འཚམས་འཕྲིན།

༄༅།། ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༡༥ ནས་༡༧ བར་ཕ་རན་སིའི་རྒྱལ་ས་པེ་རི་སི་གྲོང་ཁྱེར་ནང་ཚོགས་གཏན་འཁེལ་འདུག་པར་ཧ་ཅང་ཡིད་སྤྲོ་བརྟས། ཡུ་རོབ་ནི་ཡར་ཐོན་ཟིན་པའི་ཡུལ་ལུང་ཡིན་པ་མ་ཟད། དེང་སྐབས་ཆབ་སྲིད་དང་དཔལ་འབྱོར་གང་ཐད་ནས་བོད་དང་བོད་མིར་ཆེས་གལ་གནད་ཆེ་བའི་གླིང་ཆེན་ཞིག་ཡིན།

ད་སྔོན་ཡུ་རོབ་ཁུལ་སུད་སི་ཙམ་མ་གཏོགས་རྒྱལ་ཁབ་གཞན་དུ་བོད་རིགས་མི་འབོར་ཉུང་ཞིང་ཁ་ཐོར་དུ་གནས་ཡོད་ཀྱང༌། མི་རེ་ངོ་རེས་བོད་ཀྱི་རྩ་དོན་ལ་ལྷག་བསམ་ཞུམ་པ་མེད་པའི་སྒོ་ནས་ས་ཁུལ་སོ་སོར་བོད་རིགས་མཐུན་ཚོགས་ཀྱི་སྒྲིག་འཛུགས་གསར་འཛུགས་དང་འབྲེལ་བོད་ཀྱི་རྩ་དོན་དང༌། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་ལེགས་བྱང་བཅས་ཀྱི་སྲུང་སྐྱོབ། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན། ཆབ་སྲིད་ཀྱི་ལས་འགུལ་སོགས་སྒོ་གང་ས་ནས་གཟེངས་སུ་ཐོན་པའི་མཛད་རྗེས་རླབས་ཆེ་བཞག་ཡོད།

ཉེ་བའི་ལོ་ངོ་བཅུ་ཕྲག་ལྷག་ཙམ་གྱི་རིང་ཡུ་རོབ་ས་ཁུལ་གང་སར་བོད་རིགས་མི་འབོར་ཇེ་མང་དུ་ཕྱིན་པའི་དབང་གིས་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་ལས་དོན་གང་སར་དགའ་སྤོབས་འོས་པའི་མདུན་བསྐྱོད་བྱུང་ཡོད་པ་མ་ཟད། འབྱུང་འགྱུར་ཡང་ཁུལ་དེར་བོད་རིགས་ཡོངས་རྫོགས་མཉམ་རུབ་ཀྱི་ལམ་ནས་བོད་ཀྱི་རྩ་དོན་ཆབ་སྲིད་དང༌། ཆོས་རིག་འཛིན་སྐྱོང་དང་ཁྱབ་སྤེལ། གཞོན་རབས་ལ་བོད་ཀྱི་སྐད་ཡིག་རིག་གཞུང་གཙོ་གྱུར་ཤེས་ཡོན་སློབ་གསོ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་སོགས་གང་ཅིའི་ཐོག་འབུར་དུ་ཐོན་པའི་བྱ་གཞག་རླབས་ཆེ་རྒྱུན་ལྡན་དུ་སྤེལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད།

