མདོ་སྟོད་ཆུ་སྒང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

༄༅། ། ད་རེས་ཚོགས་འདུ་འདིར་ཕེབས་པའི་ཚོགས་མི་རྣམ་པ་ཡོངས་ལ་བོད་གཞུང་བཀའ་ཤག་གིས་དགའ་བསུ་དང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གིས་སྐུ་ངལ་འཛེམས་མེད་ཀྱིས་ཆུ་སྒང་རྒྱུན་ལས་འོས་བསྡུའི་ལས་དོན་ལེགས་གྲུབ་ཀྱིས་ཚོགས་འདུ་བསྡུ་སྐོང་གནང་ཐུབ་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱིར་བཏང་འདས་པའི་བྱུང་རིམ་ཕལ་ཆེ་བ་ཁྱེད་རྣམ་པས་མ་མཁྱེན་པ་མེད་ནའང༌། འབྱུང་འགྱུར་གྱི་བྱུང་བའི་ནང་དངོས་བདེན་གྱི་གནས་ཚུལ་གལ་ཆེ་ཁ་ཤས་གསལ་པོར་བཞག་ཐུབ་པའི་ཆེད་དུ་ད་རེས་གོ་སྐབས་འདི་བཟུང་སྟེ་གལ་གནད་ཆེ་བའི་བྱུང་རིམ་ཁ་ཤས་བསྐྱར་ཟློས་ཞུ་དགོས་པ་ནི་བྱུང་རབས་ཀྱི་དགོས་མཁཱུ་ཡིན་པ་མཐོང་གི་ཡོད། ཕྱི་ལོ་ ༡༩༩༤ ནང་སྐབས་དེའི་ཆུ་སྒང་རྒྱུན་ལས་ཀྱི་མཛད་གཙོ་ཁ་ཤས་ཀྱིས་མང་ཚོགས་ཀྱི་བསམ་ཚུལ་དང་མ་མཐུན་པར་ཐེ་ཝན་བོད་སོག་ལས་ཁུངས་མཉམ་བོད་སྤྱིའི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གྲོས་མཐུན་དོན་ཚན་གསུམ་བཞག་པ་དང༌། དེའི་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་སྒྲོན་ཞུས་ཏེ་ལྷ་དགོངས་འཁྲུགས་གཞི་བྱུང་ཡོད། ྋགོང་ས་མཆོག་ནས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་མཐུན་པའི་གནད་དོན་རྒྱལ་ཁབ་གཞན་གྱི་ལས་ཁུངས་ཤིག་དང་མཉམ་དུ་གྲོས་མཐུན་བཞག་པའི་ལས་དོན་གྱི་ནོར་འཁྲུལ་དེ་ལ་དགོངས་འགལ་གྱུར་པ་མ་གཏོགས། མི་སྒེར་སུ་ལའང་དགོངས་པ་འགལ་བ་ག་ལ་ཡིན། དོན་གནད་དེའི་སྐོར་ྋགོང་ས་ཆེན་པོས་བཀའ་སྤྱི་ཐུན་མོང་ནས་སྐྱོན་སེལ་བྱེད་དགོས་བཀའ་ཕེབས་སྐབས་བཀའ་སྤྱི་ཐུན་མོང་གི་དམིགས་ཡུལ་ཉག་གཅིག་ནི་གྲོས་མཐུན་དོན་ཚན་གསུམ་ཅན་དེ་ཕྱིར་འཐེན་ནམ་ནུས་མེད་དུ་གཏོང་ཐབས་ཁོ་ན་ལས་མི་སྒེར་སུ་ཞིག་ལ་གནོད་སྐྱོན་གཏོང་རྒྱུའི་ཀུན་སློང་གཏན་ནས་མེད། གྲོས་མཐུན་ནུས་མེད་གཏོང་ཐབས་ནི་དེ་ལ་མཚན་རྟགས་འགོད་མཁན་གྱི་དོ་བདག