འཇམ་དཔལ་མཚན་བརྗོད་ཀྱི་སྔོན་གླེང་།

༈ རྩ་གཞུང་གི་སྔོན་གླེང་། ༄༅།། བླ་མ་དང་དབྱེར་མ་མཆིས་པའི་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ཉོན་མོངས་རྩུབ་རེག་བྲལ་བས་འཇམ།། ཤེས་བྱའི་སྒྲིབ་པ་ཟད་པས་དཔལ།། ཡན་ལག་དྲུག་ཅུ་ལྡན་པས་དབྱངས།། བླ་མ་འཇམ་དཔལ་དབྱངས་ཀྱིས་སྐྱོངས།།

JamTsenbjod
༡༽ འཇམ་དཔལ་མཚན་བརྗོད་ཀྱི་ཆེ་བ
དེའང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བརྙེས་ཤིང་། བརྩེ་བ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་རྒྱལ་བ་རྣམས་ཀྱིས་གདུལ་བྱའི་ཁམས་མོས་བསམ་པ་དང་འཚམས་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བསྟན་པ་མཐའ་དག་མཐར་ཐུག་གདུལ་བྱ་རྣམས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པ་ཁོ་ནའི་ཆེད་དུ་ཡིན་ནའང་། གནས་སྐབས་མངོན་མཐོ་དང་ངེས་ལེགས་ཙམ་པོ་བར་དཀྲི་བའི་ལམ་བསྟན་པ་ནས་བཟུང་། ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་བདེ་བླག་ཏུ་སྟེར་བའི་རིམ་གཉིས་ཀྱི་རྣལ་འབྱོར་ཚང་ལ་མ་ནོར་བ་བསྟན་པའི་བར་བརྗོད་བྱའི་ཆ་ནས་རིམ་པ་དང་ཟབ་རྒྱས་ཀྱི་ཁྱད་པར་མཐའ་ཡས་པ་ཞིག་བཞུགས་པ་ལས༑ གསང་སྔགས་ཀྱི་རྒྱུད་སྡེ་སྤྱི་དང་། ཁྱད་པར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྣམས་ཆེས་ཟབ་གསང་གི་གདམས་ངག་ཡིན་པ་དང་། དེ་དག་གི་ནང་ནས་ཀྱང་གསང་བདེ་འཇིགས་གསུམ་གྱི་རྒྱུད་དང་། རྒྱུད་སྡེ་གཞན་དང་བཤད་སྲོལ་མི་མཐུན་པའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་སོགས་པ་ནི་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་། ཟབ་ཁྱད་དང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བར་རྡོ་རྗེ་འཆང་རང་ཉིད་ཀྱིས་ཞལ་གྱིས་འཆེས་པ་མ་ཟད། འཕགས་བོད་མཁས་གྲུབ་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྔགས་པར་མཛད་ཅིང་། ཁྱད་པར་འཕགས་པ་སྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བཅུ་དྲུག་པ་རྣལ་འབྱོར་ཆེན་པོ་རྒྱུད་ཀྱི་བདག་པོའི་ཏིང་ངེ་འཛིན་དྲྭ་བའི་ལེའུ་ནས་བྱུང་བའི་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་འདི་ནི་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ་དང་ཡང་སྙིང་། ངེས་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལྟ་བུར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཤིང་གསུང་ལ་གསུང་བར་འགྱུར་བ་ཡིན་པ་ནི་འདི་ཉིད་ལས། “དོན་ཟབ་དོན་ནི་རྒྱ་ཆེ་ཞིང་།། དོན་ཆེན་མཚུངས་མེད་རབ་ཞི་བ།། ཐོག་མ་བར་དང་མཐའ་དགེ་བ།། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས།། མ་འོངས་རྣམས་ཀྱང་གསུང་འགྱུར་ལ།། ད་ལྟར་བྱུང་བའི་རྫོགས་སངས་རྒྱས།། ཡང་དང་ཡང་དུ་གསུངས་པ་གང་།།” ཞེས་དང་། ཡང་ “རྒྱུད་ཀུན་གྱི་ནི་བདག་པོ་མཆོག།།” ཅེས་གསུངས་པ་དང་༑ གྲུབ་ཆེན་དཔེ་མེད་འཚོས་ཀྱང་། “་་་་་་རྒྱུད་སྡེ་བཞི།། སྙིང་པོའི་རྒྱུད་དང་ལྔ་པོ་དག།།རྡོ་རྗེ་འཆང་གིས་རྒྱས་པར་གསུངས།། སྙིང་པོའི་སྙིང་པོ་འདི་ཡིན་ནོ།།” ཞེས་སོགས་རྒྱ་ཆེར་གསུངས་ཤིང་། གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཇི་འདྲ་ཞིག་ལ་ཐོས་བསམ་གྱིས་འཇུག་རུང་། མཐར་མཚན་ཡང་དག་པར་བརྗོད་པའི་དོན་ཤེས་པ་ལ་མ་ལྟོས་པར་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ཆ་ཚང་བ་མི་ཤེས་པར་ཚད་མའི་སྐྱེས་བུ་རྣམས་ཀྱིས་བཞེད་པར་སྣང་སྟེ། དེའང་ཆོས་རྒྱལ་པདྨ་དཀར་པོའི་དུས་འཁོར་གྱི་འགྲེལ་ཆེན་དྲི་མེད་འོད་ལས། “གང་གི་མཚན་ཡང་དག་པར་བརྗོད་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ།། གང་གིས་རྡོ་རྗེ་འཛིན་པའི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ།།” ཞེས་གསུངས་ཤིང་། དོན་གྱི་གནད་འདི་གཟིགས་ཏེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་ཀྱང་། “དཔལ་གསང་བ་འདུས་པ་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ་དང་། མདོ་སྡེ་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་པ་ཇི་ལྟ་བ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ཡང་ཡིན་ནོ་ཞེས་དམ་བཅའ་བ་ཁོ་ནའོ།།” ཞེས་གསུངས་སོ།།
