འདུལ་བ་འཛིན་པའི་ལྷན་ཚོགས་སྐབས་གསུམ་པར་གནང་བའི་གསུང་བཤད།

༢༠༠༨ ཕྱི་ཟླ་ ༤ ཚེས་ ༢༨ ཉིན། ༄༅། །འདུལ་བ་འཛིན་པའི་ལྷན་ཚོགས་ལ་ཆིབས་བསྒྱུར་བསྐྱངས་པའི་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང༌། མཁན་རིན་པོ་ཆེ་པདྨ་ཤེས་རབ་མཆོག མཁན་ལས་ཟུར་དང་འདུལ་བ་འཛིན་པ་རྣམ་པ་ཚོ། ཕྱག་འབྲེལ་ཆོས་རིག་བཀའ་བློན། དེ་བཞིན་ཟུར་ཉན་ལ་ཕེབས་མཁན་ཚང་མ་ལ། ཐོག་མ་ཆོས་རིག་ལས་ཁུངས་ཀྱིས་རེ་འདུན་ཞུས་པ་ལྟར་ཁྱེད་རྣམ་པ་སྐུ་ངལ་འཛེམས་མེད་ཀྱིས་ཚོགས་འདུ་འདིར་ཆིབས་བསྒྱུར་ཐུབ་པ་ཧ་ཅང་བཀའ་དྲིན་ཆེན་པོ་བྱུང༌། བཀའ་ཤག་དང༌། ཆོས་རིག་ལས་ཁུངས། དེ་བཞིན་ང་རང་སྒེར་བཅས་ཀྱི་ངོས་ནས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་རིང་ཚོགས་འདུ་འདི་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཚོགས་འདུའི་ཟུར་ཉན་ལ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་བཞེད་ཡོད་ཚུལ་བཀའ་ཕེབས་པར་བརྟེན། ཚོགས་འདུའི་འགོ་འཛུགས་འདིར་ཆིབས་བསྒྱུར་གནང་ཐུབ་ན་བསམས་ཏེ་ཏོག་ཙམ་བསྒུགས་པ་ཡིན་རུང༌། ད་ལྟ་གཟིམ་ཆུང་གི་མཛད་འཆར་དེ་ལམ་སེང་འགྲུབ་རྒྱུའི་བཟོ་མིན་འདུག དེས་ན་དུས་ཚོད་མང་པོ་མེད་པར་བརྟེན། ཚོགས་འདུ་འགོ་འཛུགས་ཞུ་རྒྱུ་ཡིན།
འདིར་ཕེབས་པའི་འདུལ་བ་འཛིན་པ་མང་ཆེ་བ་ཞིག་གི་དགོངས་པར་མངའ་གསལ་རེད། ༧གོང་ས་སྐྱབས་མགོན་ཆེན་པོས་འདས་པའི་ལོ་ཧ་ལམ་ཉི་ཤུ་ཙམ་རིང་བོད་བརྒྱུད་ནང་བསྟན་གྱི་ཆ་ཤས་སུ་གྱུར་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་ནང་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱ་རྒྱུར་ཐབས་ཤེས་ཡོད་མེད་ཐོག་ཐུགས་སྣང་ཆེན་པོས་ཉམས་ཞིབ་དང་ལས་རིམ་མང་པོ་ཞིག་ཕྱག་བཞེས་བསྐྱངས་ཤིང༌། དེའི་དམིགས་ཡུལ་གཙོ་བོ་ནི་ད་ལྟ་རྣམ་འདྲེན་བཞི་པའི་བསྟན་པ་ཡུན་རིང་གནས་པའི་དུས་ཚོད་ཡོད་པར་བརྟེན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ནང་འཁོར་རྣམ་པ་བཞི་ཆ་ཚང་བ་ཞིག་བྱུང་ན་བསྟན་རྒྱུན་ལ་སྨན་པའི་ཐུགས་བསྐྱེད་དབང་གིས་གལ་སྲིད་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱ་རྒྱུ་ཡོད་ན་བསྐྱར་གསོའི་ཐབས་ཤེས་ངེས་པར་དུ་བྱེད་དགོས་པའི་ཐུགས་ཁུར་ཆེན་པོ་ཞིག་བཞེས་པ་རེད། སྡོམ་རྒྱུན་ནི་འདུལ་བ་དང་མཐུན་པར་བསྐྱར་གསོ་བྱེད་ཐབས་བཙལ་བ་མ་གཏོགས། འདུལ་གཞུང་དང་མི་མཐུན་པར་འཆར་ཅན་འཛིན་སྐྱོང་གི་ལས་ཀ་དང་ཆོས་ཕྱོགས་ཀྱི་གནད་དོན་གཞན་བཞིན་ཐག་གཅོད་བྱེད་ཐབས་མེད། དེར་བརྟེན་འདུལ་བ་འཛིན་པ་ཚོའི་སྐུ་མདུན་ནས་སྡོམ་རྒྱུན་དེ་བསྐྱར་གསོ་བྱེད་ཐབས་ཡོད་མེད་ཐད་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་གནས་ཚུལ་གསལ་པོ་ཞིག་ཆགས་ན་འདི་ཐོག་ཕྱག་ལས་གནང་བདེ་ཡོང་གི་རེད་དགོངས་ནས་ཉམས་ཞིབ་རྒྱུན་རིང་པོ་གནང་བའི་གནས་སྟངས་དེ་འདྲ་རཻད།
བོད་ཀྱི་འདས་པའི་བྱུང་རབས་ནང་འདུལ་བ་འཛིན་པ་ཁ་ཤས་ཀྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་གཞིར་བཟུང་ཐོག་ནས་དགེ་སློང་མའི་དགེ་འདུན་མེད་ན་ཕ་ཚོགས་རྐྱང་པས་དགེ་སློང་མའི་བསྙེན་རྫོགས་བསྒྲུབ་འཐུས་ཀྱི་དགོངས་པ་བཞེས་ནས་དགེ་སློང་མ་བསྒྲུབས་པ་བྱུང་ཡོད་ཚུལ་འདུག དེ་བཞིན་སྡེ་པ་གཞན་ཁ་ཤས་སུའང་དགེ་སློང་མའི་དགེ་འདུན་མ་རྙེད་པའི་ས་ཕྱོགས་སུ་ཕ་ཚོགས་རྐྱང་པས་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱས་པའི་བྱུང་རབས་ཡོད་པ་ཞིག་རེད་འདུག
