ཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོའི་སྐབས།

ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༢༧ ཉིན་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོའི་སྐབས་གནང་བའི་བཀའ་ཤག་གི་གཏམ་བཤད།

༄༅།། ད་རིང་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པར་ཕེབས་པའི་བོད་ཀྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང༌། དགེ་ཆེ། དགེ་རྒན་རྣམ་པས་མཚོན་ཚོགས་མི་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དགའ་བསུ་དང་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

ཚང་མས་མཁྱེན་གསལ་ལྟར་བཙན་བྱོལ་གཞུང་མང་གཉིས་ཀའི་བསྒྲུབ་བྱའི་ལས་འགན་གལ་ཆེ་ཤོས་གཅིག་ནི་བཙན་བྱོལ་དུ་ཡོད་པའི་བོད་རིགས་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་ཚད་ལྡན་སྤྲོད་རྒྱུ་དེ་ཡིན་པ་དང༌། དེ་ནི་བོད་མི་རིགས་ཀྱི་ཕུགས་དམིགས་སྒྲུབ་པའི་ཐབས་ལམ་གཅིག་པུ་ཡིན་པ་མ་ཟད། ཕན་བདེའི་འབྱུང་གནས་ཚང་ལ་མ་ནོར་བའི་བོད་བརྒྱུད་ནང་བསྟན་དང༌། དེའི་ལེགས་བྱང་སྲུང་སྐྱོབ་རྒྱུན་འཛིན་ཁྱབ་སྤེལ་བྱ་རྒྱུ་བཅས་ཀྱི་བརྒྱུད་ལམ་ཡང་ཡིན་ཁར།བྱ་བ་དེ་མཐའ་གཅིག་ཏུ་གཞན་དབང་སྟབས་བསྟུན་མ་དགོས་པར་ང་ཚོས་སྒྲུབ་ནུས་པ་ཞིག་ཀྱང་ཡིན། དོན་གྱི་དབང་འདི་ལ་གཟིགས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོས་བཙན་བྱོལ་དུ་ྋཞབས་སོར་འཁོད་མ་ཐག་བོད་རིགས་ན་གཞོན་རྣམས་ལ་སྲོལ་རྒྱུན་དང༌། དེང་རབས་གཉིས་འཛོམས་ཀྱི་སློབ་སྦྱོང་བྱ་ཡུལ་བོད་མིའི་གཞི་རིམ་སློབ་གྲྭ་ཟུར་འཛུགས་གནང་རྒྱུའི་མཛད་འཕྲིན་རླབས་ཆེན་བསྐྱངས་པ་མ་ཟད། སྐབས་དེའི་མཛད་གཙོ་རྣམ་པས་ཀྱང་ྋགོང་ས་མཆོག་གི་བླ་ན་མེད་པའི་ལམ་སྟོན་གཞིར་བཟུང་དུས་ཡུན་ཐུང་ངུའི་ནང་བོད་སློབ་ཁག་མང་གསར་འཛུགས་དང་བོད་རིགས་དགེ་རྒན་རྣམས་ལ་དེང་རབས་དང་མཐུན་པའི་འོས་སྦྱོང༌། སློབ་ཁག་ཡོངས་ལ་ཆོས་དགེ་ཚད་ལྡན་བསྐོ་འཛུགས་གནང་བ་སོགས་འབད་རྩོལ་ཤུགས་བསྐྱེད་གནང་འབྲས་སུ། ཕྱི་ལོ་༡༩༦༤ ལོར་ཤེས་རིག་ཚོགས་ཆེན་ཐེངས་དང་པོ་དྷ་ས་སྭརྒ་ཨཱཤྲམ་དུ་ཚོགས་གནང་མཛད་སྐབས་བཙན་བྱོལ་དུ་འབྱོར་མ་ཐག་པའི་ལོ་ངོ་ལྔའི་རིང་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་ལས་དོན་ཐོག་གསར་གཏོད་དང་ཡར་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་གཟིགས་ལམ་དུ་གྱུར་པ་མ་ཟད། འབྱུང་འགྱུར་གྱི་འཆར་གཞི་ཕུགས་དམིགས་ལྡན་པའང་མང་པོ་སྒྲིག་གཤོམ་གནང་ཐུབ་པ་བྱུང་ཡོད། སྐབས་དེར་གྲོས་གཞི་དོན་ཚན་ལྔའི་ཐོག་འཇོག་གནང་མཛད་པའི་གྲོས་ཆོད་ཀྱི་འབྲུ་དོན་ཇི་སྙེད་ཅིག་ད་ལྟའང་འབྲེལ་ཆགས་མ་ཟད། འགའ་ཤས་ད་དུང་ལག་བསྟར་མ་ཐུབ་པའང་འདུག སྐབས་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའི་ཕེབས་སྒོར་ཐོག་མ་ནས་ཕྲུ་གུ་རུབ་རུབ་མ་བཟོས་པར་རྒྱ་གར་ནང་ཁུལ་རོགས་རམ་ལ་བརྟེན་ནས་བཀྲམ་ན་རྒྱ་གར་ནང་སློབ་ཁག་སྟོང་ཕྲག་མང་པོ་ཡོད་སྟབས་དུས་གཅིག་ལ་བཀྲམ་ཐུབ་ཀྱི་རེད། འོན་ཀྱང་ང་ཚོས་ལས་ཀ་ལས་སླ་བ་དེ་ཕར་བཞག་ནས་དཀའ་ལས་ཁག་པོ་ཞིག་དང་དུ་བླངས་ཏེ་བོད་པ་རང་གི་སློབ་གྲྭ་ཟུར་དུ་བཙུགས་ཡོད་པ་དང༌། ང་ཚོས་རང་གི་འགྲོ་གྲོན་ཡང་བཏང་ཡོད།” ཅེས་དང༌། མུ་མཐུད་དུ་“ང་ཚོས་བོད་མི་རིགས་ཀྱི་བསམ་བློ་བཞག་ནས་རྒྱ་གར་བའི་སློབ་གྲྭར་བཏང་ན་ཧིནྡིའ་སྐད་ཡིག་ཤེས། སྐེ་ལ་ཊཡེ་བརྒྱབས། རྒྱ་གར་གྱི་ལས་ཀ་ཐོབ། སོ་སོའི་སྒེར་གྱི་འཚོ་བ་འགྲིགས་ཙམ་ཡོང་མདོག་ཁ་པོ་རེད། འོན་ཀྱང་བོད་སྐད་དང་བོད་མིའི་ཤེས་ཡོན་ཁྱད་ཆོས་ལྡན་པ་དེ་མེད་པར་དེང་སང་རྒྱ་གར་ནང་ཡོད་པའི་སྔར་གྱི་བོད་མིའི་རིགས་རྒྱུད་ཡིན་པའི་རྟ་མང་ཟེར་བ་ཁོང་ཚོ་ལྟ་བུ་ཆགས་ན་ཁ་ནས་བོད་མི་རིགས་ཞེས་བཤད་ཀྱང༌། དོན་ལ་མི་རིགས་ཕུ་བརྒྱབས་པ་རེད།” ཅེས་དང༌། དེ་བཞིན་“རང་རིགས་སློབ་ཕྲུག་ཁ་ཤས་ཕྱི་རྒྱལ་ནས་འབྱོར་རྗེས་རྩ་ཐག་གི་ཉལ་ཁྲིའི་སྒང་ཉལ་མི་ཐུབ་པ་དང༌། ལྟོ་ཆས་གང་བྱུང་ཟ་མི་ཐུབ་པ་ཡོང་གི་ཡོད་པ་འདྲ། དེར་བརྟེན་ང་ཚོའི་ཕྲུ་གུ་དེ་ཚོ་ངལ་རྩོལ་ལ་བརྟེན་པའི་ཤེས་ཡོན་ཅན་ཞིག་ཡོང་རྒྱུ་ཐབས་ཤེས་བྱེད་དགོས།” ཞེས་དང༌། ཡང་“ཐོག་མའི་བསམ་བློར་ང་ཚོའི་སློབ་གྲྭ་ཁག་གི་ནང་འཛམ་བུ་གླིང་གི་ཆེས་མཐོའི་ཤེས་ཡོན་རྣམས་བོད་སྐད་དུ་སློབ་ཐུབ་པ་བྱུང་ན་བསམ་བྱུང༌། འོན་ཀྱང་ད་ལྟ་དབྱིན་སྐད་ཐོག་སློབ་བཞིན་པ་རེད། མ་འོངས་པར་ངེས་པར་ང་རང་ཚོའི་སྐད་ཡིག་ཐོག་བསྒྱུར་དགོས། ངོས་རྒྱ་ནག་ཏུ་བསྐྱོད་སྐབས་རྒྱ་ནག་བྱང་ཤར་གྱི་ས་མཚམས་སུ་ཁྲའོ་ཞོན་གྱིས་སློབ་གྲྭ་ཞིག་བཙུགས་འདུག་པ་དེའི་ནང་ཁྲའོ་ཞོན་ཁོ་རང་ཚོའི་སྐད་ཡིག་ཐོག་སློབ་ཀྱི་འདུག་པར་ངོ་མཚར་སྐྱེས་བྱུང༌། ང་ཚོ་ད་ལྟའི་ཆར་དབྱིན་སྐད་ནས་མ་བསླབ་ཐབས་མེད་རེད། རིམ་པས་བསྒྱུར་བཅོས་ཐུབ་ཐབས་བྱེད་དགོས། ལས་ཀ་དེ་འདྲ་འཕྲལ་དུ་ལག་ལེན་བསྟར་རྒྱུ་དཀའ་ཡང་འབད་བརྩོན་བྱེད་ན་ལོ་ཁ་ཤས་ཀྱི་རྗེས་ནས་ལག་ལེན་བསྟར་ཐུབ་ཀྱི་རེད། སོ་སོ་རང་གི་མི་རིགས་ཀྱི་ཁྱད་ཆོས་དང་གཟི་བརྗིད་མ་ཉམས་པའི་ཆེད་དུ་འདི་འདྲ་ཞིག་ངེས་པར་དུ་དགོས།” ཞེས་སོགས་ལམ་སྟོན་བཀའ་སློབ་ཞིབ་གསལ་གནང་བ་མ་ཟད། དེ་རྗེས་སུའང་ཕྱོགས་མཚུངས་ཀྱི་བཀའ་སློབ་ཡང་ཡང་རྒྱུན་མར་ཕེབས་ཡོད་ཀྱང༌། ང་དང་ང་འདྲ་བའི་འབྲེལ་ཡོད་སྲི་ཞུ་བ་རྣམས་ཀྱིས་ད་ལྟའང་ལག་བསྟར་མ་ཐུབ་པ་དེ་ནི་ངོ་གནོང་དགོས་པ་ཞིག་དང༌། རང་སྐྱོན་ངོས་ལེན་བྱེད་དགོས་པ་ཞིག་ཡིན་སྟབས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་རིགས་མང་ཚོགས་ལ་བཟོད་གསོལ་ཞུ་རྒྱུ་ཙམ་ལས་བྱ་ཐབས་བྲལ།

གོང་དུ་ཞུས་པ་བཞིན་བཙན་བྱོལ་དུ་འབྱོར་ཏེ་དང་ཐོག་ལོ་གྲངས་བཅུ་ཕྲག་ཙམ་གྱི་རིང་ཤེས་ཡོན་གྱི་ལས་དོན་གང་ཅིར་ཚ་ཚ་འུར་འུར་ལྟ་བུས་གྲུབ་འབྲས་མི་དམན་ཙམ་བྱུང་ཡོད་ཀྱང༌། རིམ་བཞིན་ལས་ཀྱི་སྣེ་མོ་བ་དང༌། སློབ་ཕྲུག་ཕ་མ་བཅས་སོ་སོའི་འཚོ་ཐབས་ཀྱི་མདུན་ལམ་འགྲིགས་ཙམ་བྱུང་སྐབས་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་རྣམས་རིམ་བཞིན་བརྗེད་པ་དང༌། ཤེས་ཡོན་སློབ་སྟོན་གྱི་ལས་དོན་རྣམས་ཀྱང་འཆར་ཅན་ཆོ་ག་ཕྱག་ལེན་གྱི་རྣམ་པར་གྱུར་ནས་ཕྱི་ལོ་༡༩༧༠ དཀྱིལ་ཙམ་ནས་འཐུས་ཤོར་འགྲོ་འགོ་ཚུགས་ཏེ་བར་སྐབས་གཞི་རིམ་ཤེས་ཡོན་གྱི་གནས་ཚད་དང༌། ཡ་རབས་བཟང་སྤྱོད་ཆེས་ཉམས་དམས་སུ་གྱུར་སྟབས། ཕྱི་ལོ་༡༩༨༠ གྱ་གྲངས་ནས་བཟུང་དཀའ་ངལ་འདིའི་སྐོར་དབུ་ཁྲིད་རྣམ་པ་དང༌། སྲི་ཞུ་ལས་བྱེད། དགེ་རྒན། སློབ་ཕྲུག ཕ་མ་ཡོངས་ལ་ཚོར་སྣང་གསལ་པོ་བྱུང་ཡོད་པ་མ་ཟད། གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་བགྲོ་གླེང་སྔ་རྗེས་སུ་གནང་འདུག་ཀྱང་དོན་ཕན་ལྡན་པའི་ཐབས་བྱུས་ལག་བསྟར་ཐུབ་པ་དམིགས་བསལ་མ་བྱུང༌།