བཙན་འོག་ཏུ་ཡོད་པའི་གཞིས་བཞུགས་བོད་མི་རྣམས་ཀྱི་ལས་དབང་གནས་བབ་ཇི་འདྲ་ཞིག་ཡོད་པ་འགྲེལ་བརྗོད་མ་དགོས་པ་ཀུན་གྱི་དགོངས་གསལ་ལྟར་དང༌། ཁོང་ཚོའི་རེ་བའི་མིག་འབུར་རང་ཅག་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་རིགས་རྣམས་ལ་གཏོད་བཞིན་པ་ཡིན་སྟབས། ཁོང་ཚོའི་གནས་ཚུལ་བརྗེད་མེད་ཀྱིས་གདུང་སེམས་མཉམ་བསྐྱེད་དང་བོད་དོན་བདེན་མཐའ་གསལ་ཐབས་ལ་སྒོ་ཀུན་ནས་འབད་འབུང་དགོས་པ་བརྗོད་མ་དགོས། རང་རེའི་འཐབ་རྩོད་ནི་མི་རིགས་ཀྱི་འཁོན་རྩོད་དང༌། ཆབ་སྲིད་ཀྱི་ལྟ་གྲུབ་བམ། དབང་ཆའི་འཐབ་རྩོད་སོགས་མ་ཡིན་པར་དྲང་བདེན་དང་དྲང་བདེན་མིན་པའི་དབར་གྱི་འཐབ་རྩོད་དང༌། བདེན་རྫུན་དབར་གྱི་འཐབ་རྩོད་ཅིག་ཡིན་སྟབས། ང་ཚོའི་སྟོབས་ཤུགས་བྱམས་བརྩེ་སྙིང་པོ་ཅན་གྱི་ཡ་རབས་བཟང་སྤྱོད་དང༌། འཚེ་བ་མེད་པའི་ལམ་ལ་ཡིད་ཆེས་དང་ཉམས་ལེན་ལྷོད་མེད་དགོས་རྒྱུ་གནད་ཀྱི་དོན་པོ་ཡིན།

ད་ལམ་ལྷན་ཚོགས་འདིའི་གྲོས་གཞི་ཁག་གི་ནང་བཙན་བྱོལ་མང་གཙོའི་གཞུང་དང༌། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ལ་རྒྱབ་སྐྱོར་དང༌། སྤྱི་སྨན་གྱི་ལས་གཞི་ཁག་གི་ཆེད་དཔལ་འབྱོར་འདུ་འགོད་གནང་ཐབས་སོགས་གལ་གནད་ཆེ་ཞིང༌། དུས་ཀྱི་དགོས་མཁོ་དང་འཚམས་པའི་གནད་དོན་ཁག་འཇོག་གནང་མཛད་འདུག་པ་ལྟར་ཚང་མས་བློ་གྲོས་ཀྱི་ནུས་རྩལ་གཅིག་ཏུ་སྤུངས་ཏེ་ཕུགས་རྒྱང་རིང་བའི་འཆར་སྣང་ལ་གཞི་བཅོལ་བའི་ལས་འཆར་དང་ཐབས་བྱུས་ཀྱི་གྲོས་ཆོད་དོན་སྙིང་ལྡན་པ་བཞག་སྟེ་ཁུལ་དེའི་བོད་རིགས་ཡོངས་ཀྱི་གོང་བུའི་ནུས་པ་གཅིག་བསྒྲིལ་གྱི་ངང་སྤྱི་སྨན་ལས་འགུལ་གྱི་ཤུགས་ཚད་གོང་འཐོར་སྤེལ་བའི་ཡིད་ཆེས་ཡོད།

གཞིས་བྱེས་བོད་རིགས་ཡོངས་ཀྱི་འཕྲལ་ཕུགས་ཀྱི་མངོན་འདོད་སྒྲུབ་པའི་ནུས་པ་དང་ཐབས་ལམ་གཉིས་པ་མེད་པ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་དང་ལམ་སྟོན་ཁོ་ན་ཡིན་པའི་བདེན་དོན་འདི་ངོས་ཟིན་པའི་ཐོག་ནས་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་གྱིས་ཐེ་ཚོམ་ནེམ་ནུར་མེད་པ་ཤར་བསྐྱོད་ཐུབ་པ་བྱ་རྒྱུ་གནད་ཀྱི་དོན་པོ་ཡིན་པས་ྋགོང་ས་མཆོག་གི་དབུ་ཁྲིད་མི་དགོས་པའི་མང་གཙོ་ཟེར་བ་སོགས་འགན་ཁུར་མེད་པའི་མཚར་གཏམ་རིགས་ལ་དབུ་མི་འཁོར་བའི་གཞེན་སྐུལ་ནན་པོ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་བརྟན་ཅིང༌། ཐུགས་བཞེད་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པའི་མཛད་རིམ་ཁག་གེགས་མེད་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཅས་བཀའ་ཁྲི་ཟམ་གདོང་པས་༢༠༡༠ ཕྱི་ཟླ་༡༠ ཚེས་༡༤ ལ་ཕུལ།། །།

ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པ་ཕ་རན་སིའི་རྒྱལ་ས་པེ་རི་སི་གྲོང་ཁྱེར་ནང་ཚོགས་སྐབས་གནང་བའི་འཚམས་འཕྲིན།