང་བཅས་ནས་བོད་དོན་ཐད་རྒྱབ་སྐྱོར་ཞུ་སྒོའི་དགོངས་ཚུལ་སོགས་བཀའ་འདྲི་ཞུས་པར་བཀའ་ལན་ཟབ་གསལ་གནང་བ་བརྒྱུད་ལམ་ཁག་ནས་དོ་ཁུར་ཆེན་པོས་དྲིལ་བསྒྲགས་རྒྱ་ཆེ་ཞུས་འདུག དཔེར་ན། དེ་ཉིན་རོལ་ཊར་གསར་སྤེལ་ཁང་གིས་ཡོངས་ཁྱབ་སྤེལ་བའི་གནས་ཚུལ་ནང་འཁོད་པར། བཙན་བྱོལ་བོད་མི་རྣམས་ནས་མང་མོས་འོས་འདེམས་ཞུས་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དེ་རིང་རྒྱལ་ས་བཱ་ར་སིལ་དུ་ཕེབས་ནས་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་དང༌། ཡོ་རོབ་གྲོས་ཚོགས་ནས་བོད་དོན་ཐོག་སྔར་བས་ཆེ་བའི་རྒྱབ་སྐྱོར་སྐུལ་སློང་གནང་རྒྱུ་ཡིན་འདུག ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། བོད་མི་མང་གི་འོས་འདེམས་བྱས་པའི་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་རྣམ་གཉིས་ནས་བོད་དང་རྒྱ་ནག་གཞུང་བར་མཛའ་མཐུན་བཟང་པོ་ཡོང་བའི་དགོངས་པའི་རྨང་གཞིའི་འོག་ཞི་བའི་གྲོས་མོལ་བྱས་ཏེ་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པར་མ་ཟད། བར་ལམ་ཏཱ་ལའི་བླ་མ་མཆོག་གིས་དམིགས་བསལ་སྐུ་ཚབ་ཚོགས་པ་བོད་དང་རྒྱ་ནག་ནང་གཟིགས་སྐོར་ཆེད་གཏོང་གནང་སྟེ་བོད་རྒྱ་གྲོས་མོལ་གྱི་རྨང་གཞི་འདིང་ཐབས་སུ་ལྷག་བསམ་ཟོལ་མེད་ཀྱིས་དགོངས་བཞེས་གནང་ཡོད་པ་དང༌། འཆར་ལོའི་ཕྱི་ཟླ་ ༦ བར་བཙན་བྱོལ་བོད་གཞུང་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བོད་རྒྱ་ཞི་མོལ་གྱི་ཆབ་སྲིད་ཁོར་ཡུག་སྐྲུན་ཐབས་སུ་རྒྱ་རྒོལ་ལས་འགུལ་མི་སྤེལ་རྒྱུའི་སྐུལ་མ་གནང་ཡོད། བཀའ་བློན་ཁྲི་པ་མཆོག་ནས་གསར་འགོད་པར། བཙན་བྱོལ་བོད་གཞུང་མང་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པའི་བཞེངས་ཕྱོགས་དེ་ཚོ་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆབ་སྲིད་ལྟ་བ་དང༌། རིག་པའི་གཞུང་ལུགས། ཞལ་ཞེ་གཉིས་མེད་ཀྱི་དོན་དངོས་ལག་ལེན་རང་ཡིན་པ་ལས་ཆབ་སྲིད་ཀྱི་ཐབས་བྱུས་ཤིག་གཏན་ནས་མིན་པ་གསལ་བཏོན་གནང་ཡོད།

འོན་ཀྱང་རྒྱ་ནག་གཞུང་ནས་ཅི་སྟེ་བོད་མིའི་ལྷག་བསམ་བཟང་པོར་རྡོག་རོལ་གཏོང་རྐྱང་བྱས་ནས་ཞི་མོལ་དུས་ཡུན་རིང་པོར་ནར་འགྱངས་བཏང་ན་བོད་གཞུང་ནས་མཛད་ཕྱོགས་བཟང་པོ་ཇི་འདྲ་ཞིག་གིས་འབད་བརྩོན་གནང་ཡང་བོད་མི་ན་གཞོན་ཡོངས་རྫོགས་ཀྱི་བསམ་བློ་ཞི་བ་ཁོ་ནར་ཁ་ཕྱོགས་སྒྱུར་ཐབས་མེད་པར་བརྟེན་བོད་ནང་བརྟན་ལྷིང་མ་ཡིན་པའི་རྣམ་པ་ཐོན་སྲིད་པ་དང༌། གལ་ཏེ་བོད་མི་ན་གཞོན་རྣམས་ནས་རང་དབང་ལས་འགུལ་ཁག་འཚེ་མེད་ཞི་བ་ནས་རྣམ་པ་གཞན་དུ་ངོ་བོའི་འགྱུར་བ་བྱུང་ཚེ་དེའི་འགན་བོད་གཞུང་དང་བོད་མི་མང་ནས་ལེན་ཐབས་མེད་པར་བརྟེན་བོད་ཀྱི་མ་འོངས་པའི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་ཡོང་གི་འདུག་ཅེས་གསུངས་བྱུང་ཞེས་དང༌། ཡང་གསར་འགྱུར་ནང་བཀའ་ཁྲི་མཆོག་ནས་ཡོ་རོབ་གྲོས་ཚོགས་ནས་དེ་སྔ་ཡོ་རོབ་མཉམ་སྦྲེལ་ལྷན་ཚོགས་གཞུང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དང་འབྲེལ་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་ཐུགས་འགན་བཞེས་རྒྱུའི་གྲོས་ཆོད་བཞག་ཡོད་ཀྱང༌། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ནས་ད་དུང་དེའི་ཐོག་དོན་ཕན་ཕྱག་བཞེས་གནང་མེད། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ནས་ཨ་རིས་བོད་དོན་ཐོག་ཐུགས་ཁུར་བཞེས་པ་གཅིག་མཚུངས་བཞེས་ཐུབ་ཚེ་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་གནོན་ཤུགས་ནི་རྒྱ་ནག་གཞུང་ལ་ཤུགས་རྐྱེན་ཆེ་བ་ཡོད། གང་ཡིན་ཞེ་ན་ཨ་རྒྱ་གཉིས་རྒྱུན་ལྡན་འབྲེལ་བའི་ནང་དགྲ་དང་རང་ཕྱོགས་བར་གྱི་འགལ་ཟླའི་ཤུགས་རྐྱེན་མི་ཉུང་བ་ཞིག་ཡོད་ཀྱང༌། ཡོ་རོབ་དང་རྒྱ་ནག་བར་དེའི་འགལ་ཟླའི་འཐབ་རྩོད་ཀྱི་ཤུགས་རྐྱེན་ཆུང་བ་ཡོད་པ་དང༌། རྒྱ་གཞུང་ནས་ཡོ་རོབ་ནི་ཕྱི་འབྲེལ་ཐབས་བྱུས་ཐོག་ནས་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་བོད་དོན་ཐད་ཡོ་རོབ་གྲོས་ཚོགས་དང་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་དབུ་ཁྲིད་རྣམས་ནས་དེ་སྔ་ཞལ་བཞེས་བཟང་པོ་གནང་བ་དེ་དག་དོན་དམ་ཕྱག་ལེན་ཡོང་ཐབས་གནང་རྒྱུ་ནི་གལ་ཆེན་པོ་ཡིན་པར་མ་ཟད། དེ་ལྟར་གནང་ཐུབ་པའི་ཆ་རྐྱེན་བཟང་པོ་ཡོད་ཅེས་བཀའ་ལན་གནང་བ་ཡོངས་ཁྱབ་དྲིལ་བསྒྲགས་ཞུས་འདུག གསར་འགོད་ལྷན་ཚོགས་གྲུབ་རྗེས་བོད་དོན་ཐོག་དུས་ཡུན་རིང་པོའི་རྒྱབ་སྐྱོར་མཐའ་འཁྱོངས་གནང་མཁན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨོ་ལི་སྦར་ཌོ་པོ་སི་དང་ཐུག་འཕྲད་གནང་སྟེ་བོད་དོན་རྒྱབ་སྐྱོར་གྱི་དགོངས་ཚུལ་བརྗེ་ལེན་དང༌། བོད་ཀྱི་སྤྱི་ཡོངས་གནས་ཚུལ་ངོ་སྤྲོད་ཞུ་འོས་ཆ་ཚང་གནང༌། ཚོུད་ ༤ ཐོག་བེལ་ཇི་ཡམ་ཕྱི་སྲིད་ལས་ཁུངས་སུ་ཕེབས་ནས་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཇོན་མ་རི་ཁོ་ནས་སྣེ་ལེན་ཟབ་རྒྱས་ཞུས་པར་མ་ཟད། སྐུ་ཞབས་ཇོན་ནས་ད་ཕན་བེལ་ཇི་ཡམ་གཞུང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འཇིག་རྟེན་སྤྱི་ཡོངས་འགན་ཁུར་གྱི་ཞི་བདེའི་རླབས་ཆེན་དགོངས་པ་དང༌། གཞིས་བྱེས་བོད་མིའི་རྩ་དོན་སྤྱི་དང༌། སྤྱི་ཚོགས་བདེ་དོན་ཐོག་རྒྱབ་སྐྱོར་གནང་བའི་གནས་ཚུལ་ངོ་སྤྲོད་དང༌། སླད་རྒྱབ་སྐྱོར་ཞུ་སྒོའི་བཀའ་འདྲི་གནང་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་གཞུང་ནས་བོད་ཀྱི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐབས་སུ་གང་མགྱོགས་ཞི་མོལ་ཡོང་བར་ད་ཕན་ལྷག་བསམ་ཟོལ་མེད་ཀྱི་འབད་བརྩོན་གནང་བའི་གནས་ཚུལ་དང༌། བར་ལམ་བོད་རྒྱའི་བར་འབྲེལ་ལམ་བསྐྱར་མཐུད་བྱུང་བའི་གནས་ཚུལ། བོད་ནང་རྒྱ་དམར་ནས་ནོར་སྲིད་ཀྱི་སྲིད་བྱུས་དང་བྱ་ཐབས་ལ་བརྟེན་ནས་བོད་ཀྱི་ཡུལ་དང་བོད་མི་བཅས་པ་རྒྱ་མི་རིགས་ཆེན་པོའི་སྤྱི་ཚོགས་ནང་ཐིམས་སུ་འཇུག་ཐབས་བྱེད་པའི་དེང་སྐབས་ཀྱི་ཉེན་ཚབས་གསར་པའི་གནས་ཚུལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡར་རྒྱས་དང༌། མང་གཙོའི་ལམ་སྲོལ་གྱི་བསྒྱུར་བཅོས་སྐོར་སོགས་གང་ལ་དེ་འཚམས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བར་འགན་འཛིན་མཆོག་ནས་ཐུགས་སྣང་ཆེན་པོ་གནང་བར་མ་ཟད། སླད་རྒྱབ་སྐྱོར་ཞུ་ཐུབ་པའི་ཁྱབ་ཁོངས་ཁག་ཏུ་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་བཅས་མཇལ་མོལ་དོན་དང་ལྡན་པ་བྱུང་ཡོད།