དེ་རིང་ནས་བརྩིས་པའི་ལོ་དྲུག་གི་སྔོན་ཕྱི་ལོ་༢༠༠༣ གྱི་ལོ་མགོར་ཚོགས་ཁང་འདི་རང་གི་ནང་ཤེས་རིག་ཚོགས་ཆེན་ཐེངས་བཞི་པ་བསྐོང་ཚོགས་སྐབས་ད་ལྟ་གཏམ་བཤད་ཞུ་མཁན་རང་ཉིད་ཀྱིས་བཀའ་ཤག་སྐབས་བཅུ་གཉིས་པའི་གཏམ་བཤད་སྙན་སྒྲོན་ཞུས་པ་ཡིན་ཞིང༌། གཏམ་བཤད་དེའི་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབ་སྐོར་ཛ་དྲག་ཆེ་བའི་གནས་ཚུལ་ཁག་གསལ་སྟོན་ཞུས་ཡོད། སྐབས་དེའི་ཚོགས་ཕེབས་པ་མང་དག་ཅིག་དེ་རིང་ཡང་ཕེབས་ཡོད་ཀྱང༌། ཚོགས་མི་མང་པོ་གསར་པའང་ཡོད་པ་དང༌། ལྷག་པར་སྐབས་དེར་སྙན་གསན་ཞུས་པའི་དོན་གནད་མང་པོ་ད་ལྟའང་འབྲེལ་བ་ཡོད་པ་མ་ཟད། ཚང་མས་ཐུགས་སྣང་དགོས་པ་ཇི་སྙེད་ཅིག་འདུག་སྟབས། ཐུགས་དྲན་གསོས་སླད་དེའི་ངོ་བཤུས་བསྐྱར་དུ་འགྲེམས་སྤེལ་ཞུས་ཡོད་པར་ཐུགས་ཞིབ་ངེས་པར་གནང་རོགས་ཞུ་རྒྱུ་ཡིན། ཚོགས་ཆེན་དེའི་ཐོག་བཀའ་ཤག་གིས་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་ཕྱོགས་ཀྱི་བསམ་ཚུལ་རྣམས་འགྲེལ་བརྗོད་ཞུས་པའི་ཐོག་དྲི་བ་དྲིས་ལན་དང་བགྲོ་གླེང་ཞིབ་ལྷུག་གནང་རྗེས་ཚོགས་ཆེན་ནས་སྤྱི་མོས་རྒྱབ་གཉེར་བྱུང་བ་བཞིན་ལོ་དེའི་ནང་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་བཟོ་འགོད་ཐོག ༢༠༠༤ ཕྱི་ཟླ་༩ པའི་ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བགྲོ་གླེང་ཞིབ་ནན་གྱིས་སྣོན་འཕྲི་བསྐྱར་བཅོས་གནང་འོས་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་བྱུང་རབས་ནང་གོམ་སྟབས་ཆེ་བ་ཞིག་ཡིན་པའི་ངོས་འཛིན་དང་བློ་སྤོབས་བྱེད་ཀྱི་ཡོད།