སྔོན་འཕགས་པའི་ཡུལ་དུ་མདོ་སྔགས་ཀྱི་བསྟན་པ་དར་རྒྱས་སུ་ཡོད་པའི་སྐབས་འཇམ་དཔལ་མཚན་བརྗོད་ཤེས་ན་སྔགས་ཀྱི་གཞུང་མཐའ་དག་ཤེས་པར་བརྩི་སྲོལ་ཡོད་པ་སློབ་དཔོན་ཙནྡྲགོམི་དཔལ་ནཱལནྡཱའི་གཙུག་ལག་ཁང་དུ་བྱོན་པའི་སྐབས་ཁོང་ལ་ཁྱེད་ཀྱིས་ཅི་ཤེས་དྲིས་པར། སྒྲ་པཎི་པ་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་དང་། མཚན་ཡང་དག་པར་བརྗོད་པ་གསུམ་ཤེས་གསུངས་པས། གཟོད་དཔལ་ལྡན་ཟླ་བས་ཁོང་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པ་ཞིག་ཡིན་པར་དགོངས་ཚུལ་གསལ་བ་ལས་གྲུབ་བོ།། རྒྱུ་མཚན་དེ་དག་ལ་དགོངས་ཏེ་བོད་ཀྱི་སྔོན་བྱོན་གྱི་མཁས་གྲུབ་རྣམས་ཀྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གླེགས་བམ་དུ་བསྡུས་ཏེ་དཀར་ཆག་བཀོད་པའི་སྐབས་སུའང་། རྒྱུད་ཐམས་ཅད་ཀྱི་དབུར་པོད་ཕྲེང་དང་པོར་འཇོག་པར་མཛད་དེ། སི་ཏུ་པཎ་ཆེན་གྱིས། “གཉིས་མེད་ཀྱི་རྒྱུད་དང་ཕྱོགས་མཚུངས་སུ་རྒྱུད་ཐམས་ཅད་ཀྱི་དབུར་བཀོད་པ་ནི་ཆེས་འབྲེལ་ཆགས་པ་ཡིན་ནོ།།” ཞེས་གསུངས།
དེ་ལྟ་བུའི་ཁྱད་པར་ཅན་གྱི་རྒྱུད་འདི་ཉིད་འཕགས་པའི་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་དར་རྒྱས་ཡོད་སྐབས་ཀུན་གྱི་ཚད་མར་འཛིན་པའི་གཞུང་དར་ཁྱབ་ཤིན་ཏུ་ཆེ་བ་ཞིག་ཡིན་པ་ནི་མཁས་པ་མང་པོས་འགྲེལ་པ། འགྲེལ་བཤད། རྣམ་བཤད། བསྡུས་དོན་སོགས་ཧ་ཅང་མང་པོ་བརྩམས་པ་དང་༑ འདིའི་དཔེ་རྒྱུན་རྒྱ་གར་མཐའ་དབུ་ཀུན་ཏུ་རྙེད་པ་སོགས་ལས་རྟོགས་ནུས་སོ།།
༢༽ འཇམ་དཔལ་མཚན་བརྗོད་གསུངས་པའི་གནས་དང་དུས།
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་འདི་གསུངས་པའི་གནས་ནི་ལྷོ་ཕྱོགས་དཔལ་རིའི་ཉེ་འདབས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར། འོག་ཐོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་། སྟེང་ཐོག་ཏུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ཏེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་ཤིང་། གསུངས་པའི་དུས་ནི་ནག་ཟླའི་ཉ་ལ་དུས་འཁོར་གྱི་རྒྱུད་དང་དུས་མཉམ་དུ་གསུངས་པ་དང་། ཞུ་སྡུད་བྱེད་པོའང་ཕྱག་རྡོར་རྣམ་སྤྲུལ་ཟླ་བ་བཟང་པོ་ཉིད་ཡིན་པར་འགྲེལ་མཛད་རྣམས་མཐུན་པར་བཞེད་དོ༑༑ དུས་འཁོར་གྱི་རྒྱུད་གསུངས་པའི་དུས་ལ་བོད་ཀྱི་མཁས་པ་རྣམས་སྟོན་པ་སངས་རྒྱས་པའི་ཕྱི་ལོ་ཡིན་པ་དང་། བྱ་རྒོད་ཕུང་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ་ཡིན་པ། སྟོན་པ་མྱ་ངན་ལས་འདས་པའི་ལོ་དེར་ཡིན་པ་སོགས་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་དང་། དེ་དག་སོ་སོའི་སྒྲུབ་བྱེད་ལུང་རིགས་ཀྱང་མང་མོད། སྤྱིར་ཕྱོགས་དང་དུས་ཀྱི་རྒྱ་ལས་འདས་པའི་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་ལ་བྱུང་རབས་སྨྲ་བ་རྣམས་ཀྱི་དུས་ཚིགས་ཀྱི་སྒྲོམ་གཞིའི་ནང་ཚུད་དགོས་པ་མེད་ཀྱང་། ཅི་སྟེ་ཚུད་པར་བྱ་དགོས་ན་མྱ་ངན་འདའ་བའི་ལོ་སྔོན་མའམ་ལོ་དེ་རང་ཡིན་པར་འདོད་ན་ལེགས་པར་མཐོང་ཞིང་། སྒྲུབ་བྱེད་ཀྱི་རྒྱུ་མཚན་བརྗོད་པར་བྱ་བ་མང་ཡང་དུས་ཀྱིས་མ་ལྕོགས་པས་རེ་ཞིག་བཏང་སྙོམས་སུ་བྱས་སོ།། རྒྱ་གཞུང་གི་འགྱུར་མི་འདྲ་བ་འགའ་རེའི་ནང་ས་གའི་ཉ་ཞེས་འཁོད་པ་ནི་མ་དག་པ་ཉིད་དོ།།
༣༽ འཇམ་དཔལ་མཚན་བརྗོད་བོད་དུ་སྒྱུར་ཚུལ།