་སོ་སོས་གྲོས་མཐུན་དེ་ནོར་འཁྲུལ་ཡིན་པར་ངོས་ལེན་གྱིས་ཕྱིར་འཐེན་གནང་རྒྱུ་དང༌། གྲོས་མཐུན་དེ་ཆུ་སྒང་སྒྲིག་འཛུགས་ཀྱི་མཚན་ཐོག་ནས་བཞག་ཡོད་སྟབས། མཚན་རྟགས་འགོད་པ་པོ་ཚོ་སྒྲིག་འཛུགས་ཀྱི་རྒྱུན་ལས་ནས་དགོངས་ཞུ་གནང་དགོས་ཀྱི་ཆ་རྐྱེན་གཉིས་མེད་དུ་མི་རུང་བ་ཡིན་པས་དེ་གཉིས་ངེས་པར་ཕྱག་བཞེས་བསྟར་དགོས་པའི་རེ་འདུན་བཀའ་སྤྱི་ཐུན་མོང་གིས་ཨུ་ཚུགས་མཐར་སྐྱེལ་ཞུས་ཀྱང་དོན་འབྲས་སོན་མེད། སྐབས་དེར་གྲོས་མཐུན་ལ་ནོར་འཁྲུལ་གྱི་ངོས་འཛིན་དང༌། དེའི་ཐོག་མཚན་རྟགས་འགོད་མཁན་རྣམས་རྒྱུན་ལས་ནས་ཕྱིར་འཐེན་གནང་བའི་གསལ་བསྒྲགས་ཀྱི་ལམ་ནས་གྲོས་མཐུན་ནུས་མེད་དུ་བཏང་ཐོག དེ་འཕྲལ་ཆུ་སྒང་རྒྱུན་ལས་གསར་འདེམས་གནང་བ་ཡིན་ན་དགོངས་ཞུས་གནང་བའི་མཛད་གཙོ་རྣམས་སླར་ཡང་མང་ཚོགས་ཀྱིས་འོས་འདེམས་བྱུང་བ་ཡིན་ན་སུ་ལའང་དགག་བྱ་ཡོང་དོན་མེད་ཅེས་སྐབས་དེར་གསལ་པོ་ཞུས་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་གནས་ཚུལ་དེ་ལག་ལེན་མ་འཁེལ་བ་ཡིན་སྟབས་གྲོས་མཐུན་ནུས་མེད་དུ་གཏོང་བའི་ཐབས་ལམ་གཞན་ཞིག་མ་བཙལ་ཐབས་མེད་བྱུང་བ་རེད། དེ་ནི་མདོ་སྟོད་མང་ཚོགས་ལ་གྲོས་མཐུན་དེར་མོས་མཐུན་ཡོད་མེད་དང༌། གྲོས་མཐུན་འཇོག་མཁན་ཚོར་དེ་འདྲའི་འགན་དབང་བསྐུར་ཡོད་མེད་ཀྱི་བསམ་ཚུལ་བསྡུ་རྒྱུ་དེ་རེད། མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་སྐབས་མདོ་སྟོད་མི་མང་ཕལ་མོ་ཆེས་གྲོས་མཐུན་ལ་མོས་མཐུན་མེད་པ་དང༌། མཛད་གཙོ་ཚོར་དེ་འདྲའི་གྲོས་མཐུན་བཞག་རྒྱུའི་འགན་དབང་བསྐུར་མེད་པའི་བསམ་ཚུལ་གསལ་བཏོན་བྱས་པ་ལ་བརྟེན་ནས་གྲོས་མཐུན་ཐོག་མཚན་རྟགས་འགོད་མཁན་གྱི་མཛད་གཙོ་རྣམས་ལས་གྲུབ་པའི་སྐབས་དེའི་ཆུ་སྒང་རྒྱུན་ལས་དེ་ལ་གྲོས་མཐུན་གཞག་རྒྱུའི་དབང་ཚད་མེད་པ་དང༌། ཁོང་ཚོ་ཡོད་པའི་རྒྱུན་ལས་དེ་བཙན་བྱོལ་བོད་གཞུང་གི་ངོས་ལེན་མེད་པའི་བཀའ་སྤྱི་ཐུན་མོང་གིས་གསལ་བསྒྲགས་མཛད་པའི་ལམ་ནས་གྲོས་མཐུན་དོན་ཚན་གསུམ་ཁྲིམས་དང་ཆབ་སྲིད་གང་གི་ནང་དུའང་རྩིས་མེད་ནུས་མེད་དུ་བཏང་ཐུབ་པ་བྱུང་ཡོད། དེའི་མཚམས་ནས་བོད་གཞུང་བཀའ་སྤྱི་ལྷན་ཚོགས་ཀྱིས་གནང་དགོས་པའི་ལས་རིམ་རྫོགས་པ་རེད། བྱུང་རིམ་འདི་ལ་བརྟེན་ནས་མདོ་སྟོད་མང་ཚོགས་དུམ་བུ་གཉིས་སུ་གྱེས་དགོས་པའི་རྒྱུ་རྐྱེན་སྣེ་གཅིག་མེད།

