འོས་བསྡུའི་སྒྲིག་གཞིའི་ཟིན་བྲིས་དེ་གསར་བཟོ་དགོས་པའི་གྲོས་ཆོད།

འོས་བསྡུའི་སྒྲིག་གཞིའི་ཟིན་བྲིས་དེ་གསར་བཟོ་དགོས་པའི་གྲོས་ཆོད་གྲོས་འཆར་ཐོག་ཚོགས་གཙོས་དགག་བྱ་གནང་མཁན་གྱི་ཕྱོགས་སུ་མོས་ཤོག་འཕངས་དགོས་པའི་རྒྱུ་མཚན། ད་རིང་དམིགས་བསལ་ངོས་ལེན་ཞུས་པའི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༣༣ པ་དེའི་ཐོག་གྲོས་འཆར་འདོན་མཁན་དང་དགག་བྱ་གནང་མཁན་གཉིས་ཀ་ནས་ཕལ་ཆེར་གྲོས་འཆར་ཚུད་པའི་རྗེས་ཀྱི་བགྲོ་གླེང་དང་མཚུངས་པའི་བགྲོ་གླེང་གནང་རྒྱུའི་གོ་སྐབས་བྱུང་སོང༌།མཐའ་མར་གྲོས་འཆར་ཚུད་དང་མ་ཚུད་ཀྱི་གྲོས་ཚོགས་ནང་མོས་ཤོག་ལེན་པའི་སྐབས་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་ ༡༦ དང༌། དགག་བྱ་གནང་མཁན་ ༡༦ བྱུང་བས་ཐག་གཅོད་གང་ཡང་བྱུང་མ་སོང༌། དེས་ན་སྒྲིག་གཞི་གཞིར་བཟུང་གྲོས་འཆར་ཚུད་དང་མ་ཚུད་ཀྱི་མཐའ་མའི་ཐག་གཅོད་དེ་ཚོགས་གཙོས་ཕྱོགས་གཅིག་ལ་མོས་ཤོག་འཕེན་པའི་ཐོག་ཐག་གཅོད་བྱེད་དགོས་རྒྱུ་ཡིན། དེར་བརྟེན་དགག་བྱ་གནང་མཁན་གྱི་ཕྱོགས་སུ་ཚོགས་གཙོས་མཐའ་མའི་མོས་ཤོག་འཕེན་ཏེ་གྲོས་ཆོད་གྲོས་འཆར་དེ་ད་རེས་གྲོས་ཚོགས་ནང་ངོས་ལེན་གནང་མི་དགོས་པ་ཞུ་རྒྱུ་ཡིན། གྲོས་ཆོད་གྲོས་འཆར་ངོས་ལེན་མ་ཞུས་པ་དེ་གྲོས་ཆོད་གྲོས་འཆར་དེའི་ནང་ཡོད་པའི་བརྗོད་གཞི་གང་གི་ཐོག་ལའང་སྐྱོན་དང་ཡོན་ཏན་གྱི་དབྱེ་བ་ཕྱེ་ནས་ཚོགས་གཙོས་ཐག་གཅོད་བྱས་པ་ཞིག་མ་རེད། སྒྲིག་གཞིའི་འགྲོ་སྟངས་ཀྱི་ཆ་ནས་ངོས་ལེན་མ་ཞུས་པ་རེད། གྲོས་འཆར་ཞིག་གྲོས་ཚོགས་སུ་ཚུད་པ་ཡིན་ན་གཞི་ནས་དེ་ལ་སྐྱོན་དང་ཡོན་ཏན་གང་ཡོད་བགྲོ་གླེང་གནང་རྒྱུའི་གོ་སྐབས་ཡོང་གི་ཡོད། ཚོགས་གཙོས་ཐག་གཅོད་བྱེད་རྒྱུའི་ལས་རིམ་མང་ཆེ་བ་ནི་ལས་རིམ་རྣམ་གཞག་གི་སྒྲིག་གཞིར་གཙོ་བོར་བཟུང་སྟེ་བྱེད་དགོས་པ་ཞིག་རེད། ལས་རིམ་རྣམ་གཞག་གི་སྒྲིག་གཞིར་ལྟོས་སྐབས་སྒྲིག་གཞི་གཞིར་བཟུང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་གསར་པ་དེ་གྲོས་ཚོགས་ཀྱི་ནང་ངོ་སྤྲོད་དང་ངོས་ལེན་ཟིན་པ་མ་ཟད་དོན་ཚན་རེ་རེ་བཞིན་བརྗོད་པ་གཉིས་པའི་ཐོག་ཐག་གཅོད་གནང་རྒྱུའི་གྲོས་འཆར་ཐོག་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་ཟིན་པ་དེ་ད་ལྟ་བཀའ་མོལ་གནང་མཁན་ཚོས་གསལ་བཤད་གནང་སོང༌། རྒྱུ་མཚན་དེ་གཞི་ལ་བཞག་ནས་ད་ལྟའི་གྲོས་འཆར་དེ་ངོས་ལེན་ཞུས་པ་ཡིན་ན་ཁ་སང་སྤྱི་མོས་ཀྱིས་ཐག་བཅད་ཟིན་པའི་སྒྲིག་འཆར་ཐོག་བརྗོད་པ་གཉིས་པ་གནང་རྒྱུའི་གྲོས་ཆོད་དང་འགལ་བ་ཡོང་གི་ཡོད་པས་ཚོགས་གཙོས་རྒྱབ་སྐྱོར་མ་ཞུས་པའི་རྒྱུ་མཚན་དང་པོ་དེ་ཡིན། རྒྱུ་མཚན་གཉིས་པ་ནི་གྲོས་ཆོད་གྲོས་འཆར་དེ་ངོས་ལེན་མ་ཞུས་པར་བརྟེན་སྤྱི་འཐུས་བྱེ་བྲག་པ་གང་ཡང་རུང་བ་ཞིག་གིས་དགོངས་ཚུལ་གསུང་རྒྱུའི་ཐོབ་ཐང་ལ་འགོག་རྐྱེན་གང་ཡང་ཡོང་གི་མེད། གལ་ཏེ་གྲོས་ཆོད་གྲོས་འཆར་དེ་ངོས་ལེན་མ་ཞུས་པའི་ཉེར་ལེན་གྱིས་སྤྱི་འཐུས་བྱེ་བྲག་པ་གང་ཡང་རུང་བ་ཞིག་གིས་དགོངས་འཆར་གནང་རྒྱུའི་ཐོབ་ཐང་ལ་འགོག་རྐྱེན་འགྲོ་ཉེན་ཡོད་པ་ཡིན་ན་སྒྲིག་གཞི་དང་བསྟུན་རྒྱུ་དང༌། སྤྱི་འཐུས་རྣམ་པའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་གཉིས་གལ་ཆེ་ཆུང་བརྩི་བའི་སྐབས་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེ་བ་ཡིན། ད་ལྟ་ངས་གོང་དུ་ཞུས་པ་བཞིན་ང་ཚོས་བགྲོ་གླེང་གནང་བཞིན་པའི་སྒྲིག་གཞི་གསར་པ་དེའི་ཐོག་བཟོ་བཅོས་གྲོས་འཆར་ག་འདྲ་ཞིག་བཏང་ཡང༌། གཏོང་རྒྱུའི་ཐོབ་ཐང་དེ་སྒོ་ཕྱེ་ནས་ཡོད་པས་སྒྲིག་གཞི་དེའི་ཐོག་བཟོ་བཅོས་དང་གསར་འཇུག་གྲོས་འཆར་སོགས་ག་འདྲ་ཞིག་གནང་རུང་གནང་ཆོག་གི་ཡོད་པས། ད་ལྟའི་གྲོས་འཆར་འདི་མ་ཚུད་པའི་རྒྱུ་མཚན་གྱིས་སྤྱི་འཐུས་གང་རུང་ཞིག་གིས་ཁྲིམས་བཟོའི་ལས་དོན་དེའི་ཐོག་རང་གི་དགོངས་ཚུལ་གསུང་རྒྱུའི་ལམ་འགག་གི་མེད། རྒྱུ་མཚན་དེ་གཉིས་ལ་བརྟེན་ནས་དམིགས་བསལ་གྲོས་ཆོད་གྲོས་འཆར་གྲོས་ཚོགས་ནང་ངོ་སྤྲོད་བྱ་རྒྱུར་དགག་བྱ་ཞུས་པ་ཡིན།
ལས་རིམ་རྣམ་གཞག་གི་ཐོག་ནས་ཚོགས་གཙོའི་དབང་ཚད་ལྷག་མའི་ནང་གྲོས་ཆོད་གྲོས་འཆར་དེ་འདྲ་ཞིག་གྲོས་ཚོགས་ནང་འཁྱེར་ཆོག་པའི་ཆ་རྐྱེན་མེད་ཅེས་བཀའ་གནང་མཁན་བྱུང་ཡོད། དེ་ནི་དངོས་དོན་དང་མཐུན་པ་མ་རེད། ཚོགས་གཙོའི་དབང་ཚད་ལྷག་མའི་ནང་སྒྲིག་གཞིར་མ་གསལ་བའི་དོན་གནད་གང་ཡོད་ཐོག་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་ཡོད་པ་གཞིར་བཞག་ཐོག དབང་ཚད་ལྷག་མ་དང་སྤྱི་ཡོངས་ཀྱི་དབང་ཚད་གཉིས་ཀའི་ནང་སྒྲིག་གཞིའི་དོན་ཚན་གང་ཡང་རུང་བ་དུས་ཚོད་ངེས་ཅན་ཞིག་གི་ཆེད་དུ་རྩིས་མེད་གཏོང་རྒྱུའི་དབང་ཚད་དེ་ཚོགས་གཙོ་ལ་སྤྲད་ཡོད། དེ་ལ་བརྟེན་ནས་ད་ལྟའི་གྲོས་འཆར་འདི་གྲོས་ཚོགས་སུ་འདོན་རྒྱུའི་གོ་སྐབས་སྤྲད་པ་དེ་སྒྲིག་གཞི་དང་མི་མཐུན་པ་ཆགས་མེད་ཅེས་གསལ་བཤད་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