ཤེས་ཡོན་སྲིད་བྱུས་འདི་ནི་ཆོས་ལུགས་ཁག་ནས་བསྟན་པའི་ནང་དོན་རིག་པའི་རྨང་གཞིའི་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་འཇིག་རྟེན་སྤྱི་དང༌། ཁྱད་པར་བོད་མིའི་ཤེས་ཡོན་སྐོར་བཀའ་སློབ་སྔ་རྗེས་སུ་ཕེབས་པ་རྣམས་སྙིང་དོན་དུ་བཟུང༌། བདག་ཉིད་ཆེན་པོ་གཱཾདྷིའ་དང༌། ཨཱཅརྱ་བནོབཱབཱྷཝེ། རཝཱིན྄དྲནཱཐཋཱཀུར། ཨརཝིནྡགྷོཥ། ཇི་དུ་ཀྲིཥ྄ཎ་མཱུརྟི་སོགས་ཀྱི་དགོངས་ཚུལ་ནས་ལེགས་ཆ་བླངས། ཨ་རི་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ནས་ཆེས་དེང་རབས་ཀྱི་སློབ་སྦྱོང་རྩེ་མོར་སོན་རྗེས་དེའི་སྐྱོན་གནད་མཐོང་སྟེ་སྲོལ་རྒྱུན་ལ་ཞུགས་པའི་ན་གཞོན་མང་པོས་བར་སྐབས་ཚོད་བལྟའི་ལས་འགུལ་མང་དག་བྱས་པའི་གྲུབ་དོན་གྱིས་ཟུར་བརྒྱན་ཏེ་བོད་མིའི་དོན་དམ་གྱི་དགོས་མཁོ་དང་འཚམས་པ་ཞིག་ཡིན་པ་མ་ཟད། གནའ་དེང་གང་རུང་གི་མཐར་མ་ལྷུང་བའི་དབུ་མའི་ལམ་ཕྱོགས་བཟུང་བ་ཞིག་ཡིན་པའི་ཐོག ྋདཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བགྲོ་གླེང་ཟབ་རྒྱས་ཀྱི་ལམ་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཡིན་སྟབས། ཁྲིམས་དང་ནུས་ཚད་མཉམ་པའི་ཡིག་ཆ་ཞིག་ཡིན་པས་འབྱུང་འགྱུར་ལོ་ངོ་སྟོང་ཕྲག་བརྒལ་བའི་རིང་ཕན་ནུས་ལྡན་པའི་སྲིད་བྱུས་ཡང་དག་ཅིག་ཡིན་པར་ངོས་འཛིན་བྱ་རྒྱུར་ཐེ་ཚོམ་དང་ནེམ་ནུར་གང་ཡང་མེད། སྲིད་བྱུས་ལག་བསྟར་གྱི་ལས་རིམ་དམར་ཁྲིད་དང་དཔེ་སྟོན་སླད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཆུང་ངུ་ཞིག་ཆེད་འཛུགས་དང༌། དེ་བཞིན་སཾབྷོཊའི་ཁྱབ་ཁོངས་སློབ་ཁག་གྲངས་བཅུ་གསུམ་ནང་འདས་ལོ་ལྔའི་ནང་གང་ཐུབ་ལག་བསྟར་བྱས་པའི་གྲུབ་འབྲས་ཀུན་གྱི་གཟིགས་ལམ་དུ་གསལ་བ་འདི་དང༌། ལྷག་པར་འབྱུང་འགྱུར་སྲིད་བྱུས་འདིའི་འོག་ནས་གཞི་རིམ་སློབ་སྦྱོང་ཐོན་པའི་སློབ་ཕྲུག་རྣམས་མཐོ་སློབ་ཏུ་སོན་སྐབས་དངོས་དོན་རྭ་འཕྲོད་ཐུབ་པ་ཡོང་རྒྱུའི་ཡིད་ཆེས་ཡོད།

དེ་ལྟ་ནའང་སྲིད་བྱུས་སམ་རིག་པའི་གཞུང་ལུགས་བཟང་བ་ཙམ་གྱིས་དེའི་གྲུབ་འབྲས་རང་བྱུང་གིས་འཐོན་ཐབས་མེད་ཅིང༌། གྲུབ་འབྲས་བཟང་པོ་ཡོང་དང་མི་ཡོང་སྲིད་བྱུས་དེ་དག་ལག་བསྟར་ཐུབ་མིན་དང་ལག་བསྟར་བྱེད་ཕྱོགས་ཚད་ལྡན་ཡོང་མིན་ལ་མཐའ་གཅིག་ཏུ་རག་ལུས་པར་སོང༌། ད་ལྟའི་གནས་སྐབས་འདིར་བཙན་བྱོལ་གཞུང་མང་གིས་བློ་རྩེ་གཅིག་བསྒྲིལ་གྱི་ཐོག་ནས་འབད་རྩོལ་དགོས་རྒྱུ་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཆ་ཚང་ལག་བསྟར་ཐུབ་ཐབས་དང༌། དེ་དག་ལག་བསྟར་གནང་མཁན་གྱི་དགེ་རྒན་ཚད་ལྡན་འདང་ངེས་ཡོང་ཐབས་བྱ་རྒྱུ་དེ་ཡིན། དེའི་ཆེད་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བསྒྲུབ་དགོས་པ་དང་བསྒྲུབ་ཐུབ་པའི་རིགས་ད་བར་གང་ཐུབ་འབད་རྩོལ་ཞུ་མུས་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་ཞུ་རྒྱུའི་གྲ་སྒྲིག་དང་ཆོད་སེམས་བརྟན་པོ་ཡོད། ང་ཚོའི་ཤེས་ཡོན་གྱི་ལམ་སྲོལ་ནི་དགེ་རྒན་དབུས་སུ་བཞག་པ་ཞིག་ཡིན་སྟབས། སློབ་གྲྭའི་འཛིན་སྐྱོང་དང་སྒྲིག་འཛུགས། ཕྲུ་གུ་དང་ཕ་མ་བཅས་ལས་ཀྱང་དགེ་རྒན་རྣམ་པ་གལ་གནད་ཆེ་བ་ཡིན་ཞིང༌། དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་དང་ཡིད་ཆེས་ཡོད་ན་འཛིན་སྐྱོང་གིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པའི་ངོས་ལེན་མེད་ཀྱང༌། སྲིད་བྱུས་ཀྱི་སྙིང་དོན་ལག་བསྟར་ཐུབ་རྒྱུ་ཞིག་ཡིན། ད་རེས་ཚོགས་ཆེན་འདི་ཐོག་ནས་བཀའ་ཤག་གིས་གཤམ་གསལ་གྱི་གྲུབ་འབྲས་ཁག་འཐོན་པའི་རེ་བ་བྱེད་ཀྱི་ཡོད།

