མོན་གྷོ་གཞིས་སྒར་གྱི་ལས་བསྡོམས་སྙན་ཞུའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད

༢༠༠༨ ཕྱི་ཟླ་ ༡ ཚེས་ ༥ ཉིན། ༄༅། །དེ་རིང་ནི་སྐལ་བཟང་གི་དུས་ཚོད་ཅིག་རེད། དེ་ལ་རྒྱུ་མཚན་ཁྱད་པར་ཅན་ཁ་ཤས་ཤིག་ཡོད་ཅིང༌། བོད་མེ་ཕག་གི་ལོ་འདིའི་ཐོག་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་དགུང་སྐེག་དངོས་གཞི་འཁེལ་ཡང༌། སྐུའི་གསང་བ་གསུམ་ལ་འགལ་རྐྱེན་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་མ་བཞེས་པར་མཛད་འཕྲིན་འཛམ་གླིང་ཁྱོན་ཡོངས་ལ་སྔར་ལས་ལྷག་པ་བྱུང་བ་མ་ཟད། ལོའི་མཐའ་མཇུག་ཏུ་སྐུའི་དགུང་སྐེག་རྫོགས་པ་དང་མཉམ་དུ་དཔལ་ལྡན་འབྲས་སྤུངས་ཀྱི་གདན་ས་ཆེན་པོར་ཆིབས་བསྒྱུར་བསྐྱངས་ཏེ་བོད་གཞུང་བཀའ་ཤག་གིས་མཚོན་པའི་སྦྱིན་བདག་ཐུན་མོང་གིས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་ཆེན་གྱི་ཐོག་ནས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བཤད་ལུང་ཞུ་བའི་དུས་འཁེལ་བ་དང༌། བར་ལམ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་སྙན་དང་འཕྲིན་ལས་འཛམ་གླིང་ཁྱོན་ཡོངས་ལ་རྒྱས་པ་དང་ཆབས་ཅིག་བོད་ཀྱི་གནད་དོན་ཡང་འཛམ་གླིང་ནང་གནས་ཚད་མཐོ་ཤོས་སུ་སླེབས་ཡོད་པ། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་གཞིར་བཟུང་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་སྣེ་མོ་བ་ཚང་མ་འདིར་ཞབས་བཅར་ཞུས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་བཀྲིས་པའི་འབུལ་ཚན་བསྟར་འབུལ་ཞུ་བའི་གོ་སྐབས་འཁེལ་བ་བཅས་ལ་བརྟེན། ཧ་ཅང་གི་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བ་མ་ཟད། བཀྲ་ཤིས་པའི་མཚན་མ་ཐམས་ཅད་དང་ལྡན་པའི་དམིགས་བསལ་གྱི་དུས་ཚོད་ཅིག་ལ་བརྩི་གི་ཡོད། དེའི་ཐོག་ང་རང་འདིར་དངོས་སུ་བཅར་རྒྱུ་བྱུང་བ་དང༌། བོད་རིགས་མི་མང་ཁྲི་ཚོ་བརྒལ་བ་དང་མཉམ་དུ་ཆོས་དང་ཟང་ཟིང་ལ་ཉིན་ཤས་རིང་ལོངས་སྤྱད་རྒྱུ་བྱུང་བ་དེ་ནི་རང་གི་མི་ཚེའི་ནང་དྲན་ལམ་དུ་འཇོག་འོས་པའི་སྐལ་བཟང་གི་གོ་སྐབས་ཆེན་པོ་ཞིག་ཡིན་བསམ་གྱི་ཡོད།

སྤྱིར་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༤༩ འཁོར་ཡང༌། དེ་ནི་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་མི་ཚེའི་ནང་དུས་ཚོད་ཧ་ཅང་རིང་པོ་མིན་ཡང༌། གང་ཟག་བྱེ་བྲག་པ་ཞིག་ལ་ཧ་ལམ་མི་ཚེའི་གསུམ་ཆ་གཉིས་ཙམ་སོང་ཟིན་པའི་དུས་ཚོད་རིང་པོ་དེའི་ནང་བཙན་བྱོལ་བའི་མི་རབས་གསུམ་པ་དང་བཞི་པ་དེ་དག་འཚར་ལོངས་ཡོང་བའི་སྐབས་སུའང༌། བོད་ཀྱི་ཆོས་དང༌། རིག་གཞུང༌། ལེགས་བྱང༌། ཡུལ་གྱི་གོམས་པའི་གཤིས་ལུགས། ལྷག་པར་དུ་དཔལ་ནཱལནྡཱ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ཚང་ལ་མ་ནོར་བའི་བསྟན་པའི་སྙིང་པོ་དུས་ཀྱི་མཐའ་འདི་འདྲ་ཞིག་ཏུའང་སྐྱབས་བཅོལ་སྤྱི་ཚོགས་ནང་ནས་འཛིན་སྐྱོང་སྤེལ་གསུམ་ཐུབ་པ་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་གིས་མཚོན་པའི་སྲོལ་རྒྱུན་གྱི་ཤེས་ཡོན་དང༌། དེང་རབས་ཀྱི་ཤེས་ཡོན་གཉིས་མཉམ་དུ་བོད་རིགས་ན་གཞོན་ཡོངས་སུ་རྫོགས་པར་སྤྲོད་ཐུབ་པ། གནས་ཡུལ་རྒྱ་གར་གཞུང་མང་མཉམ་དུ་མཛའ་མཐུན་སྤུན་ཟླ་ལྟ་བུར་གནས་ཐུབ་པ་འདི་ནི་ངོ་མཚར་དངོས་བྱུང་ལྟ་བུ་རེད། འཛམ་གླིང་ནང་གི་སྐྱབས་བཅོལ་བའི་སྤྱི་ཚོགས་གང་འདྲ་ཞིག་ལ་བལྟས་ཀྱང་སྐྱབས་བཅོལ་དུ་འབྱོར་ནས་ལོ་ལྔ་དྲུག་ནང་སྐྱབས་བཅོལ་གྱི་ངོ་བོ་ལས་གྲོལ་བ་དང༌། གནས་ཡུལ་ཡུལ་མིའི་ནང་སིམ་པ་མ་གཏོགས། རང་གི་ངོས་འཛིན་འཛིན་སྐྱོང་ཐུབ་པ་ཧ་ལམ་དཀོན་པོ་རེད། ང་ཚོའི་གནས་ཡུལ་རྒྱ་གར་ནང་ཡོད་པའི་བངྒལཱདེཤ་དང༌། ཤྲིའལངྐཱ༌། ཨཕགནིསྟཱན། པཱཀིསྟཱན་བཅས་ཀྱི་སྐྱབས་བཅོལ་བ་དང་བསྡུར་ན། ང་ཚོ་མི་གྲངས་ཉུང་ཉུང་ཡིན་ཞིང༌། འབུམ་ཕྲག་གཅིག་ཙམ་ལས་མེད། འོན་ཀྱང་སྐྱབས་བཅོལ་བ་གཞན་དང་ང་ཚོའི་གནས་བབ་གཉིས་བསྡུར་ན་ཁྱད་པར་གནམ་ས་ལྟ་བུ་ཤོར་བ་མ་ཟད། ང་ཚོ་ནི་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཏུ་གྱུར་ཡོད། དེ་ལྟ་བུ་ཡོང་ཐུབ་པའང༌། གཅིག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་བསྐྱེད་དང་མཛད་འཕྲིན་ལ་བརྟེན་པ་དང༌། གཉིས་ནས་གནས་ཡུལ་རྒྱ་གར་གཞུང་མང་གི་ཡང་དག་པའི་མཐུན་འགྱུར་ལ་བརྟེན་པ། གསུམ་ནས་བོད་མི་སོ་སོས་རང་གི་ལས་འགན་ཤེས་པའི་ཐོག་ནས་ཆོས་སྲིད་གང་ཐད་འཐུས་ཤོར་མེད་པར་འཛིན་སྐྱོང་ཆེད་དཀའ་ངལ་ལ་མ་འཛེམས་པ་བཅས་ལ་བརྟེན་ནས་བྱུང་ཞིང༌། ལྷག་པར་དུ་ཆོས་ཕྱོགས་ནས་བལྟས་ན་གདན་ས་ཁག་དང་གྲྭ་ཚང་ཁག་གིས་གང་ལའང་མ་ལྟོས་པར་རང་རྐྱ་འཕེར་བའི་སྒོ་ནས་ཕྱི་སྣོད་ཀྱི་གཙུག་ལག་ཁང་དང༌། ནང་བཅུད་ཀྱི་འདུས་སྡེ་དང་བསླབ་པ་སློབ་གཉེར་བཅས་སྔོན་མ་བོད་ནང་རང་དབང་གི་འཚོ་བར་ལོངས་སྤྱོད་པའི་སྐབས་ལས་ཀྱང་གནས་ཚུལ་མང་པོ་ཞིག་ལྷག་པ་གནས་ཐུབ་པ་ནི་ངོ་མཚར་རྨད་བྱུང་གི་གནས་སྟངས་ཡིན་པར་བཙན་བྱོལ་གཞུང་ངོས་ནས་རྗེས་སུ་ཡི་རངས་ཞུ་གི་ཡོད།
