བོད་སྐད་ཡིག་གི་རྒྱབ་རི་སྨུག་པོ་ལགས།

མིག་དམར་ཆོས་སྒྲོན། རང་ལོ་ ༡༥ འཛིན་གྲྭ་བཅུ་པ། དཔེ་སྟོན་སློབ་གྲྭ
དགུང་ཨ་སྔོན་མཁའ་རུ་བསྙེགས་པའི་བྱ་ཁྱུང་རྒྱལ་པོ་ལགས།།
བོད་ཁ་བ་ལྗོངས་ཀྱི་སྐད་ཡིག་རྒྱབ་རི་སྨུག་པོ་ལགས།།
ཆ་མི་སྙོམས་འཇིག་རྟེན་འདི་ནང་འོད་སྣང་སྦྱིན་མཁན་ལགས།།
ཐུགས་སྐྱོ་བའི་སྐབས་སུ་སེམས་གསོ་གནང་མཁན་ཁྱེད་ལ་འདུད།།

ང་ཨ་མའི་པང་ཁ་དང་བྲལ་ནས་བཟུང་ང་ལ་དུས་ནམ་ཡང་འདོད་བློ་མི་ཁེངས་པའི་ཚོར་བ་ཅི་ཡང་མ་བྱུང་། ང་རང་གིས་དྲོ་སྐྱིད་ཀྱི་ཁྱིམ་ཚང་བཞག་ནས་གྲོང་ཁྱེར་གྱི་སློབ་གྲྭ་རུ་ཞུགས་སྐབས་བྱམས་ལྡན་ཕ་མ་དྲན་པའི་ཚོར་བ་ཅི་ཡང་མ་བྱུང་། འདི་ནི་གཞན་ཅི་ཡང་མ་ཡིན་ཏེ་ཁྱེད་ཀྱིས་གདུལ་བྱ་ཡོངས་ལ་བྱམས་བརྩེའི་འཛུམ་དཀར་ལྷུག་ལྷུག་གི་མངོན་པའི་ཞལ་རས་ནས་རྨོངས་གསལ་གྱི་འོད་སྣང་ཞིག་སྦྱིན་པ་ཡིན་པས་སོ།།
སྣ་ཚོགས་མེ་ཏོག་གིས་དགོད་པའི་ལྗོན་ཤིང་དཀྱིལ་ལས་ཁུ་བྱུག་སྔོན་མོས་གླུ་དབྱངས་ལེན་ཐེངས་རེར་མི་མང་པོ་མང་པོ་ཞིག་གི་བདེ་སྐྱིད་ཀྱི་ཉིན་མ་གསར་པ་བསུས་བྱུང་། ལྗང་མདོག་གི་ལྕགས་རིས་བསྐོར་བའི་ཤེས་བྱའི་སྒོར་མོ་འདི་ནས་ཀ་ཁའི་དབྱངས་རྟ་གྱེར་བའི་སྐད་སྒྲ་ལྷང་ལྷང་དུ་ཐོས་བྱུང་ལ་བོད་སྐད་ཡིག་གི་མུན་པ་ཐོག་མ་གསལ་བྱུང་། དྷ་སའི་ཡུལ་ཁུག་ཞིག་གི་ནང་སྔར་དང་མི་འདྲ་བའི་དམིགས་བསལ་གྱི་མེ་ཏོག་ཅིག་བཏབ་བྱུང་། འདི་ནི་མེ་ཏོག་གཞན་ཅི་ཡང་མ་ཡིན་ཏེ་སྐད་ཡིག་གི་མེ་ཏོག་གསར་པ་ཞིག་བཏབ་བྱུང་། ལྟོས་དང་། ད་ཆ་སྐད་ཡིག་གི་མི་ཏོག་ཅིག་བཞད་ནས་མི་མང་པོ་ཞིག་གི་མིག་ཟུང་གཅེར་ས་ཞིག་ཏུ་འགྱུར་ཡོད་ལ། མི་མང་པོ་ཞིག་གི་ཁོག་པའི་སྙིང་ལྟ་བུ་ཞིག་ཏུ་དེ་བས་གྱུར།
