འོས་བསྡུ་ལས་ཁང་གི་ཕྱག་ལས་གྲ་འགྲིག་པོ་མེད་ཚུལ།

འོས་བསྡུ་ལས་ཁང་དང༌། གཞུང་ཞབས་འདེམས་བསྐོ་ལྷན་ཁང༌། རྩིས་ཞིབ་ལས་ཁང་བཅས་ཀྱི་ཐོག་བགྲོ་གླེང་བྱུང་བའི་སྐབས་གསལ་བཤད་བཀའ་ཤག་ནས་གནང་དགོས་ཀྱི་ཡོད། བཀའ་བློན་ཁྲི་པས་གནང་ནའང་འདྲ། བཀའ་བློན་གཞན་སུས་གནང་ཡང་འགྲིགས་ཀྱི་རེད། ད་ལན་ང་ཚོ་དུས་ཚོད་ཏོག་ཙམ་འགྱངས་ན་བསམ་པ་བྱུང་སྟེ་ཕལ་ཆེར་ཕན་ཐོགས་གང་ཡང་ཡོང་གི་མེད་པ་འདྲ། དེ་རིང་འདིར་མཚམས་འཇོག་གི་ཡིན། སང་ཉིན་བཀའ་ཤག་གིས་བསྐྱར་དུ་འདིའི་ཐོག་ལ་གསལ་བཤད་གནང་རོགས་གནང༌། སྤྱི་འཐུས་རྣམ་པ་མང་པོ་ཞིག་གིས་ཚོར་བ་ཆེན་པོའི་ཐོག་ནས་འོས་བསྡུ་ལས་ཁང་གི་ཕྱག་ལས་གྲ་འགྲིག་པོ་ཡོང་གི་མི་འདུག་ཅེས་ལོ་རྒྱུས་རྒྱུ་མཚན་དང་བཅས་བཀའ་གནང་སོང༌། དེ་དངོས་གནས་སེམས་འཚབ་ཀྱི་རང་བཞིན་རེད། ད་ལྟ་ང་ཚོ་བཀའ་བློན་ཁྲི་པའི་འོས་བསྡུ་བྱེད་སྟངས་ཐོག་ལ་བཅའ་ཁྲིམས་བསྐྱར་བཅོས་བྱེད་རྒྱུའི་ལས་རིམ་ཐོག་ཕེབས་ཀྱི་ཡོད། ལས་རིམ་འདི་ཐོན་འགྲོ་གི་རེད་སྙམ། འདི་ཐོན་པ་ཡིན་ན་འོས་བསྡུ་ལས་ཁང་གི་ཕྱག་ལས་སྲ་ཐག་མ་ཡོང་ཐབས་མེད་པ་ཞིག་རེད། དེ་མ་བྱུང་བ་ཡིན་ན་རྩ་དོན་ཐོག་ལ་གནོད་སྐྱོན་ཆེན་པོ་འགྲོ་རྒྱུ་ཞིག་རེད། འོན་ཀྱང་བསོད་སྡེ་དམན་པ་ཞིག་ལ་འོས་བསྡུ་སྲ་ཐག་ཐག་བཟོ་རྒྱུའི་དབང་ཆ་དེ་སྤྱི་འཐུས་ལྷན་ཁང་ལ་ཡོད་རེད་དེ། དབང་ཆ་འདི་སྤྱི་འཐུས་ལྷན་ཁང་གིས་ནམ་ཡང་བེད་སྤྱོད་བཏང་མི་ཐུབ། འདས་པའི་ལོ་རྒྱུས་ནང་བེད་སྤྱོད་གཏང་ཐུབ་པ་བྱུང་ཡོད་མ་རེད། ད་ལྟའི་གནས་སྐབས་སུ་གསུངས་པ་འདི་གསུངས་པ་རང་རེད། ཐུགས་བློ་ཚིམ་པོ་བྱུང་ཡོད་ཀྱི་རེད། ངས་ད་ལན་གྲོས་ཚོགས་ནང་གསུངས་ཡོད་བསམ་པ་དགོངས་ཡོད་ཀྱི་རེད། དེས་འོས་བསྡུ་ལས་ཁང་གི་ལས་ཀ་བྱེད་ཕྱོགས་དྲག་ཏུ་འགྲོ་ཡོང་ངམ། ད་དུང་སྤྱོད་པ་སློག་ནས་སྡུག་ཏུ་འགྲོ་ཡོང་ངེས་པ་མེད་སྙམ། ད་ལྟའང་སྤྱི་འཐུས་རྣམ་པས་དགོངས་པ་ཡག་པོ་བཞེས་ནས་སྤྱི་འཐུས་སྤྱི་མོས་ཐོག་ནས་ཕྱག་ལས་གནང་རྒྱུའི་ནུས་པ་བཏོན་པ་ཡིན་ན། ད་ལྟ་ཉི་མ་གསུམ་གྱི་གོ་སྐབས་ཡོད་སྙམ། དེ་ངས་ཁྱེད་རྣམས་ལ་སྐུལ་སློང་བཟོ་འདྲ་པོ་ཞུས་པ་མིན། སྤྱིར་སྟངས་ཀྱི་གནས་སྟངས་བཤད་པ་མ་གཏོགས་ཁྱེད་ཚོ་བརྒྱབ་དགོས་དང་མཆོང་དགོས་ཞེས་ཞུས་པ་མིན་པས་གོ་བ་ལོག་པ་མ་བཞེས་རོགས་གནང༌། ང་ཚོ་ལ་གསུང་བཤད་གནང་བའི་ཐོབ་ཐང་ཞིག་ཡོད་པ་མ་གཏོགས་གསུང་བཤད་དེ་དག་ཕྱག་ལེན་ལ་འཁེལ་རྒྱུའི་ཐོག་ལ་སྤྱི་འཐུས་ཡོངས་རྫོགས་རྡོག་ལ་བསྒྲིལ་རྒྱུའི་དགོས་གལ་བྱུང་བ་ཡིན་ན་དེ་ང་ཚོས་ཡོང་ཐུབ་ཀྱི་མི་འདུག དེ་ཡིན་དུས་གསུང་བཤད་འགྲན་བསྡུར་གྱི་བཟོ་འདྲ་པོ་རང་རེད། དེ་ནི་དུས་ཚོད་རྫོགས་རྫོགས་བར་གནང་ཆོག་གི་རེད་བསམ་གྱི་འདུག ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