དེ་རིང་རབ་བྱུང་མང་བའི་ས་གནས་ཤིག་ཡིན་སྟབས། རབ་བྱུང་གི་སྡེའི་སྐོར་སྔོན་ལ་ཞུ་ཆོག་པ་ཞུ་རྒྱུ་ཡིན། ང་ཚོས་ལོ་བཞི་བཅུ་ཞེ་གྲངས་སྔོན་ལ་ཕྱི་བལྟས་ཤིག་སློག་ན། ཐོག་མར་སྦག་ས་ནས་འདིར་མོན་གྷོར་དུ་འབྱོར་སྐབས་གདན་ས་གཉིས་ཀ་རྩནས་སྟངས་གང་འདྲ་ཞིག་ཡོད་པ་དང༌། ང་ཚོའི་མ་འོངས་པའི་མདུན་ལམ་གྱི་འཆར་སྣང་གང་འདྲ་ཞིག་ཡོང་ཐུབ་ཀྱི་ཡོད་པ་དེ་དག་ད་ལྟ་ང་ཚོའི་དྲན་ཚོར་ནང་ཡོད་བཞིན་པ་ཞིག་རེད། ད་ཆ་ཕྱིའི་མཐུན་རྐྱེན་གྱི་ཆ་ནས་འཛམ་བུ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པའི་ཡུལ་ཞིག་ཏུ་གྱུར་པ་དང༌། ནང་གི་སྒྲིག་འཛུགས་ཀྱི་ཆ་ནས་དགེ་འདུན་གྱི་ཞལ་གྲངས་དེ་སྔ་ལས་ཧ་ཅང་མང་བ་དང༌། ལྷག་པར་དུ་བར་ལམ་བོད་ནས་དགེ་འདུན་པ་གསར་འབྱོར་ཡོང་བའི་ལམ་ཕྱེ་བ་ནས་བཟུང་ད་དུང་འཕེལ་རྒྱས་བྱུང་ཡོད་པས་ཧ་ཅང་གི་སྐལ་པ་བཟང་པོ་རེད། སྐབས་དེ་དུས་ནས་ད་བར་ཕྱག་ལས་གནང་མཁན་ཆོས་སྡེ་ཁག་གི་དབུ་ཁྲིད་མཁན་བླ་ལས་ཟུར་རྣམ་པ་ཚང་མས་དམིགས་བསལ་གྱིས་ཐུགས་ཁུར་བཞེས་པའི་གྲུབ་འབྲས་ཆེན་པོ་ད་ལྟ་ྋརྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ངོ་བོར་གྱུར་ཐུབ་པ་འདི་ལ་བཙན་བྱོལ་བོད་གཞུང་གི་ངོས་ནས་ཡི་རངས་དང་བསྔགས་བརྗོད་ཡོད་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་དེ་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་དམིགས་བསལ་གྱིས་ཐུགས་སྣང་དགོས་པའི་གནས་སྟངས་ཤིག་ལ། ནང་གི་སློབ་གཉེར་ཡར་རྒྱས་གཏོང་རྒྱུ་དེ་རེད། ྋརྗེ་གུང་ཐང་འཇམ་དཔལ་དབྱངས་ཀྱིས། །ཀྱེ་ཧུད་འཇམ་མགོན་བསྟན་པ་འདི། །དཔལ་དང་འབྱོར་པས་རབ་རྒྱས་ཀྱང༌། །བཤད་དང་སྒྲུབ་པས་ཆེས་ཕྲ་བ། །བསམ་གྱིན་སྙིང་ནས་ཤེས་པ་འཕྱོ། །ཞེས་སྐབས་དེ་དུས་བཀའ་གནང་དགོས་བྱུང་ཡོད། འོན་ཀྱང་དེ་ལྟ་བུའི་གནས་སྟངས་ད་ལྟ་ཡོད་རེད་ཅེས་ཞུ་གི་མེད། ལེགས་པའི་ཆ་ལ་མཐའ་མེད་སྟབས་དེའི་ཐོག་དམིགས་བསལ་ཐུགས་སྣང་གིས་ཡར་རྒྱས་གཏོང་བའི་འབད་རྩོལ་གནང་གལ་ཆེ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དམིགས་བསལ་གྱིས་ཐུགས་ཁུར་ལམ་སྟོན་འོག་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༧ ནང་ཉམས་མྱོང་ལྡན་པའི་མཁས་པའི་ཚོགས་ཆུང་ཞིག་ཟུར་བཙུགས་ཀྱིས་ཐོས་བསམ་སློབ་གཉེར་གྱི་བཤད་གྲྭ་ཡོད་པའི་གདན་ས་ཆེ་ཆུང་ཚང་མའི་ནང་སློབ་སྦྱོང་ཉམས་ཆག་ཕྱིན་ཡོད་མེད་དང༌། ཉམས་ཆག་ཕྱིན་ཡོད་ན་དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད། མ་འོངས་པར་ཉམས་པ་སླར་གསོའི་ཐབས་ལམ་གང་འདྲ་ཡོད་མེད་བཅས་ཀྱི་ཐོག་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཞིབ་ཚགས་གནང་བའི་གྲུབ་དོན་སྙན་ཐོ་ད་ལྟ་འབྱོར་ཙམ་ཡིན་པས་དེའི་ཐོག་ཞིབ་འཇུག་ཞུ་མུས་ཡིན། དེཚོའི་ནང་ལའང་དམིགས་བསལ་གྱི་རྒྱབ་གཉེར་དང་ལམ་སྟོན་ཇི་སྙེད་ཅིག་འདུག དེ་ཚོ་ཚང་མ་གདན་ས་སོ་སོའི་དབུ་བཞུགས་མཁན་བླ་རྣམ་པ་ཚོ་དང་རིམ་པས་གོ་བསྡུར་ཞུས་ཏེ་མ་འོངས་པར་སློབ་གཉེར་དེ་དམིགས་བསལ་གྱིས་ཡར་རྒྱས་གཏོང་དགོས་པ་ཞིག་རེད། སློབ་གཉེར་དེ་ནུབ་ཕྱོགས་ལ་འགྲོ་རྒྱུའི་ལག་འཁྱེར་ལྟ་བུ་དང༌། དེ་ཡང་དུས་ཚོད་གང་ཐུང་ཐུང་དང༌། གང་མགྱོགས་མགྱོགས། གང་སླ་སླ་ཞིག་གི་ཐོག་ནས་རག་རྒྱུའི་ཐབས་ཤེས་བྱེད་པའི་བསམ་ཚུལ་དེར་གཞི་རིམ་གྱི་འགྱུར་བ་ཞིག་གཏོང་ཐུབ་དགོས། གང་ལྟར་བསླབ་པ་སློབ་གཉེར་བྱེད་མཁན་རང་ངོས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་གཉེར་གྱི་ཐོག་ནས་ཐོས་བསམ་གྱི་འདུན་པ་ཞིག་བསྐྲུན་མ་ཐུབ་ན། སྒྲིག་འཛུགས་ཀྱི་ངོས་ནས་ག་ཚོད་བཟོས་ཀྱང་དེ་ཙམ་གྱིས་ཕན་ཐོགས་ཡོང་དཀའ། ཡིན་ནའང་སྒྲིག་འཛུགས་ཀྱི་ངོས་ནས་དགོས་ངེས་ཀྱི་མཐུན་རྐྱེན་ཆ་ཚང་བསྐྲུན་དགོས་པ་དེ་གལ་ཆེའི་གནད་འགག་ཅིག་ཏུ་གྱུར་ཡོད། དེ་བསྐྲུན་ཐུབ་མིན་དང༌། སློབ་གཉེར་བའི་དགོངས་པ་བཞེས་ཕྱོགས་ལ་གཞི་རིམ་གྱི་འགྱུར་བ་གཏོང་ཐུབ་མིན་ནི་གང་ཟག་སོ་སོ་དང༌། ལྷག་པར་དུ་སློབ་ཁྲིད་གནང་མཁན་དགེ་རྒན་རྣམ་པ་ཚོས་འདུན་པ་སྤེལ་ཕྱོགས་ལ་ཧ་ཅང་རག་ལུས་ཡོད་སྙམ། དེ་ཚོའི་ཐོག་ལ་དགོངས་པ་བཞེས་རོགས་གནང་ཞེས་བཙན་བྱོལ་གཞུང་གི་ངོས་ནས་རེ་བསྐུལ་ཞུ་གི་ཡོད། དེ་དང་ཆབས་ཅིག་ཏུ་དགེ་འདུན་གྱི་སྡེའི་སྒྲིག་འཛུགས་ཞེས་པ་དེ་སྤྱིར་དམ་ཆོས་འདུལ་བའི་བཅས་ཁྲིམས་དང་མཐུན་པ་དང༌། ཡང་སྒོས་དགེ་འདུན་གྱི་ནང་ཁྲིམས་དང་མི་འགལ་བ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ལྷག་པར་