འཇམ་དཔལ་མཚན་བརྗོད་ནི་བོད་ཡུལ་དུ་མདོ་རྒྱུད་བསྒྱུར་བའི་སྐབས་འགྱུར་སྔ་གྲས་སུ་སྣང་སྟེ། ཀུན་མཁྱེན་བུས་བཀའ་བསྟན་གྱི་དཀར་ཆག་ཐོག་མར་བཞེད་པའི་དཀར་ཆག་ལྡན་དཀར་མའི་ནང་གཞུང་འདི་གསལ་ཞིང་། འཕང་ཐང་མའི་ནང་དུའང་གསལ་ལོ།། དུས་རབས་དེ་ཙམ་ནས་མཚན་བརྗོད་མང་ཚོགས་སུ་དར་ཁྱབ་ཆེན་པོ་བྱུང་ཟིན་པར་མངོན་ཏེ། སྐབས་དེ་དག་ཏུ་བྲིས་པའི་འཇམ་དཔལ་མཚན་བརྗོད་ཀྱི་དཔེ་འདྲ་མིན་གསུམ་ཙམ་ཏུན་ཧང་ཡིག་རྙིང་དུ་ཁོ་བོས་མཇལ་ཞིང་། དེའི་ནང་ཕན་ཡོན་ཡོད་མེད་གཉིས་ཀ་འདུག་པ་མ་ཟད། འགྱུར་ཡང་ད་ལྟའི་ལོ་ཆེན་གྱི་འགྱུར་དང་མཐུན་ཚབ་ཆེ་བར་སྣང་།
ད་ལྟ་ལོ་ཆེན་རིན་ཆེན་བཟང་པོའི་འགྱུར་དང་། ཤོང་བློ་གྲོས་བརྟན་པའི་འགྱུར་གཉིས་གྲགས་ཆེ་ཡང་། སྔོན་གྱི་ལོ་ཙཱ་བ་མང་པོས་ལན་མང་བསྒྱུར་བར་སྣང་སྟེ། ཕུག་བྲག་བཀའ་འགྱུར་བྲིས་མའི་གཞུང་འདིའི་མཇུག་བྱང་དུ། “འདི་ལ་ལོ་ཙཱ་བ་འཆི་མེད་བུམ་པ་དང་། དབུས་པ་མགར་དགེའི་འགྱུར་ཀྱང་ཡོད་དོ།། མང་མཁར་བའི་འགྱུར་ཡང་ཡོད་དོ།།” ཞེས་གསལ་ཞིང་༑ གོང་གསལ་དཀར་ཆག་གཉིས་སུ་མཚན་བརྗོད་ཀྱི་འགྱུར་བྱང་མ་བཀོད་ཀྱང་། དེ་དག་ལོ་ཆེན་གྱི་སྔོན་དུ་ཡིན་པ་མ་ཟད། པཎྜིཏ་དྲི་མེད་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ་ཞེས་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ནས་བསྒྱུར་བ་དང་། ཡང་རྙིང་མའི་བཀའ་མ་རྒྱས་པའི་ནང་བཞུགས་པའི་སློབ་དཔོན་པདྨས་མཛད་པའི་འགྲེལ་པ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མེ་ཞེས་བྱ་བ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ཁྲི་སྲོང་གི་བླ་དཔེ་བེརོཙནའི་ཕྱག་བྲིས་སུ་གྲགས་པ་སོགས་ལོ་ཆེན་གྱི་སྔོན་དུ་བསྒྱུར་ཟིན་པ་དང་། དེ་དག་གི་ནང་དུ་འཁོད་པའི་རྩ་ཚིག་ལོ་ཆེན་གྱི་འགྱུར་དང་ཁྱད་པར་ཉུང་ཤས་ལས་མི་འདུག་པས། ལོ་ཆེན་གྱིས་སྔ་འགྱུར་དེ་དག་ལ་བསྒྱུར་བཅོས་ཙམ་མཛད་པ་ལྟ་བུར་མངོན་ཡང་། འགྱུར་བྱང་དུ། “རྒྱ་གར་གྱི་མཁན་པོ་ཤྲདྡྷཱཀརཝརྨཱ་དང་། ཀམལགུཔྟ་དང་༑ ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།” ཞེས་འཁོད་པ་མ་ཟད། ཕྱིས་ཀྱི་འགྲེལ་བྱེད་རྣམས་ཀྱིས་ཀྱང་ལོ་ཆེན་གྱི་འགྱུར་ཞེས་ངོས་འཛིན་མཛད་དོ༑༑ དུས་ཕྱིས་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པས་སླར་ཡང་བསྒྱུར་འདུག་པ་དེ་ནི་ལོ་ཆེན་གྱི་འགྱུར་དང་། གོང་གསལ་འགྲེལ་པ་ཁག་གི་ནང་དུ་འཁོད་པའི་རྩ་ཚིག་དང་མི་འདྲ་བ་མང་ཞིང་། རྒྱ་གར་དུ་ད་ལྟ་ཡོད་པའི་མཚན་བརྗོད་ཀྱི་རྒྱ་དཔེ་དང་མཐུན་ཚབ་ཆེ་བ་མ་ཟད། སྒྲ་ཐད་བསྒྱུར་གཙོ་བོར་མཛད་པ་ལྟ་བུ་ཞིག་འདུག །གངས་ལྗོངས་དང་རྒྱ་ནག་ཏུ་པར་སྐྲུན་བྱས་པའི་པེ་ཀིང་། སྣར་ཐང་། སྡེ་དགེ། ལྷ་ས་བཅས་ཀྱི་བཀའ་འགྱུར་པར་མའི་ནང་མཚན་བརྗོད་ཤོང་འགྱུར་མ་གཏོགས། ལོ་ཆེན་གྱི་འགྱུར་གྱིས་མཚོན་པའི་ལོ་ཙཱ་བ་གོང་མ་རྣམས་ཀྱིས་བསྒྱུར་བའི་མཚན་བརྗོད་མ་བཞུགས་པ་མ་ཟད། འགྱུར་གཞན་ཡོད་པའི་འགྲོས་ཙམ་ཡང་མི་འདུག །སྐད་ཡིག་གཞན་ནས་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན་ཕྱོགས་བཏུས་པར་སྐྲུན་བྱེད་སྐབས་ཆོས་ཚན་སོ་སོའི་འགྱུར་ལེགས་ཤོས་དང་། གསར་ཤོས་དེ་བཅུག་པ་ལས་འགྱུར་མི་འདྲ་བ་ཁག་མ་བསྡུས་པ་ནི་པོད་གྲངས་ཉུང་ཆེད་ཙམ་ཡིན་ནམ་ཇི་ལྟར་ཡང་། བོད་ཀྱི་རིག་གཞུང་ལ་གྱོང་གུན་ཆེན་པོ་ཞིག་བྱུང་འདུག །བཀའ་བསྟན་པར་སྐྲུན་བྱེད་སྲོལ་དར་བ་ནས་བཟུང་དཔེ་རྒྱུན་མི་ཉམས་པ་དང་། ཡིག་འབྲི་པས་ཆད་ལྷག་ནོར་གསུམ་གྱི་སྐྱོན་ལས་མ་དག་པའི་ལྷད་མི་འཇུག་པ། པར་བཤུས་ཁྱབ་ཆེ་བས་ཀུན་ལ་རྙེད་སླ་བ་སོགས་རླབས་ཆེན་གྱི་དགེ་མཚན་བྱུང་ཡོད་ནའང་། ལོ་པཎ་མང་པོའི་འགྱུར་མི་འདྲ་བ་བཞུགས་པ་རྣམས་རིམ་གྱིས་དྲན་ཡུལ་ནས་ཡལ་ཞིང་། དཔེ་རྒྱུན་ཡང་བརླག་པའི་སྐྱོན་ཆ་ཞིག་ཀྱང་བྱུང་སྣང་།