སྤྱིར་དགེ་སློང་མ་ཡོད་དགོས་པའི་རྒྱུ་མཚན་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཚང་མས་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཚུགས་མིན་དེ་འཁོར་རྣམ་པ་བཞི་འཛོམས་མིན་ལ་བརྩི་ཞིང༌། འཇིག་རྟེན་དུ་བྱོན་པའི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་རྣམས་ཀྱིས་འཁོར་རྣམ་པ་བཞི་མ་འཛོམས་བར་མྱ་ངན་ལས་འདས་པའི་མཛད་པ་མི་བསྟན་པ་ཐེག་པ་ཆེན་པོའི་མདོ་སྡེ་ནས་གསུངས་པར་བརྟེན། འཁོར་རྣམ་པ་བཞི་འཛོམས་དགོས་པ་གལ་ཆེན་པོ་རེད།
དེ་བཞིན་ཡུལ་དབུས་དང་མཐའ་འཁོབ་ཀྱི་དབྱེ་བ་ཕྱེ་སྐབས་གང་དུ་འཁོར་རྣམ་བཞི་གནས་པ་དེ་ལ་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་དང༌། དེ་མི་གནས་པ་ལ་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་མཐའ་འཁོབ་ཏུ་བརྩི། འོན་ཀྱང་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་དར་ནས་མཁན་ཆེན་ཐུགས་རྗེ་ཅན་གྱིས་བོད་ལ་རབ་བྱུང་གི་སྡེ་ཚུགས་སྐབས་དགེ་སློང་ཕའི་དགེ་འདུན་རྐྱང་པ་མ་གཏོགས་དགེ་སློང་མའི་སྡོམ་རྒྱུན་སྤེལ་མེད་པ་ལྟ་བུ་འདུག གོང་དུ་ཞུས་པ་བཞིན་རྗེས་སུ་འདུལ་བ་འཛིན་པ་ཁ་ཤས་ཀྱིས་དགེ་སློང་མའི་སྡོམ་རྒྱུན་སྤེལ་བ་བྱུང་ཡོད་ཀྱང༌། དེའི་རྒྱུན་གནས་ཐུབ་པ་བྱུང་མེད།
ད་ལྟའི་གནས་སྐབས་ལ་འཛམ་བུ་གླིང་གི་སྤྱི་ཚོགས་གང་འདྲ་ཞིག་ཏུའང་ཁྱིམ་པ་བུད་མེད་རྣམས་ཆོས་དང་ཆབ་སྲིད་རིག་གནས་གང་ལའང་ཕོ་མོ་ཁྱད་མེད་ཆ་ཤས་བླང་བའི་དུས་རབས་ཤིག་ཏུ་སླེབས་ཡོད་རུང༌། རྒྱུ་མཚན་དེས་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱ་དགོས་ཞུ་གི་མེད། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་བལྟས་ཚེ། བཙུན་མའི་གྲངས་འབོར་དེ་སྔོན་བོད་དུ་ཡོད་པ་ལས་ཀྱང་ཧ་ཅང་མང་ཞིང༌། གཞིས་བྱེས་གཉིས་སུ་རབ་བྱུང་ཕའི་གྲངས་འབོར་དེ་སྔ་ལས་མང་དུ་འགྲོ་མེད་རུང༌། བཙུན་མའི་གྲངས་འབོར་དེ་སྔ་ལས་མང་དུ་འགྲོ་བཞིན་ཡོད། འདིས་གང་མཚོན་པ་རེད་ཅེ་ན། བུད་མེད་ཚོའང་སློབ་སྦྱོང་དང༌། ཆོས་ཞུགས། ལྷག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བའི་འདུན་པ་དེ་གོང་འཕེལ་འགྲོ་བའི་སྐབས་ཤིག་ལ་སླེབས་པ་གསལ་པོ་རེད། དེས་ན་བོད་པའི་སྤྱི་ཚོགས་སུ་བསྙེན་པར་རྫོགས་འདོད་པའི་བུད་མེད་མང་པོ་ཡོད་ཀྱང་དགེ་སློང་མའི་སྡོམ་རྒྱུན་མེད་པས་ད་བར་གཞི་སྨྲའི་ལུགས་ཀྱི་བསྙེན་རྫོགས་གནང་ཐུབ་མེད། ད་ལྟ་འཇིག་རྟེན་འདིར་དགེ་སློང་མའི་སྡོམ་རྒྱུན་ཆད་མེད་གནས་པ་དེ་ཆོས་སྲུང་སྡེ་པ་རྐྱང་པ་ཡིན་པ་ལྟ་བུ་འདུག ཆོས་སྲུང་སྡེ་པའི་སྡོམ་རྒྱུན་ནས་བསྙེན་པར་རྫོགས་པའི་བོད་རིགས་དགེ་སློང་མ་དགའ་རབ་ཡོད་ཀྱང༌། ད་བར་གཞི་གསུམ་གྱི་ཆོ་ག་སོགས་བཙུགས་ནས་དགེ་སློང་མའི་དགེ་འདུན་གྱི་སྡེ་བསྐྱར་གསོ་ཐུབ་པ་བྱུང་མེད།