དུ་ང་ཚོ་དུས་རབས་ཉེར་གཅིག་པའི་འཛམ་བུ་གླིང་གི་འཇིག་རྟེན་གོ་ལ་གཅིག་སྒྱུར་གྱི་རླབས་འཕྲེང་ཞིག་གི་ནང་ཡོད་མུས་ཡིན་སྟབས། འཛམ་གླིང་སྤྱིའི་གནས་སྟངས་དང་མཐུན་པར་ཕེབས་ཐུབ་དགོས། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དུས་རབས་ཉེར་གཅིག་པའི་རབ་ཏུ་བྱུང་བའི་གནས་སྟངས་ཤིག་དགོས་ཞེས་རྟག་ཏུ་བཀའ་སློབ་ཕེབས་པ་བཞིན། སྒྲིག་འཛུགས་དང་གང་ཟག་བྱེ་བྲག་པ་ཕྱོགས་གཉིས་ཀ་ནས་དུས་རབས་ཉེར་གཅིག་དང་མཐུན་པར་ཕེབས་ཐུབ་དགོས་ཤིང༌། དེའི་ཆེད་དུ་ནང་གི་རྟོགས་པ་ལས་ཕྱིའི་ཀུན་སྤྱོད་གལ་ཆེ། དགེ་འདུན་ཁྲི་ཕྲག་མང་པོ་འདུས་པའི་ས་གནས་འདི་འདྲ་ཞིག་ཏུ་གནས་ཚུལ་འདྲ་མིན་ཡོང་སྲིད། དཔེར་ན་འདས་པའི་ལོ་འགའ་ཤས་ནས་ཡེ་ཤུའི་རྗེས་འཇུག་པའི་ཆོས་པ་དང་དགོན་སྡེ་ཁག་གི་ནང་དཀའ་ངལ་གང་འདྲ་ཞིག་ཡོང་དང་ཡོང་མུས་དེ་དག་ཁྱེད་ཚོས་མ་མཁྱེན་པ་མེད། སྟབས་ལེགས་པ་ཞིག་ལ་དཀོན་མཆོག་གི་བཀའ་དྲིན་དང༌། ྋརྒྱལ་བ་དོན་གྱི་བདག་པོའི་བྱིན་རླབས། ཆོས་སྐྱོང་གི་འཕྲིན་ལས་བཅས་ལ་བརྟེན་ནས་ད་བར་ང་ཚོའི་བོད་ཀྱི་ནང་པའི་དགོན་སྡེ་ཁག་ལ་དེ་འདྲའི་གནས་ཚུལ་ཐབས་སྐྱོ་པོ་ཡོངས་སུ་གྲགས་པ་ཞིག་བྱུང་མེད། འོན་ཀྱང་དེ་སྟབས་ཡག་པ་ཞིག་ལས་དེ་འདྲ་ཡོང་བའི་རྒྱུ་རྐྱེན་རྩ་བ་ནས་མེད་པ་ཞིག་ཨེ་ཡིན། དེས་ན་མ་འོངས་པར་ལས་སྣེ་རྣམ་པ་ཚོས་མཚོན་པའི་དབུ་ཁྲིད་དང་འདུས་མང་ཡོངས་རྫོགས་ཀྱིས་ཐུགས་འགན་ཆེན་པོ་བཞེས་ཏེ་སྤྱིར་ཁྱིམ་པ་སུན་འབྱིན་གྱི་ལས་དང༌། ལྷག་པར་དུས་རབས་ཉེར་གཅིག་པ་འདིའི་ནང་དགེ་འདུན་གྱི་སྡེ་ལ་མ་ཉེས་ཁ་གཡོག་གམ། ཡང་ན་སྒྲིག་འཛུགས་དང༌། དཔལ་འབྱོར་འདུ་འགོད། གང་ཟག་སོ་སོའི་ཀུན་སྤྱོད་བཅས་ཀྱི་ཐོག་ནས་དངོས་ཡོད་མཚན་ཤས་ཡོང་བའི་ཕྱག་ལས་རྣམས་ལ་ཚང་མས་ཐུགས་སྣང་ཟབ་མོ་གནང་དགོས། དེ་བཞིན་རི་བོ་དགེ་ལྡན་པ་ལྟ་བུར་མཚོན་ན་ཕྱོགས་གཅིག་ལ་སྲོལ་རྒྱུན་གྱི་དགེ་བཤེས་ཆེ་ཆུང་གི་དམ་འཇོག་གནང་རྒྱུ་དང༌། ཕྱོགས་གཞན་པ་ཞིག་ལ་དེང་རབས་དང་མཐུན་པའི་དགེ་ལུགས་རྒྱུགས་སྤྲོད་ཀྱི་ལམ་ནས་སློབ་གཉེར་གྱི་གྲུབ་འབྲས་བཏོན་པའི་ལམ་གཉིས་ཆགས་ཡོད། དགེ་ལུགས་རྒྱུགས་སྤྲོད་ནི་ཐོག་མ་སྐབས་དེ་དུས་ཀྱི་མཁས་དབང་རྣམ་པ་ཚོས་དགོངས་པ་རྒྱ་ཆེན་པོ་བཞེས་ནས་བཟོས་པའི་ལམ་སྲོལ་བཟང་པོ་ཞིག་རེད། འོན་ཀྱང་ང་ཚོ་བོད་པའི་གཤིས་ཀར་ལམ་སྲོལ་བཟང་པོ་རྣམས་ཡང་ཡང་དྲན་གསོ་ལྟ་བུ་མ་བཏང་ན་རྒྱུན་ལྡན་གྱི་སྲོལ་རྒྱུན་ནམ་ཆོ་ག་ཕྱག་ལེན་ལྟ་བུར་འགྲོ་བའི་ཉེན་ཁ་ཞིག་ག་དུས་ཡིན་ནའང་ཡོད་མུས་རེད། དེས་ན་དགེ་ལུགས་རྒྱུགས་སྤྲོད་ལྟ་བུར་མཚོན་ ནའང་རྒྱུགས་སྤྲོད་མཁན་དང་རྒྱུགས་ལེན་མཁན་གཉིས་དངོས་ཡོད་གནས་ཚད་དང་ལྡན་པ་དང༌། རྒྱུགས་བཞེས་བྱེད་སྟངས་ཀྱང་སྲོལ་དང་མཐུན་པ་དང༌། སྒྲིག་ལམ་དང་མཐུན་པ། གང་ཟག་གི་དབང་བསྒྱུར་མ་ཡིན་པར་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་ཐུབ་པ། དེ་བཞིན་རྒྱུགས་སྤྲོད་ཐོན་པ་རྣམས་ཕྱག་འཁྱེར་དང་མཚུངས་པའི་ཚད་འཛིན་གྱི་ཤེས་ཚད་ཡོད་པ་ཞིག་ཆགས་ཐུབ་པ་བཅས་ཀྱི་ཐོག་དགོངས་པ་བཞེས་རྒྱུ་ཐུགས་གལ་ཆེན་པོ་འདུག་ཅེས་ངས་སྤོབས་པ་བསྐྱེད་དེ་བློ་ཁོག་བྱས་ཏེ་ཞུ་གི་ཡོད། གང་ལགས་ཤེ་ན། དེ་རིང་འདིར་ཤར་བྱང་གི་ྋཆོས་རྗེ་རྣམ་པ་གཉིས་ཀྱིས་མཚོན་པའི་རི་བོ་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་ཕེབས་ཡོད་སྟབས་ཞུ་ས་དེ་ནོར་མེད་སྙམ། དེ་དང་ཕྱོགས་མཚུངས་རྩ་བཞིའི་ཉེས་པ་ལ་སོགས་འདུལ་བའི་དགོངས་དོན་དང་འགལ་བའི་གནས་ཚུལ་བྱུང་སྐབས་འདུལ་བ་དང་མཐུན་པར་ཉེས་པ་ལ་ཉེས་པ་མཐོང་དུ་བཅུག་སྟེ་གནས་ནས་དབྱུང་དགོས་རྣམས་སྐབས་ཐོག་སོ་སོར་གནས་དབྱུང་དང༌། ཕྱིར་བཅོས་མི་འོས་པ་ཞིག་ཡིན་ན་དེ་དང་འཚམས་པའི་སྒྲིག་འཛུགས་ཀྱི་གནས་སྟངས་ཐོག་ནས་བཏང་འཛིན་གནང་དགོས། གནས་ཚུལ་དེ་འདྲ་བྱུང་སྐབས་ཁོ་རང་རང་འདོད་ཀྱིས་སྐྱིད་སྡུག་འཐེན་སོང་ཟེར་བ་ལྟ་བུ་སྤམ་པོ་བཞག་ན་འདུལ་བ་དང་མི་མཐུན་ལ། སྤྱི་ཚོགས་ཀྱི་འགྲོ་སྟངས་དང་ཡང་མི་མཐུན། ཉེས་པ་ལ་ཉེས་པ་གཅད་དགོས་པ་ནི་འདུལ་བའི་དགོངས་དོན་ཡིན་པ་མ་གཏོགས། རང་འདོད་ཀྱིས་འཐེན་ནས་ཕྱིན་པ་ཡིན་ཚེ་ཁོ་རང་དགོན་པའི་སྐྱིད་སྡུག་ནས་ཕྱིན་ཚར་སོང༌། བཤད་དགོས་གང་ཡང་མི་འདུག་ཅེས་བཤད་ནས་བཞག་ན་དེ་འདུལ་བ་དང་ཡུལ་ཁྲིམས་གཉིས་ཀ་དང་མི་མཐུན་པར་བརྟེན། མ་འོངས་པར་དེ་ཚོའི་ཐོག་ལ་ངེས་པར་དུ་དགོངས་པ་བཞེས་རོགས་གནང་ཞེས་མི་མང་གིས་འོས་བསྡུ་བྱས་པའི་བཀའ་བློན་ཁྲི་པ་ཆབ་སྲིད་ཀྱི་འགན་ཡོད་པ་ཞིག་ཡིན་པའི་ཆ་ནས་ཞུ་གི་ཡོད། བོད་གཞུང་ལ་བསྟན་པ་མཆོད་སྦྱིན་གྱི་མངའ་བདག་དང༌། བསྟན་པ་སྟོབས་ཀྱིས་འཛིན་མཁན་ཞེས་བརྗོད་པར་བརྟེན། གཞུང་གི་ངོས་ནས་ཀྱང་སངས་རྒྱས་ཀྱི་བསྟན་པའི་དག་ཐེར་བྱེད་དགོས་རྒྱུ་དེ་ཆོས་ལྡན་ཞིང་གི་