དེའི་རྗེས་ཆུ་སྒང་གི་ཚོགས་འདུ་བསྡུ་བསྐོང་དང༌། རྒྱུན་ལས་གསར་འདེམས་སོགས་ཀྱིས་མཚོན་ད་བར་བྱུང་བའི་ལས་རིམ་གཞན་ཡོངས་རྫོགས་བཙན་བྱོལ་བོད་གཞུང་དང་འབྲེལ་བ་གང་ཡང་མེད། ཆུ་སྒང་ཚོགས་ཆེན་གྱི་ཐོག་ནས་རྒྱུན་ལས་གསར་པ་ངོས་ལེན་ཞུ་དགོས་ཀྱི་རེ་འདུན་བྱུང་སྐབས་ངོས་ལེན་ཞུ་མི་འོས་པའི་རྒྱུ་མཚན་མེད་སྟབས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྤྱི་མཚུངས་ངོས་ལེན་ཞུས་པ་ཞིག་རེད། དེའི་རྗེས་སུ་རྒྱུན་ལས་ཕན་ཚུན་རྩིས་སྤྲོད་རྩིས་ལེན་མ་ཐུབ་པས་མཚོན་ཆུ་སྒང་སྒྲིག་འཛུགས་དང་མང་ཚོགས་གཉིས་ཀ་ཆིག་བསྒྲིལ་མེད་པའི་རྣམ་པ་ཇེ་གསལ་དུ་གྱུར་ནས་དུས་ཡུན་རིང་ཙམ་སོང་བས་མ་ཚད། གནས་ཚུལ་འདྲ་མིན་སྣ་ཚོགས་ཤིག་བྱུང་བ་དེ་དག་ནི་མདོ་སྟོད་ཙམ་མ་ཟད། གཞིས་བྱེས་བོད་མི་ཡོངས་རྫོགས་བློ་ཕམ་སྐྱེ་གཞི་ཞིག་ཆགས་པ་ནི་མཁྱེན་གསལ་རེད། གནས་ཚུལ་དེ་ལས་བཟློག་པའི་ཆེད་དུ་སྐབས་བཅུ་གཉིས་པའི་མདོ་སྟོད་སྤྱི་འཐུས་རྣམས་ཀྱིས་མང་ཚོགས་ཀྱི་རེ་འདུན་ལྟར་མདོ་སྟོད་ཆིག་བསྒྲིལ་ཡོང་ཐབས་སུ་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་བཞུགས་ཀྱི་ཚོགས་འདུ་བསྡུ་བསྐོང་ཐོག་ཕྱོགས་ཕན་ཚུན་གསལ་བཤད་ཉིན་བསྟུད་གནང་མཐར་འགྲིགས་ཆགས་ཡོང་ལ་ཉེ་བའི་སྐབས་སྤྱི་འཐུས་མང་ཆེའི་འདོད་པར་མ་བབས་བཞིན་དུ་ནར་འགྱངས་བྱ་དགོས་བྱུང་བ་དང༌། ཡང་བསྐྱར་སྤྱི་འཐུས་རྣམས་ཀྱིས་ལས་དོན་མཇུག་སྐྱོང་བྱ་རྒྱུའི་འབད་རྩོལ་ཐེངས་ཁ་ཤས་ཞུས་ཀྱང་གྲུབ་འབྲས་ཐོན་པ་བྱུང་མི་འདུག འབད་རྩོལ་སྔ་རྗེས་ཚང་མའི་ནང་བོད་སོག་ལས་ཁུངས་དང་མཉམ་གྲོས་མཐུན་ལ་མཚན་རྟགས་འགོད་མཁན་རྣམས་ཀྱིས་གྲོས་མཐུན་བཞག་པ་ནོར་འཁྲུལ་ཡིན་པར་ངོས་ལེན་གྱིས་ྋགོང་ས་ཆེན་པོར་བཟོད་གསོལ་ཞུ་རྒྱུ་དང་གཅིག