ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༢༡ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༢༡ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།

༄༅།། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ཉི་ཤུ་རྩ་གཅིག་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདིར། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་བཀྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་འགྲོ་བའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་སྟོན་མཆོག་རྣམ་འདྲེན་བཞི་པས་ཉེ་བར་བསྟན་པའི་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པའི་ལམ་ཐུགས་ཉམས་སུ་བཞེས་ཏེ་འཇིག་རྟེན་ཁྱོན་ཡོངས་སུ་འཚེ་མེད་ཞི་བའི་ལམ་སྟོན་མཛད་པོའི་འདྲེན་པ་བླ་ན་མེད་པ་ཞིག་ཡིན་པ་མ་ཟད། བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་ལམ་འབའ་ཞིག་ཏུ་བསྒྱུར་གནང་མཛད་དེ་འཇིག་རྟེན་འདིའི་མི་རིགས་འཐབ་རྩོད་གཞན་ལས་ཁྱད་ཞུགས་པའི་ལམ་སྲོལ་གཏོད་པ་པོ་དང༌། འཇིག་རྟེན་ཡོངས་ཀྱི་རྙོག་འཛིངས་མཐའ་དག་འཚེ་མེད་ཞི་བའི་ལམ་ནས་བསལ་ཐབས་བྱེད་དགོས་པའི་ལམ་སྟོན་དང་དཔེ་མཚོན་གཉིས་ཀ་གནང་མཁན་ཞིག་ཡིན་པས། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་ཆོས་གཞན་དྲིང་མ་མཆིས་པ་དང་ལྡན་པ་ཞིག་ཡིན་སྟབས། ཕྱི་ལོ་༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ྋགོང་ས་མཆོག་གིས་དགྱེས་བཞེས་མཛད་པ་དེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་རིན་ཐང་དང་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་བ་དང་ཆབས་ཅིག བོད་ཀྱི་བདེན་པའི་གནད་དོན་ལ་རྒྱལ་སྤྱིའི་ནང་གོ་རྟོགས་དང་དོ་སྣང་ཇེ་ཆེར་འགྲོ་རྒྱུར་ཕན་ཐོགས་ཤུགས་ཆེ་བྱུང་ཡོད། དེ་ནི་འཚེ་བ་མེད་པའི་ཐབས་བྱུས་ལ་ཡིད་ཆེས་སྤེལ་བའི་སྐུལ་འདེབས་དང་བོད་མིའི་བདེན་དོན་ངོས་འཛིན་གྱི་མཚོན་རྟགས་རྨད་དུ་བྱུང་བ་ཞིག་ཏུ་གྱུར་པ་ཡིན་པས། ང་ཚོས་དགའ་གུས་དྭང་བས་རྗེས་དྲན་ཞུས་པ་དང་བསྟུན་གོ་སྐབས་ཁྱད་པར་ཅན་འདིའི་ཐོག གཞིས་བྱེས་བོད་མི་ཚང་མས་ལྷག་བསམ་རྣམ་དག་གིས་འཚེ་མེད་ཞི་བའི་ལམ་ལ་རྒྱུ་མཚན་ཤེས་པའི་ངེས་པ་རྙེད་པའི་སྒོ་ནས་ཡིད་ཆེས་དང་དམ་བཅའ་བསྐྱར་ནན་ཞིག་འཇོག་ཐུབ་ན་དུས་དྲན་འདིའི་སྲུང་བརྩི་ཚད་ལྡན་ཞིག་ཡོང་རྒྱུ་ཡིན།

གཞན་ཡང་ད་རེས་ང་ཚོས་དགའ་སྤོབས་བྱ་འོས་པའི་གནད་དོན་གལ་ཆེ་གཞན་ཞིག་ནི། འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་འོག་བཙོན་ཁང་དུ་ཡོད་བཞིན་པའི་མང་གཙོ་དང་རང་དབང་དོན་གཉེར་བ་སྐུ་ཞབས་ལིའུ་ཞའོ་པོ་ལ་ཕུལ་བའི་གནས་ཚུལ་དེ་ཡིན་པས། གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་སྐུ་ཞབས་ལིའུ་ཞའོ་པོ་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང༌། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་རྒྱ་གཞུང་གི་གནོན་ཤུགས་ལ་མགོ་མ་བསྒུར་བར་རང་དབང་གི་སྒོ་ནས་དྲང་བདེན་གྱི་ཐག་གཅོད་གནང་བར་བསྔགས་བརྗོད་ཞུ་རྒྱུ། དེ་བཞིན་སྐུ་ཞབས་ལིའུ་ཞའོ་པོ་བཙོན་གྲོལ་མ་ཐོབ་པ་མ་ཟད་ཁོང་གི་སྐུ་ཟླ་ཡང་དོ་དམ་གྱི་འོག་ཏུ་བཞག་པ་སོགས་རྒྱ་ནག་དབང་འཛིན་པའི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ལ་བློ་ཕམ་དང་བཅས་སྐྱོན་བརྗོད་ནན་པོ་བྱེད་རྒྱུ་ཡིན། ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་སྐྱེས་མཆོག་དེ་ཚོའི་ལྟ་གྲུབ་དང༌། ཐུགས་འདུན་བཅས་ནི་རྒྱལ་སྤྱིའི་མང་ཚོགས་སུ་ཡོངས་གྲགས་ཁྱབ་བརྡལ་ཟིན་པ་ཞིག་ཡིན་སྟབས། མི་རེ་ཟུང་གི་སྒྱུ་ལུས་བཙོན་འཇུག་བྱེད་པས་ཁོང་ཚོའི་བསམ་ཚུལ་དང༌། ལྟ་གྲུབ། མངོན་འདོད་བཅས་བཙོན་འཇུག་བྱེད་ཐུབ་ཐབས་མེད། དྲག་ཤུགས་དང་བཙན་གནོན་གྱིས་མིའི་བསམ་སྤྱོད་ལ་དབང་སྒྱུར་ཐུབ་རྒྱུའི་རེ་བ་བྱེད་མཁན་གྱི་དབང་འཛིན་པ་དེ་ཚོ་ནི་མིའི་སྤྱི་ཚོགས་ནང་གླེན་ལྐུགས་མཐར་ཐུག་གི་གྲས་ཡིན་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད།