སྔ་ལོར་༧གོང་ས་ྋསྐྱབས་མགོན་ཆེན་པོས་ཆོས་སྲུང་སྡེ་པའི་དགེ་སློང་དང་དགེ་སློང་མ་སྣོན་མ་དེ་འདྲ་གདན་དྲང་དགོས་རུང་གདན་དྲངས་ཏེ་ཉུང་མཐར་གཞི་གསུམ་འཛུགས་ཐུབ་ན། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་དགེ་སློང་མའི་དགེ་འདུན་ཡོད་པའི་གནས་བབས་ཅིག་ཆགས་ཀྱི་རེད་ཅེས་བཀའ་སློབ་ཕེབས་ཀྱང༌། སྤྱིར་དབྱར་གནས་དང་དགག་དབྱེ་སོགས་ཐམས་ཅད་དགེ་སློང་ཕའི་དགེ་འདུན་ལ་བརྟེན་དགོས་སྟབས། ཆོས་སྲུང་སྡེ་པའི་ལུགས་ལྟར་གྱི་གཞི་གསུམ་འཛུགས་རྒྱུ་ལས་སླ་པོ་ཞིག་མེད་ཚོད་འདུག ལར་ནས་མཁན་ཆེན་བྱང་ཆུབ་སེམས་པའི་ལམ་སྟོན་ལྟར་བོད་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་རྐྱང་པ་མ་གཏོགས་སྡེ་པ་གཞན་གྱི་སྡོམ་རྒྱུན་ཆེད་དུ་གཉེར་ནས་སྤེལ་མེད་ཅེས་པའི་ངག་རྒྱུན་ཞིག་ཡོད་ཅིང༌། དེ་ནི་ཚད་ལྡན་གྱི་བྱུང་རབས་ཀྱང་ཡིན་སྲིད། གང་ལྟར་བོད་དུ་གཞི་སྨྲའི་སྡེ་པ་མ་གཏོགས་མེད། འདུལ་བ་གཞི་སྨྲའི་སྡེ་པ་དང་ལྟ་བ་དབུ་མ་ཞེས་བཀས་བཅད་རྒྱུན་ལྡན་ཡོངས་གྲགས་སུ་བཤད་མུས་དེ་རེད། རྗེས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སོགས་པ་སྡེ་པ་གཞན་གྱི་པཎ་གྲུབ་མང་པོ་བོད་དུ་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་ཀྱང༌། སྡོམ་རྒྱུན་གྱི་རིམ་པ་ཆ་ཚང་གཞི་སྨྲའི་སྡེ་པ་མ་གཏོགས་སྡེ་པ་གཞན་གྱི་སྡོམ་རྒྱུན་སྤེལ་མེད།
དེས་ན་ད་ལྟའི་གནས་སྐབས་སུའང་གཞི་སྨྲའི་ལུགས་ལྟར་གྱི་ལས་ཆོག་འོག་ནས་གཞི་སྨྲའི་སྡེ་པའི་དགེ་སློང་མ་གསར་དུ་བསྒྲུབ་ཐུབ་ན་དགོངས་ཏེ། གལ་སྲིད་ཐོག་མར་གསར་དུ་སྒྲུབ་སྐབས་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་མིན་པར་ཉེས་པ་དང་བཅས་པའི་སྡོམ་པ་སྐྱེས་རུང་སྡོམ་པ་ཞིག་ཡིན་ཞིང༌།དེ་ལྟ་བུའི་སྡོམ་པ་སྐྱེས་རྗེས་གནས་བརྟན་མ་ཆགས་སྐབས་དེའི་དགེ་འདུན་དང་མཉམ་དུ་འཚོགས་ནས་མ་འོངས་པར་ཉེས་མེད་ཕུན་ཚོགས་ཀྱི་དགེ་སློང་མའི་སྡོམ་པ་བསྐྱར་དུ་སྤེལ་ཐུབ་རྒྱུ་དང༌། དེའི་དབང་གིས་དགེ་སློང་མའི་དགེ་འདུན་བསྐྱར་གསོ་ཐུབ་པའི་གནས་བབ་ཡོང་གི་མེད་དམ་དགོངས་པ་རེད། དེ་ནི་ྋགོང་ས་མཆོག་གིས་དགོངས་པ་བཞེས་སྟངས་རེད།
འོན་ཀྱང་འདུལ་བ་འཛིན་པ་ཚོས་འདུལ་བའི་གཞུང་ལ་ཉམས་ཞིབ་ཀྱིས་མཐའ་གཅིག་ཏུ་འདུལ་བ་དང་མ་མཐུན་པ་དང༌། སྡོམ་པ་བསྐྱར་གསོ་མི་ཐུབ་པའི་གནས་སྟངས་ཡོད་ན། གལ་ཆེན་པོ་ཡིན་ཞེས་ཨུ་ཚུགས་རྒྱག་ཐབས་མེད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་པ་གཞི་བཟུང་རྒྱ་གར་དུ་བཙུན་མའི་སྡེའི་ནང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་དང༌། མཚན་ཉིད་རྩོད་པ་བགྲོ་གླེང༌། དགེ་བཤེས་གཏོང་རྒྱུ་སོགས་ཀྱི་ལམ་སྲོལ་བོད་དུ་སྔར་མེད་གསར་དུ་བཙུགས་ཤིང༌། ལམ་དང་ལུགས་སྲོལ་ཅིག་ཡིན་སྟབས་མཁན་སློབ་དང་འཛིན་སྐྱོང་གི་ལས་ཀ་བྱེད་མཁན་ཚོས་ཐག་བཅད་ནས་འགྲོ་རྒྱུ་ཞིག་རེད། འདུལ་བའི་དགོངས་དོན་དང་བསྟུན་དགོས་པའི་གནས་སྟངས་གང་ཡང་མེད། འོན་ཀྱང་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱེད་རྒྱུ་དེ་འདུལ་བའི་གཞུང་དང་མ་བསྟུན་པར་ཚོགས་འདུ་དང་མང་མོས་བལྟས་ནས་བྱེད་ཐབས་ཤིག་མེད། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་ནང་བོད་བརྒྱུད་ནང་བསྟན་ལ་དད་མོས་ཡོད་མཁན་དང་རྗེས་འཇུག་མང་ཞིང༌། དེའི་དབང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་པའི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ནང་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་ཐུབ་ན་ལེགས་ཞེས་བསམ་མཁན་ཧ་ཅང་མང་ཡང་དེ་དག་མཐའ་གཅིག་ཏུ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་པ་ཡིན་མིན་མི་ཤེས། ཕོ་མོ་འདྲ་མཉམ་གྱི་བསམ་ཚུལ་ལ་གཞི་བཞག་ནས་རིགས་འགྲེ་བཏང་བའང་སྲིད། ཡིན་ནའང་ཁོ་ཚོའི་མངོན་འདོད་ཅིག་བསྐངས་ཐུབ་ན་དགེ་ལས་སྐྱོན་ཨེ་ཡོད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་༧གོང་སྋསྐྱབས་མགོན་ཆེན་པོས་བོད་བརྒྱུད་ནང་བསྟན་གྱི་བརྒྱུད་རིམ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལས་ཆོག་ཐོག་ནས་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་ཐུབ་ན་དགོས་པ་དང་དགེ་མཚན་ཧ་ཅང་མང་པོ་འདུག དེ་ལྟར་ཐུབ་མི་ཐུབ། ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པ་ཆགས་མི་ཆགས་ཞིབ་འཇུག་བྱ་དགོས་ཞེས་ཆོས་དོན་ལས་ཁུངས་ལ་སྔ་རྗེས་བཀའ་མངགས་ཕེབས་པ་ལྟར། ཆོས་དོན་ལས་ཁུངས་ནས་ཀྱང་ཚོགས་འདུ་མང་པོ་འཚོགས་པ་མ་ཟད། ཆོས་སྲུང་སྡེ་པའི་གནས་སྟངས་ལའང་རྒྱུན་རིང་ཞིབ་འཇུག་བྱས་ཤིང༌། དེ་བཞིན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རང་ནས་བྱ་རྒྱུ་གང་འདུག་བལྟས་པ་སོགས་མང་པོ་བྱུང་བར་བརྟེན། ད་ལྟ་ང་ཚོའི་མདུན་ལ་ཐག་གཅོད་བྱ་རྒྱུའི་གླེང་གཞི་རྒྱ་ཆེན་པོ་མི་དགོས་པར། ད་བར་ཉམས་ཞིབ་བྱས་པའི་གྲུབ་དོན་ནམ་བསྡོམས་བརྒྱབས་པའི་དོན་གནད་ཁ་ཤས་ཡོད་པ་དེའི་ཐོག་འདུལ་བ་འཛིན་པས་ཐག་གཅོད་ཐུབ་ན་མ་འོངས་པའི་ལམ་སྟོན་དེ་གསལ་པོ་ཞིག་ཆགས་ཀྱི་རེད།
གཞི་སྨྲའི་དགེ་སློང་མའི་དགེ་འདུན་མེད་པར་བརྟེན། གཉིས་ཚོགས་དགེ་འདུན་གྱིས་དགེ་སློང་མ་གསར་པ་བསྒྲུབ་རྒྱུ་མེད་པ་ཧ་ཅང་གསལ་པོ་རེད། དགེ་སློང་མའི་དགེ་འདུན་མེད་པའི་གནས་སྐབས་འདི་ལ་ཕ་ཚོགས་རྐྱང་པས་གཞི་སྨྲའི་ལས་ཆོག་གི་ཐོག་ནས་བུད་མེད་བསྙེན་པར་རྫོགས་པའི་ལས་བྱེད་ན་ལས་དེ་ཆགས་སམ་མི་ཆགས། དེའི་དབང་གིས་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་མི་སྐྱེ་རུང༌། བསྒྲུབ་བྱའི་རྒྱུད་ལ་དགེ་སློང་མའི་སྡོམ་པ་ཆ་ཚང་བ་ཞིག་སྐྱེའམ་མི་སྐྱེ་ཞེས་པ་དེ་དྲི་བ་དང་པོ་རེད། དཔེར་ན་མཐའ་འཁོབ་ཏུ་དགེ་སློང་མི་འཛོམས་པའི་སྐབས་ལྔ་ཚོགས་ཀྱིས་ཀྱང་བསྙེན་པར་རྫོགས་ཆོག་པ་དང༌། ཡང་ཡུལ་དབུས་སུ་དགེ་སློང་འཛོམས་པའི་སྐབས་བཅུ་ཚོགས་ཀྱིས་མ་གཏོགས་བསྙེན་པར་རྫོགས་མི་ཆོག་པ་ལྟ་བུ་སྤྱིར་བཏང་དམིགས་བསལ་གྱི་རྣམ་གཞག་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་མཛད་ཡོད། དེར་བརྟེན་མ་ཚོགས་གཏན་ནས་མེད་པའི་སྐབས་ཕ་ཚོགས་རྐྱང་པས་བུད་མེད་བསྙེན་པར་རྫོགས་ན་སྡོམ་པ་སྐྱེའམ་མི་སྐྱེ་ཞེས་པ་དེ་དོན་དག་གཅིག་རེད།
དོན་དག་གཉིས་པ་ནི་གལ་སྲིད་ཕ་ཚོགས་རྐྱང་པས་བུད་མེད་བསྙེན་པར་རྫོགས་ནས་ཉེས་པ་དང་བཅས་པ་གང་ཡིན་རུང༌། སྡོམ་པ་ཞིག་སྐྱེས་དབང་དུ་བཏང་ན་དེ་ལས་མ་འོངས་པར་དགེ་སློང་མའི་དགེ་འདུན་གྱི་སྡེ་མཚན་ཉིད་ཚང་བ་ཞིག་ཆགས་སམ་མི་ཆགས། ལྷག་པར་དུ་ཕ་ཚོགས་རྐྱང་པས་བུད་མེད་བསྙེན་པར་རྫོགས་ན་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པ་ངེས་པར་སྔོན་དུ་འགྲོ་དགོས་སམ། ཡང་ན་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་སྦྱིན་པར་ཐད་ཀར་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་ན་འགྲིགས་ཀྱི་ཡོད་མེད་དེ་རེད། མ་ཚོགས་མེད་པར་ཕ་ཚོགས་རྐྱང་པས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྤྲོད་ཐབས་ཡོད་ཟེར་བ་དེ་ཧ་ལམ་བསྒྲུབ་ཁག་པོ་རེད། ངས་ཞིབ་ཚགས་བལྟས་མེད་ཀྱང་ཚོད་དཔག་བྱས་ན་ལམ་ཁ་གཉིས་ཡོད་དེ། ཕ་ཚོགས་རྐྱང་པས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་གནང་ཐུབ་ཟེར་རྒྱུ་དང༌། ཡང་ན་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྔོན་དུ་འགྲོ་མི་དགོས་པར་ཐད་ཀར་བསྙེན་པར་རྫོགས་ན་དེའི་སྡོམ་པ་ཆགས་སམ་མི་ཆགས་ཞེས་པ་དེ་རེད། དེ་ལྟར་དམིགས་བསལ་དབྱེ་རུང་བ་དང༌། དངོས་སུ་ལུང་གིས་མ་ཟིན་ཡང་ཕྱོགས་གཞན་ནས་མདོར་བསྡུས་སམ་རུང་མཐུན་སྦྱར་རྒྱུ་ཡོད་མེད་ཐོག་འདུལ་འཛིན་པ་ཚོས་གསལ་པོ་ཞིག་གཏན་འབེབས་གནང་ཐུབ་ཀྱི་རེད་སྙམ། དེ་གཉིས་མི་འགྲིགས་ན་གཞི་སྨྲའི་སྡེ་པའི་ཕ་ཚོགས་དང་ཆོས་སྲུང་སྡེ་པའི་མ་ཚོགས་གཉིས་འཚོགས་པའི་ཐོག་ནས་གཞི་སྨྲའི་ལས་ཆོག་ལ་བརྟེན་ཏེ་བུད་མེད་བསྙེན་པར་རྫོགས་ན་ཆོས་སྲུང་སྡེ་པའི་མ་ཚོགས་ཀྱི་དགེ་འདུན་དེ་སྡེ་པ་གཉིས་མཉམ་དུ་ལས་ཀྱི་བྱ་བར་འཚོགས་པ་ཞིག་ཆགས་སྟབས། འདི་ལྟར་མི་ཆོག་པ་འདུལ་བའི་ནང་གསལ་པོ་ཡོད་མེད་ང་ཚོས་མི་ཤེས་པས་འདུལ་བ་འཛིན་པ་ཚོས་བཀའ་སློབ་གནང་རོགས་གནང་ཞུ་རྒྱུ་ཡིན། ང་ཚོའི་ཚོད་དཔག་ལ། སྔར་རྒྱ་གར་དུ་སྡེ་པ་མི་འདྲ་བ་སྣ་ཚོགས་ཡོད་པའི་ཆོས་སྡེའི་ནང་གཞི་གསུམ་གྱི་ལས་དེ་ཚོ་སྡེ་པ་གཅིག་གི་སྐབས་ལ་མཉམ་དུ་བྱེད་པ་ལས་ལོགས་སུ་བྱེད་དགོས་ཀྱི་ཨེ་ཡོད་བསམ་པ་རེད། དཔེར་ན་དཔལ་ནཱལནྡཱའི་གཙུག་ལག་ཁང་ལྟ་བུར་མཚོན་ན་སྡེ་པ་མང་པོ་ཞིག་གི་མཁས་པ་ཡོད་ཅིང༌། ཁོང་ཚོས་གསོ་སྦྱོང་དང་གཞི་གསུམ་གྱི་ལས་དེ་ཚོ་མཉམ་དུ་གནང་བ་ལས་ལོགས་སུ་ཨེ་ཡོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ལོ་མང་པོ་བཞུགས་ཤིང༌། གཞི་སྨྲའི་སྡེ་པའི་གསོ་སྦྱོང་སོགས་ལ་ཐེངས་གཅིག་ཀྱང་མ་ཕེབས་པ་དང༌། དེ་བཞིན་དབྱར་གཅིག་ཀྱང་མ་བཞེས་པར་བཞུགས་ཡོད་མེད་རྣམ་ཐར་ཁག་ཏུ་མ་གསལ། གལ་ཏེ་དབྱར་གནས་དང་དགག་དབྱེ་གནང་མེད་རུང༌། གསོ་སྦྱོང་ངེས་པར་དུ་གནང་ཡོད་ཆོག སྡེ་པ་མང་པོ་མཚམས་གཅིག་ནང་བཞུགས་སྐབས་སྡེ་པ་གང་གཙོ་ཆེ་བའམ་ཁྱབ་ཆེ་བ་དེའི་ལམ་སྲོལ་ལྟར་དགེ་འདུན་གྱི་ལས་བྱེད་པ་མ་གཏོགས། སྡེ་པ་མི་འདྲ་བ་སོ་སོའི་ལས་མི་འདྲ་བ་བྱེད་མ་ཤེས་པ་ལྟ་བུ་རེད། དེར་བརྟེན་གཙོ་བོ་དེ་ཕ་ཚོགས་ཆགས་ཀྱི་ཡོད། མཁན་མོ་ཕལ་ཆེར་རྙེད་རྒྱུ་མེད་ཅིང༌། ཆོས་སྲུང་སྡེ་པའི་མ་ཚོགས་དེ་ཁ་སྐོང་གི་ཚུལ་དུ་བྱས་ཏེ་གཉིས་ཚོགས་ཀྱི་དགེ་འདུན་གྱི་ཐོག་ནས་གཞི་སྨྲའི་ལས་ལ་བརྟེན་ནས་བུད་མེད་བསྙེན་པར་རྫོགས་ན་འགྲིགས་སམ། འདི་ལའང་ཚངས་སྤྱོད་ཉེར་གནས་ཀྱི་རྙོག་ཁྲ་དེ་སངས་མི་ཐུབ། ཆོས་སྲུང་སྡེ་པ་རྐྱང་པས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་གནང་ཐུབ་པའི་ལམ་སྲོལ་ཡོད་པ་དེའང་ང་ཚོས་གསལ་རྟོགས་མེད། གཞན་ཁོ་ཚོའི་ཚངས་སྤྱོད་ཉེར་གནས་དེ་བསྒྲུབས། དེ་ནས་ང་ཚོའི་གཉིས་ཚོགས་ཀྱི་ཐོག་ནས་བསྙེན་པར་རྫོགས་ན་འགྲིགས་སམ་མི་འགྲིགས་ཞེས་པ་ནི་དྲི་བ་གལ་ཆེན་པོ་གཉིས་པ་དེ་རེད།