སྔོན་རབས་ཀྱི་བོད་མི་སྙིང་རུས་ཅན་རྣམས་ཀྱིས་གསེར་དངུལ་མཚལ་སྣག་ཅི་རིགས་ལས་བཞེངས་པའི་བཀའ་བསྟན་བྲིས་མ་ཧ་ཅང་མང་པོ་བཞུགས་པ་རྣམས་ཀྱི་ནང་དུ་ད་ལྟའི་བཀའ་བསྟན་པར་མ་ཁག་གི་ནང་མ་ཚུད་པའི་ཆོས་ཚན་དང་། འགྱུར་མི་འདྲ་བ་སྣ་མང་ཡོད་པར་མངོན་ཏེ། དཔེར་ན་ད་ལྟ་དྷ་སའི་བོད་ཀྱི་དཔེ་མཛོད་ཁང་དུ་བཞུགས་པའི་ཕུག་བྲག་བཀའ་འགྱུར་བྲིས་མའི་ནང་བཀའ་འགྱུར་པར་མ་གཞན་དུ་བཞུགས་པའི་ཆོས་ཚན་ཁག་དང་འགྱུར་མི་འདྲ་བ་ ༢༨ ཆོས་ཚན་གཅིག་ལ་འགྱུར་མི་འདྲ་བ་གཉིས་རེ་བཞུགས་པ་ ༩ བཀའ་འགྱུར་པར་མ་གཞན་གང་དུའང་མ་བཞུགས་པའི་ཆོས་ཚན་ ༢༥ བཅས་འདུག་པ་འདི་ལས་གངས་ལྗོངས་མཐའ་དབུས་དང་། ཆེན་པོ་ཧོར་གྱི་ཡུལ་སོགས་སུ་བཞུགས་པའི་བཀའ་བསྟན་བྲིས་མ་ཆེས་མང་པོ་ཡོད་པ་དེ་ཚོའི་ནང་དུས་ཕྱིས་ཀྱི་བོད་མི་རྣམས་ཀྱིས་མཐོང་ཐོས་མེད་པའི་འགྱུར་དང་ཆོས་ཚན་ཇི་སྙེད་ཅིག་ཡོད་པ་དང་། མཚན་བརྗོད་ཀྱི་འགྱུར་མི་འདྲ་བའང་དུ་མ་བཞུགས་ཡོད་སྲིད་པ་མངོན་ཐུབ། ལྷག་པར་ཕུག་བྲག་བཀའ་འགྱུར་བྲིས་མའི་ནང་འགྱུར་གཞན་གྱི་དཔེ་དངོས་སུ་མ་བཀོད་ཀྱང་དེ་ལྟར་ཡོད་པའི་ཐོ་འགོད་གནང་བ་གོང་དུ་དྲངས་པ་ལྟ་བུའང་གཞུང་ལུགས་ཀྱི་ཡིག་གཞིར་ཉམས་ཞིབ་པ་རྣམས་ལ་ཕན་ཐོགས་ཧ་ཅང་ཆེ། ཕུག་བྲག་བཀའ་འགྱུར་བྲིས་མ་འདི་བོད་མངའ་རིས་ཁུལ་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱི་གདན་ས་ཕུག་བྲག་དགོན་དུ་ཕྱི་ལོ་ ༡༦༩༦ ནས་ ༡༧༠༦ བར་ཞིག་ལ་བཞེངས་པའི་ཁྱད་ནོར་བླ་མེད་ཅིག་ཡིན།
ཤོང་ལོས་བསྒྱུར་བའི་མཚན་བརྗོད་འགྱུར་བཟང་ཞིང་། དེང་སྐབས་འཛམ་གླིང་རྒྱ་ཁྱབ་ཏུ་བཞུགས་པའི་བཀའ་འགྱུར་པར་མ་རྣམས་ཀྱི་ནང་འགྱུར་དེ་ཉིད་ལས་མ་བཞུགས་ཀྱང་། བོད་ཀྱི་ཆོས་སྡེ་ཕལ་མོ་ཆེའི་རྒྱུན་གྱི་ཞལ་འདོན་དུ་ལོ་ཆེན་གྱི་འགྱུར་དེ་རང་ད་ལྟའང་གསུང་མུས་སུ་འདུག་པ་མ་ཟད། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་དབུས་བོད་ཀྱི་འགྲེལ་མཛད་པ་ཕལ་མོ་ཆེས་ལོ་ཆེན་གྱི་འགྱུར་རང་གཞིར་མཛད་འདུག་པ་ནི་དྲི་མེད་འོད་སོགས་མཚན་བརྗོད་རྒྱ་འགྲེལ་སྔོན་འགྱུར་རྣམས་ལ་ཤོང་ལོས་བསྒྱུར་བཅོས་མ་སོང་བའི་དབང་གིས་ཡིན་ནམ། རྒྱུ་མཚན་གཞན་ཇི་ཡིན་ཆ་མ་འཚལ། ལར་ནས་འཕགས་ཡུལ་དུ་ལེགས་སྦྱར་སོགས་རྒྱ་སྐད་ཀྱི་གནའ་བོའི་དཔེ་ཕལ་མོ་ཆེ་ཤིང་ཤུན་དང་། ཏཱ་ལའི་ལོ་མ་སོགས་ཀྱི་སྟེང་ལག་བྲིས་མ་ཡིན་སྟབས་དཔེ་བཤུས་སྐབས་རིམ་པས་ཡིག་ནོར་དང་། ལྷག་ཆད་ཅི་རིགས་ཡོང་ཉེ་བ་དང་། དེའི་དབང་གིས་བརྗོད་ཚིག་དང་། དག་ཆ་འདྲ་མིན་ཅི་རིགས་ཡོང་བར་བརྟེན་ཐོས་བསམ་དང་འགྲེལ་བཤད། སྒྲ་བསྒྱུར་བྱེད་པོ་རྣམས་ཀྱིས་མ་དཔེ་གང་རྙེད་ཕན་ཚུན་བསྡུར་ཏེ་མཛད་པ་པོའི་བརྗོད་ཚིག་ངོ་མ་ཇི་ཡིན་ཞིབ་འཇུག་མི་བྱེད་ཐབས་མེད་གྱུར་པ་བཞིན། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཡུལ་དབུས་ཀྱི་དཔེ་དང་ཕྱོགས་གཞན་གྱི་དཔེ་སོགས་དང་བསྟུན་ཏེ་བསྒྱུར་བཅོས་ཞུ་དག་ཡང་ཡང་མཛད་པ་བྱུང་འདུག་པས། ལོ་ཆེན་གྱི་བསྒྱུར་གཞིའི་རྒྱ་དཔེ་དང་༑ ཤོང་ལོའི་བསྒྱུར་གཞིའི་རྒྱ་དཔེ་གཉིས་མི་འདྲ་བའང་ཡོང་སྲིད།
༤༽ འཇམ་དཔལ་མཚན་བརྗོད་སྐད་ཡིག་གཞན་དུ་སྒྱུར་ཚུལ།
འཇམ་དཔལ་མཚན་བརྗོད་རྒྱ་ནག་གི་སྐད་དུ་ཐོག་མ་སློབ་དཔོན་དཱན་པཱལ་ནས་ཕྱི་ལོ་ ༩༨༠-༡༠༠༠ ཙམ་གྱི་ནང་བསྒྱུར་བ་དང་། ཕྱི་ལོ་བརྒྱ་ཕྲག་བཅུ་གཉིས་པའི་མགོ་སྟོད་དུ་བྱུང་བའི་རྒྱ་ཡི་ལོ་ཙཱ་བ་ཀིནསཏུན་ཁ་(kinstun kh)ཡིས་བསྒྱུར་བ། དེ་མིན་འགྱུར་གཞན་པ་གཉིས་བཅས་རྒྱ་ནག་སྐད་དུ་འགྱུར་གཙོ་ཆེ་བ་བཞི་ཡོད་པར་གྲགས།
མཚན་བརྗོད་སོག་པོའི་སྐད་དུ་ལོ་ཙཱ་བ་ཆོས་ཀྱི་འོད་ཟེར་ནས་ཕྱི་ལོ་བརྒྱ་ཕྲག་བཅུ་བཞི་པ་འགོ་ཚུགས་ཙམ་དུ་ལེགས་སྦྱར་ནས་བསྒྱུར་ཅིང་སོག་སྐད་དུ་མདོ་རྒྱུད་འགྱུར་སྔ་བའི་གྲས་ཡིན་པ་དང་། དེའི་རྗེས་སུ་བོད་སྐད་ནས་བཀའ་བསྟན་ཡོངས་རྫོགས་སྒྱུར་སྐབས་སུ་བསྒྱུར་བའང་ཡོད༑
མཚན་བརྗོད་དབྱིན་སྐད་དུ་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་སྨད་ཙམ་དུ་མཁས་དབང་ཨར་དྷེབིཊསན་ (R.Davidson) གྱིས་བསྒྱུར་བ་དང་། མཁས་དབང་ཨེལེཀས་ཝེམེན་ (Alex Wayman) གྱིས་བསྒྱུར་བ་གཉིས་ཡོད་ཀྱང་རྡོ་རྗེའི་ཚིག་འདི་ལྟ་བུ་རྒྱ་ནག་གི་སྐད་དང་དབྱིན་སྐད་དུ་བསྒྱུར་རྒྱུ་ནི་བྱ་སླ་བ་ཞིག་མ་ཡིན་པས་ཇི་ཙམ་ཞིག་ཚད་ལྡན་བྱུང་ཡོད་མིན་བདག་ལྟ་བུས་བརྗོད་པར་དཀའ།
༥༽ ལེགས་སྦྱར་སྐད་དུ་ད་ལྟ་བཞུགས་པའི་མཚན་བརྗོད་ཀྱི་ཕྱག་དེབ།