བཱ་ར་སིལ་དུ་བཅའ་བཞུགས་རྒྱ་ནག་གཞུང་ཚབ་ཁང་ནས་བཀའ་ཁྲི་མཆོག་ཁུལ་དེར་འཚམས་འདྲིར་ཕེབས་པའི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ་ཐབས་བརྒྱ་བྱུས་སྟོང་གི་སྒོ་ནས་ཡོ་རོབ་གྲོས་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང༌། ལྷག་པར་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ལ་གནོན་ཤུགས་ཤུགས་ཆེ་སྤྲད་དེ་འབྲེལ་ཡོད་དཔོན་རིགས་དང་བཀའ་ཁྲི་མཇལ་འཕྲད་མི་ཡོང་བའི་སྔོན་འགོག་ཤུགས་ཆེ་ཞིག་བྱས་ཡོད་ཀྱང༌། རྒྱ་གཞུང་གི་གནོན་ཤུགས་ལ་ཇི་མི་སྙམ་པར་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པི་ཊིཀ་ཁོཀ་སི་མཆོག་ནས་བཀའ་ཁྲི་མཆོག་གྲོས་ཚོགས་སུ་སྣེ་ལེན་ཟབ་རྒྱས་དང་བཅས་མཇལ་འཕྲད་གནང་བ་རེད། སྐུ་ཞབས་ཁོཀ་སི་མཆོག་ནས་བོད་མི་མང་ནས་འོས་འདེམས་གནང་བའི་བཀའ་བློན་ཁྲི་པ་དེ་གར་ཕེབས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་འབྲེལ་རྣམ་གཉིས་བར་བཙན་བྱོལ་བོད་གཞུང་དང་གྲོས་ཚོགས་བར་མཛའ་མཐུན་སྔར་བས་གོང་འཕེལ་དང༌། གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་ཞུ་སྒོའི་སྐོར་དགོངས་ཚུལ་བརྗེ་ལེན་གནང་ཡོད་པ་རེད། བཀའ་ཁྲི་མཆོག་ནས་ཡོ་རོབ་གྲོས་ཚོགས་ནས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བདེན་པ་དང༌། རང་དབང་ཅན་གྱི་གཟི་བརྗིད་རྩོད་ལེན་གནང་སྟེ་བོད་དོན་ཐོག་རྒྱབ་སྐྱོར་གྱི་འགྱུར་བ་མེད་པའི་ལངས་ཕྱཽགས་མཐའ་འཁྱོངས་གནང་ནས་བོད་ཀྱི་ཆབ་སྲིད་དང༌། བོད་ཕྱི་ནང་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལས་དོན་སོགས་ཀྱི་ཐད་བསམ་པའི་རྒྱབ་སྐྱོར་དང༌། ལག་ལེན་གྱི་གྲོས་ཆོད་འབོར་ཆེན་ཞིག་འཇོག་གནང་ཡོད་པར་བོད་གཞུང་མང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང༌། ད་ཆ་གལ་ཆེ་ཤོས་གྲོས་ཆོད་ཀྱི་འབྲུ་དོན་སྤྱི་དང༌། ལྷག་པར་མཉམ་སྦྲེལ་ལྷན་ཁང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་སྟེ་བོད་ཀྱི་དཀའ་རྙོག་ཡང་དག་པར་སེལ་ཐུབ་ཆེད་བོད་རྒྱ་བར་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཐབས་ཐད་ཀའི་འགན་ཁུར་རྐང་ལེན་ཐུབ་ན་དོན་དམ་ཕན་ཐོགས་ཐུབ་པ་དང༌། རྒྱ་གཞུང་ནས་བོད་རྒྱ་ཞི་མོལ་གྱི་བཟང་ཕྱོགས་བརྡ་ལན་བྱུང་ཚེ་བཙན་བྱོལ་བོད་གཞུང་ནས་དེ་འཕྲལ་གྲོས་མོལ་གྱི་གྲ་སྒྲིག་ཨང་གསར་ཡིན་པའི་གནས་ཚུལ་དང༌། དེ་བཞིན་བཙན་བྱོལ་བོད་མི་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང༌། མང་གཙོའི་ལམ་སྲོལ་བཟང་པོ་ལོངས་སུ་སྤྱོད་བཞིན་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་བར་གྲོས་ཚོགས་དང༌། ཁོང་སྐུ་སྒེར་གང་ཐད་ནས་གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སྟེ་འབྲེལ་བའི་རྨང་གཞི་སྔར་བས་སྲ་བརྟན་གོང་སྤེལ་ཐུབ་པ་བྱུང་ཡོད། ཚོགས་གཙོ་མཆོག་དང་བཀའ་ཁྲི་རྣམ་གཉིས་མཇལ་འཕྲད་དེ་ཐེངས་གཉིས་པ་ཡིན།

ཡང་དེ་ཉིན་ནས་ཉིན་གཉིས་རིང་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། ཡོ་རོབ་བོད་དོན་ལས་འགུལ་ཁང༌། བཱ་ར་སིལ་སྐུ་ཚབ་དོན་ཁང་བཅས་མཉམ་སྦྲེལ་གྱིས་ཡོ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འགན་ཁུར་བའི་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐོང་ཚོགས་གནང་བར་བཀའ་ཁྲི་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ་ལྟར་ཚོགས་ཆེན་ལ་ཕེབས་སྐབས་ཚོགས་ཞུགས་ཡོ་རོབ་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་བོད་དོན་རྒྱབ་སྐྱོར་བའི་འཐུས་མི་དང༌། ཡོ་རོབ་རྒྱལ་ཁབ་བཅོ་ལྔའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་སོགས་ཁྱོན་གྲོས་འཐུས་བཞི་བཅུ་བརྒལ་བ་དང༌། ཡོ་རོབ་གླིང་ཆེན་རྒྱལ་ཁབ་ཁག་དང་ས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འགན་ཁུར་བ་གྲངས་ ༨༥ བཱ་ར་སིལ་འབྲེལ་མཐུད་སྐུ་ཚབ་དྲུང་ཆེ་སྐལ་བཟང་རྒྱལ་མཚན་ལགས་དང༌། དོན་ཁང་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས། སུད་སི་དོན་ཁང་ལས་བྱེད་སོགས་ཁྱོན་མི་གྲངས་བརྒྱ་དང་ཉི་ཤུ་ལྷག་ཙམ་དང༌། རྒྱལ་སྤྱིའི་གསར་འགོད་པ་སོགས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རང་གཞུང་བཀའ་ཤག་གི་འཚམས་འདྲི་གནང་བ་དང་འབྲེལ་བཙན་བྱོལ་བོད་གཞུང་མང་གི་བོད་རང་དབང་གི་དྲང་བདེན་འཐབ་རྩོད་ཀྱི་མཛད་ཕྱོགས་སྤྱི་དང༌། ལྷག་པར་ཕྱི་དྲིལ་ལས་དོན་གྱི་མཛད་ཕྱོགས་སྐོར་ངོ་སྤྲོད་གསུང་བཤད་གནང་སྟེ་སླད་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མཉམ་སྦྲེལ་ཆིག་བསྒྲིལ་དང༌། རྩ་དོན་གཅིག་གྱུར་གྱི་ལས་འགུལ་ཤུགས་ཆེར་བཏང་ནས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གྱི་སྐུལ་སློང་ཤུགས་ཆེ་གནང་ཡོད་པ་རེད།

བཀའ་བློན་ཁྲི་པ་མཆོག་ནས་གསུང་དོན། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང༌། ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་ཚབ་བཅས་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་གྱི་གལ་ཆེའི་ཚོགས་འདུ་འདིའི་ཐོག་ཕྲན་ལ་གཏམ་བཤད་བྱ་རྒྱུའི་གོ་སྐབས་དང་ཆེ་མཐོང་གནང་བ་ནི་གཟི་བརྗིད་ཆེན་པོ་ཞིག་ཏུ་ངོས་འཛིན་བྱུང༌། ཕྲན་དང་ཕྲན་གྱི་སྣེ་ཁྲིད་བྱས་པའི་བཀའ་ཤག་ནི་བོད་མི་མང་གི་མང་གཙོའི་ལམ་སྲོལ་ལ་བརྟེན་ནས་འོས་འདེམས་བྱས་པའི་བོད་མི་མང་གི་སྲེི་ཞུ་བ་ཞིག་ཡིན་སྟབས་བོད་ཀྱི་ཡ་ང་བའི་གནས་སྟངས་ཀྱི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཤིན་ཏུ་ལྕི་བའི་ལས་འགན་བསྒྲུབ་རྒྱུའི་འགན་ཁུར་ཆེན་པོ་ཞིག་ཡོད། འོན་ཀྱང་ང་ཚོས་གཡོ་བ་མེད་པའི་བློ་སྟོབས་དང༌། ཡང་དག་པའི་ཡིད་ཆེས། རྒྱུན་ཆད་མེད་པའི་ཆོད་སེམས་བརྟན་པོ་བཅས་ཀྱི་སྒོ་ནས་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་ལམ་སྲོལ་བཅས་ཀྱི་རྩ་དོན་གསུམ་གྱི་དམ་བཅའ་བརྟན་པོར་བཟུང་ནས་བོད་མི་མང་གིས་བསྐུར་བའི་ལས་འགན་འདི་དག་བསྒྲུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་ལམ་སྟོན་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ནས་རང་ཉིད་བློས་གཏོང་དང་འགྱུར་བ་མེད་པའི་རྒྱབ་སྐྱོར་ཡོད་པ་བཅས་ཀྱིས་ང་ཚོའི་ལས་འགན་བསྒྲུབ་རྒྱུར་བློ་སྟོབས་ཀྱི་ནུས་ཤུགས་དང་སེམས་ཤུགས་སྐྱེ་གི་འདུག བོད་དང་བོད་མིའི་ད་ལྟའི་དཀའ་སྡུག་དང་ཛ་དྲག་གནས་སྟངས་ཁྱེད་རྣམས་ཀྱིས་ཕྲ་ཞིབ་མཁྱེན་གསལ་ལྟར་ཕྲན་ནས་རྒྱས་བཤད་ཞུ་རྒྱུ་མིན། ཡོ་རོབ་གླིང་ཆེན་ནང་བོད་ཀྱི་རྩ་དོན་ཐད་བདེན་རྒྱབ་རྒྱབ་སྐྱོར་གྱི་རྨང་གཞི་སྲ་བརྟན་ཞིག་ཚུགས་ཡོད་པ་དང༌། ཡོ་རོབ་ཁུལ་གྱི་རྒྱལ་ཁབ་མང་ཆེ་བའི་ནང་བོད་དོན་རྒྱབ་སྐྱོར་གྱི་རྩ་འཛུགས་ཡོད་པ་མ་ཟད། རྒྱ་ཁྱབ་མི་མང་ནང་བོད་ཀྱི་གནད་དོན་ལ་བདེན་རྒྱབ་བྱེད་རྒྱུ་འདི་བཟང་སྤྱོད་ཀྱི་རྩ་དོན་ཞིག་ཏུ་བརྩིས་ནས་འགྱུར་བ་མེད་ལ་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་ཚོས་རང་རང་གི་སྲིད་གཞུང་ལ་བོད་ཀྱི་དཀའ་རྙོག་དྲང་བདེན་དང༌། ཞི་བའི་ཐོག་ནས་སེལ་ཐབས་སུ་སྐུལ་འདེད་ཆེན་པོ་གནང་བཞིན་ཡོད་པ་དང༌། ལྷག་པར་ཡོ་རོབ་གྲོས་ཚོགས་དང༌། ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་གི་གྲོས་ཚོགས་མང་ཆེ་བས་རྒྱུན་མཐུད་ངང་བོད་དང་བོད་མིའི་དཀའ་ངལ་ལ་སེམས་ཁུར་ཤུགས་ཆེ་གནང་བཞིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གམ། གང་ཉིད་ཀྱི་སྐུ་ཚབ་བར་གྲོས་མོལ་འགོ་འཛུགས་ཞུས་ནས་བོད་ཀྱི་གནད་དོན་ཡང་དག་པའི་ཐག་གཅོད་བྱེད་དགོས་པའི་སྐུལ་འདེད་ཤུགས་ཆེ་གནང་བཞིན་ཡོད། ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པར་ཡོ་རོབ་གྲོས་ཚོགས་དང༌། ཡོ་རོབ་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནས་གལ་ཆེའི་གྲོས་ཆོད་ཀྱང་མང་པོ་བཞག་ཡོད་པ་དང༌། ཡོ་རོབ་མི་མང་ཁྲོད་དུ་བོད་དོན་ཐོག་གཞི་རྒྱ་ཆེ་བའི་སེམས་ཁུར་ཤུགས་ཆེ་བླངས་ནས་ཡོ་རོབ་རྒྱལ་ཁབ་ཁག་གི་སྲིད་གཞུང་ཁག་དང༌། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་ཕྱི་འབྲེལ་བློན་ཆེན་ལྷན་ཁང་དང༌། སྤྱི་ཁྱབ་ལྷན་ཁང་བཅས་ནས་བོད་ཐོག་ལྷག་བསམ་ཟོལ་མེད་ཀྱིས་འགན་ཁུར་རྐང་བཞེས་དགོས་པའི་སྐུལ་འདེད་ཀྱི་བརྡ་ལན་མང་པོ་ཞུས་ཡོད། ད་ལྟའི་དུས་སྐབས་འདི་ནི་དུས་ཡུན་རིང་པོའི་ནང་ཐག་གཅོད་མ་བྱུང་བའི་བོད་ཀྱི་དཀའ་རྙོག་འདི་གྲོས་མོལ་དང་ཞི་བའི་ལམ་ནས་སེལ་རྒྱུའི་གཉན་འཕྲང་ཆེ་བའི་དུས་ཚོད་ལ་སླེབས་ཡོད་པ་ཕྲན་ནས་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན་འབྱུང་འགྱུར་ལོ་ཤས་ནི་ཆབ་སྲིད་དང་དེ་མིན་གནས་ཚུལ་གྱི་རྒྱུ་རྐྱེན་མང་པོ་ཞིག་གི་ཐོག་ནས་རྒྱ་ནག་ནང་འགྱུར་བའི་རླབས་རྒྱུན་ཆེན་པོ་ཞིག་ཡོང་རྒྱུའི་བར་བརྒལ་འཕོ་འགྱུར་གྱི་དུས་མཚམས་སུ་སླེབས་ཡོད་པ་དང༌། རྒྱ་ནག་གི་བཙན་གནོན་དབང་བསྒྱུར་འོག་གནས་པའི་བོད་ཀྱི་ལས་དབང་ཐག་གཅོད་བྱ་རྒྱུའི་དུས་ཚོད་ཁྱད་པར་ཅན་ཞིག་ཡིན།