ང་ཚོས་དྲི་བ་འདི་གཉིས་ཡང་ཡང་བཀའ་དྲི་ཞུ་དགོས་པ་ནི་འདི་ལྟ་བུའི་ལམ་ནས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱེད་རྒྱུའི་མངོན་འདོད་ཡོད་པ་དང་མངོན་འདོད་དེ་སྒྲུབ་པའི་དོན་དུ་ཐབས་ལམ་འདི་ལྟར་འདུག་ཅེས་ཞུས་པ་རེད། བླ་ཆེན་བསྙེན་པར་རྫོགས་པའི་སྐབས་ལ་དགེ་འདུན་གྲངས་མ་ཚང་བས་རྒྱའི་དགེ་སློང་གཉིས་ཁ་སྐོང་ལ་གདན་འདྲེན་ཞུས་པ་རེད་ཟེར་བ་ཡོངས་གྲགས་རེད། ཁ་སྐོང་དུ་གདན་དྲངས་པའི་དགེ་སློང་གཉིས་ང་ཚོའི་ཚོད་དཔག་ལ་ཆོས་སྲུང་སྡེ་པའི་དགེ་སློང་མིན་འགྲོ་སྙམ་གྱི་ཡོད། འོན་ཀྱང་གཞུང་གཞན་ཁ་ཤས་སུ་མཁན་ཆེན་གྱི་སྡོམ་རྒྱུན་ཡིན་པ་འདྲ་ཞེས་ཡོད་པ་ལྟ་བུ་འདུག འོན་ཀྱང་དུས་རབས་དང་བྱུང་རིམ་གྱི་ཐོག་ནས་བལྟས་ན་སྐབས་དེར་མཁན་ཆེན་གྱི་སྡོམ་རྒྱུན་རྒྱ་ནག་ཏུ་ཁྱབ་ཡོད་འགྲོ་མེད་འགྲོ ཡང་མཁན་ཆེན་གྱི་སྡོམ་རྒྱུན་ཡིན་པ་མ་གསུངས་པར་དགེ་སློང་གཉིས་པོ་དེ་གཞི་སྨྲའི་སྡེ་པའི་དགེ་སློང་རེད་ཅེས་ཐག་ཆོད་པོ་ཞིག་ཡོད་ན་གནས་ཚུལ་གཞན་རེད། ཡིན་ནའང་ད་ལྟ་བོད་ཀྱི་དཔེ་ཆའི་ནང་མཁན་ཆེན་གྱི་སྡོམ་རྒྱུན་ཡིན་པ་ལྟ་བུ་ཞིག་གསུངས་ཡོད། རྒྱ་ནག་ཏུ་གཞི་སྨྲའི་སྡེ་པའི་དགེ་སློང་མང་པོ་ཞིག་བྱུང་བའི་བྱུང་རབས་དེ་འདྲ་ང་ཚོར་རྙེད་སོན་མ་བྱུང༌། དེར་བརྟེན་ང་ཚོའི་ཚོད་དཔག་ལ་སྐབས་དེའི་ཁ་སྐོང་གི་རྒྱའི་དགེ་སློང་གཉིས་པོ་ཆོས་སྲུང་སྡེ་པ་མིན་འགྲོ་སྙམ་དུ་དོགས། གལ་ཏེ་ཁོང་གཉིས་ཆོས་སྲུང་སྡེ་པ་ཡིན་པ་དང༌། སྐབས་དེར་གཞི་སྨྲའི་དགེ་སློང་གི་ཁ་སྐོང་དུ་ཆོས་སྲུང་སྡེ་པ་ཕེབས་ཆོག་ན། ད་ལྟ་འདིར་ཡང་མདོར་བསྡུས་ལྟ་བུའམ་མཚུངས་ཆོས་སྦྱར་ནས་མ་ཚོགས་ཀྱི་དགེ་འདུན་དེ་ཆོས་སྲུང་སྡེ་པ་དང༌། གཞི་སྨྲའི་ལུགས་ཀྱི་མཁན་པོ་བརྒྱུད་ནས་བུད་མེད་བསྙེན་པར་རྫོགས་ན་གང་ཆགས་ཡོང་ཞེས་པ་དེ་དྲི་བ་གསུམ་པ་རེད།
དྲི་བ་གསུམ་པོ་དེ་རྣམས་ལ་འདུལ་བ་དང་མཐུན་པའི་ལན་མ་རྙེད་ན་ང་ཚོའི་ཐབས་ལམ་མཐའ་མ་དེ་བོད་པའི་བཙུན་མ་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་སྒྲུབ་འདོད་པ་དེ་ཚོས་ཆོས་སྲུང་སྡེ་པའི་དགེ་སློང་མ་བསྒྲུབ་རྒྱུ་དེ་མིན་ནམ། ཆོས་སྲུང་སྡེ་པའི་སྡོམ་རྒྱུན་ཐོག་ནས་བོད་བརྒྱུད་ནང་བསྟན་ནང་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡེ་བཙུག་ན་དེ་ལ་དགག་བྱ་དང་ཉེས་པ་ཡོད་འགྲོ་མེད་འགྲོ དེ་སྔ་བོད་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བ་གཅིག་པུ་བྱས་ཏེ་བསྡད་པ་དངོས་གནས་རེད། འོན་ཀྱང་ང་ཚོ་ད་ལྟ་བོད་དུ་མེད་ཅིང༌། ལུང་པ་ཚང་མར་འདྲེས་པ་ལྟ་བུ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན་འཛམ་བུ་གླིང་ཡོངས་རྫོགས་ལ་ཁྱབ་ཡོད། དེར་བརྟེན་སྡེ་པ་ཐ་དད་པའི་དགེ་སློང་དང་དགེ་སློང་མ་ཡོད་ཆོག་པ་བྱེད་ན་ཁྱད་པར་ཨེ་ཡོད། དེ་སྔོན་ཕྱི་ལོ་དྲུག་ཅུ་རེ་གྲངས་སྐབས་བོད་གཞུང་གིས་བོད་པའི་བླ་མ་དང་དགེ་བཤེས་འགའ་ཞིག་ཐཡིལེནཌ་ལ་པཱ་ལི་སོགས་སློབ་སྦྱོང་བྱེད་དུ་བཏང་བ་རེད། ཁོང་ཚོ་གྲྭ་པ་ཡིན་པས་ཁྱིམ་པའི་སྤྱི་ཚོགས་སུ་བསྡད་ན་མི་འགྲིགས་པ་དང༌། རབ་བྱུང་གི་སྤྱི་ཚོགས་སུ་འགྲོ་སྐབས་གནས་བརྟན་སྡེ་པའི་དགེ་སློང་མིན་པས་དེའི་ཁོངས་མ་ཚུད་པར་བརྟེན། གཞི་སྨྲའི་སྡོམ་པ་ཕུལ་ནས་གནས་བརྟན་སྡེ་པའི་དགེ་སློང་བསྐྱར་དུ་བསྒྲུབས་ཤིང༌། ཕལ་ཆེར་གྲྭ་པ་བཞིའམ་ལྔ་ཙམ་ཡོད་ལ། འགའ་ཤས་དགོངས་པ་རྫོགས་ཟིན་ཡང༌། ལྷག་མ་རྣམས་ད་ལྟའང་གནས་བརྟན་སྡེ་པའི་དགེ་སློང་རེད། དེ་དག་མི་འགྲིགས་པ་ཞིག་བྱུང་བ་རེད་བསམ་གྱི་མེད།