ད་ལྟ་ལེགས་སྦྱར་གྱི་སྐད་དུ་རྙེད་སོན་ཡོད་པའི་རྒྱ་དཔེ་ལག་བྲིས་མ་འདྲ་མིན་གྲངས་བརྒྱ་ལྷག་གི་གནས་ཚུལ་དཀར་ཆག་ཁག་ནས་གོ་རྟོགས་ཡོད་པའི་སྐོར་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་དྷཱིཿདུས་དེབ་འདོན་ཐེངས་གསུམ་པའི་ནང་གསལ་ཡོད། དེ་དག་གི་ཁྲོད་ཏཱ་ལའི་ལོ་མའི་ཐོག་བྲིས་མ་རྙིང་ཤོས་ཕྱི་ལོ་བརྒྱ་ཕྲག་བཅུ་པའི་སྐབས་ཙམ་གྱི་ཡིན་པའང་ཡོད་བཟོ་འདུག །དེ་དག་གི་ནང་ནས་གཙོ་ཆེ་བ་ ༡༩༩༤ ལོར་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་ཉམས་ཞིབ་པ་བནརསིལཱལ་མཆོག་གིས་ཞུ་སྒྲིག་པར་སྐྲུན་གནང་བ་དེའི་ཁུངས་གཏུགས་ཡུལ་མ་དཔེ་གལ་ཆེ་རིགས་མདོ་ཙམ་བརྗོད་ན། ༡༽ བལ་ཡུལ་རྒྱལ་ཡོངས་ཡིག་མཛོད་དུ་བཞུགས་པའི་ཏཱ་ལའི་ལོ་མའི་ཐོག་ཡོད་པའི་ལག་བྲིས་མ་དཔེ་དང་པོ་དཔེ་ཨང་ ༤་ ༢༢༨༥ ཅན་དང་། ༢༽ ཡིག་མཛོད་དེའི་ནང་ཡོད་པའི་ཏཱ་ལའི་ལོ་མའི་ཐོག་ལག་བྲིས་མ་དཔེ་གཉིས་པ་དཔེ་ཨང་ ༥་༡༦༤ ཅན་དེ་གཉིས་ཕྱི་ལོ་བརྒྱ་ཕྲག་བཅུ་པ་དང་བཅུ་གསུམ་པ་ཙམ་དུ་བྲིས་པར་ཚོད་དཔག་བྱས་པ་དང་། དེ་མིན་དུས་རབས་ཉི་ཤུ་པའི་ནང་ཞུ་སྒྲིག་པར་སྐྲུན་བྱས་པའི་མཚན་བརྗོད་ཁག་གཤམ་གསལ། ༡༽ ཨུ་རུ་སུའི་མཁས་དབང་ཨཡཔི་ མི་ནོཨོཕ་ (I.P.Mineof) མཆོག་གིས་ ༡༨༨༥ ལོར་སེནཊིཔིཊརསབྷཀ་ (St. Petersburg) གཙུག་ལག་སློབ་གཉེར་ཁང་གིས་པར་སྐྲུན་གནང་བ་དང་། ༢༽ སློབ་དཔོན་རགྷུབཱིར་ (Raghu Vira) མཆོག་གིས་པུ་ཏི་བརྒྱ་པའི་པོད་ཕྲེང་བཅོ་བརྒྱད་པའི་ནང་པར་སྐྲུན་གནང་བ་དང་། ༣༽ མཁས་དབང་དུརྒཱདཱསམུཁརྗཱི (Durga Dass Mukherjee) མཆོག་གིས་ཀ་ལ་ཀ་ཏ་གཙུག་ལག་སློབ་གཉེར་ཁང་ནས་ ༡༩༦༣ ནང་པར་སྐྲུན་གནང་བ་དང་། ༤༽ མཁས་དབང་ཨར་དྷེབིཊསན་ (R.Davidson) མཆོག་གིས་ཕྱི་ལོ་ ༡༩༨༡ ལོར་པར་སྐྲུན་གནང་བ་དང་། ༥༽ མཁས་དབང་ཨེལེཀས་བྷེམེན་ (Alex Wayman) གྱིས་ཞུ་སྒྲིག་པར་སྐྲུན་གནང་བ༑ ༦༽ མཁས་དབང་བནརསིལཱལ་མཆོག་གིས་གོང་གསལ་ལག་བྲིས་དང་པར་སྐྲུན་ཡོད་པའི་དཔེ་དེབ་ཡོངས་དང་མཚུངས་བསྡུར་ཞུ་སྒྲིག་གནང་སྟེ་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་ ༡༩༩༤ ལོར་པར་སྐྲུན་གནང་བ་བཅས་དེང་སྐབས་རྙེད་སོན་ཡོད།
༦༽ འཇམ་དཔལ་མཚན་བརྗོད་ཀྱི་གཞུང་ཚད།
འཇམ་དཔལ་མཚན་བརྗོད་ཀྱི་གཞུང་ཚད་ནི་བོད་ཀྱི་ལོ་ཙཱ་བ་ཚང་མས་བམ་པོ་གཅིག་ཏུ་མཛད་ཅིང་། གཞུང་དངོས་ལ་ལེའུ་དབྱེ་ཚུལ་མི་འདྲ་བ་འགའ་ཤས་བྱུང་ཡང་། བོད་ཀྱི་འགྲེལ་མཛད་ཕལ་མོ་ཆེས་དྲི་མེད་འོད་དང་བདུད་རྩིའི་ཐིགས་པ་སྒྲོལ་མ་གསལ་བ་གཉིས་ཀྱི་རྗེས་སུ་འབྲངས་ནས་ལེའུ་བཅུ་བཞིའམ། ཡང་ན་བཅུ་གསུམ་དུ་བཞེད། ལེའུ་གཞན་འདྲ་བ་ལ་ཕན་ཡོན་གྱི་ལེའུ་བགྲངས་ན་བཅུ་བཞི་དང་། མ་བགྲངས་ན་བཅུ་གསུམ་མོ།། དེའང་འདི་ལྟར། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། ཞེས་པ་ནས། ལུས་བཏུད་ནས་ནི་སྤྱན་སྔར་འདུག།།ཅེས་པའི་བར་དང་པོ་ཞུས་པའི་ལེའུ་ཤློཀ་བཅུ་དྲུག །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ།། ཅེས་པ་ནས། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ།། ཞེས་པའི་བར་གཉིས་པ་ལན་གྱི་ལེའུ་ཤློཀ་དྲུག །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ།། ཅེས་པ་ནས། རིན་ཆེན་གཙུག་ཏོར་ཆེར་གཟིགས་ནས།། ཞེས་པའི་བར་གསུམ་པ་རིགས་དྲུག་ལ་གཟིགས་པའི་ལེའུ་ཤློཀ་གཉིས། ཚིག་གི་བདག་པོས་ཚིགས་སུ་བཅད༑༑ ཅེས་པ་ནས། ཨརཔཙནཱཡཏེནམཿ ཞེས་པའི་བར་བཞི་པ་སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པའི་ལེའུ་ཤློཀ་གསུམ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས།། ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག།།ཅེས་པའི་བར་ལྔ་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བསྟོད་པའི་ལེའུ་ཤློཀ་བཅུ་བཞི། སངས་རྒྱས་རྣམ་པར་སྣང་མཛད་ཆེ།། ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ།། ཞེས་པའི་བར་དྲུག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ལེའུ་ཤློཀ་ཉི་ཤུ་རྩ་བཞི་དང་རྐང་པ་གསུམ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད།། ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག།།ཅེས་པའི་བར་བདུན་པ་མེ་ལོང་ཡེ་ཤེས་ཀྱི་ལེའུ་ཤློཀ་བཅུ་དང་རྐང་པ་གཅིག ཡང་དག་བདག་མེད་དེ་བཞིན་ཉིད།། ཅེས་པ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ།། ཞེས་པའི་བར་བརྒྱད་པ་སོར་རྟོག་ཡེ་ཤེས་ཀྱི་ལེའུ་ཤློཀ་བཞི་བཅུ་རྩ་གཉིས། འདོད་པའི་དོན་གྲུབ་དམ་པ་སྟེ༑༑ ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག།།ཅེས་པའི་བར་དགུ་པ་མཉམ་ཉིད་ཡེ་ཤེས་ཀྱི་ལེའུ་ཤློཀ་ཉི་ཤུ་རྩ་བཞི། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ།། ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། །ཅེས་པའི་བར་བཅུ་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ལེའུ་ཤློཀ་བཅོ་ལྔ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ཅེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།། ཅེས་པའི་བར་བཅུ་གཅིག་པ་ཡེ་ཤེས་ལྔའི་སྒོ་ནས་བསྟོད་པའི་ལེའུ་ཤློཀ་ལྔ་བཅས་འདི་ཡན་ཤློཀ་བརྒྱ་དང་དྲུག་ཅུ་རྩ་གཉིས། ཨཱོཾསརྦདྷརྨ ཞེས་པ་ནས། ཛྙཱནགརྦྷཨཱཿ ཞེས་པའི་བར་བཅུ་གཉིས་པ་སྔགས་ཀྱི་ལེའུ་ཚིག་ལྷུག །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། ཞེས་པ་ནས། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད།། ཅེས་པའི་བར་བཅུ་གསུམ་པ་རྗེས་སུ་ཡི་རང་གི་ལེའི་ཤློཀ་ལྔ་ཡོད་ཅིང་། ལེའུ་བཅུ་གཅིག་པའི་མཇུག་ཏུ་ཕན་ཡོན་གསུངས་པ་རྣམས་ཚིག་ལྷུག་ཡིན་པས་ཤློཀའི་གྲངས་ཀྱིས་མ་བཅད་དོ།། རྒྱ་འགྲེལ་རྣམས་སུ་ཤློཀའི་གྲངས་ཚད་གསལ་བའི་དབང་གིས་མཚན་བརྗོད་ཀྱི་ཚིགས་སུ་བཅད་པ་རྣམས་ཆད་ལྷག་མེད་པར་དག་ཞུས་བྱ་བདེ་ཡོད་པའི་དབང་གིས་ད་བར་གཞུང་ཚད་མ་ཉམས་པར་གནས་ཡོད།
༧༽ ད་ལྟའི་དཔེ་དེབ་འདིའི་ཞུ་སྒྲིག་བྱེད་ཚུལ།
སྤྱིར་ཤོང་འགྱུར་འགྱུར་བཟང་ཤོས་སུ་བརྩི་བ་མ་ཟད། བཀའ་འགྱུར་པར་མ་ཚང་མའི་ནང་འགྱུར་དེ་རང་བཞུགས་ཡོད་ཀྱང་། བོད་ཀྱི་ཆོས་སྡེ་ཆེན་པོ་ཁག་གིས་མཚོན་མཚན་བརྗོད་ཁ་འདོན་བྱེད་མཁན་ཕལ་ཆེ་བས་རྒྱུན་འདོན་ལོ་ཆེན་གྱི་འགྱུར་རང་ལ་གོམས་པ་མ་ཟད། རྒྱ་བོད་ཀྱི་འགྲེལ་པ་ཕལ་མོ་ཆེའི་ནང་གི་རྩ་ཚིག་ཀྱང་ལོ་ཆེན་གྱི་འགྱུར་དང་མཐུན་ཚབ་ཤིན་ཏུ་ཆེ་བས་དཔེ་དེབ་འདིའི་ནང་འགྱུར་གཉིས་ཀ་ཞུ་སྒྲིག་གིས་པར་སྐྲུན་ཞུས་ཡོད།
ཀ༽ ལོ་ཆེན་གྱི་འགྱུར་བོད་ཀྱི་པར་མ་དཔེ་ཐུང་ཞིག་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་ནས་རིང་པོ་མ་སོང་བར་ཁོ་བོར་ལག་སོན་བྱུང་བ་དེ་ལ་གཞི་བྱས། དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བཞུགས་པའི་ཕུག་བྲག་བྲིས་མ་དང་བསྡུར་བའི་ཐོག །པད་དཀར་གྱིས་མཛད་པའི་འགྲེལ་པ་དྲི་མེད་འོད་དང་། དྲི་མེད་བཤེས་གཉེན་གྱིས་མཛད་པའི་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ་བཅས་རྒྱ་འགྲེལ་གཉིས་ཀའི་ནང་རྩ་ཚིག་ཡོངས་རྫོགས་གསལ་བ་དང་བསྡུར་བའི་ཐོག༑ རྙིང་མའི་བཀའ་མའི་ནང་བཞུགས་པའི་འཕགས་པ་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་རིན་པོ་ཆེ་ཉི་ཟླ་འབར་བའི་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་པདྨས་བཤད་ཅིང་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་བར་གསལ་བ་དེ་བཞིན་འགྲེལ་ཚུལ་དང་བརྡ་ཆད་འགྲེལ་པ་གཞན་གང་དང་མི་འདྲ་བར་ཁྱད་ཐོན་པ་ཞིག་འདུག་པ་དེའི་ནང་གསལ་བའི་རྩ་ཚིག་དང་ཡང་བསྡུར་ཞིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༡༩༩༦ ལོར་པར་དུ་བསྐྲུན་པའི་བསྟོད་སྨོན་ཕྱོགས་བསྒྲིགས་ཞེས་པའི་དེབ་ཆུང་ནང་འཁོད་པའི་མཚན་བརྗོད་དེ་ཤོང་འགྱུར་མིན་ནའང་། ལོ་ཆེན་གྱི་འགྱུར་དང་མི་མཐུན་པའི་ཚིགས་རྐང་འགའ་ཤས་འདུག་པ་མ་ཟད། ལོ་ཤོང་གཉིས་ཀའི་འགྱུར་དུ་མ་གསལ་བའི་དབུ་མཇུག་གི་སྔགས་ཚིག་རྣམས་ཀྱང་བོད་སྐད་དུ་བསྒྱུར་འདུག་པ་དེ་སྒྱུར་བ་པོའམ་བསྒྱུར་བཅོས་མཛད་མཁན་སུ་ཡིན་གྱི་མཚན་མ་གསལ་མོད། དུས་ཕྱིས་ཀྱི་མཁས་དབང་ཞིག་གིས་བསྒྱུར་བཅོས་དང་ཁ་སྣོན་མཛད་པ་ཡིན་ནམ་སྙམ་སྟེ། དེ་དང་ཡང་བསྡུར་ཡོད། གོང་གསལ་མ་དཔེ་དྲུག་པོ་བསྡུར་སྐབས་དྭོགས་མ་ཆོད་པ་རྣམས་ད་ལྟའི་ལེགས་སྦྱར་དུ་བཞུགས་པའི་མཚན་བརྗོད་ཞུ་སྒྲིག་རྗེས་ཤོས་མཁས་དབང་བནརསིལཱལ་གྱིས་ཕྱི་ལོ་ ༡༩༩༤ ལོར་པར་བའི་རྒྱ་དཔེར་གཏུགས་ཏེ་དག་ཐེར་ཅི་ཐུབ་བྱས་ཁུལ་ཡིན།