ད་ལྟའི་ཆར་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས་འདིས་བོད་ཀྱི་དཀའ་རྙོག་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གཏོང་བཞིན་ཡོད། རྒྱ་གཞུང་ནས་བོད་དུ་ཆབ་སྲིད་དང༌། ཆོས་ལུགས་ལ་དྲག་གནོན་བྱེད་པ་དང༌། ཁྲོམ་རའི་དཔལ་འབྱོར་གྱི་ནོར་སྲིད་སྲིད་བྱུས་དང༌། བྱ་ཐབས་བཙན་འགེལ་བྱེད་པའི་གནོན་ཤུགས་འོག་རྒྱ་མི་རིགས་ལས་མེད་སྟོང་ཕྲག་མང་པོ་བོད་ནང་ལས་འཚོལ་དུ་ཡོང་རྒྱུར་བསམ་བློ་ཆབ་སྲིད་དང༌། ནོར་སྲིད་ཀྱི་བྱ་ཐབས་བཅས་ཀྱི་སྐུལ་འདེད་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་སྲ་བརྟན་གྱི་གཞི་རྒྱ་ཆེ་བའི་འབྲེལ་མཐུད་ཀྱི་ཐབས་བྱུས་བཀོད་སྒྲིག་བྱས་ནས་དེའི་ལས་འགུལ་ཤུགས་ཆེ་ལག་བསྟར་འགོ་འཛུགས་བྱས་ཏེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བའི་བྱ་ངན་ཁག་ལ་རྣམ་པ་གཞན་ཞིག་གིས་གཡོ་འགེབས་བྱེད་ཀྱི་ཡོད། རྒྱ་གཞུང་གི་སྲིད་བྱུས་དང་བྱ་ཐབས་དེ་ཚོའི་གཞི་རྩའི་བསམ་བློ་གཏོང་སྟངས་ནི་ནོར་འཁྲུལ་ཅན་གྱི་སྔོན་དཔག་ལ་གཞི་བཅོལ་བྱས་ཡོད་པ་སྟེ། བོད་ནང་དཔལ་འབྱོར་དང༌། སྤྱི་ཚོགས་ཡར་རྒྱས་བཏང་སྟེ་བོད་མི་མང་སྤྱི་དང༌། ལྷག་པར་མི་རབས་གསར་པ་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་གི་ཁྱད་འཕགས་ལ་ཡིད་ཆེས་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུས་ཏེ་རང་གི་རླབས་ཆེན་ལས་དབང་ཐག་གཅོད་བྱེད་པའི་མངོན་འདོད་ཀྱི་མི་རིགས་ཕུལ་བྱུང་སྙིང་སྟོབས་དང༌། ལྷག་བསམ་ཆེན་པོའི་རྩ་ཆེའི་གོམས་སྲོལ་བཟང་པོ་རྣམས་སྒོ་ཀུན་ནས་མེད་པར་བཟོ་རྒྱུའི་རེ་ངན་འཆང་བཞིན་ཡོད། སྲིད་བྱུས་དང་བྱ་ཐབས་དེ་ཚོའི་ངན་འབྲས་ནི་བོད་མིའི་སེམས་སྟོབས་དང༌། མི་ཚེའི་འཚོ་བ་སྐྱེལ་སྟངས་ཐ་ཞན་གྱི་གྲལ་མཐར་ལྷུང་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་དང༌། བོད་ནང་འཛུགས་སྐྲུན་རྣམ་གྲངས་རྒྱ་ཆེ་ལག་བསྟར་བྱས་ཏེ་བོད་འདི་རྒྱ་མི་རིགས་ཆེན་པོའི་སྤྱི་ཚོགས་དང༌། རིག་གཞུང་ནང་སིམས་སུ་འཇུག་རྒྱུ་དང༌། བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོ་བྱས་ཏེ་བོད་དང་བོད་མི་རིགས་བཅས་པ་རྒྱ་རིགས་མི་འབོར་གྱི་གནོན་ཤུགས་འོག་མི་སེར་སྤེལ་ཡུལ་ཞིག་ཏུ་བསྒྱུར་རྒྱུར་དམིགས་པ་ཞིག་ཡིན།

བོད་གངས་ལྗོངས་ཀྱི་དུས་བབས་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང༌། ཉེ་ལམ་བོད་རྒྱའི་འབྲེལ་བ་བསྐྱར་མཐུད་མ་བྱུང་བར་རྒྱ་གཞུང་དང་གྲོས་མོལ་ཡོང་ཐབས་ཀྱི་ྋགོང་ས་མཆོག་གི་བླ་ན་མེད་པའི་ཐུགས་ཁུར་དང་འབད་བརྩོན་ལ་ཕ་རོལ་ཕྱོགས་ནས་བཟང་ཕྱོགས་ཀྱི་བརྡ་ལན་དང༌། འབྲེལ་བ་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མ་ཐོན་པ་འདིས་བོད་མི་མང་གི་བསམ་བློར་རང་བཞིན་ཞེ་བསུན་གྱིས་བློ་ཁ་དང༌། ལས་དབང་ལ་དངངས་འཚབ་དང༌། འཕེལ་མེད་རང་སོའི་གནས་སྟངས། ཐ་ན་འཁོན་འཛིན་གྱི་བསམ་བློ་བཅས་ཀྱི་ས་བོན་དེ་བས་ཆེས་ཆེར་འཕེལ་བཞིན་ཡོད། རྒྱ་གཞུང་གིས་བོད་ཀྱི་གནད་དོན་ཐོག་དུས་གཏན་དུ་མཁྲེགས་བཟུང་གི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ཐོག་ཕན་ནུས་ལྡན་པའི་རྒྱབ་སྐྱོར་གྱི་རྒྱུན་གཏན་རང་བཞིན་གྱི་ཡོངས་ཁྱབ་སྲིད་བྱུས་བརྟན་པོ་མེད་པ་བཅས་ཀྱིས་བོད་མི་རྣམས་ཀྱི་བསམ་བློ་ཐལ་བསྐྱོད་ཕྱོགས་སུ་སྣེ་ཁྲིད་བཞིན་ཡོད། མུན་ནག་གི་གཞི་ལྗོངས་འདི་འདྲ་ཞིག་གི་ཐོག་ནས་ང་ཚོས་ཉེ་ལམ་རྒྱ་གཞུང་དང་འབྲེལ་བ་བསྐྱར་དུ་མཐུད་ཐུབ་པ་འདི་ནི་ང་ཚོས་བཟང་ཕྱོགས་གནས་ཚུལ་གྱི་འཕེལ་ཕྱོགས་སུ་དགའ་བསུ་བྱེད་ཀྱི་ཡོད། བོད་རྒྱའི་བར་འབྲེལ་ལམ་བྱུང་བ་འདིས་བོད་མི་རྣམས་ལ་དངངས་འཚབ་དང༌། ཚོར་སྐྱེན་ཟབ་པའི་དཀའ་སྡུག་གནས་སྟངས་འོག་ངལ་གསོའི་དབུགས་གཏོང་གི་བར་བརྒལ་དུས་སྐབས་ཤིག་བསྐྲུན་ཡོད། པེ་ཅིང་གཞུང་ནས་སྟག་སྣ་འཇིགས་མེད་བཟང་པོ་དང༌། ངག་དབང་གསང་སྒྲོལ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་འགའ་ཞིག་གློད་འགྲོལ་བཏང་བ་དང༌། ཁ་སྔོན་ཕྱི་ཟླ་ ༩ པའི་ནང་རྡ་རམ་ས་ལ་ནས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་པེ་ཅིང་དང༌། ལྷ་ས་སོགས་ལ་བསྐྱོད་ནས་རྒྱ་གཞུང་དང་ཐད་ཀའི་འབྲེལ་བ་བསྐྱར་གསོ་ཐུབ་པ་བྱུང་ཡོད། ང་ཚོའི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌། སྐལ་བཟང་རྒྱལ་མཚན་གཉིས་ནས་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཞོན་དང༌། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་འཛིན་སྐུ་ཞབས་ཝང་ཀྲའོ་གོ་དང༌། མི་རིགས་ལས་དོན་ལྷན་ཁང་གི་བློན་ཆེན་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་གཙོ་འཛིན་གཞོན་པ་ལི་ཏེ་ཀྲའུ་སོགས་རིམ་ཁག་དཔོན་རིགས་དང་ཐུག་འཕྲད་གནང་སྟེ་ཁོང་ཚོ་དང་ཕན་ཚུན་མཛའ་མཐུན་གྱི་རྣམ་པའི་ཁོར་ཡུག་ནང་འཛེམས་ཟོན་མེད་པའི་བསམ་ཚུལ་བརྗཻ་ལེན་བྱེད་ཐུབ་པ་བྱུང་འདུག

ང་ཚོའི་སྐུ་ཚབ་རྣམས་ཕྱིར་ལོག་བྱུང་སྐབས་འབྱུང་འགྱུར་བོད་རྒྱ་གཉིས་བར་ཕན་ཚུན་འབྲེལ་ཡོད་མི་སྣ་ངོ་ཐུག་ཞུས་ནས་རྒྱུན་མཐུད་གྲོས་མོལ་ཡོང་བའི་ཆེད་དུ་ཕྱོགས་གཉིས་ཀས་དེའི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་གལ་ཆེ་ཡིན་པའི་མཐོང་ཚུལ་བྱུང་ཞིང༌། དེར་བརྟེན་བོད་རྒྱ་ཕན་ཚུན་བར་ཡིད་ཆེས་མེད་པ་དང༌། དོགས་པ་རྣམ་རྟོག་ཡོད་རིགས་གཙང་སེལ་ཐུབ་པ་བྱས་ཏེ་ཕན་ཚུན་ཡིད་ཆེས་བློས་འགེལ་ཐུབ་རྒྱུར་མཐུན་གྲོགས་ཆ་རྐྱེན་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་རྩོལ་སྒྲུབ་ཞུས་ཡོད། བོད་རྒྱའི་བར་ཉེ་ཆར་འབྲེལ་བ་སླར་གསོ་བྱུང་བ་འདི་རིམ་པས་གྲོས་མོལ་དང༌། འགྲིགས་འཇགས་ཡོང་བའི་ཕྱོགས་སུ་གོང་འཕེལ་གཏོང་རྒྱུར་ཐབས་ཤེས་གང་ཡོང་གིས་འབད་བརྩོན་ཞུ་དགོས་ཞེས་ང་ཚོས་དམིགས་བསལ་སྐུ་ཚབ་རྣམས་ལ་བཀོད་མངགས་ཞུས་ཡོད། ང་ཚོས་གཞི་རྩའི་བསམ་བློའི་རྨང་གཞི་འདི་འདྲ་ཞིག་གི་ཐོག་ནས་སྐུ་ཚབ་ཚོགས་པ་བཞུགས་སྒར་དུ་འབྱོར་འཕྲལ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་དང༌། འཛམ་གླིང་ཁྱོན་ཡོངས་ཀྱི་ང་ཚོའི་གྲོགས་པོ་ཚོར་བོད་རྒྱའི་བར་ཡོད་པའི་འབྲེལ་བ་འདི་མུ་མཐུད་རྒྱུན་གནས་དང་གོང་འཕེལ་ཡོང་བའི་ཆེད་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་ང་ཚོར་མཐུན་གྲོགས་ཡོང་བའི་འབོད་སྐུལ་ཞུས་པ་ཡྀན། ཕྲན་ནས་བོད་མི་རྣམས་དང༌། ང་ཚོའི་གྲོགས་པོ་རྒྱབ་སྐྱོར་བ་རྣམས་ནས་ཕྱི་ལོ་ ༢༠༠༣ ཟླ་ ༦ བར་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང༌། ཁྲོམ་སྐོར་སོགས་ཀྱི་ལས་འགུལ་མ་སྤེལ་བར་རྒྱ་གཞུང་ནས་ང་ཚོ་དང༌། ལྷག་བསམ་ཟོལ་མེད་ཀྱི་དོན་ཕན་ལྡན་པའི་གྲོས་མོལ་བྱེད་མིན་གྱི་ཚོད་བགམ་བྱེད་རྒྱུ་ཡིན་ཞེས་ཡོངས་བསྒྲགས་བྱས་པ་ཡིན།

ངས་གོ་སྐབས་འདི་བརྒྱུད་ཨ་རིར་ཡོད་པའི་རང་རིགས་ཕོ་མོ་རྣམས་དང༌། ཨ་རི་བ་དང་མེཀ་སི་ཁཱན་ལ་སོགས་པའི་བོད་དོན་རྒྱབ་སྐྱོར་བའི་ང་ཚོའི་གྲོགས་པོ་མང་པོ་ཞིག་གིས་བཙན་བྱོལ་བོད་གཞུང་གི་འབོད་སྐུལ་ལ་བཟང་ཕྱོགས་ཀྱི་ངོས་འཛིན་གནང་སྟེ་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ཨ་རི་དང༌། མེཀ་སི་ཁཱོར་ནང་འཚམས་འདྲིར་འབྱོར་སྐབས་ངོ་རྒོལ་ལས་འགུལ་འབོར་ཆེན་ཞིག་རེ་ཞིག་ཕྱིར་བཤོལ་གནང་ཡོད་པར་ཡོངས་ཁྱབ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་གཞི་རྒྱ་ཆེ་བའི་བོད་དོན་རྒྱབ་སྐྱོར་གྱི་བྱ་ཐབས་དང༌། ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་གལ་ཆེའི་རྩ་དོན་ཐོག་གཅིག་གྱུར་གྱི་ལྷག་བསམ་རྣམ་དག་དང་ལངས་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་བཟུང་ཡོད་པ་འདིའི་ཐོག་ནས་ང་ཚོའི་ཕྱོགས་ཀྱི་ལྷག་བསམ་ཟོལ་མེད་དང་འགྱུར་བ་མེད་པའི་ལངས་ཕྱོགས་ཕྱིར་མངོན་ཐུབ་པ་བྱུང་ཡོད། ཡིན་ན་ཡང་ཕྲན་གྱི་ཞུ་སྐུལ་དེར་མི་མང་པོ་ཞིག་ནས་དོགས་ཟོན་ཤུགས་ཆེ་བྱེད་ཀྱི་ཡོད་པ་དེའི་བསམ་ཚུལ་ཡང་ཕྲན་ལ་ཤེས་རྟོགས་ཟབ་མོ་ཡོད། རྒྱ་ནག་གཞུང་གིས་བོད་དུ་གདུག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་རྒྱལ་སྤྱིས་ཐེར་འདོན་སྐྱོན་བརྗོད་ཆེན་པོ་ཡོང་བར་གཡོལ་ཆེད་དམིགས་བསལ་བྱ་ཐབས་ལ་འགྱུར་བ་བཏང་སྟེ་རྣམ་པ་འགྱུར་བའི་རྒྱ་གཞུང་གི་ངན་གཡོའི་ལས་འགུལ་ལ་བོད་གཞུང་གིས་གཞོགས་འདེགས་ཡོང་སྲིད་པར་མི་མང་པོ་ཞིག་གིས་ངོས་འཛིན་དང༌། སེམས་འཚབ་བྱེད་ཀྱི་ཡོད། གང་ལྟར་རྒྱ་གཞུང་ལ་བསམ་བློ་གསར་པ་ཞིག་ཡོད་པའམ་ཡང་ན་བྱ་ཐབས་ལ་འགྱུར་བ་བཏང་བ་ཡིན་དོན་དངོས་ཀྱི་གནས་ཚུལ་གང་ཞིག་ཡིན་མིན་ལ་མ་ལྟོས་པར། ང་ཚོའི་ངོས་ནས་ཕན་ནུས་ལྡན་པ་དང༌། འགན་ཁུར་ཡོད་པ། འགྲིགས་འཇགས་ཐད་ལྷག་བསམ་རྣམ་དག་ཡིན་པ་བཅས་ཀྱི་ཐོག་ནས་ལས་དོན་ཞུ་སྒོ་ཁག་འཕྱུག་མེད་བྱེད་ཀྱི་ཡོད་པར་ཕྲན་ནས་ངོས་འཛིན་གསལ་པོ་བྱེད་ཀྱི་ཡོད། ང་ཚོའི་ནུས་ཤུགས་ནི་དྲང་པོ་དང༌། ལྷག་བསམ་རྣམ་དག གྲོས་མོལ་འགྲིགས་འཇགས་ཡོང་བར་སེམས་ཁུར་བཟང་པོ་ཡོད་པ་འདི་ཡིན། ཕྲན་གྱིས་འགོ་ཁྲིད་བྱས་པའི་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་རྩ་དོན་འདི་དག་མུ་མཐུད་གཙིགས་ཆེར་བཟུང་ནས་སྲུང་རྩི་ཞུ་རྒྱུ་དང༌། གལ་ཏེ་དུས་ཚོད་རྒྱས་བཅད་ནང་རྒྱ་གཞུང་ནས་ང་ཚོར་འབྲེལ་བ་སླར་གསོ་དང༌། གྲོས་མོལ་གྱི་བརྒྱུད་རིམ་ཁག་མུ་མཐུད་མཇུག་སྐྱོང་བྱ་རྒྱུའི་འདུན་པ་མེད་པ་གསལ་པོ་ཆགས་པའི་ཉིན་ང་ཚོས་རང་གི་རྩ་དོན་འགྲུབ་པའི་ལས་དོན་སྤེལ་རྒྱུའི་གདམ་ག་གཞན་ལག་བསྟར་བྱེད་རྒྱུའི་ནུས་པ་དང་གོ་སྐབས་ང་ཚོའི་ལག་ཏུ་མུ་མཐུད་ཡོད་པ་ཡིན།

ཉེ་ཆར་རྒྱ་གཞུང་གི་གོམ་གང་མདུན་སྤོས་ཀྱི་གོམ་སྟབས་ནས་ང་ཚོར་རེ་བའི་དྲོད་རླུང་ཞིག་ལྡང་ཡོད་ལ། ང་ཚོས་རྒྱ་གཞུང་གི་བཟང་ཕྱོགས་རྣམ་འགྱུར་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུ་གི་ཡོད། རྒྱ་ནག་ནི་མྱུར་ཚད་མགྱོགས་པོས་འཕོ་འགྱུར་འགྲོ་བའི་བར་བརྒལ་འཕོ་འགྱུར་གྱི་དུས་མཚམས་སུ་སླེབས་ཡོད། རྒྱ་ནག་དབུ་ཁྲིད་མི་རབས་གསུམ་པ་ནས་བཞི་པའི་ཐོག་ཏུ་འཕོ་འགྱུར་འགྲོ་བཞིན་ཡོད། རྒྱ་ནག་དམར་པོའི་ཚོགས་པའི་ཚོགས་ཆེན་ ༡༦ མཇུག་བསྒྲིལ་མ་ཐག་ཡིན་པ་མ་ཟད། མི་རབས་གསར་པའི་རྒྱ་རིགས་དཔོན་རིགས་ན་གཞོན་མང་པོ་ཞིག་དམར་པོའི་ཚོགས་པའི་འགོ་ཁྲིད་ལས་འགན་གསར་པའི་ཐོག་འཁོད་ཡོད་པ་དང༌། འཆར་ལོའི་ཟླ་ ༣ པའི་ནང་རྒྱ་ནག་སྲིད་གཞུང་གི་དཔོན་རིགས་ལས་གནས་འཕོ་འགྱུར་དང་གཏན་འཁེལ་ཡོང་རྒྱུ་བཅས་རྒྱ་ནག་གི་སྤྱི་ཚོགས་དང་འགོ་ཁྲིད་སོགས་ཕྱོགས་ཡོངས་ནས་བར་བརྒལ་འཕོ་འགྱུར་གྱི་དུས་སྐབས་ཤིག་ཡིན་པ་དང༌། ང་ཚོས་བོད་ཀྱི་གནས་ཚུལ་ནས་བརྗོད་ན། བོད་དོན་ལས་འགུལ་གྱི་གོ་སྐབས་དུས་ཚོད་ཀྱང་ཡིན། ད་ལྟ་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང༌། སྐུལ་འདེད་ལ་བརྟེན་ནས་བོད་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་སྔར་ལྷག་འབད་བརྩོན་བྱ་རྒྱུ་ནི་གལ་འགངས་ཆེ་ལ་འགག་རྩའི་དུས་མཚམས་སུ་སླཻབས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

