འོས་བསྡུའི་སྒྲིག་གཞི་ཟིན་བྲིས་དང་འབྲེལ་བའི་དོན་གནད་འགའ་ཞིག་སྐོར།

ད་ལྟ་ཚོགས་གཙོའི་ངོས་ནས་གསལ་བཤད་ཞུས་པ་རྣམས་གྲོས་ཆོད་གྲོས་འཆར་འདིར་རྒྱབ་སྐྱོར་དང་དགག་བྱ་གང་དུའང་བཤད་ཀྱི་མེད། གསན་མཁན་གྱིས་གསན་ཕྱོགས་མ་ནོར་བ་གནང་རོགས་ཞེས་སྔོན་ནས་ཉེན་བརྡ་བཏང་ནས་ཞུ་གི་ཡོད། དང་པོ་ཁྱད་མཁས་ཚོགས་ཆུང་ལ་གོ་བསྡུར་བྱེད་སྐབས་བཅའ་ཁྲིམས་ལ་འགྱུར་བ་གཏང་དགོས་རིགས་རྣམས་ཟིན་བྲིས་ནང་བཟོས་ན་འགྲིག་གི་མ་རེད་ཅེས་ཚོགས་གཙོས་ཞུས་པ་ཡིན། དེ་ཞུ་དགོས་དོན་གང་ཡིན་ཞེ་ན། བཅའ་ཁྲིམས་འགྱུར་བ་གཏང་དགོས་ན་སྔོན་དུ་བཅའ་ཁྲིམས་འགྱུར་བ་བཏང་སྟེ་གཞི་ནས་ཟིན་བྲིས་འདི་འགྱུར་བ་ཕྱིན་པའི་བཅའ་ཁྲིམས་ཀྱི་འོག་ནས་བཟོ་དགོས་པ་རེད་མ་གཏོགས། བཅའ་ཁྲིམས་ལ་འགྱུར་བ་མ་ཕྱིན་གོང་ནས་འགྱུར་བ་འགྲོ་རྒྱུ་ཡིན་པ་གཞི་ལ་བཞག་ནས་ཟིན་བྲིས་བཟོ་ཤེས་ཐབས་མེད། ཚོགས་དུས་བརྒྱད་པའི་ནང་བཅའ་ཁྲིམས་འགྱུར་བ་གཏང་དགོས་ཀྱི་འདུག་ཅེས་པའི་དགོངས་འཆར་དེ་འདྲ་ཚོགས་ཆུང་ཁག་དང་གྲོས་ཚོགས་ལྷན་རྒྱས་གང་དུའང་བྱུང་མེད། གནས་ཚུལ་དེའི་འོག་འོས་བསྡུའི་སྒྲིག་གཞི་གསར་པ་འདི་ཚོགས་དུས་དགུ་པའི་ནང་སླེབས་དགོས་དུས་ཟིན་བྲིས་བཟོ་མཁན་གྱིས་བཅའ་ཁྲིམས་ལ་འགྱུར་བ་འགྲོ་མེད་པ་གཞིར་བཞག་ཐོག ཁོ་རང་ཚོའི་མདུན་དུ་ཡོད་པའི་བཅའ་ཁྲིམས་འདི་ཟིན་བྲིས་གནང་སའི་རྒྱབ་ལྗོངས་ཡིན་པར་ཆ་བཞག་རྒྱུ་མ་གཏོགས་འགྲོ་སྟངས་གཞན་རྩ་བ་ནས་མེད། བཅའ་ཁྲིམས་ལ་འགྱུར་བ་གཏང་རྒྱུའི་ཐོབ་ཐང་མེད་མཁན་གྱི་ཚོགས་ཆུང་ཞིག་གིས་བཅའ་ཁྲིམས་ལ་འགྱུར་བ་འགྲོ་བ་གཞིར་བཞག་གིས་ཟིན་བྲིས་གསར་པ་ཞིག་བཟོས་ན་དེ་མི་འགྲིག་པས། གསལ་བཤད་དེ་ལོ་རྒྱུས་ཀྱི་བྱུང་རིམ་དང་སྒྲིག་གཞིའི་གནས་སྟངས་ཀྱི་ཐོག་ནས་གསལ་བཤད་བྱས་པ་ཞིག་མ་གཏོགས། ཚོགས་གཙོ་གང་ཟག་བྱེ་བྲག་པ་ཞིག་གིས་བཅའ་ཁྲིམས་ལ་འགྱུར་བ་གཏང་རྒྱུའི་འདོད་བློ་མེད་པའི་དབང་གིས་ཁྱེད་ཚོས་བཅའ་ཁྲིམས་ལ་འགྱུར་བ་གཏང་ཆོག་གི་མ་རེད་ཅེས་བཤད་པ་མ་རེད། དེ་གསལ་པོ་ཞིག་མཁྱེན་དགོས། མཚམས་རེ་ལ་ྋརྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