མ་དཔེ་ཁག་ཏུ་ཚིག་བརྗོད་མི་འདྲ་བ་ཐོན་རིགས་ནས་གང་དག་པར་མངོན་པ་དེ་དཀྱུས་སུ་བཞག་ཅིང་། དག་མིན་ཐེ་ཚོམ་ཅན་རྣམས་དཔྱོད་ལྡན་རྣམས་ཀྱི་དཔྱད་གཞིར་གཤམ་མཆན་དུ་བཀོད་ཡོད། མ་དཔེ་གང་རུང་གི་ཡིག་ནོར་མ་དག་པ་ཡིན་པ་གསལ་རྟོགས་ཐུབ་རིགས་རྟགས་( )འདི་ལྟ་བུའི་ནང་མ་དག་ཅེས་ཁ་ཚོན་བཅད་དེ་མཆན་འགོད་བྱས་ཡོད་ཀྱང་། མ་དག་པར་ངེས་ཀྱང་སྣང་མེད་དུ་མ་བཞག་པ་ནི་འདི་དག་ཀྱང་དཔྱད་གཞིར་འོས་པར་རེ་བ་ཡིན།
ཚིགས་རྐང་སོ་སོའི་མཐའ་མའི་ཚིག་ ‘པ’ ‘པོ’ ‘འཆང་’ ‘བདག’ ‘སྟེ’ ‘ནི’ སོགས་འདྲ་མིན་མང་པོ་འདུག་པ་དེ་དག་བརྗོད་དོན་གྱི་གོ་རྟོགས་ལ་དེ་ཙམ་འགལ་རྐྱེན་དུ་མ་མངོན་ཡང་༑ ཚིགས་རྐང་དཀྱུས་སུ་བོད་སྐད་དུ་སྒྲ་མཚུངས་པའི་ཡིག་ནོར་མང་དག་ཅིག་བར་སྐབས་ཀྱི་པར་མ་རྣམས་སུ་བྱུང་འདུག་པ་དེ་དག་དགོངས་འགྲེལ་ཁག་དང་། རྒྱ་དཔེར་གཏུགས་ཏེ་ཞུ་དག་མ་བྱས་ན་གཞུང་དོན་གོ་ནོར་ཆེན་པོ་ཡོང་སྲིད་པའང་ཇི་སྙེད་ཅིག་འདུག་པ་རེ་ཟུང་དཔེར་མཚོན་ན་ ‘བཀའ་’དང་‘དགའ’ ཡང་། ‘བརྟན’དང་‘བསྟན’ ‘རིག’དང་‘རིགས’ ‘གྲགས’དང་‘གྲག’ ‘སྒྲ’དང་‘དགྲ’ ‘ཀླུ’དང་‘གླུ’ ‘འཇིགས་ཆེན’དང་‘འཇིག་རྟེན’ ‘གཞི’དང་‘བཞི’ ནོར་བ་ལྟ་བུ་སྟེ་དཔེར་ན་ལེའུ་དང་པོའི་ཤློཀ་བཅུ་གསུམ་པའི་རྐང་པ་གསུམ་པར་ ‘དཔག་མེད་རྣམས་ཀྱིས་དགའ་བཞིན་དུ།།’ ཞེས་པར་ ‘བཀའ་བཞིན་དུ།།’ ཞེས་བྲིས་པ་དང་། ལེའུ་ལྔ་པའི་ཤློཀ་དགུ་པའི་རྐང་པ་གསུམ་པར་ ‘བཟོད་ཆེན་འཆང་བ་བརྟན་པ་པོ།།’ ཞེས་པར་ ‘བསྟེན་པ་པོ།།’ ཡང་ན་ ‘བསྟན་པ་པོ།།’ ཞེས་བྲིས་པ་དང་། ལེའུ་དང་པོའི་ཤློཀ་བཅུ་བཞི་པའི་རྐང་པ་དང་པོར། ‘མགོན་པོ་རིག་མཆོག་ཆེན་པོ་སྟེ།།’ ཞེས་པར་ ‘རིགས་མཆོག’ ཅེས་བྲིས་པ་དང་། ལེའུ་བདུན་པའི་ཤློཀ་གཉིས་པའི་རྐང་པ་གསུམ་པར། ‘རྡོ་རྗེ་གྲགས་པ་རྡོ་རྗེ་སྙིང་།།’ ཞེས་པར་ ‘རྡོ་རྗེ་དྲག་པོ’ ཞེས་བྲིས་པ། ལེའུ་དེའི་ཤློཀ་བཅུ་པའི་རྐང་པ་དང་པོར་ ‘འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ།།’ ཞེས་པར་ ‘དགྲ་ཆེ་བ།།’ ཞེས་བྲིས་པ་དང་། ལེའུ་བརྒྱད་པའི་ཤློཀ་བཅུ་པའི་རྐང་པ་གསུམ་པར། ‘སེམས་ཅན་ཀུན་གྱི་ཀླུ་ཆེན་པོ།།’ ཞེས་པར་ ‘གླུ་ཆེན་པོ།།’ ཞེས་བྲིས་པ། ལེའུ་དེའི་ཤློཀ་བཅུ་དྲུག་པའི་རྐང་པ་གསུམ་པར། ‘འཇིགས་ཆེན་སྒྲ་སྟེ་རབ་ཀྱི་མཆོག།།’ ཅེས་པར་ ‘འཇིག་རྟེན་དགྲ་སྟེ’ ཞེས་བྲིས་པ། ལེའུ་དགུ་པའི་ཤློཀ་བཞི་པའི་རྐང་པ་དང་པོར། ‘ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན།།’ ཞེས་པར་ ‘བཞི་ཡི་ཁྱོན’ ཅེས་བྲིས་པ་ལྟ་བུ་མཚོན་པ་ཙམ་སྟེ་དེ་རིགས་དོན་ལ་འཁྲུལ་གཞི་ཅན་གྱི་མིང་ཚིག་རྣམས་གཞུང་འདིར་ཀློག་པ་ཐོས་བསམ་གནང་མཁན་རྣམས་ཀྱིས་ཐུགས་སྣང་གནང་གལ་ཆེ། གཞན་ཡང་བྱེད་སྒྲ་དང་འབྲེལ་སྒྲ་ཡོད་མེད་དང་། ཕན་ཚུན་བསྣོལ་བ། དེ་བཞིན་དུས་གསུམ་གྱི་འབྲི་ཚུལ་མི་འདྲ་བ་སོགས་ཇི་སྙེད་ཅིག་འདུག་པ་དེ་དག་དེ་ཙམ་འཁྲུལ་གཞི་མི་ཆེ་ཡང་ཐོས་བསམ་གཏིང་ཟབ་གནང་མཁན་རྣམས་ལ་སྨན་པར་རེ་སྟེ་ཐམས་ཅད་གཤམ་མཆན་དུ་བཀོད་ཡོད།
ཁ༽ ཤོང་ལོ་བློ་གྲོས་བརྟན་པའི་འགྱུར་དེ་ཡི་གེ་མ་དག་པ་ཅུང་ཉུང་བ་དང་། པེ་ཀིང་། སྣར་ཐང་། སྡེ་དགེ །ལྷ་ས་བཅས་བཀའ་འགྱུར་པར་མ་ཁག་བཞི་ཕན་ཚུན་མཚུངས་བསྡུར་ཞུས་པ་ཙམ་ལས་འགྲེལ་པ་དང་པར་མ་གཞན་མཚུངས་བསྡུར་ཞུ་ཡུལ་མ་བྱུང་བ་མ་ཟད། ཅོ་ནེ་དང་ལི་ཐང་བཀའ་འགྱུར་གྱི་དཔེ་ཡང་མ་རྙེད་པས་མཚུངས་བསྡུར་མ་ཐུབ། པར་མ་བཞིའི་ནང་བརྗོད་ཚིག་མཐུན་མིན་ཡོད་རིགས་རྒྱ་དཔེ་དང་གང་མཐུན་དཀྱུས་སུ་བཞག་ཅིང་། མི་མཐུན་པ་གཤམ་མཆན་དུ་བཀོད་པ་ལགས།