ྋགོང་ས་མཆོག་ལྷ་དགོངས་དྭངས་མཚམས་བཀའ་སྤྱི་ཐུན་མོང་གིས་དོན་གནད་འདིའི་ཐོག་ནམ་མཁའ་གཡའ་དག་ས་གཞི་རྡུལ་དག་བྱུང་བའི་གསལ་བསྒྲགས་གནང་རྒྱུ་དང་གཉིས། དེ་མཚམས་མདོ་སྟོད་སྤྱི་འཐུས་ཐུན་མོང་གིས་ཆུ་སྒང་ཚོགས་ཆེན་བསྡུ་བསྐོང་གི་ཐོག་ནས་རྒྱུན་ལས་གསར་འདེམས་བྱེད་རྒྱུ་བཅས་ལས་རིམ་གསུམ་ལ་ཐུགས་གཏན་འཁེལ་འདུག་ཀྱང༌། དེ་དག་ལག་ལེན་བཀལ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་མ་ཤེས། སྐབས་སོ་སོར་ལས་དོན་ལམ་དུ་མ་གཏོང་མཁན་དེ་ཚོའི་ཐུགས་ལ་དགོངས་པ་བཞེས་ས་ཞིག་ཡོད་ངེས་པ་རེད། འོན་ཀྱང་དགའ་བསུ་ཞུ་འོས་པ་ཞིག་ལ་ད་ལན་དོ་བདག་རྣམ་པས་ྋགོང་ས་ཆེན་པོར་ནོར་འཁྲུལ་ངོས་ལེན་གྱིས་བཟོད་གསོལ་ཞུས་པ་དང༌། ྋགོང་ས་ཆེན་པོ་ལྷ་དགོངས་དྭངས་ཏེ་འབྱུང་འགྱུར་སྒྲིག་འཛུགས་ཆིག་བསྒྲིལ་ཆེད་འགན་ལེན་བྱེད་པོ་ཚོགས་ཆུང་ཆེད་འཛུགས་གནང་བ་བཅས་ནི་བཟང་ཕྱོགས་ཀྱི་འགྱུར་བ་རླབས་ཆེན་ཞིག་རེད། ད་རིང་བཀའ་ཤག་གིས་གོ་སྐབས་འདི་བཟུང་སྟེ་སྐུ་གཤེགས་ལི་ཐང་ཨ་ཐར་ནོར་བུ་མཆོག་གིས་གཙོས་པའི་འབྲེལ་ཡོད་མཛད་གཙོ་རྣམ་པས་ནོར་འཁྲུལ་ངོས་བཞེས་ཀྱིས་ྋགོང་ས་ཆེན་པོར་ཞལ་ཞེ་གཉིས་མེད་ཀྱིས་བཟོད་གསོལ་ཞུ་བཤགས་གནང་བ་ལ་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་ཞུ་རྒྱུ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་དགོངས་དྭངས་པར་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། ཚོགས་ཆུང་གི་ཚོགས་མི་རྣམས་ལ་མཇུག་སྐྱོང་གི་ཕྱག་ལས་སྐུ་ངལ་འཛེམས་མེད་ཀྱིས་གནང་བ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་གོ་སྐབས་འདིའི་ཐོག་བཀའ་ཤག་གི་ངོས་ནས་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་དོན་གནད་གཅིག་བསྐྱར་བརྗོད་ཞུ་དགོས་པ་ནི་ྋགོང་ས་ཆེན་པོ་ལྷ་དགོངས་དྭངས་པའི་རྒྱུ་མཚན་གྱིས་བོད་སོག་ལས་ཁུངས་དང་མཉམ་དུ་གྲོས་ཆོད་བཞག་པ་དེ་ནོར་འཁྲུལ་མེད་པ་ཞིག་ཏུ་གྱུར་མེད་པ་དང༌། ནོར་འཁྲུལ་ལ་ནོར་འཁྲུལ་ཡིན་པར