སྒྲིག་འཛུགས་ཀྱི་སྤྱི་སྲོལ་ལྟ་བུ་རེད། དེས་ན་ངས་བློ་ཁོག་བྱས་ཏེ་བཤད་པ་མ་གཏོགས། སྐྱོན་བརྗོད་ཀྱི་ངོ་བོར་ཞུ་གི་མེད་པས་གསན་ཕྱོགས་མ་ནོར་བ་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་ནས་དོན་ཚན་གཞན་ཞིག་ལ། བོད་མི་རིགས་ཀྱི་གཅེས་ནོར་དེ་བོད་ཀྱི་ལེགས་བྱང་དང་རིག་པའི་གཞུང་ལུགས་དེ་ཚོ་རེད། ད་ལྟ་འཛམ་གླིང་ནང་བོད་མི་སྐྱབས་བཅོལ་བ་སྦར་མོ་གང་ལས་མེད་རུང་གང་དུ་ཡིན་ཡང་བོད་ཀྱི་ངོས་འཛིན་ཐོན་ཐུབ་པ་ཞིག་དང༌། བོད་ཀྱི་གནས་ཚུལ་གསལ་པོ་བཟོ་ཐུབ་པ་དེ་ང་ཚོའི་ཆོས་དང་ལེགས་བྱང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་ཞིང༌། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ཀུན་ཁྱབ་མི་རིགས་ཀྱི་ལས་འགན་དེ་ཡང་ང་ཚོའི་ཐུན་མོང་མ་ཡིན་པའི་ནང་དོན་རིག་པ་དང༌། ནང་དོན་རིག་པ་དང་འབྲེལ་བའི་རིག་པའི་གནས་དེ་རྣམས་སྲུང་སྐྱོབ་བྱེད་དགོས་པ་དེ་རེད། དེའི་ཐོག་རང་དབང་གི་ལུང་པའི་ནང་སྡོད་མཁན་ཚོས་ངེས་པར་དུ་སྔར་ལྷག་ཐུགས་འགན་བཞེས་དགོས། དེ་བཞིན་སློབ་གྲྭ་ཁག་ཏུ་ཡོད་པའི་སློབ་ཕྲུག་རྣམས་ཀྱིས་ཀྱང་ཉི་མ་གང་འཁྱོལ་མ་ཡིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ད་ལྟ་ལག་ལེན་བསྟར་བཞིན་པ་དེ་ཚོ་ཚད་ལྡན་ལག་བསྟར་ཐུབ་ཆེད་ངེས་པར་དུ་དགོངས་པ་ཟབ་རྒྱས་བཞེས་དགོས་ཀྱི་འདུག་ཅེས་འབོད་བསྐུལ་ཞུ་རྒྱུ་ཡིན།
བཙན་བྱོལ་བོད་མིའི་སྤྱི་ཚོགས་རྒྱ་གར་གྱི་མི་འབོར་ས་ཡ་མང་པོའི་ནང་བརླག་མི་འགྲོ་བ་དང༌། སིམ་མི་འགྲོ་བར་བོད་མིའི་ངོས་འཛིན་དང་བོད་ཀྱི་རིག་གཞུང་རྒྱུན་འཛིན་གྱིས་གནས་ཐུབ་དང་མི་ཐུབ་ནི་བོད་པའི་སྤྱི་ཚོགས་ཟུར་དུ་ཡོད་པའི་གཞིས་ཆགས་ཁག་དེ་ཚོ་བརྟན་ལྷིང་ཡོང་མིན་ལ་རག་ལུས་པ་ཞིག་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་མ་ཐག་སྐབས་དེ་དུས་བོད་མི་སྐྱབས་བཅོལ་བ་ཁྲི་བརྒྱད་ཙམ་མ་གཏོགས་མེད་ཀྱང༌། བོད་པའི་གཏམ་དཔེ་བཞིན། དེ་ཚོ་རྩྭ་གང་ཡག་དང་ཆུ་གང་བཟང་ལ་མ་བཏང་བར་ཧ་ཅང་ཕུགས་རྒྱང་རིང་པོའི་དགོངས་བཞེས་དང་སྐུ་ངལ་འཛེམས་མེད་ཀྱིས་འཆར་གཞི་བསྒྲིགས་པ་གནང་སྟེ་མཉམ་འདུས་ཆེད་གཞིས་ཆགས་ཁག་ཆེན་པོ་དེ་རྣམས་བསྐྲུན་ཐུབ་པ་དེ་དངོས་གནས་ངོ་མཚར་དངོས་བྱུང་ཞིག་རེད། དེ་དང་ཆབས་ཅིག་བོད་ཕྲུག་ན་གཞོན་རྣམས་རྒྱ་གར་གྱི་སློབ་གྲྭ་ལེགས་གྲས་ཁག་གི་ནང་བགོ་བཤའ་བརྒྱབ་ན་ཉིན་གཅིག་གཉིས་ནང་བསྒྲུབ་ཐུབ་པའི་ཕྱག་ལས་ཤིག་ཡིན་རུང༌། དེ་འདྲ་མ་གནང་བར་ཟུར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་རྣམས་དེང་རབས་ཀྱི་སློབ་སྦྱོང་དང་མཉམ་དུ་འགྲོ་ཐུབ་ཆེད་དམིགས་བསལ་སློབ་གྲྭ་གོ་སྒྲིག་གནང་བ་དེར་ད་ལྟ་ལོ་ ༤༩ རྗེས་ཕྱི་བལྟས་སློག་སྐབས་དེ་དག་ནི་དངོས་གནས་རླབས་ཆེན་གྱི་དགོངས་བཞེས་དང༌། འཆར་གཞི་ཆེན་པོ་ཞིག་བསྒྲུབས་ཐུབ་པ་གནང་འདུག་སྙམ་པ་ད་ལྟ་གཞི་ནས་ང་ཚོས་ངོས་འཛིན་ཐུབ། ད་དུང་ང་ཚོ་ལོ་བཞི་བཅུ་ཞེ་གྲངས་ཤིག་བཙན་བྱོལ་དུ་ལྷག་རུང༌། ང་ཚོའི་སྤྱི་ཚོགས་དེ་གྲ་མ་ཉམས་པ་དང་གྲུ་མ་ཞིག་པར་བསྡད་མ་ཐུབ་ན་ང་ཚོའི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་ཐུབ་ཐབས་མེད། དེར་བརྟེན་གཞིས་ཆགས་ཁག་རྣམས་བརྟན་ལྷིང་ཡོང་ཆེད་ང་ཚོའི་འཚོ་བའི་རྟེན་གཞི་གཙོ་བོ་དེ་སོ་ནམ་གྱི་ལས་ཀ་རེད། སོ་ནམ་གྱི་ལས་ཀ་ནི་དུས་རབས་ཉེར་གཅིག་ནང་སླེབས་དུས་ཕུགས་བརྟན་འཕེར་ཤོས་ཀྱི་འཚོ་བའི་མདུན་ལམ་ཞིག་ལ་རིམ་པས་བརྩི་ཡོང་གི་ཡོད། སྤྱིར་བཏང་བཟོ་ལས་དང་ཚོང་ལས་ཡར་རྒྱས་ཕྱིན་པའི་དབང་གིས་བར་ལམ་ནུབ་ཕྱོགས་ཀྱིས་མཚོན་པའི་ཡར་ཐོན་ཅན་དུ་གྲགས་པའི་རྒྱལ་ཁབ་དེ་ཚོའི་ནང་སོ་ནམ་གྱི་ལས་དོན་ཉམས་ཆག་ཕྱིན་པ་ལས་ད་ལྟ་དཀའ་ངལ་འཕྲད་མུས་རེད། དེར་བརྟེན་སོ་ནམ་པ་ཚོར་རོགས་སྐྱོར་སྤྲོད་དགོས་པའི་གནས་སྟངས་ཤིག་ཏུ་སླེབས་ཡོད། འོན་ཀྱང་ང་ཚོའི་གཞིས་ཆགས་མང་ཆེ་བ་སོ་ནམ་གྱི་འཚོ་ཐབས་ཐོག་བསྐྲུན་ཐུབ་པ་འདི་ད་ལྟ་ཕྱིར་བལྟས་བྱེད་སྐབས་དམིགས་བསལ་གྱིས་ཕུགས་འཕེར་ཐུབ་པའི་གཞིས་ཆགས་སུ་ངོས་འཛིན་ཐུབ་ཅིང༌། ས་ཆ་རྣམས་མི་གཞན་ལ་འབོག་གཏོང་འཇོག་རྒྱུ་དང༌། འདེབས་ལས་མ་བྱས་པར་འཇོག་རྒྱུ་བཅས་ནི་འོས་འཚམས་ཤིག་གཏན་ནས་མིན་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དགོངས་མཐུན་རྒྱབ་སྐྱོར་བྱུང་བ་བཞིན་སྐབས་བཅིུས་པའི་བཀའ་ཤག་གིས་སོ་ནམ་ཞིང་ལས་ཡོངས་རྫོགས་སྲོལ་རྒྱུན་དང་སྐྱེ་ལྡན་ཐོག་འགྲོ་རྒྱུའི་ལས་གཞི་བརྩམས་པ་རྣམས་ཕུགས་འཕེར་ཡོང་ཐབས་ཐོག་གཞིས་ཆགས་ཀྱི་སྒྲིག་འཛུགས་དང་ཡུལ་མི་ཚང་མས་མཉམ་རུབ་གནང་རོགས་ཞེས་ཞུ་གི་ཡོད། དེ་བཞིན་གཞིས་ཆགས་བརྟན་ལྷིང་ཐུབ་ཆེད་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་སྲུང་ཟེར་བ་ལྟར་ཡུལ་ཁྲིམས་དང་མཐུན་པ་དང༌། ཡུལ་མི་དང་འབྲེལ་ལམ་དགོས་པ། ལུང་པའི་ཁྲལ་སོགས་ཆད་མེད་འབུལ་དགོས་བཅས་ལ་ཚང་མས་དགོངས་པ་བཞེས་དགོས། དེ་མཚུངས་མཉམ་འབྲེལ་ཞེས་པ་ནི་རྒྱ་གར་ནང་གལ་གནད་ཆེ་བའི་སྒྲིག་འཛུགས་ཤིག་དང༌། དབུས་དང་མངའ་སྡེའི་གཞུང་གི་ངོས་ནས་རོགས་སྐྱོར་ཆེན་པོ་འཐོབ་རྒྱུ་ཡོད་པའི་སྒྲིག་འཛུགས་ཤིག་རེད། མོན་གྷོའི་མཉམ་འབྲེལ་སྒྲིག་འཛུགས་དེ་བོད་མིའི་གཞིས་ཆགས་གཞན་གྱི་མཉམ་འབྲེལ་སྒྲིག་འཛུགས་དང་བསྡུར་སྐབས་ཡར་ཐོན་ཆེ་ཤོས་ཐོན་པར་བརྟེན། བོད་གཞུང་ནང་སྲིད་ལས་ཁུངས་ནས་མོན་གྷོའི་མཉམ་འབྲེལ་དེ་མིག་དཔེར་འོས་པའི་མཉམ་འབྲེལ་ཞིག་ཏུ་བསྐྲུན་ཆེད་འདས་པའི་ལོ་གཉིས་གསུམ་ནས་ལས་གཞི་འགྲོ་མུས་རེད། མཉམ་འབྲེལ་ནི་གཞིས་ཆགས་ཀྱི་ཡུལ་མི་སྤྱིའི་སྒྲིག་འཛུགས་ཤིག་ཡིན་པས་ཁེ་བཟང་ཞིག་བྱུང་ནའང་གཞིས་ཆགས་ཀྱི་ཡུལ་མི་ཡོངས་རྫོགས་ལ་རག་རྒྱུ་ཞིག་དང༌། འབད་བརྩོན་བྱེད་སྐབས་ཀྱང་ཡུལ་མི་ཡོངས་ནས་འབད་བརྩོན་བྱེད་དགོས་རྒྱུའི་གནས་སྟངས་ཤིག་ཡིན་པས་དེའི་ཐོག་ཚང་མས་ཐུགས་འགན་བཞེས་རོགས་གནང་ཞུ་རྒྱུ་ཡིན། ད་རེས་ཀྱི་ལས་བསྡོམས་ཚོགས་འདུའི་དུས་ཚོད་དེ་ཕར་འགྱངས་པར་བརྟེན། དུས་ཚོད་མང་པོ་ཆུད་ཟོས་མི་འགྲོ་ཆེད་ངས་མདོར་བསྟན་གྱི་ཚུལ་དུ་ཞུ་གི་ཡོད། ཇི་ལྟར། སྐལ་ལྡན་རྣམ་དཔྱོད་ཅན་ལ་ཕྱོགས་ཙམ་ཞིག །ཅེས་བཤད་དེ་རྒྱས་བཤད་ཁྱེད་ཚོས་གནང་ཐུབ། ཡིན་ནའང་གནད་འགག་ཡོད་པའི་དོན་ཚན་ཚང་མར་ས་བཅད་མ་སྟོང་ཙམ་ངེས་པར་དུ་ཞུ་རྒྱུ་ཡིན།
ད་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་མོལ་ཐེངས་དྲུག་བྱུང་ཡོད་ཅིང༌། ད་ལྟ་གང་འདྲ་ཞིག་ལ་སླེབས་ཡོད་མེད་དང༌། མ་འོངས་པར་ང་ཚོའི་འགྲོ་ཕྱོགས་གང་འདྲ་ཡིན་མིན་ཐད་ངེས་པར་དུ་ཚང་མས་མཁྱེན་འདོད་ཡོད་རྒྱུ་རེད། བཀའ་བློན་ཁྲི་པ་དངོས་སུ་ས་གནས་ལ་འབྱོར་སྐབས་དེའི་སྐོར་གནས་ཚུལ་མདོར་བསྡུས་ཤིག་མ་ཞུས་ན་ཆ་མ་ཚང་བ་ཆགས་མི་ཡོང་ངམ་སྙམ། འདས་པའི་འབྲེལ་མོལ་ཐེངས་དྲུག་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པས་ྋགོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས་དང༌། བཙན་བྱོལ་སྤྱི་ཚོགས་ཀྱི་ལངས་ཕྱོགས་ཀྱི་མངོན་འདོད་གང་ཡིན་ཆ་ཚང་མ་གོ་མ་ཐོས་མེད་པར་ཞིབ་གསལ་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདུན་ལ་བཤད་ཐུབ་པ་བྱུང་ཡོད། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་འདས་པའི་ལོ་དྲུག་རིང་རྣམ་འགྱུར་འདྲ་མིན་དང་རིང་ཐུང་སྣ་ཚོགས་ཤིག་བསྟན་ཡོད་ཅིང༌། ཁ་ཤས་འབྲེལ་བ་ཡོད་པའི་རྣམ་འགྱུར་དང༌། ཁ་ཤས་འབྲེལ་བ་མེད་པའི་རྣམ་འགྱུར་ཅི་རིགས་རེད། གང་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྡ་མཚོན་དང་རྣམ་འགྱུར་དེ་ཚོ་གླང་པོ་ཆེའི་སོ་བཞིན་ཕྱི་ལ་བསྟན་རྒྱུ་དང༌། རྩལ་གཟིགས་སྐབས་རྩྭ་ཟ་བྱེད་ཀྱི་སོའི་གནས་བབ་དང༌། ཕྱི་ལ་བསྟན་རྒྱུའི་སོའི་གནས་བབ་གཉིས་ཀ་བསྡོམས་བརྒྱབས་ནས་གཟིགས་ན་ཆ་ཚང་ཞིག་མཁྱེན་ཐུབ་པ་མ་གཏོགས། ཕྱི་ལ་ཐོན་པའི་སོ་རྐྱང་པ་ལ་གཟིགས་ན་ང་ཚོའི་ཆབ་སྲིད་ཀྱི་གནས་འབབ་དེ་ཡག་པོ་གོ་བརྡ་འཕྲོད་མི་ཐུབ། དེས་ན་ང་ཚོའི་རྩ་དོན་དང་པོ་ནི་བོད་ཀྱི་འདས་པའི་བྱུང་རབས་དེ་འདས་པ་ཡིན་སྟབས་ང་ཚོས་བཟོ་བཅོས་གང་ཡང་གཏོང་རྒྱུ་མེད་པ་དེ་རེད། ཞི་མོལ་ཡོང་གི་ཡོད་རུང་མེད་རུང༌། ཆབ་སྲིད་ཀྱི་དགོས་མཁོའི་ཐོག་ནས་བྱུང་རབས་ལ་བཟོ་བཅོས་གཏང་རྒྱུ་མེད་པ་དེ་གསལ་པོ་བཟོས་ཟིན། དེ་བཞིན་ང་ཚོས་རང་བཙན་མ་རྩོད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་འོག་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་མིང་དོན་མཚུངས་པ་ཞིག་རྩོད་གླེང་བྱེད་ཀྱི་ཡོད། མི་རིགས་ས་གནས་རང་སྐྱོང་ཟེར་བ་ནི་གྲངས་ཉུང་མི་རིགས་ཁག་གི་ཆེད་དུ་རེད། བོད་རིགས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་གྲངས་ཉུང་མི་རིགས་ ༥༥ ནང་ནས་གཅིག་མ་གཏོགས་མང་པོ་གང་ཡང་མིན། དེར་བརྟེན་བོད་རིགས་ལ་འཐོབ་རྒྱུའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དེ་ཡང་བོད་རིགས་ཡོངས་སུ་རྫོགས་པར་འཛིན་སྐྱོང་གཅིག་གི་འོག་ལ་ཐོབ་དགོས་པ་མ་གཏོགས། དུམ་བུར་བགོས་ནས་དབང་བསྒྱུར་བྱེད་ཅེས་སྔོན་གྱི་རྒྱལ་པོ་ཚོའི་བྱེད་སྟངས་བཞིན་བོད་རིགས་ས་ཡ་དྲུག་ལས་མེད་པ་དེ་ཡང་དུམ་བུ་བཅུ་གཅིག་བཅིུས་ལ་བགོས་ན་མི་འགྲིགས་པ་དེ་ང་ཚོའི་རྩ་དོན་གཉིས་པ་དེ་རེད། རྩ་དོན་གཉིས་པོ་དེ་ཁོང་ཚོར་གསལ་པོ་བཟོས་ཡོད་ལ། ཁོང་ཚོའི་ངོས་ནས་ཀྱང་དེའི་གནས་བབ་དེ་གསལ་པོ་ཤེས་ཀྱི་ཡོད། དེས་ན་ད་ལྟ་འདིའི་ཐོག་འགགས་ཡོད་པར་བརྟེན། མ་འོངས་པར་སངས་ཐབས་ཡོད་མེད་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱག་ཏུ་ཡོད། ལར་ནས་ཁྲིམས་དང