༡ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིས་བྱུས་ལ་སློབ་སྤྱི་དང༌། དགེ་ཆེ། དགེ་རྒན་རྣམ་པའི་གཟིགས་ཚུལ་དང་གོ་རྟོགས། ཡིད་ཆེས་ཇི་ཙམ་ཡོད་མེད་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང༌།

༢ ཤེས་ཡོན་སྲིད་བྱུས་སྐོར། བཙན་བྱོལ་བོད་མིའི་ཁྲོད་དང༌། ལྷག་པར་ཤེས་ཡོན་གྱི་ལམ་སྲོལ་ལ་མཁྱེན་མྱོང་ཡོད་པའི་མཁས་དབང་འགའ་ཞིག་གིས་སྐྱོན་བརྗོད་དྲིལ་བསྒྲགས་ཇི་སྙེད་ཅིག་གནང་གི་ཡོད་པ་དེ་དག་གི་དགོངས་གཞི་དང༌། རྒྱུ་མཚན་གཙོ་བོ་གང་ཡིན་ཤེས་རྟོགས་ཐུབ་པ་བྱ་རྒྱུ།

༣ ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་བཞིན་ཡོངས་གྲགས་ཕྱག་བསྟར་གནང་སྐབས་དང༌། ཡང་ན་འཛིན་སྐྱོང་གི་ངོས་ནས་ཡོངས་གྲགས་ཕྱག་བསྟར་མ་གནང་ཡང་དགེ་རྒན་སོ་སོས་སྲིད་བྱུས་ཀྱི་སྙིང་དོན་ཕྱག་བསྟར་གནང་སྐབས་དངོས་ཡོད་དཀའ་ངལ་དང༌། འགལ་རྐྱེན་གང་དང་གང་གཟིགས་པ་རྣམས་གསལ་རྟོགས་ཐུབ་པ་བྱ་རྒྱུ།

༤ འབྱུང་འགྱུར་བོད་རིགས་ན་གཞོན་ནང་རིག་གཅིག་རྐང་འཛིན་དང་ཁྱད་ལས་པ་ཚད་ལྡན་གང་མང་འཐོན་ཐབས་བྱེད་ཕྱོགས་ཇི་དགེའི་སྐོར་སློབ་སྤྱི་དང་དགེ་རྒན་རྣམ་པའི་དགོངས་འཆར་ཇི་ཡོད་ཤེས་རྟོགས་ཐུབ་པ་བྱ་རྒྱུ་བཅས་ཡིན།

ཚོགས་ཕེབས་པ་རྣམ་པ་ཚང་མས་སྐུ་ངལ་འཛེམས་མེད་ཀྱིས་ཚོགས་འདུར་ཕེབས་པར་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་ཞིང༌། ཆོས་ལྡན་གངས་རིའི་ལྗོངས་དེ་སྔར་བཞིན་ཤེས་ཡོན་དང་མཁས་པའི་འབྱུང་གནས་ཤིག་ཏུ་སླར་གསོ་རྒྱུན་གནས་ཐུབ་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཇཡཇགཏ྄།