མ་འོངས་པར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ནས་ཐབས་ཤེས་མེད་པ་དང༌། ད་ལྟ་གོང་དུ་ཞུས་པའི་དྲི་བ་ཐམས་ཅད་ཀྱི་ལན་དུ་མི་འགྲིགས་པ་དང་ཐབས་མེད་པ་ཆགས་ཏེ། ཆོས་སྲུང་སྡེ་པ་ནས་སྡོམ་རྒྱུན་ཞུས་པའི་ཐོག་ནས་དགེ་སློང་མའི་དགེ་འདུན་གྱི་སྡེ་བཙུག་ན། ཁྱོན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྒྲོམ་གཞི་འདི་ལ་མ་འཚམས་པ་དང༌། བསྟན་པ་ལ་ཕན་ཐོགས་མེད་པ་དེ་འདྲ་ཡོང་ངམ་མི་ཡོང་འདི་ཚོ་ཚང་མའི་ཐོག་འདུལ་བ་འཛིན་པ་ཚོས་བློ་གཟུ་བོར་གནས་ཤིང་འདུལ་བ་རང་ལ་གཞི་བཅོལ་ཏེ་བགྲོ་གླེང་གི་ལམ་ནས་ཞིབ་ཚགས་བཀའ་བསྡུར་གནང་སྟེ་༧སྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེས་བདེ་བའི་རྒྱབ་གཉེར་བྱུང་ན་ཧ་ཅང་ཕན་ཐོགས་ཡོང་བ་འདུག
སྔ་ལོར་ཇཱར་མ་ནི་ལ་རྒྱལ་སྤྱིའི་འདུལ་བ་འཛིན་པའི་ཚོགས་ཆེན་ཞིག་འཚོགས་པའི་སྐབས་སུ་ཁོ་ཚོས་༧སྐྱབས་མགོན་རིན་པོ་ཆེས་ཕ་ཚོགས་རྐྱང་པའི་ཐོག་ནས་གཞི་སྨྲའི་སྡོམ་རྒྱུན་གྱི་དགེ་སློང་མ་བསྒྲུབ་ན་འགྲིགས་ཀྱི་འདུག་ཅེས་བཀའ་གནང་ན་བསམས་ཏེ་མཐའ་བསྐོར་རི་བསྐོར་གྱིས་ཡང་ཡང་སྙན་གསན་ཞུས་སོང༌། འོན་ཀྱང་༧སྐྱབས་མགོན་རིན་པོ་ཆེས་འདི་ལྟར་ཡོང་གི་མ་རེད་ཅེས་བཀའ་གནང་བ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། ྋགོང་ས་མཆོག་གིས་འདི་ནི་འདུལ་བ་འཛིན་པ་ཚོས་འདུལ་བའི་གཞུང་དང་བསྟུན་ནས་ཐག་གཅད་དགོས་ཤིང༌། དམ་ཆོས་འདུལ་བའི་བསྟན་པ་ལ་གང་ཟག་གིས་དབང་ཟ་ནས་ཐག་གཅོད་ཐབས་མེད་པས་འདིའི་ཐོག་ང་ཚོས་མུ་མཐུད་ཉམས་ཞིབ་བསྐྱར་དུ་གནང་གི་ཡིན་ཞེས་ཞལ་བཞེས་གནང་སོང༌།
དེའི་རྗེས་སུ་ཐོག་མའི་རེ་བ་ལ། ང་ཚོས་བང་ཡག་པོ་ཞིག་བསྒྲིགས་ཏེ་བསྐྱར་དུ་ཉམས་ཞིབ་ཀྱི་གྲུབ་དོན་གསལ་པོ་ཞིག་བཏོན་ནས་ད་རིང་ཚོགས་འདུ་འདིར་ངས་གོང་དུ་ཞུས་པའི་གནས་ཚུལ་ལས་གསལ་ཙམ་དང༌། ལུང་རིགས་ཀྱི་རྒྱབ་རྟེན་དང་བཅས་པ་ཆ་ཚང་བཟོ་ཐུབ་ན་བསམ་ཡང༌། བར་ལམ་མི་ཚང་མ་བྲེལ་བ་གཞན་པ་ཞིག་ལ་མགོ་འཐོམས་ནས་ཡིག་ཐོག་ལ་བཀོད་ཐུབ་པ་བྱུང་མེད། སྤྱིར་རྒྱབ་རྟེན་གྱི་ལུང་དང་སྒྲུབ་བྱེད་དེ་ཚོ་ཤོག་བུའི་སྟེང་ཡོད་ཀྱང༌། དེ་ཚོ་ཚུར་བཏོན་ནས་གཟིགས་བདེ་པོ་ཞིག་བཟོ་རྒྱུའི་གོ་སྐབས་མ་བྱུང་བ་རེད། འོན་ཀྱང་ད་ལྟ་ངས་ཞུས་པ་དེ་ཚོ་འདས་པའི་ལོ་མང་རིང་ཉམས་ཞིབ་བྱས་ཏེ་མཐའ་བསྡོམས་བརྒྱབས་པའི་གྲུབ་དོན་ཞིག་ཆགས་ཡོད། དེ་ཚོའི་ཐོག་ཞིབ་འཇུག་གནང་བ་ལས། དེ་མིན་ཐབས་ལམ་གཞན་འཚོལ་རྒྱུའི་ལམ་ཕལ་ཆེར་མེད་སྙམ།
ད་རིང་གི་ཚོགས་འདུ་འདི་ཕྱི་ཟླ་ ༤ པའི་ཟླ་མཇུག་ལ་བསྒྲིགས་དགོས་པ་ནི་ཉིན་ཤས་རྗེས་རིས་སུ་མ་མཆིས་པའི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བླ་ཆེན་ལྷན་ཚོགས་ཤིག་ཡོད་ཅིང༌། དེའི་སྐབས་སུ་ཚོགས་འདུ་འདིའི་གྲུབ་དོན་སྙན་གསན་ཞུས་ཏེ་དེའི་བརྒྱུད་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞི་སྤྱི་ཡོངས་ལ་གཅིག་གྱུར་རྩ་འཛིན་ཞིག་གཏན་འཁེལ་བྱུང་ན་བསམས་པ་རེད། སྤྱིར་བཏང་ཉིན་གཉིས་ཐུང་ངུ་རེད་དེ། ལྷན་རྒྱས་ཚོས་ཉིན་གཉིས་འདིའི་རིང་གང་ཐུབ་ཀྱིས་སྐུ་ངལ་གནང་ནས་སང་ཉིན་དགོང་མོའི་བར་རང་ལུགས་ལྟ་བུ་ཞིག་བཞག་ཐུབ་པ་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