་ཆབ་སྲིད་ཀྱི་ཚན་རིག་ཐོག་ནས་བལྟས་ན་སངས་མི་ཐུབ་པ་གང་ཡང་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་ཆབ་སྲིད་ཀྱི་ཆོད་སེམས་ཤིག་དགོས་པ་མ་གཏོགས། དེ་ལས་གཞན་པ་གང་ཡང་དགོས་ཀྱི་མེད་ཅིང༌། རྩ་ཁྲིམས་བསྐྱར་བཅོས་བྱེད་དགོས་དོན་མེད་ལ། སྲིད་བྱུས་འགྱུར་བའང་གཏོང་དགོས་ཀྱི་མེད། གང་ཡོད་པ་དེ་ལྷག་བསམ་རྣམ་དག་དང་མིང་དོན་མཚུངས་པའི་ཐོག་ནས་ལག་བསྟར་བྱེད་ན་དེ་གས་འགྲིགས་པ་ཞིག་རེད། དེས་ན་ང་ཚོའི་འོས་ཤིང་འཚམས་པའི་རེ་འདུན་དེ་འགྲུབ་ཀྱི་མ་རེད་བསམ་པའི་དྭོགས་པ་གང་ཡང་མེད། འོན་ཀྱང་ྋསྐྱབས་མགོན་རིན་པོ་ཆེས་དུས་རྟག་ཏུ་རེ་བ་བཟང་ས་ནས་བརྒྱབ་དགོས་པ་དང༌། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་པ་གཞིར་བཟུང་ཕྱོགས་གཅིག་ནས་ང་ཚོའི་མངོན་འདོད་དེ་འོས་འཚམས་དང་ཁྲིམས་མཐུན་ཡིན་སྟབས་ངེས་པར་དུ་འགྲུབ་པའི་རེ་བ་དང་ཡིད་ཆེས་ཡོད་རུང༌། གལ་སྲིད་བོད་ཀྱི་གནས་བབ་དེ་ད་དུང་ལོ་བརྒྱ་ཕྲག་རེ་ཟུང་དེ་མུར་གནས་དགོས་བྱུང་ན། ང་ཚོའི་འཐབ་རྩོད་དེ་བོད་མི་རིགས་ཀྱི་འཐབ་རྩོད་ཡིན་པས་བོད་མི་རིགས་ནམ་གནས་ཀྱི་བར་དུ་གནས་དགོས་པར་བརྟེན། ང་ཚོའི་ལས་འགན་གཙོ་བོ་དེ་བོད་རིགས་ན་གཞོན་ཡོངས་སུ་རྫོགས་པར་ཆོས་སྲིད་ཟུང་འབྲེལ་དང༌། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་དགོས་པ་དང༌། དེའི་ཐོག་ནས་ང་ཚོའི་འཐབ་རྩོད་མུ་མཐུད་དེ་མི་རབས་ནས་མི་རབས་ལ་རྩིས་སྤྲོད་ཀྱིན་འགྲོ་ཐུབ་པའི་འཆར་གཞི་བཏིང་རྒྱུ་དེ་རེད། དེ་ཚོའི་ཐོག་ང་ཚོས་བསམ་བློ་གཏོང་བཞིན་པ་དང་གོ་སྒྲིག་བྱེད་བཞིན་པ་ཡིན།
ད་ལྟའི་ཆར་ང་ཚོའི་ལངས་ཕྱོགས་དང་མ་འོངས་པའི་བྱེད་ཕྱོགས་གང་རེད་ཅེ་ན། འགྲེལ་བཤད་མང་པོ་ཞུ་མི་དགོས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་ཨ་རི་གྲོས་ཚོགས་ནང་གྲོས་ཚོགས་ཀྱི་གཟེངས་བསྟོད་མཐོ་ཤོས་གསེར་གྱི་རྟགས་མ་འབུལ་བཞེས་མཛད་སྐབས་སུ་སྤྱིར་འཛམ་གླིང་ཡོངས་རྫོགས་ཀྱི་འགྲོ་བ་མིའི་བདེ་སྐྱིད་ཀྱི་སྐོར་དང༌། ལྷག་པར་དུ་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་སྐོར་ཧ་ཅང་ཞལ་གསལ་པོ་བཀའ་གནང་ཡོད། དེ་དག་ཤེས་བྱ་དུས་དེབ་དང༌། ཆབ་སྲིད་ལམ་སྟོན་དྲིལ་བསྒྲགས་ཡིག་ཆ་ཁག་ནང་ཡོད་ཅིང༌། ད་དུང་མི་འདེང་ན་ས་གནས་འགོ་འཛིན་བརྒྱུད་ཡིག་ཆ་དེ་རྣམས་བཞེས་ཏེ་གཟིགས་ན། གཉིས་སྨན་དབུ་མའི་ལམ་ལ་ནམ་ཡང་འགྱུར་བ་མེད་པའི་ཐོག་ནས་མ་འོངས་པར་ང་ཚོའི་གོམ་པ་སྤོ་སྟངས་ཀྱི་ཕྱོགས་དང༌། ལམ། ཐབས་ཚུལ་བཅས་ཆ་ཚང་ཞིབ་ཕྲ་ཤེས་ཐུབ། བཀའ་གནང་བ་དེ་དག་ང་ཚོའི་ཆབ་སྲིད་ཀྱི་ལམ་སྟོན་དམིགས་བསལ་བ་ཞིག་དང༌། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ཀྱི་གསལ་བཤད་བླ་ན་མེད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། དེ་དག་ལ་ཐུགས་ཞིབ་གནང་རོགས་ཞེས་ཞུ་རྒྱུ་ཡིན།
དེ་ནས་ངས་གནད་འགག་ཆེ་བའི་གནས་ཚུལ་ཞིག་ཞུ་རྒྱུ་ཡོད་ཅིང༌། དོལ་རྒྱལ་བསྟེན་གསོལ་བྱེད་ཕྱོགས་སྐོར་དེ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དེའི་སྐོར་མ་ཤེས་ལམ་སྟོན་གྱི་བཀའ་སློབ་གནང་ནས་ཧ་ལམ་ལོ་ངོ་ཧྲིལ་པོ་སུམ་ཅུ་སོ་གྲངས་འཁོར་བའི་རྗེས་སུའང་ད་དུང་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་དང༌། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ནང་མི་ཐབས་ཆག་ང་ལྟ་བུ་ཞིག་གིས་དོལ་རྒྱལ་བསྟེན་རྒྱུ་མེད་ཅེས་བསྐྱར་དུ་བཤད་དགོས་བྱུང་བ་དེར་ཧ་ཅང་བློ་ཕམ་བྱུང༌། གང་ལམ་སྟོན་གནང་བ་དེ་ྋརྒྱལ་དབང་རིན་པོ་ཆེར་དད་པ་དང་བླ་མ་ཡིན་ཞེས་བརྗོད་མཁན་ཡོངས་སུ་རྫོགས་པས་ཉིན་གཅིག་ལ་ལག་བསྟར་མ་ཐུབ་པ་དང་མ་ཤེས་པ་གང་ཡང་མེད། འོན་ཀྱང་དམ་ཚིག་ཉམས་པའི་མཁྲེགས་བཟུང་ཅན་རེ་ཟུང་གིས་གནས་ཚུལ་དེ་མུ་མཐུད་ནས་སྤྱི་ཚོགས་ནང་རྙོག་འཛིངས་དང༌། གདན་ས་ཁག་ནང་ལྷིང་འཇགས་མི་ཡོང་བ་བཟོ་རྒྱུའི་འབད་བརྩོན་མུ་མཐུད་བྱེད་བཞིན་ཡོད། དེ་དག་ཐག་གཙང་མ་གཅད་རྒྱུའི་དུས་ཚོད་ཅིག་ལ་སླེབས་ཡོད། དེ་རིང་ངས་སེམས་ཚོར་དྲག་པོའི་ཐོག་ནས་འདིར་ཡོད་མཁན་པོ་བླ་སྤྲུལ་གྱིས་མཚོན་པའི་དགེ་འདུན་ཡོངས་རྫོགས་ལ་རེ་འདུན་ཞུ་རྒྱུར། རྗེས་མ་ལོ་ཤས་རྗེས་ང་འདིར་བསྐྱར་དུ་བཅར་རྒྱུ་བྱུང་ན་བགྲོ་གླེང་སྐབས་བསྐྱར་དུ་དོལ་རྒྱལ་གྱི་མིང་འབོད་མི་དགོས་པ་གཙང་མ་ཞིག་ཆགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ དགོས་ཞེས་བཙན་བྱོལ་གཞུང་གིས་བཀའ་གཏོང་གི་མེད་ལ། ྋརྒྱལ་བ་རིན་པོ་ཆེས་བཙན་བཀའ་གནང་གི་མེད། དེའི་སྐོར་མཁན་པོ་བླ་སྤྲུལ་རྣམ་པས་སྔ་ཕྱི་བར་གསུམ་ལ་གྲོས་ཆོད་གང་བཞག་པ་དང༌། སྒྲིག་གཞི་གང་བཟོས་པ། བཀའ་བསྡུར་ག་ཚོད་གནང་བ་དེ་དག་ངས་དྲན་གསོ་ཞུ་གི་ཡོད། དེ་ཚོ་གང་གིས་ཀྱང་བཙན་དབང་བཏང་ནས་བཞག་པ་ཞིག་མིན། གང་ལྟར་གྲོས་ཆོད་ནང་ཤ་ཁག་ཁག་དང་གྲི་སོ་སོ་བཟོ་རྒྱུ་དང༌། ཁ་དང་ཁ་སྤུ་ལོགས་སུ་དབྱེ་རྒྱུ་ཡིན་ཞེས་དང༌། དེ་བཞིན་དགེ་ལུགས་སྤྱི་ལ་ཁྱབ་པའི་སྒྲིག་གཞིའི་ནང་གདན་ས་ཁག་ཏུ་འཛུལ་སྐབས་དོལ་རྒྱལ་དང་འབྲེལ་མེད་དགོས་པ་དེ་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་བཀོད་ཡོད་ཅིང༌། དེ་ཚོ་སོ་སོས་བདག་པོ་མ་གནང་ན་དེ་གང་འདྲ་ཡིན་ནམ། འགའ་ཞིག་གིས་ྋསྐྱབས་མགོན་རིན་པོ་ཆེས་དོལ་རྒྱལ་སྐོར་ལ་མ་གསུང་ན་ལེགས་ཤིང༌། དེ་ནི་དོན་མེད་རྙོག་དྲ་རེད་ཅེས་དགོངས་མཁན་འདུག ང་ལ་ཡང་ཤ་ཚའི་ཐོག་ནས་དེའི་སྐོར་ལ་མང་པོ་བཤད་ན་ཉེན་ཁ་ཡོད་རེད་ཅེས་ཤོད་མཁན་བྱུང༌། དེ་ལ་ཉེན་ཁ་གང་ཡོད་དམ། སྐྱེ་ཐེངས་གཅིག་ལ་ཤི་ཐེངས་གཅིག་མ་གཏོགས། བསྐྱར་ལྡབ་ཡང་ལྡབ་ཀྱིས་ཤི་རྒྱུ་གང་ཡང་མེད། དོལ་རྒྱལ་ཚོགས་པས་བསད་ནའང་ཤི་རྒྱུ་རེད་ལ། དོལ་རྒྱལ་ཚོགས་པས་མ་བསད་པར་ལྷག་ནའང་ཤི་རྒྱུ་རེད་མ་གཏོགས། ང་མ་ཤི་བར་ལྷག་རྒྱུ་གང་ཡང་མེད། ྋརྒྱལ་དབང་ལྔ་པ་ཆེན་པོ་དང༌། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་མཚོན་པའི་ཚད་ལྡན་གྱི་སྐྱེས་བུ་དམ་པ་མང་པོས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། ཁྱད་པར་བོད་ཀྱི་བསྟན་པ་ཆབ་སྲིད་ལ་དགོངས་པ་བཞེས་ཏེ་དོལ་རྒྱལ་བཀག་འགོག་གནང་བ་ལས། རྙོག་དྲ་བཟོ་ཆེད་གནང་བ་ཞིག་རྩ་བ་ནས་མིན། རྒན་ལྡན་མ་སྟོང་དཔོན་རིན་པོ་ཆེའི་ཆོས་དབྱིངས་རྣམ་འབྱེད་ཀྱི་འགྲེལ་པའི་ནང༌། རྒན་མོ་རྒས་ཤིང་འཁོགས་པ། གོམ་པ་འདེགས་འཁྱོར་བ། མིག་ལོང་བ་ཞིག་གཡང་སའི་ཕྱོགས་སུ་འགྲོ་བཞིན་འདུག་ན། དེར་མ་འགྲོ་ཞེས་ལབ་རྒྱུ་མེད་དམ་ཞེས་གསུངས་ཡོད། གང་ལྟར་རྙོག་དྲ་ཡོང་གི་རེད་ཅེས་ཁ་ཁ་སྡོད་དགོས་སམ། གལ་སྲིད་བྱམས་པ་དང་སྙིང་རྗེའི་ས་བོན་ཕྲན་བུ་ཡོད་ན་དེ་འདྲ་བའི་གང་ཟག་ཉམ་ཐག་པ་གཡང་སའི་ངོས་སུ་འགྲོ་ན་དེ་ནས་འགྲོ་རྒྱུ་མེད་ཅིང༌། ལམ་ཡག་པོ་མེད་སྐོར་བརྗོད་རྒྱུ་དེ་མིག་ཡོད་ཚང་མའི་ལས་འགན་མིན་ནམ། དེ་ལྟར་ང་ཚོ་ལམ་ནོར་ཐོག་ནས་གཡང་ལ་མཆོང་བ་དེར་ྋགོང་ས་སྐུ་འཕྲེང་ན་རིམ་གྱིས་ལམ་སྟོན་གནང་བ་དེ་སྙིང་རྗེས་ཀུན་ནས་བསླངས་པ་ཞིག་ལས་རྙོག་དྲ་སློང་ཆེད་ནམ་ཡང་མིན། དེར་བརྟེན་གདན་ས་ཁག་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྗེས་སུ་ྋཞབས་སོར་འཁོད་སྐབས་གང་དུ་གསུང་ཆོས་གནང་བ་ཡིན་ནའང་ཐུགས་འཚེར་སྣང་མེད་པའི་ཐོག་ནས་གནང་ཐུབ་པ་བཟོ་དགོས་རྒྱུ་དེ་གདན་ས་སོ་སོའི་དགེ་འདུན་པ་དང་དབུ་ལ་བཞུགས་མཁན་ཚོའི་ཐུགས་འགན་རེད། ཆོས་འབྲེལ་གནང་སྐབས་ཐུགས་དོགས་མེད་པ་ཞིག་བཟོ་མ་ཐུབ་ན། སྦྱིན་བདག་ཞུས་ཏེ་མཐུན་རྐྱེན་སྦྱར་རྒྱུ་ཡིན་པས་ཆོས་འབྲེལ་གནང་རོགས་ྋསྙན་གསན་ཞུས་ཡོད་ཅེས་གསུངས་པ་ཙམ་གྱིས་ཕན་ཐོགས་མེད། སྣོད་སྨིན་པ་དང་གདུལ་བྱ་གཙང་མ་ཞིག་བཟོ་ཐུབ་ན། ཆོས་སྒོ་སྐྱེལ་གྱི་ཚུལ་དུ་ཏན་ཏན་ཡོང་གི་རེད། དེའི་ཐོག་ཚང་མས་དགོངས་པ་བཞེས་དགོས། ཉེ་ཆར་འཇམ་དབྱངས་དགུན་ཆོས་ཚོགས་སྐབས་དོལ་རྒྱལ་དང་འབྲེལ་བ་ཡོད་པའི་དོགས་པ་ཡོད་སར་བགྲོ་གླེང་བྱེད་མཁན་བྱུང་མེད་ཚུལ་གོ་ཐོས་བྱུང་སྐབས་དཔེ་མི་སྲིད་པའི་ཡག་པོ་རེད་ཅེས་བཤད་རྒྱུ་བྱུང༌། དེ་ནི་འདུལ་བ་དང་མཐུན་ལ། ཆོས་དང་ཡང་མཐུན་ཞིང༌། དམ་ཆོས་འདུལ་བའི་ནང་ཆོས་དང་འདུལ་བ་བཞིན་མི་བྱེད་མཁན་ཚོ་ཕྱིར་བཅོས་པའི་ཐབས་སུ་ནན་ཏུར་དངོས་བསྟན་བཅོ་ལྔ་དང༌། མདོར་བསྡུས་སྦྱར་བ་གསུམ་བཅས་ནན་ཏུར་བཅོ་བརྒྱད་བཀའ་གནང་ཡོད། འདིར་བཞུགས་པའི་འདུལ་བ་འཛིན་པ་ཚང་མས་མ་མཁྱེན་པ་མེད། དེ་ལྟ་བུའི་ནན་ཏུར་བཅོ་བརྒྱད་དེ་སངས་རྒྱས་ལ་ཐུགས་རྗེ་དང་བརྩེ་བ་མེད་པར་བཀའ་གནང་བ་ཨེ་ཡིན། བརྩེ་བ་དང་སྙིང་རྗེའི་བདག་ཉིད་སངས་རྒྱས་ཀྱིས་ནན་ཏུར་བྱ་བར་འོས་པ་ལ་ནན་ཏུར་བྱ་དགོས་ཤིང༌། དེ་ཡང་གཏམ་མི་འདྲི་བ་དང༌། ཆོས་དང་ཟང་ཟིང་ལ་ལྷན་ཅིག་ཏུ་ལོངས་མི་སྤྱོད་པ། སྡིགས་པ། བསྐྲད་པ། གནས་ནས་དབྱུང་བ་བཅས་རིམ་པ་མང་པོ་གསུངས་ཡོད། དེ་བཞིན་དེང་སྐབས་ལས་བརྒྱ་རྩ་གཅིག་གི་ནང་ནས་གཞི་གསུམ་དང་ཚིགས་སྔ་ཕྱིའི་སྡོམ་པ་འབོགས་ཆོག་ཙམ་མ་གཏོགས། གཞན་ཕྱག་ལེན་ཕལ་ཆེ་ཉམས་ཟིན། ནན་ཏུར་གྱི་ལས་དེ་ཚོ་ཡང་གསོལ་བ་འབའ་ཞིག་པ་དང་གསོལ་བ་དང་བཞིའི་ལས་ཀྱི་སྒོ་ནས་བྱེད་རྒྱུ་སོགས་སྣ་ཚོགས་ཡོད་ཅིང༌། ལས་མ་བྱས་པ་ཙམ་མ་གཏོགས་ཆོས་དང་ཟང་ཟིང་ལ་ལྷན་དུ་ལོངས་མ་སྤྱོད་པར་ཟུར་དུ་གཞག་རྒྱུ་ཡང་ནན་ཏུར་གྱི་བྱ་བ་ཞིག་ཏན་ཏན་རེད་སྙམ། འོན་ཀྱང་རྣམ་པ་ཐམས་ཅད་དུ་འཚེ་བ་མེད་པར་ཕན་སེམས་ཀྱི་ཐོག་ནས་གནང་ཐུབ་དགོས། སྔོན་བཅོམ་ལྡན་འདས་ཞལ་བཞུགས་སྐབས་ཀཽཤཱམ྄བཱི་ཡུལ་གྱི་དགེ་སློང་རྣམས་མཉན་ཡོད་དུ་འབྱོར་སྐབས་ཀུན་དགའ་བོ་གནས་མལ་རྟོག་པར་འཁེལ་ཡོད་ཅིང༌། ཁོང་ཚོ་འཐབ་རྩོད་ཅན་ནན་ཏུར་གྱི་ཡུལ་དུ་གྱུར་པ་ཡིན་སྟབས་ཀུན་དགའ་བོས་ཞལ་མ་གྲག་པར་མཛུབ་བརྡ་བསྟན་ནས་གནས་མལ་འབོགས་པ་རེད་ཅེས་འདུལ་བའི་ལུང་ནང་གསལ་ཡོད། གང་ལྟར་ཁོང་ཚོས་བཟོད་པ་མ་གསོལ་བར་ཀུན་དགའ་བོས་མཚོན་པའི་གཉུག་མར་གནས་པའི་དགེ་འདུན་པ་རྣམས་ཀྱིས་ཀཽཤཱམ྄བཱི་ནས་ཡོང་བ་ཚོར་ཞལ་གྲག་གནང་མེད། ཞལ་མ་གྲག་པ་དང་རྟགས་བསལ་མ་བཏང་བ་གཉིས་གཅིག་མཚུངས་རེད། མདོར་ན་ཆོས་དང་ཟང་ཟིང་ལ་ལྷན་ཅིག་ཏུ་ལོངས་མི་སྤྱོད་པ་དེ་འོས་ཤིང་འཚམས་པ་མ་ཟད། མཁན་རིན་པོ་ཆེ་རྣམ་པ་ཚོས་ཐག་གཅོད་དང་གྲོས་ཆོད་གང་གནང་ཡོད་པ་དེ་དག་ཐོག་དགེ་འདུན་པ་ཚོས་གུས་ཞབས་ལྡན་པའི་ཐོག་ནས་དྲན་བསྐུལ་ཞུས་པ་དེ་དག་ཀྱང་འོས་འཚམས་ཀྱི་བྱ་བ་ཞིག་རེད། དེ་སྔ་ཡིན་ན་དོལ་རྒྱལ་གྱི་གནས་ཚུལ་ནི་འཇིག་རྟེན་པའི་དྲེགས་པ་གཅིག་བསྟེན་དང་མི་བསྟེན་གྱི་དྲི་བ་རྐྱང་པ་ཞིག་རེད། འོན་ཀྱང་ད་ལྟའི་གནས་སྐབས་ལ་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཟིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསམ་མེད་ཀྱི་མི་ཁ་ཤས་ཀྱིས་དོལ་རྒྱལ་རྗེས་འབྲང་བ་ཚོ་ྋརྒྱལ་དབང་རིན་པོ་ཆེའི་ཁ་གཏད་དུ་བེད་སྤྱོད་གཏོང་རྒྱུ་ཡག་ཤོས་ཆགས་འདུག་སྙམ་ནས་རྒྱུ་དངོས་གང་གི་ཐོག་ནས་ཀྱང་རོགས་རམ་དང་མཐུན་འགྱུར་བྱེད་ཀྱི་ཡོད། དོལ་རྒྱལ་གྱི་ཆོས་རྒྱུན་སྤེལ་མཁན་ཕྱི་ནས་གདན་ཞུ་བྱ་དགོས་དང༌། ཕར་དབང་ལུང་མན་ངག་ཞུ་ཆེད་འགྲོ་དགོས་བྱུང་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་འགྲོ་སོང་བཏང་སྟེ་བྱེད་ཀྱི་ཡིན་ཟེར་གྱི་ཡོད་འདུག དེ་དག་ནི་ལྐོག་ལྐོག་སུལ་སུལ་གྱི་སྐད་ཆ་གང་ཡང་མིན་ཞིང༌། མངོན་གསལ་དོད་པོ་དང་ཡོངས་གྲགས་ཀྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་བྱེད་པ་དང༌། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དོལ་རྒྱལ་རྗེས་འབྲང་བ་ཚོ་བེད་སྤྱོད་གཏོང་གི་ཡོད། གནས་ཚུལ་དེ་འདྲ་ཞིག་གི་འོག་ང་ཚོ་བོད་ཀྱི་རྩ་དོན་སྒྲུབ་པའི་ལས་དོན་ཐོག་འགན་ཡོད་མཁན་ཚང་མས་སྣང་མེད་དུ་བཞག་ན་འགྲིགས་སམ། བར་ལམ་འཇིགས་སྐུལ་དང་དྲག་སྤྱོད་ཀྱི་ལས་ཀ་གང་འདྲ་ཞིག་བྱས་ཡོད་པ་དེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཡོད་པ་མ་གཏོགས་དགའ་མིན་དགའ་མདོག་གི་སྐད་ཆ་བཤད་པ་གང་ཡང་མིན། བཙན་བྱོལ་བོད་གཞུང་གི་ངོས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་ཆོས་འབྲེལ་བཞག་ན་འགྲིགས་མིན་བཤད་པ་མ་གཏོགས། དེ་མིན་ཤེས་ཡོན་དང༌། གཞིས་ཆགས་ཀྱི་ཐོབ་ཐང་སོགས་ནས་རིང་ཐུང་བཏང་བ་སྤུ་ཙམ་མེད། ང་ཚོར་ཉེན་ཁ་ཡོད་ཀྱང༌། ཁོ་རང་ཚོར་ཉེན་ཁ་འདུག་ཅེས་རྒྱ་གར་གཞུང་ལ་སྔ་ཕྱི་ལན་མང་ཞུས་ཡོད། ཧམ་པ་རི་ཙམ་བཤད་ན་བདེན་པ་གཡག་ཙམ་ཐོབ་མི་ཡོང་ངམ་སྙམ་གྱི་ཡོད། རྒྱ་གར་གཞུང་ལ་སྐྱག་རྫུན་བཤད་ནས་མགོ་སྐོར་ཐེབས་ཐབས་མེད། དེའི་ཐོག་རྒྱལ་སྤྱིའི་ཉེས་ཡང་ Amnesty International ཚོགས་པ་དང༌། རྒྱ་གར་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཞིབ་འཇུག་མཐིལ་ཕྱིན་བྱས་རྗེས་མཐའ་མའི་གྲུབ་དོན་གང་རྙེད་འདུག ཁྱེད་རྣམ་པ་ཚང་མས་མཁྱེན་གསལ་མ་རེད་དམ། དེར་བརྟེན་ཆོས་ཀྱི་ཐོག་ནས་དཀའ་ངལ་ཡོད་པ་མ་ཟད། ཆབ་སྲིད་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བེད་སྤྱོད་སྡུག་ཤོས་འོག་འགྲོ་མཁན་མཉམ་དུ་ད་དུང་ཉ་དང་ཉུང་མ་མཉམ་བསྲེས་ཀྱིས་བསྡད་ན་ཧ་ཅང་ཁག་པོ་རེད། མཁན་པོ་དགེ་བསྐོས་སོགས་ལས་ཀྱི་སྣེ་མོར་གཏོགས་པ་ཁ་ཤས་ཀྱིས་ཟོལ་མེད་ཐོག་ནས་རང་དོན་རྒྱབ་བསྐྱུར་གྱིས་སྐུ་ངལ་མང་པོ་གནང་འདུག ཕྱག་ལས་ཧ་ཅང་ཡག་པོ་གནང་བ་དེ་ཚོ་ཚང་མ་གཅིག་དང་གཉིས་བྱས་ཏེ་ཤེས་ཀྱི་ཡོད། མ་བསྐུལ་དྭང་བླངས་ཀྱིས་ཕྱག་ལས་གནང་བ་དེ་ཧ་ཅང་གི་ཡག་པོ་རེད། འོན་ཀྱང་ཁ་ཤས་མཁས་པོ་བྱས་ནས་བཞུགས་ཀྱི་ཡོད། བདེ་འཇགས་ལ་གནོད་ཀྱི་རེད་དགོངས་པ་མིན་ནམ། གང་ལྟར་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་ཕྱག་ལས་གཙང་མ་གནང་མཁན་ཚོར་རྟག་ཏུ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། དགོས་གལ་བྱུང་ན་རྒྱབ་སྐྱོར་གང་དགོས་བཙན་བྱོལ་གཞུང་གི་ངོས་ནས་ཞུ་གི་ཡིན་ཞེས་ཤོད་རྒྱུའི་འདོད་པ་བྱུང༌།
མཐའ་དོན་ད་རེས་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ནང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཡོངས་རྫོགས་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་སྐུ་ཚབ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་ཚང་མ་འདིར་ཕེབས་ཐུབ་པ་དང༌། དེ་བཞིན་ས་གནས་ཀྱི་མི་མང་དང་གདན་ས་ཁག་ཚང་མས་མཐུན་འགྱུར་དང་སྣེ་ལེན་ཧ་ཅང་ཟབ་རྒྱས་གནང་བ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།