༨༽ ཟུར་རྒྱན་ཁག
མཚན་བརྗོད་ཀྱི་ལེའུ་བཅུ་གཅིག་པའི་མཇུག་ཏུ་ཚིག་ལྷུག་ཏུ་གསུངས་པའི་ཕན་ཡོན་གྱི་སྡེ་ཚན་ཞིག་ཡོད་ཀྱང་། རྒྱུན་འདོན་བྱ་སྲོལ་མ་དར་བས་བོད་ཀྱི་ཆོས་སྤྱོད་ཀྱི་ཕྱག་དཔེ་ཕལ་མོ་ཆེའི་ནང་མེད་པ་མ་ཟད། རྒྱ་བོད་ཀྱི་འགྲེལ་མཛད་མང་པོས་ཀྱང་ལེ་ཚན་འདིའི་འགྲེལ་བཤད་མཛད་མི་འདུག་ཅིང་། རྗེ་དགེ་འདུན་རྒྱ་མཚོས་ཀྱང་“ཕན་ཡོན་གྱི་ལེའུ་ཤོང་འགྱུར་དུ་བྱུང་ཡང་ད་ལྟ་འདོན་པའི་ཡོངས་གྲགས་འདི་ལ་མི་སྣང་ཞིང་། ཚིག་རིས་ཀྱང་ཤིན་ཏུ་གོ་སླ་བར་མཐོང་སྟེ། གྲངས་དཔེ་མེད་འཚོ་ལྟར་བཅུ་གསུམ་དུ་བསྡུས་ནས་འཆད་པ་ལ།” ཞེས་གསུངས་པས། འདིར་ཡང་གཞུང་དཀྱུས་སུ་མ་བཀོད། འོན་ཀྱང་མཚན་བརྗོད་ཀྱི་ཡན་ལག་ཆ་ཚང་བའི་ཆེད་ཕན་ཡོན་རྗེས་སུ་བསྟན་པའི་ལེ་ཚན་ལོ་ཆེན་འགྱུར་དང་ཤོང་འགྱུར་གཉིས་ཀ་ཟུར་རྒྱན་དུ་བཀོད་ཡོད།
བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱི་ཁྲོད་གནའ་སྲོལ་གྱི་འཇམ་དཔལ་མཚན་བརྗོད་ཁ་འདོན་བྱེད་མཁན་མང་ཡང་རྒྱུད་དང་རྒྱ་གཞུང་ནས་བཤད་པའི་འདོན་ཐབས་ལྟར་འདོན་མཁན་དཀོན་པས་འདོན་ཐབས་མང་པོ་ཡོད་པའི་ནང་ནས་བོད་ལ་བཀའ་དྲིན་ཆེ་བ་ཁ་ཆེ་པཎ་ཆེན་ཤཱཀྱཤྲཱིབྷདྲས་མཛད་པའི་མཚན་བརྗོད་ཀློག་པའི་མན་ངག་དང་། གཞུང་འདིའི་འགྲེལ་བྱེད་ཆེན་པོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་གྱི་མཚན་གདོན་པའི་མན་ངག །བོད་ཀྱི་སྙིགས་དུས་ཀྱི་མཧཱཔཎྜིཏ་གུང་ཐང་འཇམ་དཔལ་དབྱངས་ཀྱིས་མཛད་པའི་འཇམ་དཔལ་མཚན་བརྗོད་ཀྱི་འདོན་ཐབས་ཁག་གཉིས་བཅས་རྩ་གཞུང་གི་སྔོན་དུ་བཀོད་ཡོད་པ་དང་།
ཤིན་ཏུ་ཟབ་གསང་གི་རྒྱ་དང་ལྡན་པའི་འཇམ་དཔལ་མཚན་བརྗོད་ཀྱི་ཡང་སྙིང་ཤོག་གཅིག་མ་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོའི་གསུང་༸གོང་ས་ཐམས་ཅད་མཁྱེན་པའི་ཞབས་བརྟན་ཤློཀ་གཉིས་བཅས་རྟགས་རྟེན་ལ་བསམས་ཏེ་རྩ་གཞུང་གི་མཇུག་ཏུ་བཀོད་ཡོད།
༩༽ ཡི་རངས་བསྔགས་བརྗོད།
འཇམ་དཔལ་མཚན་བརྗོད་འགྱུར་མི་འདྲ་བ་གཉིས་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་རྒྱ་ཆེར་བཤད་པ་བཅས་དེང་རབས་ཀྱི་ཡིག་གཞི་ཉམས་ཞིབ་བྱེད་ཚུལ་དང་མཐུན་པར་ཞུ་སྒྲིག་ཚད་ལྡན་གྱི་ལམ་ནས་པར་སྐྲུན་བྱ་རྒྱུའི་ལས་གཞི་ལག་ཏུ་བླངས་རྗེས་དུས་ཚོད་ཧ་ཅང་ཐུང་ངུ་ལས་མེད་པས་ཇི་བཞིན་འགྲུབ་མིན་སོམ་ཉིའི་གནས་སུ་གྱུར་རུང་། ཞུ་སྒྲིག་གི་བྱ་བར་བྱང་ཆུབ་པའི་ཚེ་དང་ལྡན་པ་བསྟན་འཛིན་དོན་ཡོད་ཀྱིས་ངལ་བ་ཁྱད་བསད་ཉིན་མཚན་ལྟོས་མེད་ཀྱིས་འབད་བརྩོན་ཤུགས་དྲག་བྱས་པའི་འབྲས་བུར་ད་ལམ་པར་སྐྲུན་ཐུབ་ཙམ་བྱུང་བ་འདི་ཡི་རངས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར།
ཞུ་སྒྲིག་གི་བྱ་བར་མཐུན་འགྱུར་གནང་མཁན་དྷ་ས་བོད་ཀྱི་དཔེ་མཛོད་ཕྱག་དཔེ་གསུང་རྟེན་ཁང་གི་འགན་འཛིན་སྐུ་ཞབས་བློ་བཟང་ཤཱསྟྲཱི་མཆོག་དང་། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ཉམས་ཞིབ་སྡེ་ཚན་གྱི་རྩོམ་སྒྲིག་ལས་རོགས་སྐུ་ཞབས་རྒྱལ་མཚན་རྣམ་གྲོལ་མཆོག་སོགས་དངོས་དང་བརྒྱུད་པའི་སྒོ་ནས་མཐུན་འགྱུར་གནང་མཁན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་།
པར་རྩ་འཇུག་སྒྲིག་གི་ལས་རིམ་དཀའ་རྙོག་ཅན་དེ་དག་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་འཆི་མེད་དབང་མོས་ངལ་བ་ལ་མ་འཛེམས་པར་བརྩོན་ཤུགས་དྲག་པོས་བསྒྲུབས་པར་ལེགས་སོ་བསྔགས་བརྗོད་ཡོད། དེ་བཞིན་ཚེ་དང་ལྡན་པ་བསྟན་འཛིན་ལུང་རྟོགས་དང་འཇིགས་མེད་པ་སངས་ནས་ཀྱང་མཐུན་འགྱུར་ཅི་རིགས་བསྒྲུབས་པར་ལེགས་སོ་ཡོད།
དུས་ཡུན་ཧ་ཅང་ཐུང་ངུའི་ནང་དཔེ་དེབ་པར་སྐྲུན་བྱེད་རྒྱུ་དཀའ་བའི་བྱ་བ་ཞིག་ཡིན་མོད། ཝཱཎ་སུརབྷི་པར་ཁང་གི་སྦྱིན་བདག་དང་ལས་བྱེད་ཚང་མས་ཁོ་བོའི་རེ་འདུན་ལྟར་ལེགས་པར་བསྒྲུགས་པ་ལའང་སྙིང་ནས་བསྔགས་བརྗོད་ཞུ་རྒྱུ་བཅས་བཙུན་གཟུགས་བློ་བཟང་བསྟན་འཛིན་གྱིས་བྲེལ་སྟབས་སུ་སྨྲས་པར་ནོངས་པ་ཅི་མཆིས་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། ཇཡཇགཏ྄།། །།