༢༠༠༡ ལོར་འགྲོ་དྲུག་ཡོངས་ལ་དུག་གསུམ་ལས་གྲོལ་བའི་འོད་སྣང་སྦྱིན་ཡོད་ལ། རིམ་པས་འགྲོ་དྲུག་ཡོངས་ཀྱི་བློ་སེམས་རིམ་གྱིས་བཀུག་ཡོད། ནམ་ཡང་བྱུང་མ་མྱོང་བའི་ལྡུམ་རའི་ནང་མཛེས་སྡུག་ལྡན་པའི་མེ་ཏོག་སྣ་མང་གིས་རྒྱན་ཡོད་ལ། ལོ་ཟླ་རིང་མོར་རེ་སྒུག་བྱེད་པའི་འཛུམ་མདངས་གདོང་དམར་བོད་མི་ཚོའི་གདོང་ལ་རིམ་བཞིན་མངོན་བྱུང་། ཁོང་བོད་ཀྱི་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་ནས་བཀའ་ཁྲིའི་བཞུགས་ཁྲིར་བཞུགས་ཐེངས་རེར། བོད་མི་ང་ཚོར་སྔར་མེད་ཀྱི་སྤོབས་པ་དང་སེམས་ཤུགས་སྦྱིན་སོང་། ཁྱེད་ཉིད་བཀའ་བློན་ཁྲི་པ་ཡིན་པའི་སྐབས་བཙན་བྱོལ་ནང་བོད་སྐད་ཡིག་གི་ས་བོན་ཐོག་མར་འདེབས་བྱུང་། ད་ཆ་ཁྱེད་ཉིད་ཀྱིས་བཏབ་པའི་ས་བོན་འདི་དག་མྱུ་གུ་འབུས་ནས་ལོ་ཏོག་སྨིན་བཞིན་ཡོད། ཤེས་ཡོན་གྱི་ཤ་ཚའི་བསླབ་བྱ་དང་ཕམ་ཁའི་སྐྱོ་གདུང་ལས། རྩམ་གཟན་བོད་མི་རྣམས་ལ་རིན་བྲལ་གྱི་གསུང་བཤད་གནང་ཐེངས་རེར། གདུལ་བྱ་ཡོངས་ཀྱིས་ཁྱེད་ལ་གུས་ཕྱག་ཕུལ་སོང་།
༢༠༠༥ ལོར་ཁྱེད་ཀྱིས་མ་འོངས་བོད་རྒྱལ་ཁབ་དང་རང་མི་རིགས་ཀྱི་སྐད་ཡིག་ཆེད་དེང་དུས་ཀྱི་ཤེས་ཡོན་དང་གནའ་སྲོལ་གྱི་ཤེས་ཡོན་གཉིས་ཀ་ལྡན་པའི་མེས་དབོན་གཙུག་ལག་དཔེ་སྟོན་ཞེས་སློབ་གྲྭ་གསར་འཛུགས་གནང་ཡོད། སློབ་གྲྭ་འདིའི་ནང་བོད་སྐད་ཡིག་གཙིགས་སུ་བཟུང་ནས་ཕ་སྐད་རྩ་བརླགས་མི་འགྲོ་བའི་སྲུང་སྐྱོབ་གནང་ཡོད། ང་ཚོའི་སློབ་གྲྭ་ནི་ཤེས་ཡོན་སྲིད་བྱུས་ཐོག་མར་ལག་བསྟར་བྱེད་ས་དེ་ཡིན་ལ་སྐད་ཡིག་སྲུང་སྐྱོབ་བྱེད་སའི་བལྟི་གནས་དེ་བས་ཡིན། ཁྱེད་ཀྱིས་དུས་ཚོད་མང་པོ་ཞིག་དཔེ་སྟོན་སློབ་མ་དང་ལྷན་དུ་གཤིབས་ཡོད་ལ་བགྲོ་གླེང་ཡང་དུ་མ་གནང་ཡོད། དཔེ་སྟོན་སློབ་མ་རྣམས་ནི་བསོད་ནམས་ཆེ་བས་ཁྱེད་དང་ལྷན་དུ་བགྲོ་གླེང་བྱེད་རྒྱུ་བྱུང་བ་དང་། སློབ་གྲྭ་གཞན་གྱི་སློབ་མར་དེ་ལྟའི་སྐལ་བ་མེད་ལ། བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཐོབ་རྒྱུ་ནི་དེ་བས་དཀའ། ཁྱེད་ཀྱིས་དཔེ་སྟོན་གྱི་ཁོར་ཡུག་ནང་འཚར་ལོངས་བྱུང་བའི་སློབ་མ་རྣམས། མ་འོངས་བོད་གསར་འཛུགས་བསྐྲུན་བྱེད་མཁན་ཞིག་དང་ཕ་སྐད་ངོ་མ་ཤོད་མཁན་བོད་མི་ཚད་དང་ལྡན་པ་ཞིག་ཡོང་ངེས་ཀྱི་ཡིད་ཆེས་གནང་ཡོད་པས། དཔེ་སྟོན་སློབ་མ་ཚོས་རྒྱ་མཚོའི་ནང་རྡོ་འཕངས་པ་ལྟར་ནམ་ཡང་བྱེད་མི་སྲིད། ཁྱེད་ནི་དཔེ་སྟོན་སློབ་མ་རྣམས་ལ་དངོས་གནས་བཀའ་དྲིན་ཆེ་བའི་མི་སྣ་ཞིག་ཡིན་ལ་དཔེ་སྟོན་གྱི་ཡབ་ཆེན་དེ་བས་ཡིན། ཁྱེད་ཀྱིས་དཔེ་སྟོན་སློབ་མ་རྣམས་དང་མི་རིགས་ཀྱི་ཆེད་དུ་སྐུ་ལས་བསྐྱོན་པ་རྣམས་ཁྱེད་ཀྱི་དབུ་ཐོད་ཀྱི་གཉེར་མ་དང་དབུ་སྐྲ་དུང་ལྟར་དཀར་བ་ལས་གསལ་པོར་རྟོགས་ཐུབ།
ཁྱེད་ནི་བཙན་བྱོལ་ནང་བོད་སྐད་ཡིག་གི་རྒྱབ་རི་སྨུག་པོ་ཡིན་ལ་སྐད་ཡིག་གི་ས་བོན་ཐོག་མར་འདེབས་མཁན་དེ་བས་ཡིན། མུན་ནག་གི་མཁར་རྫོང་ལས་གྲོལ་བའི་འོད་ཟེར་ཡང་དེ་བས་ཡིན། ང་དང་ང་འདྲ་བའི་བོད་ཕྲུག་མང་པོ་ཞིག་ལ། ཁྱེད་ཀྱི་མཐའ་ཡས་རྒྱ་མཚོ་ཆེན་པོའི་ཐུགས་རྒྱུད་ལས་དྲངས་པའི་བྱམས་བརྩེའི་རླབས་ཕྲེང་གིས་མདུན་ཕྱོགས་སུ་བསྐྱོད་པའི་རེ་བའི་སྟོབས་ཤུགས་ཤིག་སྦྱིན་བྱུང། དཔེ་སྟོན་གྱི་དགེ་སློབ་ཡོངས་ཀྱིས་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་གྲངས་མེད་ཞུ། སྨན་ཆུང་བུ་མོའི་སེམས་ནས་ནད་མེད་ཚེ་རིང་དང་མ་འོངས་ལམ་ལྷོངས་ཡོང་བའི་སྨོན་འདུན་གྲངས་མེད་ཞུའོ།།