་ད་ལྟའང་འབྲེལ་ཡོད་ཚང་མས་ངོས་འཛིན་གསལ་པོ་གནང་དགོས་པ་དེ་ནི་ཆབ་སྲིད་ཀྱི་དགོས་མཁཱུ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། གྲོས་མཐུན་ཐོག་མཚན་རྟགས་འགོད་མཁན་ཚོས་གྲོས་མཐུན་དེ་ནོར་འཁྲུལ་ཡིན་པར་ངོས་འཛིན་གནང་རྒྱུ་དེ་གྲོས་མཐུན་ནུས་མེད་དུ་གཏོང་བའི་ཆ་རྐྱེན་བཟང་ཤོས་དེ་ཡིན་པ་དང༌། བཀའ་སྤྱི་གཉིས་ཀྱིས་རེ་འདུན་ཞུ་རྒྱུའང་དེ་ཁོ་ན་རེད། བོད་གཞུང་གིས་གོང་གསལ་གྲོས་མཐུན་བཞག་པ་ནོར་འཁྲུལ་ཡིན་པའི་འཛིན་ཕྱོགས་དང༌། ཐེ་ཝན་བོད་སོག་ལས་ཁུངས་ལ་འཛིན་པའི་སྲིད་བྱུས་གཉིས་ལ་འགྱུར་བ་གང་ཡང་མེད། དེ་བཞིན་བཀའ་ཤག་གིས་བློ་ཕམ་པའི་གནས་ཚུལ་འགའ་ཤས་སྐབས་འདིར་གསལ་པོ་ཞུ་རྒྱུ་ལ། ྋགོང་ས་ཆེན་པོས་ཐུགས་ཁུར་བླ་མེད་ཀྱི་ཐོག་ནས་ཚོགས་ཆུང་གི་གྲུབ་ཆ་དང༌། དེའི་ལས་དོན་བྱེད་ཕྱོགས་ཀྱི་ཞིབ་ཕྲའི་བཀའ་སློབ་རིམ་པར་ཕེབས་པ་དེ་དག་ཇི་མ་ཇི་བཞིན་ཕྱག་ལེན་དུ་འཁེལ་རྒྱུར་འགལ་རྐྱེན་སྣ་ཚོགས་ཤིག་བྱུང་འདུག་པ་དང༌། ཚོགས་ཆུང་གི་མཛད་རིམ་རྣམས་སྔོན་འཆར་གྱི་དུས་ཡུན་ཐོག་མ་གྲུབ་པར་རྒྱུན་རིང་ནར་འགྱངས་སུ་ལུས་པ་དང༌། དངོས་གཞི་འོས་བསྡུའི་སྐབས་མདོ་སྟོད་མི་མང་ཡོངས་རྫོགས་གཅིག་གྱུར་གྱིས་འོས་ཤོག་བླུགས་མ་ཐུབ་པར་ས་གནས་འགའ་ཤས་ནས་འོས་ཤོག་མ་བླུགས་པ་དང༌། འགའ་ཤས་སུ་མི་ཉུང་ཤས་ལས་བླུག་མཁན་མེད་པ། ཡང་ས་གནས་འགའ་ཤས་སུ་རྒྱུན་བཞུགས་མདོ་སྟོད་ཀྱི་མི་འབོར་ལས་མང་ཙམ་བླུག་མཁན་བྱུང་བ་སོགས་བདེན་མིན་མ་ཤེས་ཀྱང་ལབ་གཞི་སྣ་ཚོགས་ཀྱི་གནས་བྲིས་མང་པོ་འབྱོར་བཞིན་འདུག་པ་མ་ཟད། མཐའ་མ་ད་རེས་ཉིན་གཅིག་ལ་རྡ་ས་ས་གནས་གཅིག་ཏུ་མདོ་སྟོད་ཆུ་སྒང་གི་མཚན་ཐོག་ནས་ཚོགས་འདུ་ཁག་གཉིས་ཚོགས་པ་བཅས་བྱུང་རིམ་འདི་དག་རྒྱུ་རྐྱེན་གང་ལ་ཐུག་པ་ནི་མི་རེ་ལ་འགྲེལ་བཤད་རེ་གནང་རྒྱུ་འདུག་ཅིང༌། སུ་བདེན་སུ་མི་བདེན་ཞུ་མི་ཐུབ་ཀྱང༌། མདོ་དོན་མདོ་སྟོད་མི་མང་ཆིག་བསྒྲིལ་བཟོ་རྒྱུའི་དམིགས་ཡུལ་དེ་འགྲུབ་མི་འདུག དེར་བརྟེན་ད་ཆ་བཀའ་ཤག་གིས་འདིར་བཞུགས་ཁྱེད་རྣམ་པ་དང༌། སྨན་རྩིས་ཁང་དུ་ཚོགས་བཞིན་པའི་ཚོགས་འདུ་དེར་ཕེབས་མཁན་གྱི་ཚོགས་མི་རྣམ་པ། ཁྱེད་ཚང་མའི་བརྒྱུད་ནས་མདོ་སྟོད་མི་མང་ཡོངས་རྫོགས་ལ་ནན་ཏན་ཆེན་པོས་ཞུ་རྒྱུ་གཅིག་ནི། ཕན་ཚུན་ཕྲན་བུའི་བློ་ལ་འགྲོ་མིན་དང༌། མི་སྒེར་འཆམ་མིན། སྐད་ཆ་ཚིག་ཁ་མཐོ་དམན་ཙམ་ཞིག་ལ་མཁྲེགས་འཛིན་མ་གནང་བར་མདོ་སྟོད་ཆོལ་ཁ་སྤྱིའི་ལར་རྒྱ་དང༌། ལྷག་པར་སྐུ་གཤེགས་ཀྱི་དཔའ་བོ་སྟོང་ཕྲག་མང་པོས་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་མཛད་རྗེས་དེ་དག་ལ་གོང་བརྒྱབས་ཏེ་མདོ་སྟོད་མང་ཚོགས་ཆིག་བསྒྲིལ་ཡོང་ཐུབ་པ་ཞིག་ཅི་ནས་ཀྱང་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། ཚོགས་འདུ་དབུ་འཛུགས་ཁག་གཉིས་ལ་གནང་ཡང༌། མཇུག་སྡོམ་མཉམ་དུ་གནང་ཐུབ་ཐབས་ཤིག་གནང་རྒྱུའི་རེ་བ་དང་འབོད་བསྐུལ་ཕྱོགས་གཉིས་ཀ་ལ་ཞུ་རྒྱུ་ཡིན། ད་རེས་བཀའ་ཤག་གི་སྐུ་ཚབ་ཏུ་བཀའ་བློན་ཁྲི་པ་ཚོགས་འདུ་འདིར་བཅར་དགོས་དོན་ནི། འགན་ཁུར་ཚོགས་ཆུང་གིས་དགོས་འདུན་གནང་བ་ལྟར་བཅར་བ་ཞིག་མ་གཏོགས། ཆུ་སྒང་སྒྲིག་འཛུགས་ལ་ཐེ་བྱུས་བྱེད་པའི་ཆེད་བཅར་བ་ཞིག་མིན་པ་དེ་གསལ་པོ་མཁྱེན་དགོས།

མང་གཙོའི་རིང་ལུགས་ཀྱི་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་བ་ནི་མང་ཚོགས་རང་འགུལ་གྱིས་བཙུགས་པའི་ཚོགས་པ་སྲིད་གཞུང་དང་ལྟ་གྲུབ་མཐུན་དང་མི་མཐུན་ཇི་འདྲ་ཞིག་ཡིན་ཡང༌། སྲིད་གཞུང་དང་འབྲེལ་བ་མེད་པ་དང༌། སྲིད་གཞུང་གི་བཀོད་བྱུས་སམ་བེད་སྤྱོད་ཀྱི་འོག་ཏུ་མི་འགྲོ་བ། སྲིད་གཞུང་ལ་རྒྱབ་བསྙེས་ནས་མི་བསྡད་པ་ཞིག་ངེས་པར་དུ་དགོས་པ་རེད། འབྱུང་འགྱུར་ཆུ་སྒང་གི་སྒྲིག་འཛུགས་ཀྱང་རང་གི་ལྟ་གྲུབ་དང༌། རང་གི་རྐང་པའི་ཐོག་ལངས་ཐུབ་པ། སུ་གང་ལའང་རྒྱབ་བསྙེས་ནས་མི་སྡོད་པ། སུ་ཞིག་གི་བེད་སྤྱོད་ཀྱི་འོག་མི་འགྲོ་བ་ཞིག་ཡོང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་བརྟན་པ་དང༌། མདོ་སྟོད་མང་ཚོགས་ཆིག་བསྒྲིལ་ཡོང་བ། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།