ཞུ་འཕྲིན།

༄༅།། བསིལ་ལྡན་བོད་ཀྱི་ལྗོངས་སུ་བསྟན་པ་ཕྱི་དར་གྱི་སྐབས་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་ལུང་རྟོགས་ཡོན་ཏན་དཔལ་གྱིས་མངོན་པར་མཐོ་བ་འཁོན་དཀོན་མཆོག་རྒྱལ་པོས་གདན་ས་ཆེན་པོ་དཔལ་ས་སྐྱ་ཕྱག་བཏབ་སྟེ་དཔལ་ལྡན་ས་སྐྱ་པ་ཞེས་པའི་སྔགས་གསར་མའི་ཆོས་བརྒྱུད་བྱུང་བ་ནས་བཟུང་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་མདོ་སྔགས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གངས་རིའི་ལྗོངས་སུ་སླར་ཡང་ཉི་མ་ལྟར་གསལ་བར་མཛད་ཅིང༌། སྔ་རབས་སུ་མ་དར་བའི་ཐུན་མོང་བའི་རིག་གནས་མང་པོའི་ཤིང་རྟའི་སྲོལ་བཟང་ཕྱེ་བར་མཛད་པ་སོགས་ས་ཆེན་གོང་མ་རྣམ་ལྔས་མཚོན་སྡོམ་གསུམ་ངུར་སྨྲིག་འཛིན་པ་དང༌། གོས་དཀར་ལྕང་ལོ་ཅན་གྱི་རྣམ་རོལ་གང་ལ་གང་འདུལ་གྱི་སྐྱེས་ཆེན་དམ་པ་ཟམ་མ་ཆད་པ་རིམ་པར་བྱོན་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པ་དང༌། ལྷག་པར་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་བོད་ཁམས་ཡོངས་རྫོགས་ཆོས་མེད་ཧོར་གྱི་དམག་དཔུང་གིས་བཙན་བཟུང་འོག་རྒྱལ་བའི་བསྟན་པ་དང་བོད་མིའི་བདེ་སྐྱིད་ཡོངས་ལ་ཉམས་ཉེས་ཡ་ང་བ་བྱུང་བའི་སྐབས་ངེས་པ་དོན་གྱི་པཎ྄ཌིཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་མཆོག་གིས་ཞུམ་མེད་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ཧོར་གྱི་རྒྱལ་འབངས་རྣམས་དམ་པའི་ཆོས་ཀྱིས་བསྡུ་བར་མཛད་དེ་རྒྱ་བོད་ཧོར་གསུམ་གྱི་སྐྱེ་འགྲོ་དུང་ཕྱུར་མང་པོར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང༌། དམ་པའི་ཆོས་ཀྱི་སྦྱིན་པས་དབུགས་དབྱུང་བར་མཛད་པ་མ་ཟད། ལྷག་པར་ཆེན་པོ་ཧོར་གྱི་རྒྱལ་པོས་རྒྱ་བོད་ཧོར་གསུམ་ལ་མངའ་དབང་ཡོངས་སུ་སྒྱུར་བའི་སྐབས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོལ་གསུམ་བོད་ཀྱི་ལྗོངས་ལ་ཆོས་སྲིད་ཟུང་འབྲེལ་གྱིས་མངའ་དབང་འདོད་རྒུར་བསྒྱུར་ཏེ་བོད་མིའི་ཆབ་སྲིད་ཀྱི་མངའ་དབང་སླར་གསོ་དང་བརྟན་ལྷིང་དུ་མཛད་པའི་འཕྲིན་ལས་ཀྱི་ནུས་པས་ཕྱི་ལོ་༡༩༥༡ བར་རང་དབང་བོད་ཀྱི་ཆབ་སྲིད་རྒྱུན་གནས་ཐུབ་པ་བྱུང་བ་བཅས་དཔལ་ས་སྐྱ་པའི་བསྟན་འཛིན་གྱི་སྐྱེས་ཆེན་རིམ་པར་བྱོན་པ་རྣམས་ནི་བོད་ལྗོངས་སྐྱེ་འགྲོ་ཡོངས་ལ་ཆོས་སྲིད་གཉིས་ཐད་ནས་བཀའ་དྲིན་འགྲན་ཟླ་བྲལ་བ་ཞིག་ཡིན་པ་དང༌། སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བའི་དབང་གིས་རྒྱ་དམར་ཀླ་ཀློའི་དཔུང་གིས་བོད་ལྗོངས་རྒྱལ་བསྟན་ཆབ་སྲིད་དང་བཅས་པར་ཉམས་ཉེས་ཚབས་ཆེ་བཟོས་པའི་སྐབས་སུའང་ྋསྐྱབས་མགོན་བདག་ཆེན་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་གིས་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པའི་ཐུགས་རེའི་ཕྱག་རྟགས་ཕེབས་དགོངས་བཞིན་དཔལ་ས་སྐྱའི་ཁྲི་ཆེན་དུ་མངའ་གསོལ་ཞུས་པ་ནས་བཟུང་ད་ལྟའི་བར་འདས་པའི་ལོ་གྲངས་བཅུ་ཕྲག་ལྔའི་རིང་བཙན་བྱོལ་དུ་ྋགོངས་ྋསྐྱབས་མགོན་རྒྱལ་བའི་དབང་པོའི་དབུ་འོག་དཔུང་འདེགས་ཀྱི་མཛད་འཕྲིན་འགྲན་ཟླ་བྲལ་བ་བསྐྱངས་ཏེ་རྒྱལ་བསྟན་སྤྱི་དང༌། ལྷག་པར་དཔལ་ས་སྐྱ་པའི་ཚང་ལ་མ་ནོར་བའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་མཐའ་དབུས་ཡོངས་སུ་ཁྱབ་བརྡལ་མཛད་པའི་བཀའ་དྲིན་གཞལ་མཐའ་བྲལ་བ་རྣམས་རྗེས་སུ་དྲན་པ་དང་ཆབས་ཅིག ད་ལན་མགོན་པོ་གང་ཉིད་དཔལ་ས་སྐྱའི་བདག་ཆེན་ཁྲི་འཛིན་དུ་མངའ་གསོལ་དངོས་གཞི་ཞུས་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་གྱི་དུས་སྟོན་དགེ་བ་དང་བསྟུན་སླར་ཡང་རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པའི་སྙིང་པོར་མགོན་པོ་ཐུགས་རྗེ་གཏེར་ཆེན་གང་ཉིད་མཁའ་ཁྱབ་བསྟན་འགྲོ་སྤྱི་དང༌། ཁྱད་པར་མགོན་མེད་ཉམ་ཐག་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཀྱི་མགོན་དཔུང་དམ་པར་ཞབས་ཟུང་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་རྣམ་དཀར་མཛད་འཕྲིན་སྤྱི་དང༌། ལྷག་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་འཕྲིན་ལས་ཀྱི་རམ་འདེགས་སུ་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་སྔར་བཞིན་རྒྱུན་སྐྱོང་ཡོང་བ་ཞུ་རྒྱུ་དང༌། ད་རེས་སྐལ་བཟང་གི་གོ་སྐབས་འདིའི་ཐོག་སྒྲོལ་མ་ཕོ་བྲང་གི་བདག་མོ་མཆོག་གིས་དབུས་སྲི་ཞུའི་སྣེ་མོ་བ་ཆེ་ཕྲ་རྣམས་དང༌། ས་སྐྱའི་ཁྱབ་ཁོངས་སེར་སྐྱ་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་༢༠༠༩ ཕྱི་ཟླ་༡༡ ཚེས་༡ ལ་ཕུལ།།

ྋསྐྱབས་མགོན་བདག་ཆེན་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་དཔལ་ས་སྐྱའི་བདག་ཆེན་ཁྲི་འཛིན་དུ་མངའ་གསོལ་དངོས་གཞི་ཞུས་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་གྱི་དུས་སྟོན་དགེ་བར་གནང་བའི་ཞུ་འཕྲིན་ཞིག་ཡིན།