བོད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་བྱེད་པ་ལ། ངེས་པར་དུ་རྒྱ་ནག་གཞུང་ནས་ཡོ་རོབ་དང༌། ཨ་རི་ལ་སོགས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང༌། གྲོས་ཚོགས། རྒྱ་ཆེའི་མི་མང་བཅས་ནས་བོད་དོན་ཐོག་བསམ་པ་རྣམ་དག་དང༌། ཆོད་སེམས་བརྟན་པོའི་སྒོ་ནས་རྒྱབ་སྐྱོར་བྱེད་པའི་དོན་དམ་མངོན་འདོད་ཀྱི་གནས་ཚུལ་ཤེས་རྟོགས་གསལ་པོ་ཡོང་བ་བཟོ་རྒྱུ་འདི་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་མཉམ་རུབ་དང༌། ནུས་ཤུགས་ལྡན་པའི་ཐབས་བྱུས་ཀྱི་སྐུལ་འདེད་ཤུགས་ཆེ་ཞིག་མེད་ན། རྒྱ་གཞུང་གི་དབུ་ཁྲིད་གསར་པའི་ནང་ད་དུང་མཁྲེགས་བཟུང་ཅན་གྱི་འགོ་ཁྲིད་ཡོད་པ་དང༌། ཁོང་ཚོས་བོད་རྒྱའི་བར་དོན་ཕན་ལྡན་པའི་འབྲེལ་བ་དང་གྲོས་མོལ་བྱ་རྒྱུ་ཁག་པོ་ཡིན། རྒྱ་གཞུང་གི་ཕྱི་འབྲེལ་ལས་དོན་གྱི་ཐབས་བྱུས་གསར་པའི་ནང་ཡོ་རོབ་ནི་གནད་འགག་ཆེན་པོར་བརྩི་བཞིན་ཡོད། རྒྱ་གཞུང་གི་དབུ་ཁྲིད་གསར་པ་ཚོས་ཡོ་རོབ་དང་འབྲེལ་བ་བཟང་པོ་ཞིག་ཡོང་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། རྒྱ་གཞུང་ནས་ཨ་རིའི་ཕྱོགས་གཅིག་གི་ནུས་ཤུགས་ལ་ཚོད་འཛིན་འགོག་རྒོལ་བྱ་རྒྱུར་ཡོ་རོབ་དང་མཛའ་འབྲེལ་བཟང་པོ་བཟུང་སྟེ་ཕྱི་འབྲེལ་ཐབས་ལམ་གྱི་བྱ་ཐབས་སྤྱོད་ཐུབ་ན་ཁོང་ཚོར་ཁེ་ཕན་ཆེན་པོ་ཡོད་པར་མཐོང་གི་ཡོད། རྒྱ་ནག་གི་དབུ་ཁྲིད་ཚོས་དུས་རྒྱུན་དུ་ཨ་རིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྐྱོན་བརྗོད་བྱས་པ་ལས། ཡོ་རོབ་ཁུལ་ནས་སྐྱོན་བརྗོད་བྱས་པར་བཟོད་བསྲན་དང༌། གུ་ཡངས་ཀྱི་རྣམ་འགྱུར་ཞིག་བཟུང་གི་ཡོད། ཡོ་རོབ་རྒྱལ་ཁབ་ཁག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་སྐྱོན་བརྗོད་བྱེད་སྐབས་དེ་ནི་ཤར་ནུབ་རིག་གཞུང་གི་ཁྱད་པར་ལ་འགྲཻལ་བཤད་བརྒྱབས་ནས་གནོན་ཤུགས་ལས་གཡོལ་ཐབས་བྱེད་པ་དང༌། ཨ་རིའི་སྐྱོན་བརྗོད་ཁག་ནི་རྒྱ་ནག་བཀག་བསྐྱིལ་གྱི་ཐབས་བྱུས་ཤིག་ཏུ་ངོས་འཛིན་བྱས་ཏེ་ཆབ་སྲིད་ཀྱི་ལྟ་ཚུལ་འཛིན་བཞིན་ཡོད། དེ་བརྟེན་ཡོ་རོབ་རྒྱལ་ཁབ་ཁག་དང༌། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐད་ཤུགས་ཆེའི་འགན་ཁུར་ལེན་དགོས་པ་ནི་ཁྱད་དུ་འཕགས་པའི་ཤུགས་རྐྱེན་གཏིང་ཟབ་ཡོད་པར་བརྟེན་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ལ་བོད་ཀྱི་གནད་དོན་འདི་ཞི་བའི་གྲོས་མོལ་བྱས་ཏེ་ཐག་གཅོད་ཡོང་བ་བྱ་རྒྱུའི་འོས་བབས་ཆེ་ཤོས་ལྡན་ཡོད། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ལ་ཆབ་སྲིད་ཀྱི་རང་ངོས་སྟོབས་ཤུགས་ཡོད་ལ། རྒྱལ་སྤྱིའི་ནང་མཚན་མཐོང་ཆེན་པོ་ཡོད། ཡོ་རོབ་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་མང་པོ་བཞག་སྟེ་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་དང༌། སྒྲིག་འཛུགས་ཁག་ལ་བོད་མི་མང་གི་གཞི་རྩའི་རང་དབང་ཐོབ་ཐང་དང༌། བོད་མིའི་ངོ་བོ་སྲུང་སྐྱོབ། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གཞུང་བར་གྲོས་མོལ་ཡོང་ཐབས་ཐད་ནུས་ལྡན་གྱི་ལས་འགུལ་ཤུགས་ཆེ་སྤེལ་དགོས་པའི་སྐུལ་མ་གནང་ཡོད། འོན་ཀྱང་བློ་ཕམ་དགོས་པའི་གནས་ཚུལ་ཞིག་ལ། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་བློན་ཆེན་ལྷན་ཚོགས་དང༌། སྤྱི་ཁྱབ་ལྷན་ཁང་གཉིས་ནས་ད་བར་གྲོས་ཚོགས་ཁག་གི་གྲོས་ཆོད་ཀྱི་འབྲུ་དོན་རྣམས་ལག་བསྟར་བྱས་པ་ཆེས་ཉུང་ཉུང་ཡིན་པ་མ་ཟད། ད་དུང་བོད་ཐོག་རྒྱུན་གཏན་གྱི་སྲིད་བྱུས་གསལ་ཞིང་བརྟན་པོ་ཞིག་གཏན་འབེབས་ཡོད་ཚོད་མི་འདུག དེར་བརྟེན་ཕྱི་ལོ་ ༡༩༩༨ ལོར་ཡོ་རོབ་གྲོས་ཚོགས་ནས་གྲོས་ཆོད་ཅིག་ལ་གྲོས་འཆམ་གནང་སྟེ་ཡོ་རོབ་བློན་ཆེན་ལྷན་ཚོགས་དང༌། སྤྱི་ཁྱབ་ལྷན་ཁང་གིས་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཅིག་བསྐོ་གཞག་གནང་དགོས་པའི་རེ་སྐུལ་གནང་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཅིག་བསྐོ་གཞག་གནང་ཡོད་པ་དང༌། སྐུ་ཚབ་ནས་ཨ་རིའི་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གྱི་གཞི་རྩའི་རང་དབང་སླར་གསོ་ཡོང་ཐབས་དང༌། ཕྱི་འབྲེལ་ཐབས་བྱུས་ལ་བརྟེན་ནས་རྒྱལ་ཁབ་ཕན་ཚུན་མཉམ་སྡེབ་དང༌། གནས་ཚུལ་མཉམ་སྤྱོད་སོགས་གནད་དོན་མང་པོའི་ཐོག་འགུལ་བསྐྱོད་བྱེད་དགོས་པ་ཆགས་པ་དང༌། ལྷག་པར་བོད་ཐོག་འཛིན་པའི་སྲིད་བྱུས་ཁ་གསལ་གཏན་འབེབས་ཐུབ་པ་བྱུང་ཡོད་པར་བརྟེན་བོད་ཐོག་རྒྱ་ཁྱབ་ཏུ་དོ་སྣང་བྱེད་ཤུགས་ཇེ་ཆེར་ཕྱིན་ཡོད།

དེང་སྐབས་རྒྱ་ནག་གཞུང་ནས་རང་རྒྱལ་ཁབ་ལ་འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་གྱུར་པའི་ཆབ་སྲིད་གནོན་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་ངོས་འཛིན་ཐུབ་ཀྱི་ཡོད་པར་བརྟེན་རྒྱ་གཞུང་གི་དབུ་ཁྲིད་ཚོས་འཛམ་གླིང་ཕྱི་ཕྱོགས་སུ་འཛིན་པའི་སྲིད་བྱུས་དང༌། འཐབ་བྱུས་ལའང་འགྱུར་བ་གཏོང་བཞིན་ཡོད། དེར་བརྟེན་རྒྱལ་སྤྱིའི་གཟུགས་བརྙན་ལྡན་ཞིང་ནུས་སྟོབས་ལྡན་པའི་ཡོ་རོབ་རྒྱལ་ཁབ་ཁག་གི་སྲིད་གཞུང་དང༌། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ནས་རྒྱ་ནག་གཞུང་ལ་ནུས་ཤུགས་ལྡན་པའི་སྐུལ་འདེད་ཀྱི་སློབ་གསོ་དང༌། ཡང་ན་སྲིད་དོན་གྱི་གནོན་ཤུགས་ཀྱི་བྱ་ཐབས་གང་རུང་སྤྱད་དེ་ཡུན་རིང་བདག་མེད་དུ་ལུས་པའི་བོད་དང་བོད་མིའི་དཀའ་རྙོག་གནས་ཚུལ་ཐག་གཅོད་གཙང་མ་ཡོང་བའི་ཐུགས་ཁུར་བཞེས་རྒྱུ་ནི་བོད་གཅིག་པུའི་ཁེ་ཕན་མ་ཡིན་པར་རྒྱ་ནག་རྒྱལ་ཁབ་འདི་བཞིན་ཁྱོན་ཡོངས་ནས་ཞི་བདེ་བརྟན་ལྷིང་དང༌། འཕེལ་རྒྱས། འཛམ་གླིང་གི་འགན་ཁུར་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་གཅིག་ཏུ་མདུན་བསྐྱོད་ཀྱི་ཁྲིད་སྟོན་བྱེད་རྒྱུའི་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད་པ་དང༌། གལ་འགངས་ཆེ་ལ་ཕན་ནུས་ལྡན་པའི་དོན་སྙིང་དེ་དག་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་བྱེད་རྒྱུ་ནི་ཡོ་རོབ་ཕྱོགས་ལ་འགན་འཁྲི་ཡོད་པ་ཡིན།

ཕྲན་ནས་གོ་སྐབས་འདི་བརྒྱུད་ཡོ་རོབ་རྒྱལ་ཁབ་ཁག་གི་སྲིད་གཞུང་དང༌། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ལ་གྲོས་ཚོགས་ཁག་གི་གྲོས་ཆོད་ཀྱི་འབྲུ་དོན་ལྟར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་སྟེ་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཁག་ནས་རྒྱ་ནག་གཞུང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གམ། གང་ཉིད་ཀྱི་སྐུ་ཚབ་མཉམ་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་འགན་ནུས་ཀྱི་རྨང་གཞིའི་འོག་ནུས་ཤུགས་ལྡན་ཞིང༌། གསར་གཏོད་ལྡན་པ་དང༌། ལྷག་བསམ་རྣམ་དག་གི་ཕྱི་འབྲེལ་མཛད་བྱུས་གཏན་འབེབས་གནང་སྟེ་བོད་ཀྱི་གནད་དོན་ཞི་བས་ཐག་གཅོད་ཡོང་བའི་འགན་ཁུར་ལེན་རྒྱུ་ནི་རྒྱ་ནག་གི་ཆིག་བསྒྲིལ་དང་བརྟན་ལྷིང་ལ་ཕན་ཐོགས་ཡོད་ལ། བོད་ཀྱི་ངོ་བོ་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡོང་ཐབས་ཚུད་པའི་ཁྲིམས་མཐུན་གྱི་དགོས་མཁོ་གཞན་དག་ཀྱང་བསྐྲུན་ཐུབ་ངེས་ཡིན། དེ་བཞིན་ཨ་རི་དང༌། རྒྱ་ནག་གཉིས་ཀྱི་མཛའ་མཐུན་ཐད་ཀྱང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཡོང་ཐུབ་རྒྱུར་ཕྲན་ལ་ཡིད་ཆེས་བརྟན་པོ་ཡོད། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་སྟེ་དེའི་ལས་དོན་གྱི་འོས་འགན་དང༌། དམིགས་ཡུལ་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་དང༌། བོད་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གམ། གང་གི་སྐུ་ཚབ་མཉམ་བོད་ཀྱི་དཀའ་རྙོག་དྲང་བདེན་དང༌། ཞི་བ། གཉིས་སྨན་གྱི་ལམ་ནས་སེལ་ཐབས་དོན་ཕན་ལྡན་པའི་གྲོས་མོལ་འགོ་འཛུགས་ཐུབ་རྒྱུར་དགོས་ངེས་མཐུན་འགྱུར་གནང་རྒྱུ་དང༌། དམིགས་ཡུལ་དེ་དག་དོན་སྨིན་ལྡན་པ་ཡོང་ཐབས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཁག་ནས་བོད་དོན་ཐོག་འཛིན་པའི་རྒྱུན་གཏན་ཅན་དང༌། ཕན་ནུས་ལྡན་པའི་གཅིག་གྱུར་མཛད་ཕྱོགས་སྲིད་བྱུས་གཏན་འབེབས་དགོས་པ་དང༌། དམིགས་བསལ་སྐུ་ཚབ་དེས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུས་བོད་མིའི་ཕྱོགས་ཀྱི་དབུ་ཁྲིད་རྣམས་དང་རྒྱུན་གཏན་མཛའ་འབྲེལ་དམ་ཟབ་ཐོག་རྒྱ་གར་དང༌། བོད། རྒྱ་ནག་སོགས་སུ་གཟིགས་སྐོར་དུ་ཕེབས་ཏེ་བོད་ཀྱི་གཞི་རྩའི་བདེན་དོན་གནས་ཚུལ་དང༌། བོད་རྒྱ་ཕྱོགས་གཉིས་ཀྱི་བསམ་ཚུལ་རྟོག་ཞིབ་གནང་རྒྱུ། བོད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་རྩི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག བོད་མིའི་ངོ་བོ་བཅས་སྲུང་སྐྱོབ་དང༌། བརྩི་བཀུར་ཡོང་བར་སྲིད་བྱུས་ཁག་མཇུག་གནོན་བྱས་ཏེ་རྒྱ་ནག་ལ་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་རྒྱུ། ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་བློན་ཆེན་ལྷན་ཚོགས་དང༌། སྤྱི་ཁྱབ་ལྷན་ཁང༌། ཚོགས་མིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང༌། སྲིད་གཞུང་བཅས་དང་འབྲེལ་བ་དམ་ཟབ་བྱས་ཏེ་ཕྱི་འབྲེལ་གྱི་ཐབས་བྱུས་ཐད་དང༌། རྒྱུན་མཐུད་མཉམ་སྦྲེལ་གྱིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང༌། སྤྱི་ཚོགས་བདེ་དོན་གྱི་ལས་དོན་གཉེར་རྒྱུ་སོགས་བོད་དང་བོད་མི་མང་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ལས་དོན་གྱི་ཐུགས་འགན་རྐང་བཞེས་གནང་ཐུབ་པ་དགོས།

ང་ཚོས་འཛམ་གླིང་ཐོག་ལྷགས་པའི་དཀའ་རྙོག་གི་གནད་དོན་ལ་ཕྱིར་མིག་བལྟས་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་དཀའ་རྙོག་གང་ཞིག་ཐོག་མ་ཐོན་པའི་གནས་ཚུལ་ཆུང་ངུའི་སྐབས་ནས་དོ་སྣང་དང་སེམས་ཁུར་བྱེད་མ་ཐུབ་པར་ཐ་མ་རྩོད་རྙོག་ཁག་ཐག་གཅོད་ཐུབ་རེ་བྲལ་བའི་ཚབས་ཆེའི་དཀའ་རྙོག་ནང་ལྷུང་བཞིན་ཡོད། ང་ཚོས་བོད་ཀྱི་གནས་ཚུལ་ཡང་དེ་ལྟར་མི་ཡོང་བའི་རེ་བ་དང་སེམས་ཁུར་བྱེད་པ་མ་ཟད། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་ཁུར་ཞིག་ཀྱང་ཆགས་ཡོད། འདས་པའི་དུས་རབས་ནང་རྒྱ་ནག་གཞུང་ནས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་ཐོན་མ་ཐག་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་གྱི་གདུག་རྩུབ་ཆེ་བའི་སྲིད་བྱུས་དང༌། བྱ་ཐབས་ལག་བསྟར་ཤུགས་ཆེ་བྱས་པར་བརྟེན་ཕྱི་ཚུལ་དུ་ཞི་འཇམ་ཆབ་སྲིད་ཁོར་ཡུག་གི་རྣམ་པ་ཞིག་བསྐྲུན་ཡོད་ཀྱང༌། བོད་མི་མང་ཆེ་བའི་བསམ་བློའི་ནང་དེ་བས་རྒྱ་གཞུང་ལ་ཡིད་ཆེས་བརླགས་པར་མ་ཟད། འཁོན་འཛིན་གྱི་བསམ་བློ་ཤུགས་ཆེ་ཞིག་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་པའི་གནས་ཚུལ་ཆགས་ཡོད་པ་འགྲེལ་བཤད་རྒྱག་དགོས་དོན་གཏན་ནས་མེད། དེར་བརྟེན་ཕྱོགས་ཚང་མས་བོད་རྒྱ་གཉིས་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཐབས་སུ་མཐུན་འགྱུར་གྱི་ཆབ་སྲིད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་འདི་ནི་ད་ལྟའི་དུས་སྐབས་འདིར་གནད་འགག་ཤིན་ཏུ་ཆེ་བའི་འགན་ཁུར་ཆགས་ཡོད།

དེང་སྐབས་འཛམ་གླིང་ནང་ཆབ་སྲིད་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་རྙོག་ནི་བློ་འཚབ་ཆེན་པོ་བྱེད་ཡུལ་དུ་གྱུར་ཡོད། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ནས་འཛམ་གླིང་ནང་ཕན་ཚུན་མཐུན་འགྲིགས་དང༌། འཚེ་མེད་ཞི་བ། སྤྱི་ཡོངས་འགན་ཁུར་གྱི་ལྷག་བསམ་བཟང་པོས་འཛམ་གླིང་གི་དཀའ་རྙོག་མཐའ་དག་གཙང་སེལ་ཡོང་ཐབས་ཀྱི་ཉམས་ལེན་བྱེད་མཁན་གྱི་ལས་འགུལ་སྤེལ་མཁན་ཁག་ལ་ནུས་ལྡན་གྱི་རྒྱབ་སྐྱོར་གནང་མ་ཐུབ་ཚེ་འཇིགས་སྐུལ་གྱི་དཀའ་ངལ་ལས་རྣམ་པར་རྒྱལ་ཐབས་གཏན་ནས་མེད། བོད་ཀྱི་དཀའ་རྙོག་འདི་དྲང་བདེན་དང༌། འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ནས་ཐག་གཅོད་ཐུབ་པ་ཡིན་ན། བོད་དང་རྒྱ་ནག་གཉིས་ཀར་ཁེ་ཕན་ཡོད་པར་མ་ཟད། མངའ་ཁུལ་དེ་དག་ནང་བརྟན་ལྷིང་དང༌། ཞི་བདེའི་གནས་བབ་བཟང་པོ་ཞིག་བསྐྲུན་རྒྱུ་དང༌། འདིས་འཛམ་གླིང་ཧྲིལ་པོའི་ཆབ་སྲིད་ལམ་སྲོལ་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་རྒྱ་ཆེ་ཐེབས་ངེས་ཡིན། ང་ཚོས་ད་ཕན་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་ཡིད་ཆེས་དང༌། རྩོལ་སྒྲུབ་བྱས་ཏེ་རང་དབང་འཐབ་རྩོད་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་ཁུར་ཐོབ་ཡོད་པ་དང༌། ད་དུང་ང་ཚོས་མུ་མཐུད་འཚེ་མེད་ཞི་བ་དང༌། དྲང་བདེན་གྱི་ལས་འགུལ་མཐའ་འཁྱོངས་བྱས་ཏེ་ཐ་མའི་གྲུབ་འབྲས་བཟང་ཞན་ཇི་འདྲ་ཞིག་ཐོབ་མིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལྷག་བསམ་བཟང་པོའི་ལེགས་བྱང་གི་རྒྱབ་སྐྱོར་དང༌། འཚེ་མེད་ཞི་བ་དང༌། གྲོས་མོལ་འབད་བརྩོན་འགན་ཁུར་གྱི་རྒྱབ་སྐྱོར་བཅས་དང་ཐད་ཀའི་འབྲེལ་བ་ལྡན་ཡོད་ཅེས་སོགས་གསུངས།

ཉིན་གུང་ཡོ་རོབ་གྲོས་ཚོགས་དང༌། ཡོ་རོབ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་གསོལ་སྟོན་མཉམ་བཞེས་ཐོག་བོད་དང་ཡོ་རོབ་གླིང་ཆེན་བར་ཕྱོགས་ཡོངས་ནས་མཛའ་འབྲེལ་བཟང་པོ་སྔར་བས་སྲ་བརྟན་དང་གོང་འཕེལ་གྱི་དགོངས་ཚུལ་བརྗེ་ལེན་ལྷུག་པར་གནང༌། དེ་རྗེས་སྐུ་ཞབས་ཐོ་མསི་མན་ནས་གསར་འགོད་ལྷན་ཚོགས་སུ་མགྲོན་འབོད་ཞུས་ཏེ་གསར་འགོད་པ་བཅུ་ཕྲག་ནས་ད་རེས་ཀྱི་འཚམས་འདྲིའི་མཛད་དོན་དང༌། བོད་ཀྱི་དུས་བབ་སྐོར་སོགས་གནད་དོན་མང་པོའི་སྐོར་བཀའ་འདྲི་ཞུས་པར་གོང་ལྟར་ངོ་སྤྲོད་གནང་བ་དྲིལ་བསྒྲགས་ཆེན་པོ་བྱུང་ཡོད། ཚོུད་ ༣། ༣༠ ཐོག་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་གཞུང་ལས་ཁང་དུ་ཕེབས་ནས་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་ཕྱི་འབྲེལ་དང་ཆབ་སྲིད་སྡེ་ཚན་གྱི་སྤྱི་ཁྱབ་གཞུང་ལས་ཁང་གི་འགན་འཛིན་སྐུ་ཞབས་རོ་སྦར་ཊི་ཁོ་པར་དང༌། དེ་རྗེས་ཡོ་རོབ་མཉམ་སྦྲེལ་བློན་ཆེན་ལྷན་ཁང་གི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ཁི་སི་པ་ཊན། གཞུང་ལས་ཁང་གི་འགན་འཛིན་གཙོ་བོ་སྐུ་ཞབས་ཨན་ཌོ་ནིས་ཁོ་རིས་རྣམ་གཉིས་ཁག་སོ་སོར་ཐུག་འཕྲད་གནང་སྟེ་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་ནས་བོད་དོན་བདེན་མཐའ་གསལ་ཆེད་བོད་རྒྱ་ཞི་མོལ་ཡོང་ཐབས་སོགས་ཆབ་སྲིད་བདེན་རྒྱབ་ཞུ་སྒོ་ཁག་དང༌། བོད་ཕྱི་ནང་གི་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང༌། སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ཐོག་རྒྱབ་སྐྱོར་འབོད་སྐུལ་ཞུ་སྒོ་ཁག་འཐུས་ཚང་ཞུས་གནང་ཡོད་པར་བློན་ཆེན་ལས་ཁུངས་ཁག་ནས་བཟང་ཕྱོགས་དང་བློ་སྤོབས་སྐྱེ་འོས་ཀྱི་རྒྱབ་སྐྱོར་བརྡ་ལན་ཧ་ཅང་བཟང་པོ་བྱུང་ཡོད་པ་རེད།

ཕྱི་ཚེས་ ༡༥ ཉིན་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཐོག་ཆེད་ཕེབས་གནང་སྟེ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང༌། འཛིན་སྐྱོང་གི་སྤྱི་བྱེའི་ལས་དོན་སྐོར་བཀའ་འདྲི་ཞུས་པ་ཁག་ལ་གསལ་བཤད་དང༌། ལྷག་པར་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་གནས་ཚུལ་ཁག་ལ་གཞུང་གི་དགོངས་ཚུལ་གསལ་བཤད་གནང་དགོས་པ་ཆ་ཚང་གནང་ཡོད་པ་བཅས་ཐེངས་འདིའི་ཚོགས་ཆེན་ནས་ཡོ་རོབ་གླིང་ཆེན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གོམ་སྟབས་གཅིག་གྱུར་དང་མཉམ་སྦྲེལ་ནུས་ཤུགས་གཅིག་བསྡུས་ཀྱི་སྒོ་ནས་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་གྲོས་ཆོད་དོན་ཚན་ ༡༨ ཡོད་པ་ཞིག་གཏན་འབེབས་གནང་སྟེ་སླད་ལས་འགུལ་ཤུགས་ཆེ་སྤེལ་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད། བཀའ་ཁྲི་མཆོག་དང་ཡོ་རོབ་གྲོས་ཚོགས་དང་མཉམ་སྦྲེལ་ལྷན་ཁང་གི་འབྲེལ་ཡོད་དབུ་ཁྲིད་རྣམ་པའི་བར་མཇལ་མོལ་སྐབས་སླད་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུའི་སྔོན་འགྲོའི་ཐབས་བྱུས་ལས་དོན་ཁག་གི་ཐད་ཤུགས་སྣོན་གྱི་གོམ་སྟབས་སྤོས་ནས་འབྲེལ་མཐུད་པ་བསྐོ་གཞག་ཐོག་བསྐྱར་ཞིབ་དང༌། ལག་བསྟར་གྱི་ཕྱག་ལེན་འཁེལ་ཐབས་གནང་རྒྱུ་སོགས་ཀྱི་གལ་ཆེའི་རྒྱབ་སྐྱོར་གྱི་ལས་དོན་མང་པོའི་ཐོག་དོན་ཕན་ལྡན་པའི་ཞལ་བཞེས་ཆེན་པོ་བྱུང་བ་མ་ཟད། ལྷག་པར་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་ྋགོང་ས་མཆོག་གི་ལམ་སྟོན་དབུ་ཁྲིད་འོག་བོད་རྒྱ་གཉིས་བར་ལྷག་བསམ་ཟོལ་མེད་ཀྱི་ཞི་མོལ་འགོ་འཛུགས་ཡོང་བའི་དགོངས་གཞི་ཁག་ཡོ་རོབ་དབུ་ཁྲིད་རྣམས་ཀྱིས་མཁྱེན་རྟོགས་གསལ་པོ་བྱུང་སྟེ་བོད་རྒྱ་ད་ཕན་གྲོས་མོལ་དང༌། ཞི་འགྲིགས་མ་བྱུང་བའི་འགོག་རྐྱེན་རང་རེའི་ཕྱོགས་ལ་མེད་པ་ངེས་རྙེད་བྱུང་ནས་རྒྱབ་སྐྱོར་ཞུ་སྒོའི་ཐད་ཐབས་བྱུས་ཀྱི་རྨང་གཞི་བཟང་པོ་ཞིག་ཆགས་ཡོད་པ་རེད། ད་དུང་དེ་གར་བཞུགས་རིང་ཉིན་ཐ་མར་ཁུལ་དེར་གཏན་སྡོད་དང༌། བར་སྐབས་འབྱོར་བའི་བོད་མི་གྲངས་ ༡༥༠ ཙམ་ཡོད་པ་རྣམས་ལ་ཐུག་འཕྲད་གནང་སྟེ་བོད་མི་རྣམས་ནས་བོད་སྤྱི་པའི་སྒྲིག་འཛུགས་ལ་བརྩི་བཀུར་དང༌། བོད་ཀྱི་ཆོས་དང་རིག་གཞུང༌། ཕུལ་བྱུང་གི་གོམས་སྲོལ་བཟང་པོ་མི་ཉམས་གཅེས་འཛིན་བྱེད་ཐབས། ལྷག་པར་ཉེ་བའི་ལོ་ཤས་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་དང༌། བཙན་བྱོལ་བོད་གཞུང་ནས་གང་ཐུབ་མཐུན་རྐྱེན་བསྐྲུན་ཏེ་རྒྱ་བལ་འབྲུག་གསུམ་ནང་གཞིས་ཆགས་ཀྱི་འཚོ་རྟེན་དང༌། ཤེས་ཡོན་སློབ་གསོ། འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་འགྲིགས་ངེས་ཡོད་བཞིན་དུ་ཁྲིམས་མཐུན་མ་ཡིན་པའི་ཚུལ་མིན་ཐབས་ལམ་བརྒྱུད་སྒེར་གྱི་ཁེ་ཕན་ཆུང་ངུའི་དོན་དུ་སྤྱི་པའི་སྒྲིག་འཛུགས་དང༌། བོད་མིའི་སྤྱིའི་མཚན་ལར་ལྟོས་མེད་ཀྱིས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བསྐྱོད་པ་དང༌། གནས་གང་དུ་བསྐྱོད་ནས་འཕྲལ་ཕུགས་གང་ལ་ཕན་པ་ཡོད་པ་ཞིག་ཡིན་ན་འགྲིགས་ཀྱང༌། ནུབ་ཕྱོགས་སུ་ཕྱིར་བསྐྱོད་བྱེད་མཁན་མང་པོ་ཞིག་དོན་དངོས་ཐོག་ད་ཕན་རྒྱལ་ཁབ་སོ་སོའི་ནང་གཏན་སྡོད་དང༌། ཁྲིམས་ཀྱི་འགྲོ་ལུགས་སོགས་དཀའ་ངལ་སྣེ་མང་འཕྲད་བཞིན་པ་བཅས་རང་གཞན་གཉིས་སྡུག་གི་གནས་ཚུལ་ཐོན་པར་བོད་གཞུང་ནས་ཐུགས་འཚབ་ཆེན་པོ་གནང་བཞིན་པའི་བཟོད་མེད་དགོངས་ཚུལ་གསལ་བཤད་དང༌། འོན་ཀྱང་བོད་མི་བཙན་བྱོལ་བ་ཚོར་ཁྲིམས་མཐུན་དང་མི་ཆོས་རིང་ལུགས་ཀྱི་རོགས་རམ་གནང་དགོས་རིགས་ཀྱི་མཐུན་འགྱུར་ཁག་སྐུ་ཚབ་དོན་གཅོད་ཁག་ལ་བཀོད་ཁྱབ་གནང་བ། སླད་བོད་མི་རྣམས་ནས་གཙོ་བོ་བཙན་བྱོལ་བོད་སྤྱི་པའི་སྒྲིག་འཛུགས་ལ་བསམ་བློ་བཏང་སྟེ་ཚུལ་མཐུན་ཡ་རབས་ཀྱི་ལམ་དུ་འཇུག་དགོས་པའི་གོ་བསྐོན་སློབ་གསོ་ནན་པོ་གནང་ཡོད་པ་བཅས་དེ་ཁུལ་གནང་སྒོ་ཁག་ཕུན་སུམ་ཚོགས་པའི་ངང་ཟིན་ནས་ཕྱི་ཚེས་ ༡༦ ཉིན་སྔ་དྲོ་དབྱིན་ཡུལ་དུ་ཆེད་ཕེབས་གནང་ཡོད་པ་རེད།

གོང་ཚེས་ཉིན་གྱི་སྔ་དྲོ་བཀའ་ཁྲི་མཆོག་ལོན་ཌོན་གནམ་ཐང་དུ་ཕེབས་སྐབས་དབྱིན་ཡུལ་རང་གཞུང་སྐུ་ཚབ་དོན་གཅོད་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་དང༌། དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ། དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འགན་ཁུར་བ། ཁུལ་གནས་རང་རིགས་བཅས་ནས་བསུ་བ་ཟབ་རྒྱས་ཞུས་ནས་དོན་ཁང་དུ་ཆེད་ཕེབས་གནང༌། དེ་ཉིན་ནས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་གྲ་སྒྲིག་ཞུས་ནས་ཉིན་གཉིས་རིང་བཀའ་ཁྲི་མཆོག་གི་གཙོ་སྐྱོང་འོག་བཱ་ར་སིལ་སྐུ་ཚབ་ལས་ཁུངས་དང༌། དབྱིན་ཡུལ། སུད་སི། ཕ་རན་སི། ཧང་ག་རི་བཅས་ཡོ་རོབ་ཁུལ་དུ་བཅའ་བཞུགས་རང་གཞུང་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་ཚོགས་འདུ་སྐོང་ཚོགས་གནང་སྟེ་ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༡༢ ནང་རྡ་སར་སྐོང་ཚོགས་གནང་བའི་རང་གཞུང་སྐུ་ཚབ་དོན་གཅོད་ཁག་གི་ཚོགས་འདུ་ཚོགས་ཚུན་གྱི་ལས་དོན་ལ་བསྐྱར་ཞིབ་དང༌། སླད་ལས་དོན་གྱི་མཛད་ཕྱོགས་ཁྱོན་གྲོས་གཞི་དོན་ཚན་ ༧ ཐོག་གྲོས་མོལ་གཏིང་ཟབ་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་རྣམས་ནས་རང་གཞུང་གི་ཕྱི་འབྲེལ་ལས་དོན་གྱི་སྲི་ཞུ་བསྒྲུབ་རྒྱུ་གཅིག་པུ་མ་ཡིན་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཞི་བདེའི་མཚན་དོན་གཉིས་ལྡན་གྱི་རླབས་ཆེན་དབུ་ཁྲིད་ཆེ་ཤོས་སུ་གྱུར་ཡོད་པ་ལྟར་ྋགོང་ས་མཆོག་གི་འཛམ་གླིང་སྤྱི་ཡོངས་འགན་ཁུར་གྱི་རླབས་ཆེན་དགོངས་པ་དང་ཐུགས་བཞེད་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བའི་སྲི་ཞུ་བསྒྲུབ་རྒྱུ། བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ལས་དོན་གྱི་འགན་ཁུར་བྱ་རྒྱུ་སོགས་རང་གཞུང་བཀའ་ཤག་དང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་བཀོད་སྒྲིག་གནང་འོས་ཁག་གནང་ཡོད་པ་རེད། ད་རེས་ཉིན་གཉིས་ཀྱི་ཚོགས་འདུའི་གྲོས་གཞི་གཙོ་བོ་

༡ ཡོ་རོབ་ཁུལ་རང་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་བསྒྱུར་བཅོས་གཏོང་དགོས་མིན་དང༌།

༢ ཡོ་རོབ་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་བར་དང༌། ཡོ་རོབ་མཉམ་སྦྲེལ་འབྲེལ་མཐུད་སྐུ་ཚབ་ལས་ཁུངས་དང་སྐུ་ཚབ་དོན་གཅོད་གཞན་ཁག་བར་མཉམ་སྦྲེལ་ལས་དོན་ལ་ཤུགས་སྣོན་རྒྱག་ཐབས།

༣ སྐུ་ཚབ་དོན་གཅོད་ཁང་ཁག་གི་གཞུང་གྲོན་བསྲི་ཚགས་དང༌། ནོར་སྲིད་གཏོང་ཡོང་གི་འགན་བབ་ལས་དོན་ཡར་རྒྱས་གཏོང་ཐབས་སྐོར།

༤ སྐུ་ཚབ་དོན་གཅོད་ཁང་ཁག་གིས་གནས་ཡུལ་གཞུང་ལ་གཞུང་ཁྲལ་འབུལ་ཕྱོགས་ཐད་ཁྲིམས་མཐུན་དང༌། རྩ་འཛིན་ལམ་ལུགས་ཁ་གསལ་གཏན་འབེབས་ཞུ་ཕྱོགས་སྐོར།

༥ བོད་རྒྱ་བར་ཉེ་བའི་དུས་ཡུན་ནང་མཛའ་འབྲེལ་བཟང་ཕྱོགས་ཀྱི་རྣམ་པ་ཐོན་པའི་འབྲེལ་བ་དེ་དག་རྒྱུན་མཐུད་དང་སྐྱོན་བྲལ་གོང་འཕེལ་བཏང་སྟེ་བོད་རྒྱ་གཉིས་སྨན་གྱི་གྲོས་མོལ་ཡོང་བའི་ཁོར་ཡུག་བཟང་པོ་སྐྲུན་ཐབས་སྐོར།

༦ གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་རྒྱབ་སྐྱོར་ལས་དོན་གྱི་གལ་ཆེའི་རང་བཞིན་དང༌། སླད་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་སྐོར།