དེ་ལྟར་ང་ཚོས་ཐབས་ལམ་འཚོལ་རྒྱུའི་ངོ་བོ་མ་གཏོགས། ཕྱོགས་སྔ་ཕྱིའི་རྩོད་པ་དང་སོ་སོའི་ཡིག་ཆ་བདག་འཛིན་སྲུང་སྐྱོབ་གནང་རྒྱུའི་དགོངས་ཚུལ་རྐྱང་པ་མིན་པར། དགོངས་པ་གུ་ཡངས་པོ་བཞེས་ཏེ་དམ་ཆོས་འདུལ་བའི་དགོངས་དོན་དང་མ་འགལ་བའི་ཐོག་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་ཐུབ་པའི་ཐབས་ཤེས་ཡོད་ན་དེ་འཚོལ་རྒྱུ་རེད། གང་ལྟར་སྒྲུབ་ཕྱོགས་ཀྱི་བྱ་བ་དེ་གཙོ་བོ་རེད། ཐབས་ཤེས་མི་འདུག་ཅེས་བརྗོད་ནས་དགག་པ་བྱ་རྒྱུ་རྐྱང་པ་གཙོ་བོ་ཆགས་ཀྱི་མེད། འོན་ཀྱང་འདུལ་བའི་གཞུང་དང་བསྡུར་ནས་འཚོལ་སྐབས་འདི་ལ་ལམ་ཁ་གཏན་ནས་མེད་ན་མེད་པ་དེ་ཡང་ལུང་རིགས་གཉིས་ཀྱི་སྒྲུབ་བྱེད་དང་བཅས་ཏེ་གསལ་པོ་བཟོ་དགོས། མ་འོངས་པར་ང་ཚོས་གཞི་སྨྲའི་དགེ་སློང་མ་བསྐྱར་གསོ་མ་ཐུབ་པ་དེ་ཐབས་ཤེས་དང་འབད་བརྩོན་མ་བྱས་པ་མིན་པར། ཐབས་ཤེས་དང་འབད་བརྩོན་ཆ་ཚང་བྱས་ཏེ་འདུལ་བ་འཛིན་པ་ཚང་མའི་མཐའ་མའི་དགོངས་པ་འབབ་ས་དེ་འདི་མ་གཏོགས་མི་འདུག་ཞེས་བརྗོད་ཐུབ་པ་ཞིག་བྱུང་ན། ང་ཚོས་ཕྱི་ལ་འགྲེལ་བཤད་རྒྱག་སྐབས་སྟབས་བདེ་བ་དང༌། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་གི་བཙུན་མ་དེ་ཚོ་ལའང་དངོས་གནས་ཐབས་ཤེས་ཆ་ཚང་གནང་འདུག་ཀྱང༌། མེད་པ་དེའང་འདུལ་བའི་དགོངས་པ་ཡིན་པ་གསལ་པོ་ར་འཕྲོད་པ་ཞིག་བྱུང་ན་ཁོང་ཚོའང་བློ་ཁ་དྭངས་པ་ཡོང་གི་རེད།
ཡང་འདུལ་བའི་ནང་ཕྱག་ལེན་དོག་ཆ་ནས་གཙོ་བོ་གནང་རྒྱུ་དང༌། ཕྲན་བུ་ཡངས་ཆ་ནས་གཙོ་བོ་གནང་རྒྱུ་གཉིས་ཡོང་གི་ཡོད་པར་བརྟེན། འདུལ་བ་དང་མ་འགལ་བའི་ལམ་ཞིག་ཡོད་ན་དོག་ཆ་ནས་མ་བཟུང་བར་ཕྱག་ལེན་ཡངས་ཆ་ནས་གནང་རྒྱུ་དེ་འགྲིགས་ཀྱི་མེད་འགྲོ གང་ལགས་ཤེ་ན། ཧ་ཅང་ཞིབ་ཚགས་པོས་བལྟས་ན་ཕ་ཚོགས་རྐྱང་པས་དགེ་ཚུལ་མ་བསྒྲུབ་རྒྱུ་དེ་ལའང་དྲི་བ་ཞིག་སླེབས་ཀྱི་མེད་དམ་སྙམ། འོན་ཀྱང་བོད་དུ་བསྟན་པ་ཆགས་པ་ནས་ད་བར་ཕ་ཚོགས་རྐྱང་པས་དགེ་ཚུལ་མ་སྒྲུབ་རྐྱང་གནང་བཞིན་པ་རེད། འདི་ལ་སུས་ཀྱང་ཀླན་ཀ་ལྟ་བུ་བྱུང་མེད། ཕ་ཚོགས་རྐྱང་པས་དགེ་ཚུལ་མའི་སྡོམ་པ་མི་གནང་མཁན་རེ་ཟུང་ཡོད་རེད་མ་གཏོགས། སྤྱིར་བཏང་དེ་ལྟར་གནང་གི་ཡོད་པ་ཡོངས་གྲགས་རེད། འདི་ནི་ཕྱག་ལེན་ཡངས་དོག་གཉིས་ཀྱི་ནང་ནས་ཕྱག་ལེན་ཡངས་པའི་ཆ་ནས་དགོངས་པ་བཞེས་པ་ལས། འདུལ་བ་དང་འགལ་བའི་ཐོག་ནས་སྒྲུབ་ཀྱི་མེད་སྙམ།
དེས་ན་འདི་དག་ཐམས་ཅད་དགོངས་པའི་དཔྱད་གཞི་ལ་བཟུང་བའི་ཐོག་ནས་ཆོས་བཞིན་འདུལ་བ་བཞིན་དཔྱད་པ་གནང་སྟེ་མཐའ་མའི་ཐག་གཅོད་གསལ་པོ་ཞིག་ཉིན་གཉིས་ཀྱི་ཚོགས་འདུ་འདིར་ཡོང་ཐུབ་པའི་རེ་བ་ཡོད། དང་པོའི་འཆར་གཞི་བྱས་ན་ང་རང་ཡང་ཚོགས་འདུ་ཆ་ཚང་བཅར་ནས་བགྲོ་གླེང་ནང་ཆ་ཤས་བླང་དགོས་སྙམ་པ་ཡོད་ཀྱང༌། ད་ལྟའི་གོ་སྐབས་འདི་ལོགས་ཀ་ཞིག་ཆགས་པར་བརྟེན། ཆོས་རིག་བཀའ་བློན་བཞུགས་རོགས་གནང་ཞུ་རྒྱུ་ཡིན། གལ་ཏེ་ང་འདིར་བསྡད་ཐུབ་ཀྱང༌། འདུལ་བ་ལ་བྱང་ཆུབ་པ་ཞིག་མིན་སྟབས་ཕན་ཐོགས་ཡོང་བ་མི་འདུག
སླར་ཡང་མཐའ་བསྡོམས་སུ་ད་རེས་འདུལ་བ་འཛིན་པ་ཚོར་རེ་འདུན་ཞུས་པ་བཞིན་ཕེབས་ཐུབ་པ་ལ་ཐུགས་རྗེ་ཞུ་རྒྱུ་དང༌། ༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་འདི་གར་ཟུར་ཉན་དུ་ཕེབས་པ་དེས་ཚོགས་འདུ་འདི་ཇི་ཙམ་གལ་ཆེན་པོ་ཡིན་པ་དང༌། དེ་བཞིན་ཚང་མ་ལ་སེམས་ཤུགས་སྐྱེ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བས་བཀྲིན་ཆེ་ཞེས་ཞུ་རྒྱུ་ཡིན། ད་རིང་འདིར་ཚང་མས་ལྷུག་པོའི་ཐོག་ནས་དགོངས་འཆར་གནང་རོགས་གནང༌། ཐུགས་རྗེ་ཆེ།།