་ནོར་བའི་ཉེན་ཁ་ཡོང་སྲིད་པ་ཞིག་རེད། ང་ཚོའི་ལོ་རྒྱུས་ཀྱི་བྱུང་རིམ་ནང་ཚོགས་དུས་བརྒྱད་པའི་གྲོས་ཚོགས་སུ་བཅའ་ཁྲིམས་ཀྱི་དོན་ཚན་འདི་དང་འདི་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་དགོངས་འཆར་ངག་ཐོག་དང་ཡིག་ཐོག་གང་དུའང་བྱུང་མེད། དོན་ཚན་གཅིག་དེ་ཡིན།
དོན་ཚན་གཉིས་པར། མི་གཅིག་འོས་གཅིག་ཟེར་བ་འདི་ལག་ལེན་བསྟར་ཐུབ་པ་ཞིག་ཡོང་རྒྱུར། བཅའ་ཁྲིམས་ལ་འགྱུར་བ་མ་བཏང་ན་ཐབས་མེད་པ་ཞིག་ཆགས་ཀྱི་མེད། ད་ལྟའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་མ་བཏང་བའི་ཐོག་ནས་སྒྲིག་གཞི་ཙམ་ཞིག་འགྱུར་བ་བཏང་བའི་ལམ་ནས་ཀྱང་མི་གཅིག་ལ་འོས་གཅིག་ཅེས་པའི་དམིགས་ཡུལ་དེ་བསྒྲུབ་ཐུབ་རྒྱུའི་ཐབས་ལམ་ཡོད། ཚོགས་ཆུང་གིས་ཀྱང་ལམ་དེ་བཙལ་རྒྱུའི་དགོངས་བཞེས་ཡོད་སྲིད། དེའི་ཐོག་ལ་སྤྱི་འཐུས་ཚོས་ཚོར་སྣང་དང་གོ་རྟོགས་དགོས་པ་ཞིག་རེད།
དོན་ཚན་གསུམ་པར། གྲོས་ཆོད་འདི་ངོ་སྤྲོད་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་གཉིས་ཀའི་གསུང་བཤད་ནང་བཅའ་ཁྲིམས་ལ་འགྱུར་བ་གཏང་དགོས་ཀྱི་ཡོད་པའི་དགོངས་ཚུལ་གསལ་པོ་ཞིག་བཏོན་གནང་སོང༌། གལ་སྲིད་དགོངས་ཚུལ་དེ་ལྟ་བུ་ཞིག་ཡོད་ན། དེ་རིང་གྲོས་ཚོགས་འདིའི་ཐོག་ནས་གནང་གི་ཡོད་ཀྱང་རུང༌། གྲོས་ཚོགས་འཕར་མ་ཚོགས་དགོས་ཀྱི་ཡོད་ཀྱང་རུང༌། སྔོན་ལ་བཅའ་ཁྲིམས་འགྱུར་བ་བཏང་བའི་རྗེས་སུ་གཞི་ནས་སྒྲིག་གཞི་བཟོ་མཁན་ཚོགས་ཆུང་ལ་གཏང་དགོས། གོ་རིམ་དེ་འདྲ་ཞིག་མ་བྱས་པར། ད་ལྟ་ཚོགས་ཆུང་ལ་ཕར་བཏང་ནས་ཟིན་བྲིས་གསར་དུ་གཅིག་བཟོས་གསུངས་པ་ཡིན་ན། ཚོགས་ཆུང་གིས་ག་ཚོད་སྐོར་ཀྱང་ད་ལྟའི་བཅའ་ཁྲིམས་འདིའི་རྭ་བའི་ནང་དུ་བསྡད་པ་མ་གཏོགས། དེ་ལས་ལྷག་པའི་འཁྲབ་ས་ཞིག་ཡོང་གི་མ་རེད། དེའི་དགོངས་ཚུལ་ཤུགས་ཆེན་ཡོད་ན་བཅའ་ཁྲིམས་འདིའི་འོག་འོས་བསྡུའི་སྒྲིག་གཞི་འདི་བཟོ་དགོས་ཀྱི་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