ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་གནང་ཕྱོགས་དང་འབྲེལ་བའི་ཐོག་གསུངས་པ།

གྲོས་ཚོགས་ཀྱི་ཆུ་ཚོད་མང་པོ་ཆུད་ཟོས་མི་འགྲོ་བའི་ཆེད་དུ་བཀའ་ཤག་ངོས་ནས་ཚིག་གཅིག་གཉིས་ཞུ་རྒྱུའི་དགོས་གལ་མཐོང་སོང༌། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་གཅོག་ཆར་གྲོས་འཆར་གནང་བ་དེ་ཚོ་ཚང་མ་ཚད་དང་ལྡན་པ་རང་ལ་ངོས་འཛིན་བྱེད་ཀྱི་ཡོད་མ་གཏོགས། དོན་དག་མེད་པ་ཞིག་ལ་གཅོག་ཆ་གྲོས་འཆར་གནང་བ་ཞིག་ལ་ངོས་འཛིན་རྩ་བ་ནས་ཞུས་ཀྱི་མེད། དེ་འདྲ་སོང་ཙང་གཅོག་ཆའི་གྲོས་འཆར་ཕྱིན་ན་ཕྱིན་པ་རེད། མ་ཕྱིན་ན་གང་ཡག་ཡག་རེད། གལ་སྲིད་ཕྱིན་པ་ཡིན་ན་ཡང་བཀའ་ཤག་གིས་མཁྲེགས་བཟུང་ཞུ་རྒྱུ་རྩ་བ་ནས་མེད་ཞུ་རྒྱུ་ཡིན། དུས་ཐོག་ལ་འགྲེལ་བརྗོད་ཞུ་རྒྱུ་མ་བྱུང་བ་ཡིན་ན་བཅག་དགོས་པ་དེ་དངོས་ཡོད་གནས་ཚུལ་རང་རེད། ཡིན་ཡང་མ་འོངས་པར་རེ་འདུན་ཞུ་རྒྱུ་ལ། གལ་སྲིད་འབྲེལ་ཡོད་རྩིས་པ་བཀའ་འགུགས་གནང་དུས་གུང་གསེང་ཕྱིན་སོང་ཟེར་བ་དེ་འདྲ་ཞུས་པ་ཡིན་ན། ལས་ཁུངས་དེའི་དབང་ལྡན་འགན་འཛིན་རང་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད་དམ་ཞེས་བཀའ་གནང་རོགས་གནང་ཞུས་པ་ཡིན། དེ་རྩིས་པ་རྐྱང་རྐྱང་མེད་པ་ཙམ་གྱིས། དཔེར་ན། ད་རེས་ང་ཚོའི་བཀའ་དྲུང་ཡིག་ཚང་ནང་ནས་གནས་ཚུལ་ཞིག་བྱུང་བ་རེད། སྤྱིར་བཏང་ད་ལོ་གནས་སྟངས་དེ་རྒྱུན་ལྡན་དང་མི་འདྲ་བ་ཞིག་གི་ལས་ཁུངས་ཁག་ལ་ཛ་དྲག་བྱེད་དགོས་བྱུང་བ་རེད། གང་ཡིན་ཟེར་ན་གྲོས་ཚོགས་སྔ་པོ་བྱས་ནས་ཚོགས་པ་ཡིན་ཙང༌། ཚང་མས་ནམ་རྒྱུན་བསམ་བློའི་ནང་ལ་བང་བསྒྲིག་རྒྱུ་དེ་སྔོན་རྩིས་མར་ཕུལ་རྒྱུ་དེ་ཕྱི་ཟླ་ ༠༢ ཟླ་མཇུག་ཕྱི་ཟླ་ ༠༣ ཚེས་ཤར་དེ་འདྲ་ལ་ཆགས་ཀྱི་རེད་བསམ་བསམ་འདྲ་པོ་ཞིག་ཡོད་པའི་སྐབས་ལ་མགྱོགས་པོ་བྱས་ནས་ཕུལ་དགོས་བྱུང་ཙང༌། བཀའ་ཤག་གི་ནང་ལ་བལྟས་པའི་སྐབས་ལ་ཡང་ཞིབ་ཚགས་པོ་མང་བྱུང་བ་གཅིག་གཉིས་འདུག མ་འོངས་པར་འགྲེལ་བརྗོད་མེད་པ་མ་ལྷག་པ་ཞིག་ང་ཚོས་འབད་བརྩོན་ཞུ་གི་ཡིན། ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་འགྲེལ་བརྗོད་ཞུས་མ་ཐུབ་པ་དེ་གྲོས་ཚོགས་ནང་ལ་འགྲེལ་བརྗོད་ཞུ་མི་ཆོག་པ་དེ་ཆགས་ཀྱི་ཡོད་མ་རེད་བསམ་གྱི་འདུག དེ་གྲོས་ཚོགས་ནང་ལ་སླེབས་ཀྱི་ཡོད་ཙང་སྐབས་དེ་དུས་འགྲེལ་བརྗོད་ཞུ་མ་ཐུབ་དེ་ཚོ་འབྲེལ་ཡོད་བཀའ་བློན་ངོས་ནས་གྲོས་ཚོགས་ནང་ལ་འགྲེལ་བརྗོད་ཞུ་རྒྱུ་ཡོད་པ་ཡིན་ན། འགྲེལ་བརྗོད་ཞུ་རྒྱུའི་གོ་སྐབས་དེ་ངེས་པར་དུ་གནང་དགོས་ཀྱི་རེད་ལ། གནང་གི་རེད། དེ་འགྲེལ་བརྗོད་ཞུ་བའི་རྗེས་ལ་འགྲེལ་བརྗོད་དེ་ངོས་འཛིན་གནང་དང་མ་གནང་དེ་གྲོས་ཚོགས་རང་གྱི་ཕྱག་ལ་ཡོད་རེད་མ་གཏོགས་དེ་ངོས་འཛིན་མ་གནང་བར་གཅོག་ཆ་ཕྱིན་པ་ཡིན་ན་ཡང་བཀའ་ཤག་ལ་ཞུ་རྒྱུ་གང་ཡང་ཡོད་མ་རེད། ལས་བསྡོམས་བྱ་ཕྱོགས་ཐོག་ནས་མ་འདང་བ་ཞིག་ཆགས་པ་ཡིན་ཙང་དེའི་ཉེས་ཆད་དེ་བཀའ་ཤག་གིས་འཁུར་དགོས་ཀྱི་རེད། ནོར་འཁྲུལ་དེ་ངོས་ལེན་བྱ་དགོས་རེད་མ་གཏོགས། ང་ཚོ་ནོར་མེད་ཅེས་ཞུ་རྒྱུ་རྩ་བ་ནས་ཡོད་པ་མ་རེད། གོང་ཚད་འགྲན་བསྡུར་གྱི་ཐོག་ལ་ང་རང་ཚོའི་བསམ་ཚུལ་གཞན་པ་ཞིག་ཡོད། དེ་གྲོས་ཚོགས་ཀྱི་མཁྱེན་རྟོགས་ཀྱི་ཚུལ་དུ་ཞུ་གི་ཡོད། སྒྲིག་གཞིའི་ནང་ལོགས་ལ་འཆར་གཞི་དང་འགྲན་བསྡུར་ག་རེ་ཡིན་ནའང་ཡིག་ཆ་ཆ་ཚང་དགོས་རྒྱུ་དང༌། གལ་སྲིད་ཡིག་ཆ་ཆ་ཚང་མེད་རུང༌། ཡུལ་ཐང་གི་ཚད་གཞི་གཅིག་ཡོད་པ་ཡིན་ན། བཀའ་འཁྲོལ་གནང་ཆོག་གི་རེད། དངུལ་དེ་མར་མ་གནང་བའི་སྔོན་ལ་ཡིག་ཆ་ཚང་མ་ཚང་བ་བཟོ་དགོས་ཀྱི་རེད་ཟེར་རྒྱུའི་ཆ་རྐྱེན་ཞིག་ཡོད་རེད། དེ་འདྲ་སོང་ཙང་ཚོག་དཔག་འཆར་རྩིས་ཚོགས་ཆུང་གི་གོང་ཚད་འགྲན་བསྡུར་སོང་མ་རྙེད་པ་ཡིན་ན་ཡང༌། དེའི་མཚན་ཞིག་བསྐྱོན་ནས་དེ་ལ་སོང་མི་འདུག ཡིན་ན་ཡང་རྒྱབ་གཉེར་ཞུས་ཡོད། དངུལ་དེ་མ་སྤྲད་གོང་ནས་སོང་དེ་ཚང་དགོས་ཀྱི་རེད་ཟེར་རྒྱུ་དེ་འདྲ་གསུངས་པ་ཡིན་ན་ཡང་དེ་གནང་མི་ཆོག་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་གཅོག་ཆའི་གྲོས་འཆར་གཞན་པ་དེ་ཚོ་བགྲོ་གླེང་གནང་མི་དགོས་པར་བཀའ་བློན་ལ་འགྲེལ་བཤད་བསྐྱོན་རྒྱུའི་གོ་སྐབས་ཤིག་གནང༌། དེའི་རྗེས་ལ་ཐག་གཅོད་གནང་ན་འགྲིག་ས་རེད།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