༧ དེ་མིན་བཀའ་ཤག་གི་ལམ་སྟོན་དང་བཀོད་སྒྲིག་གནང་འོས་ཁག་གནང་བ་བཅས།

ཉིན་གཉིས་རིང་ཞིབ་བསྡུར་ཁག་གྲུབ་འབྲས་ལྡན་ལ། གཏན་འབེབས་ཁ་གསལ་བྱུང་བ་བཅས་ལྷན་ཚོགས་གྲུབ་འབྲས་ལྡན་པ་བྱུང་ཡོད་པ་རེད། ད་དུང་བཀའ་བློན་ཁྲི་པ་མཆོག་དབྱིན་ཡུལ་དུ་བཞུགས་ཡུན་རིང་སྐུ་ཚབ་དོན་གཅོད་ནས་གོ་སྒྲིག་ཞུས་པ་བཞིན་དབྱིན་ཡུལ་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་གི་གནད་ཡོད་དབུ་ཁྲིད་དང༌། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན། རྒྱལ་སྲས་ཅལ་སི་གཞུང་ལས་ཁང་གི་དྲུང་ཆེ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འགན་ཁུར་བཅས་དང་སྔ་རྗེས་ཐུག་འཕྲད་གནང་སྟེ་བོད་དོན་རྒྱབ་སྐྱོར་གྱི་སྐུལ་སློང་དང༌། རང་གཞུང་མཛད་ཕྱོགས་ཁག་གོ་སྐབས་དམ་འཛིན་གྱིས་ངོ་སྤྲོད་གནང་བ་བཅས་ཕྱོགས་ཡོངས་ནས་དོན་ཕན་གྱི་ཞལ་བཞེས་བཟང་པོ་བྱུང་ཡོད་པ་དང༌། ཡང་ཅི་དམ་ཧའོ་སི་ཞེས་པའི་མཁས་པའི་གསུང་བཤད་དང༌། ལོ་ཌ་ཨེ་ནལ་རྗེས་དྲན་ཚོགས་འདུ། དབྱིན་ཡུལ་གསར་འགྱུར་མཐུན་ཚོགས་ཀྱི་ལྷན་ཚོགས་བཅས་ལ་གསུང་བཤད། དེ་བཞིན་དབྱིན་ཇིའི་སྦི་སྦི་སི་དང༌། རོལ་ཊར། སར་སྦི་སི་སོགས་བརྙན་འཕྲིན་རླུང་འཕྲིན་དང༌། གསར་ཤོག་ཁག་གི་གསར་འགོད་པར་དྲི་ལན་གནང་བ་ཁག་དྲིལ་བསྒྲགས་རྒྱ་ཆེ་བྱུང་བ་སོགས་ཐེངས་འདིའི་འཚམས་འདྲིའི་མཛད་དོན་ཁག་སྔོན་དཔག་ལས་ཤིན་ཏུ་བརྒལ་བའི་ལེགས་གྲུབ་བྱུང་བ་དབྱིན་ཡུལ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་བ་བཅས་ཕྱི་ཚེས་ ༢༢ ཉིན་རྒྱ་གར་དུ་ཕེབས་འབྱོར་བྱུང་བ་རེད།

ཡང་བཀའ་ཁྲི་མཆོག་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཧ་རི་ཡ་ན་མངའ་སྡེའི་ནང་འཛམ་གླིང་རྒྱལ་ཁབ་གྲངས་ ༧༥ ནས་འདུ་འཛོམས་བྱུང་བའི་འཚེ་མེད་ཞི་བའི་དཔུང་ཁག་ཅེས་པའི་ཚོགས་ཆེན་དུ་ཕེབས་ཞུགས་གནང་ནས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་གཞུང་མང་ནས་རང་དབང་རྩོད་ལེན་གནང་བའི་ལོ་རྒྱུས་ཉམས་མྱོང་གི་མྱོང་ཚོར་གསུང་གླེང་གནང་རྗེས་ཨ་རིར་ཕེབས་ཐོན་གནང་སྟེ་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གནང་ཡོད། ཕྱི་ཟླ་ ༡༢ ཚེས་ ༤ ཉིན་ཝ་ཤིང་ཊོན་དུ་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་པའོ་ལ་ཌོབ་རི་ཡན་སི་ཀི་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། བཀའ་ཁྲི་མཆོག་དང་བོད་དོན་འབྲེལ་མཐུད་པ་རྣམ་གཉིས་མཇལ་མོལ་གནང་སྐབས་གཙོ་བོ་ཁ་སྔོན་ཕྱི་ཟླ་ ༡༠ ནང་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་དང་མཐོ་རིམ་དཔོན་རིགས་གྲོས་མོལ་གནང་སྐབས་དེ་སྔ་ཨ་རིའི་སྲིད་འཛིན་མཆོག་དང༌། ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པར་ཨ་རིའི་གཞུང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ། ལྷག་པར་བོད་ཀྱི་དཀའ་རྙོག་གཙང་སེལ་ཡོང་ཐབས་ྋགོང་ས་མཆོག་གི་གཉིས་སྨན་དབུ་མའི་ལམ་གྱི་དགོངས་པར་བརྟེན་ནས་བོད་རྒྱ་ཞི་མོལ་ཡོང་བར་ཨ་རི་གཞུང་ནས་རྒྱ་ནག་ལ་ཤུགས་ཆེའི་སྐུལ་འདེད་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་བ་དང༌། ཨ་རིའི་གྲོས་ཚོགས་ནས་ཀྱང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་སྔ་རྗེས་བཞག་པའི་འབྲུ་དོན་རྣམས་རྒྱ་ནག་གཞུང་དང་གྲོས་མོལ་ཞུས་པའི་བརྒྱུད་རིམ་ནང་གནས་ཚུལ་ཇི་བྱུང་ལྕམ་སྐུ་མཆོག་ནས་ངོ་སྤྲོད་གནང་བར་གསན་ཞིབ་དང༌། ལྷག་པར་ཨ་རྒྱ་མཐོ་རིམ་གྲོས་མོལ་སྐབས་དེ་སྔ་བོད་ཀྱི་གནས་ཚུལ་གླེང་མ་ཐག་རྒྱ་གཞུང་དཔོན་རིགས་རྣམས་ནས་ཨ་རིར་ལམ་སེང་རྒོལ་ལན་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་ཁ་སྔོན་ཕྱི་ཟླ་ ༡༠ ཨ་རྒྱའི་སྲིད་འཛིན་སོགས་མཐོ་རིམ་གྲོས་མོལ་གནང་སྐབས་རྒྱ་ནག་སྲིད་འཛིན་སྐུ་ཞབས་ཅང་ཙེ་མིན་དང་འབྲེལ་ཡོད་འགོ་ཁྲིད་རྣམས་ནས་ཨ་རིའི་ཕྱོགས་ཀྱི་བསམ་ཚུལ་ཉན་འཇོག་བྱེད་པ་ལས་དེ་སྔོན་ལྟར་རྒོལ་ལན་མི་བྱེད་པའི་བཟང་ཕྱོགས་རྣམ་འགྱུར་ཐོན་པའི་གནས་ཚུལ་གསལ་བཤད་གནང་ཡོད་པ་རེད། ཡང་བཀའ་ཁྲི་མཆོག་ནས་ཁ་སྔོན་ཕྱི་ཟླ་ ༩ པའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་དང་བོད་དུ་གཟིགས་སྐོར་དུ་ཆེད་གཏོང་གནང་བ་དང༌། སྐབས་དེར་རྒྱ་ནག་ཕྱོགས་ཀྱི་དཔོན་རིགས་དང་ཐུག་འཕྲད་སྐབས་བོད་རྒྱ་གཉིས་བར་སླད་མུ་མཐུད་འབྲེལ་བ་བྱེད་རྒྱུའི་བཟང་ཕྱོགས་ཀྱི་འགྱུར་བའི་གནས་ཚུལ་དང༌། བོད་ནང་གི་ཛ་དྲག་གནས་ཚུལ་ཁག བཙན་བྱོལ་བོད་གཞུང་ནས་རྒྱ་ནག་གཞུང་དང་གྲོས་མོལ་གྱི་གྲ་སྒྲིག་ཨང་གསར་ཡོད་པའི་མཛད་ཕྱོགས་ཁག་གི་གནས་ཚུལ་ངོ་སྤྲོད། ལྷག་པར་རིང་མིན་ཨ་རྒྱ་གཉིས་བར་འགྲོ་བ་མིའི་ཐོབ་ཐང་དང༌། ཕྱི་འབྲེལ་ལས་དོན་ཡར་རྒྱས་ཀྱི་གྲོས་མོལ་དབུ་འཛུགས་གནང་རྒྱུ་ཡིན་པ་དེའི་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་དགོངས་པར་བརྟེན་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་དང༌། དེའི་ཆེད་དུ་བོད་རྒྱ་གཉིས་བར་གྲོས་མོལ་འགོ་འཛུགས་གང་མགྱོགས་ཡོང་ཐབས་ཀྱི་དགོངས་བཞེས་སྐོར། དེ་བཞིན་རྒྱ་གཞུང་ནས་བོད་ནང་ནུབ་བརྒྱུད་ཐོན་འབྱེད་ཆེན་པོའི་ལས་འགུལ་སོགས་ནོར་སྲིད་ཀྱི་སྲིད་བྱུས་དང་བྱ་ཐབས་སྣ་ཚོགས་བཏོན་ནས་བོད་དང་བོད་མི་རིགས་བཅས་པ་རྒྱ་མི་རིགས་ཆེན་པོའི་སྤྱི་ཚོགས་ནང་སིམས་སུ་འཇུག་པའི་ཉེན་ཚབས་གསར་པའི་ལས་འགུལ་རིགས་མཚམས་འཇོག་ཡོང་ཐབས་སོགས་མདོར་ན་ཨ་རིའི་གྲོས་ཚོགས་ནས་བཞག་པའི་ཕྱི་ལོ་ ༢༠༠༣ ལོའི་ཁྲིམས་འཆར་ཁག་སྲིད་གཞུང་ནས་དོན་དམ་ཕྱག་ལེན་འཁེལ་ཐབས་ཡོང་བའི་གཞེན་སྐུལ་ཞུ་སྒོ་ཁག་གཙོ་བོར་གྱུར་པའི་དུས་ཐོག་གི་གནང་སྒོ་མང་པོ་ཞིག་གི་གཞེན་སྐུལ་གནང་བར་ཨ་རིའི་ཕྱོགས་ནས་ཞལ་བཞེས་བཟང་པོ་ཐོབ་པ་བཅས་མཇལ་མོལ་དོན་སྙིང་ལྡན་པ་ཞིག་བྱུང་ཡོད། སྔོན་འཆར་ལྟར་ན་ལྕམ་སྐུ་མཆོག་བཞུགས་སྒར་དུ་བཅར་ནས་ྋགོང་ས་མཆོག་དང༌། བོད་གཞུང་མང་གི་མཛད་གཙོ་རྣམ་པ་མཇལ་འཕྲད་དང༌། བོད་མིའི་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་ཞིབ་རྟོགས་གནང་རྒྱུ་ཡིན་ཡང་ཁོང་གི་མཛད་འགན་ཧ་ཅང་ཆེ་ཞིང་མཛད་བྲེལ་གྱིས་དུས་ཁོམ་མ་བྱུང་བར་བརྟེན་རང་གཞུང་བཀའ་ཁྲི་མཆོག་ཆེད་མངགས་ཨ་རིར་ཕེབས་ནས་ལྕམ་སྐུ་མཆོག་དང་ཐུག་འཕྲད་གནང་སྟེ་ཨ་བོད་བར་དགོངས་འཆར་བརྗེ་ལེན་གནང་བ་ཞིག་ཡིན། བཀའ་ཁྲི་མཆོག་དང་བོད་དོན་འབྲེལ་མཐུད་པའི་མཇལ་འཕྲད་དེ་ནི་ཐེངས་གསུམ་པ་ཡིན། ད་དུང་བཀའ་ཁྲི་མཆོག་ཨ་རིར་བཞུགས་རྒྱུན་ཨ་རིའི་གསར་འགྱུར་ལས་རིགས་པར་གསུང་བཤད་སོགས་མཛད་དོན་གནང་སྒོ་ཁག་ཕུན་སུམ་ཚོགས་པའི་ངང་གྲུབ་ནས་ཕྱི་ཚེས་ ༧ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གྲུབ་པ་བཅས།