ད་རིང་གི་ཉིན་མོ་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡང་སྲུང་བརྩི་བྱེད་ཀྱི་ཡོད་མོད། བློ་ཕམ་པ་ཞིག་ལ་དེ་འདྲའི་ཉིན་མོ་ཞིག་སྲུང་བརྩི་བྱེད་འོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ནི་ད་བར་སུས་ཀྱང་བྱེད་ཐུབ་མེད། དུས་རབས་ཉི་ཤུ་རྩ་གཅིག་པའི་ལོ་བཅུ་ཕྲག་དང་པོ་འདས་ཟིན་ནའང་ཞི་བདེའི་གཟེངས་རྟགས་ཐོབ་པའི་སྐྱེས་བུ་མང་པོ་བཙོན་འོག་དང༌། དོ་དམ། ཡང་ན་བཙན་བྱོལ་དུ་གནས་བཞིན་པའི་གནས་ཚུལ་འདི་ཁོ་ནས་ཀྱང་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇི་ཡོད་གསལ་སྟོན་བྱེད་ཀྱི་ཡོད། དེང་རབས་གོང་མ་ཅན་གྱི་ནུབ་ཕྱོགས་པ་དང༌། དེ་དག་གི་རྗེས་འབྲང་ཡར་ཐོན་ཅན་དུ་རློམ་པའི་ཤར་ཕྱོགས་པ་བཅས་མང་པོས་མང་གཙོ་དང༌། རང་དབང༌། འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་སོགས་མིང་ཚིག་སྙན་པོའི་འབོད་སྒྲ་མང་པོ་སྨྲ་སྒོ་མཛེས་པའི་རྒྱན་དུ་བདག་གིར་མཛད་ཀྱང༌། དངོས་དོན་དུ་དེ་དག་ནི་དོན་གྱིས་སྟོང་པའི་ཚིག་སྐམ་ཞིག་ཏུ་ཟད་པར་སྣང༌།

གཞིས་བཞུགས་བོད་མི་རྣམས་ཀྱིས་མཚོན་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཏུ་ཡོད་པའི་མི་འབོར་ཧ་ཅང་མང་པོ་ཞིག་ལ་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་སྣ་གཅིག་མེད་པར་གདུག་སྦྱོང་མནར་སྤྱོད་དང་འཇིགས་སྣང་དངངས་སྐྲག་ཁོ་ནའི་འོག་ཉིན་མཚན་འཁྱོལ་དཀའི་ངང་གནས་དང་གནས་བཞིན་ཡང༌། དེ་དག་གི་ཐོབ་ཐང་བསྐྱར་གསོ་བྱ་རྒྱུའི་འདུན་པ་དང་ནུས་པ་སྟོབས་ཆེན་དུ་གྲགས་པའི་རྒྱལ་ཁབ་དང་སྒྲིག་འཛུགས་སུ་ལའང་མེད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཡིག་ཆ་བདག་ཉར་བྱེད་པ་ལའང་ཁྲིམས་འགལ་ནག་ཉེས་སུ་བརྩིས་ཏེ་ལོ་མང་བཙོན་འཇུག་གི་ཉེས་ཆད་ཡོངས་གྲགས་སུ་ཕོག་ཀྱང་ཡིག་ཆ་དེ་དག་གསལ་བསྒྲགས་གནང་མཁན་གྱི་སྒྲིག་འཛུགས་ཀྱིས་བྱེད་ཕྱོགས་དེ་རིགས་ལ་སྐྱོན་བརྗོད་ཙམ་ཡང་བྱ་རྒྱུའི་སྤོབས་པ་རྙེད་མེད་པའི་དངོས་ཡོད་ཀྱི་གནས་ཚུལ་འདི་འདྲའི་འོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་བྱ་རྒྱུ་ནི་བཞད་གད་ཀྱི་གནས་ཤིག་ཡིན་མོད། འཇིག་རྟེན་མཐུན་འཇུག་གི་ཆོ་ག་ལྟ་བུར་ང་ཚོས་ཀྱང་སྲུང་བརྩི་ཞུ་རྒྱུ་ཡིན།

ཕྱི་ལོ་༢༠༠༨ ནས་བཟུང་རྒྱ་ནག་སྤྱི་དང༌། ཁྱད་པར་བོད་ཀྱི་ས་ཁུལ་ཁག་ཏུ་བཙན་གནོན་དམ་བསྒྲགས་ཇེ་ཆེར་བཏང་སྟེ་བོད་མིར་འགྲོ་བ་མིའི་ཐོབ་ཐང་སྤྱི་དང༌། ཁྱད་པར་ཆོས་དད་དང༌། སྨྲ་བརྗོད། རིག་གཞུང་དང་ལེགས་བྱང་བཅས་ཀྱི་ཐོབ་ཐང་ལ་བསམ་བཞིན་བརྡལ་བཤིག་ཤུགས་ཆེ་བཏང་དང་གཏོང་བཞིན་པའི་ལས་རིམ་ནང༌། ཉེ་བའི་ཆར་བོད་ཀྱི་ས་ཁུལ་མང་པོར་རྒྱ་གཞུང་དབང་འཛིན་པས་སློབ་གྲྭ་ཁག་ཏུ་སློབ་སྦྱོང་གི་སྐད་ཡིག་བོད་སྐད་ཀྱི་ཚབ་ཏུ་རྒྱ་སྐད་བཞག་དགོས་པའི་བསྒྲགས་གཏམ་སྤེལ་བ་ནི་བོད་མིའི་ཐུན་མིན་གྱི་ངོས་འཛིན་རྩ་བརླག་བཏང་རྒྱུའི་གཞི་རྒྱ་ཆེ་བའི་ངན་བྱུས་ཤིག་ཡིན་པ་དང༌། དེ་ནི་མར་ཁེ་སི། ལི་ནན། མའོ་སོགས་ཀྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་ལྟ་གྲུབ་དང་ཡོངས་སུ་འགལ་བ་མ་ཟད། མི་རིགས་ཀྱི་ལེགས་བྱང་སྡེབ་གསོད་བྱེད་པའི་ཐབས་བྱུས་ནུས་ཤུགས་ཆེ་ལ་མངོན་གསལ་དོད་པ་ཞིག་ཡིན་པ་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་དང༌། སྐྱོན་བརྗོད་ནན་པོ་བྱེད་རྒྱུ་ཡིན། དེ་བཞིན་བོད་ཀྱི་ས་ཁུལ་མང་པོར་རང་སྐད་སྲུང་སྐྱོབ་སླད་ཞི་འཇམ་ཁྲིམས་མཐུན་གྱི་སྒོ་ནས་མངོན་འདོད་རེ་སྐུལ་གནང་བཞིན་པའི་དགེ་རྒན་དང༌། སློབ་ཕྲུག མང་ཚོགས་བཅས་ལ་བྱེས་འབྱོར་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་དང༌། སེམས་ཤུགས་ཀྱི་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དེང་རབས་ཀྱི་མང་གཙོའི་ལམ་བཟང་གི་དར་རྒྱས་ཚད་མཐོར་འགྲོ་བཞིན་པའི་གནས་བབ་འདི་ལ་བོད་མི་ཡོངས་ཀྱིས་ངོས་འཛིན་དང་རིན་ཐང་གཞལ་ཐུབ་པ་གནང་སྟེ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཆེད་ཐུགས་འགན་ཕྱར་གྲུ་མཉམ་འདེགས་དང༌། རྡོག་རྩ་ཆིག་བསྒྲིལ་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན། ད་རེས་ཀྱི་གོ་སྐབས་འདི་བཟུང་སྟེ་བཀའ་ཤག་ཐུན་མོང་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྔར་བཞིན་རྒྱུན་འཁྱོངས་གནང་རྒྱུ་ལས་བགྲེས་ཡོལ་དང༌། ཕྱེད་༨༠༤

བགྲེས་ཡོལ་སོགས་ཀྱི་དགོངས་བཞེས་དང༌། བཀའི་ཕེབས་སྒོ་ནམ་ཡང་མི་ཡོང་བ་ཞེས་སྙིང་ཁུངས་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་ཆབས་ཅིག མང་ཚོགས་ལའང་སྤྱི་མཐུན་བསོད་ནམས་གོང་མཐོར་སྤེལ་ཐབས་དང༌། བོད་མིའི་བཟང་སྤྱོད་ཉམས་མེད་རྒྱུན་འཛིན་གྱིས་སྒོ་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ་བ་ཞིག་ངེས་པར་གནང་དགོས་པའི་རེ་བསྐུལ་ནན་པོ་ཞུ་རྒྱུ་ཡིན།

མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་༢༠༡༠ ཟླ་༡༢ ཚེས་༡༠ ལ།། །།